ཕྱོགས་སྒྲིག་པའི་སྔོན་གླེང་།

ཕྱོགས་སྒྲིག་པའི་སྔོན་གླེང་།

 

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ལས[1]། གོང་དུ་འདུ་ཁང་ནང་ཡོང་སྐབས། ངོས་ཀྱི་སེམས་ནང་འདི་ལྟར་དྲན་བྱུང་། འདུ་ཁང་ནང་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཆ་ཚང་ཞིག་བཀྲམས་འདུག་པ་ཧ་ཅང་ཡག་པོ་འདུག །དེ་བཞིན་ཞིབ་འཇུག་བྱས་ནས་སྐྱེ་དགུའི་བདག་མོ་དང་། དེ་ནས་ངོས་ཀྱིས་ཤེས་ཚོད་བྱས་ན། དགེ་སློང་མ་དཔལ་མོ་ཡོངས་གྲགས་རེད། དེ་ནས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་ནས་གྲུབ་ཆེན་ཞལ་གྲངས་བཞི་བུད་མེད་ཡིན་ཅིང་།

དེ་དག་ཁྱིམ་པའི་ཆ་ལུགས་ཡིན་དང་། རབ་བྱུང་གི་ཆ་ལུགས་གང་ཡིན་སོགས་ཞིབ་འཇུག་བྱེད་དགོས་པ་དང་། དེ་བཞིན་བོད་གངས་ཅན་གྱི་ལྗོངས་ལ་སྨིན་གླིང་གདུང་སྲས་ཀྱི་བརྒྱུད་པ་ཆད་ནས་སྨིན་གླིང་གི་ཆོས་སྐོར་ཉག་ཕྲ་བའི་སྐབས་སུ་འཛིན་པ་གནང་མཁན་གྱི་རྗེ་བཙུན་མ་ཞིག་ཡོད། དེ་བཞིན་ས་སྐྱ་པའི་རྗེ་བཙུན་མའི་རིགས་ཡོད་མེད་སོགས་ལ་ང་ཚོས་ཞིབ་འཇུག་ཅིག་བྱེད་དགོས།

དེ་ལྟར་ཞིབ་འཇུག་རྩད་གཅོད་བྱས་ནས་བཅོམ་ལྡན་འདས་ཀྱི་སྐུ་དུས་ནས་བཟུང་སྟེ་སྐྱེ་དགུའི་བདག་མོ་སོགས་ལོ་རྒྱུས་ཁུངས་ལྡན་ཡོད་པ་དེ་དག་གི་སྐུ་ཐང་ཞིག་འབྲི་ཐུབ་ན་ཡག་པོ་མེད་དམ་སྙམ་པ་ཞིག་བྱུང་། དེ་ནི་ང་ཚོས་སྐད་ཆ་གསར་པ་བཤད་ནས་བཟོས་པ་ལྟ་བུ་ཞིག་མིན་པར་བཅོམ་ལྡན་འདས་ཀྱི་སྐུ་དུས་ནས་དགེ་སློང་མ་ཡོད་པ་དེ་དག་དང་། དེ་མིན་བུད་མེད་ཀྱི་རྟེན་ཅན་གྱི་ཐོག་ནས་ལོ་ངོ་ ༢༥༠༠ ལྷག་གི་རིང་ལ་སྟོན་པའི་བསྟན་པ་ལ་བྱ་བ་མཛད་མཁན་གྱི་སྐྱེས་བུ་དམ་པ་གང་དག་བྱུང་བ་དེ་དག་ལ་ཐོག་མར་ཉམས་ཞིབ་ཅིག་བྱས་ཏེ་སྐུ་ཐང་ཞིག་བྲིས་ན་སྙམ། རྗེས་སུ་བཙུན་མའི་དགོན་པ་ཚང་མར་སྐུ་ཐང་དེ་འདྲ་ཞིག་ཡོད་པ་བྱུང་ན་ཡག་པོ་མི་འདུག་གམ། གྲུབ་ཆེན་མ་དེ་ལྟར་ཡོད་ཀྱང་ང་ཚོས་ནམ་རྒྱུན་དོ་སྣང་དེ་ཙམ་མེད་པར་འཇོག་བཞིན་ཡོད། གོང་དུ་འདི་ལྟར་དྲན་བྱུང་། ཞེས་ལམ་སྟོན་གྱི་བཀའ་སློབ་ཞིབ་གསལ་དུ་ཕེབས་ཡོད།

གཞན་ཡང་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་པའི་རིགས་པའམ་སྒྲུབ་བྱེད་མཐར་ཐུག་པ་ནི། བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཁྲིད་ལས་[2]ཀྱང་། བྱང་ཆུབ་སེམས་དཔའ་རྣལ་འབྱོར་ཕ་དང་མའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཐབས་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ། ཞེས་པས། རྣལ་འབྱོར་ཕ་ཡི་རྒྱུད་དང་། རྣལ་འབྱོར་མ་ཡི་རྒྱུད་ཅེས་ཕ་རྒྱུད་དང་མ་རྒྱུད་གཉིས་བཤད་པར་སྦྱར་ཆོག་ལ། ཡང་ན་སྒོམ་པ་པོ་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་ཞེས་གསང་སྔགས་ཉམས་ལེན་བྱེད་མཁན་ལ་སྦྱར་ན། ཁྱད་པར་གཅིག་འདི་ལྟར་ཡོད། དཔེར་ན། མངོན་པ་མཛོད་དུ་གྲངས་མེད་གསུམ་གྱི་ཚོགས་བསགས་ནས་མཐར་བསྐལ་པ་བརྒྱ་ཡི་རིང་ལ་མཚན་དཔེའི་རྒྱུ་ཚོགས་དམིགས་བསལ་གསོག་པའི་སྐབས་སུ་བྱང་སེམས་ངེས་གནས་ཞེས་གསུངས་ཡོད། དེ་ལྟ་བུའི་ངེས་གནས་དེ་ཉིད་ངེས་པར་ལུས་རྟེན་སྐྱེས་པ་ཡིན་དགོས། མདོར་ན་གསར་དུ་འཚང་རྒྱ་བའི་སྲིད་པ་མཐའ་མ་པའམ་ལུས་རྟེན་དེ་ཉིད་སྐྱེས་པ་གསུངས་ཤིང་། གསང་སྔགས་བླ་མེད་ཀྱི་སྐབས་ནས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཞིག་ཡོད་པར་གསུངས་ཡོད། དེས་ན་རྣལ་འབྱོར་སྒོམ་པའི་གནས་སྐབས་སུ་བུད་མེད་ཀྱི་རྟེན་ཅན་ཞིག་ཡིན་ན། བུད་མེད་ཀྱི་རྟེན་དེ་གའི་ཐོག་ནས་འཚང་རྒྱ་བ་ཞིག་གསང་འདུས་རྩ་རྒྱུད་ལས་གསལ་བར་གསུངས་ཡོད་ལ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་གྱི་ཚིག་འགྲེལ་ནང་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་མཁན་གྱི་ལུས་རྟེན་ལ་བུད་མེད་ཡོད་པར་ཡང་གསུངས་ཡོད། དེས་ན་ཚེ་གཅིག་ལ་གསར་དུ་འཚང་རྒྱ་མཁན་གྱི་ལུས་རྟེན་ལ་བུད་མེད་ཡོད་པར་གསུངས་ཡོད། དེས་ན་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཁྲོད་ནས་ཕལ་མོ་ཆེ་སྐྱེས་པ་ཡིན་ནའང། གྲུབ་ཆེན་བཞི་ལྔ་ཞིག་རྣལ་འབྱོར་མ་ཆགས་ཡོད། སྒོམ་པ་པོ་ལ་སྦྱར་ན་འདི་ལྟར་སྦྱར་རྒྱུ་ཡོད། སྤྱིར་དགེ་སློང་ཕ་ཡོད་ལ། དགེ་སློང་མ་ཡང་ཡོད། འོན་ཀྱང་འདིར་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་ཞེས་རྩལ་དུ་འདོན་དགོས་དོན་ནི། ཚེ་གཅིག་ལ་གསར་དུ་འཚང་རྒྱ་མཁན་གྱི་ལུས་རྟེན་ལ་སྐྱེས་པ་དང་བུད་མེད་གཉིས་ཀ་ཁྱད་པར་མེད་པར་གསུངས་ཡོད།

ཚེ་གཅིག་ལ་འཚང་རྒྱ་བའི་རྒྱུ་མཚན་གཙོ་བོ་གང་ཡིན་ཞེ་ན། རྣལ་འབྱོར་བླ་མེད་མ་གཏོགས་པའི་རྣལ་འབྱོར་རྒྱུད་མན་ཆད་ཀྱི་ལམ་ཡོངས་རྫོགས་རགས་པ་གློ་བུར་བའི་སེམས་ལ་ཐབས་ཤེས་ཀྱི་ཉམས་ལེན་བྱ་རྒྱུ་ལས་གཞན་མེད། རགས་པ་གློ་བུར་བའི་སེམས་རྣམས་ཕར་བཀག་ནས་དེ་ལས་འདས་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས་མངོན་དུ་བྱས་ནས། དེ་ཉིད་ཐབས་ཤེས་ཀྱི་ལམ་ལ་བསྒྱུར་རྒྱུ་ཞིག་ཡོད། འདི་ནི་མྱུར་ཁྱད་དེ་ཡིན། རགས་པ་གློ་བུར་བའི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་གྱི་གཉེན་པོ་བྱས་ནས་བདག་འཛིན་སྤོང་བ་ལ་བསྐལ་པ་མང་པོ་འགོར་བ་ཞིག་ལ་བློ་ཤིན་ཏུ་ཕྲ་བ་དེ་ཉིད་བདག་མེད་རྟོགས་པའི་ཤེས་རབ་ལ་བསྒྱུར་ཐུབ་ན་དུས་ཡུན་ཐུང་ངུ་ཞིག་ལ་བདག་འཛིན་གྱི་གཉེན་པོ་བྱེད་པ་དང་། བདག་འཛིན་སྤོང་ཐུབ་པ་ཞིག་ཡོང་གི་ཡོད། དེ་ནི་སྒྲུབ་བྱེད་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་པ་ཡིན། སྒྲུབ་བྱེད་མེད་པ་མིན་ལ། སྒྲུབ་བྱེད་གཏན་གཏན་ཡོད། མྱུར་ཁྱད་ནི་དེའི་ཐོག་ནས་ཡོང་གི་ཡོད།

ལུས་རྟེན་ཕོ་མོ་ཁྱད་པར་མེད་པ་ནི། ཕྱི་ཡི་ཕོ་མོའི་ལུས་རྟེན་གང་ཞིག་ཡོད་ཀྱང་། དོན་དངོས་གཟུགས་སྐུའི་རྒྱུ་བྱེད་མཁན་ནི་སྒྱུ་མའི་ལུས་ཤིག་སྐྱེས་ཡོང་གི་ཡོད། དེ་ཡང་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་ལས་ཤར་བའི་སྒྱུ་མའི་ལུས་ཤིག་སྒྲུབ་པའམ། ཡང་ན་སྟོང་གཟུགས་ཀྱི་ལུས་དང་། གཞན་ཡང་འཇའ་ལུས་ཕོ་བ་ཆེན་མོའི་ལུས་སྒྲུབ་པ་བཅས་རིགས་གསུམ་ཡོད། དེས་ན་ལུས་རྟེན་རགས་པ་ལ་ལྟོས་པ་མེད་པས་ཕོ་མོའི་ལུས་རྟེན་ལ་ཁྱད་པར་གང་ཡང་མེད། གསང་བ་འདུས་པའི་དབང་དུ་བྱས་ཚེ་རྩ་རླུང་ཐིག་ལེའི་ཉམས་ལེན་བྱས་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་མངོན་དུ་བྱེད་པ་ནི་ཕོ་མོ་གཉིས་ཀར་ཁྱད་མེད་གཅིག་མཚུངས་སུ་ཡོད། དེས་ན་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་མངོན་དུ་བྱས་པའི་ཐོག་ནས་འོད་གསལ་དེ་ལས་ཤར་བའི་སྒྱུ་མའི་ལུས་དེ་ཉིད་གཟུགས་སྐུའི་ཉེར་ལེན་གྱི་རྒྱུའམ་རིགས་འདྲའི་རྒྱུ་ལ་འགྲོ་བས་ན་ལུས་རྟེན་རགས་པ་ལ་ཁྱད་པར་གང་ཡང་མེད། དེས་ན་དེ་ལྟའི་ཆེད་དུ་གསུངས་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐབས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་ཚིག་རེད་ཅེས་གསུངས་པའོ། །ཞེས་ཀྱང་བཀའ་སྩལ་ཡོད།

དེ་ལྟར་དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གསུམ་ལྡན་རྡོ་རྗེ་འཛིན་པ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བླ་མེད་རེ་ལྟོས་བྱ་ཡུལ་གཅིག་པུར་གྱུར་པ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་བློ་གླིང་གཙང་པ་ཁམས་ཚན་གྱི་རི་ཁྲོད་པ་བསྟན་འཛིན་ཆོས་མཆོག་ལགས་ཀྱིས་ཞབས་སྐུལ་དང་ལེགས་ཆེའི་དགོངས་འཆར་ལྷུག་རྩོལ་གནང་འབྲས་སུ་གཏོང་ཕོད་ཅན་ཤངས་རྣམ་གླིང་རྫོང་ཁོངས་བཀྲ་ཤིས་བདེ་སྐྱིད་ཁྱིམ་ཚང་ནས་རྒྱུ་སྦྱར་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྗགས་རྩོམ་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། འགྲོ་བ་ཀུན་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་བཀའ་རྩོམ་དང་སྦྲགས་སྐུ་ཐང་ལྗགས་བཀོད་བཀའ་དྲིན་བསྐྱངས་པ་ལྟར། འཕགས་ཡུལ་བཞུགས་སྒར་དབུས་སྨན་རྩིས་ཁང་གི་ལྷ་བྲིས་པ་རྒྱལ་རྩེ་རྫོང་མེ་སྲོང་ཀླུ་ཁང་གི་བུ་ཐ་ཆུང་བུ་ཆུང་ཚེ་རིང་དང་། གཞིས་རྩེ་ནུབ་རྒྱ་ལྷ་བྲིས་བུ་ཆུང་གཉིས་ནས་རི་མོའི་འདུ་བྱེད་གནང་སྟེ་སྐུ་ཐང་བྱོན་གཙང་རྒྱས་བསྡུས་ཁག་གཉིས་འབྲི་བཞེངས་ཞུས་ཏེ་བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་བོད་ཟླ་ ༧ ཚེས་ ༡༥ དང་། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ ཚེས་ ༡༨ སྐུའི་བླ་གཟའ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་མགོན་པོ་གང་ཉིད་བོད་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་གྱི་བརྟན་བཞུགས་བསྟར་འབུལ་དང་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་བྱུང་བ་ལྟར་བརྟན་བཞུགས་ཀྱི་མ་འཇོག་དང་། མགོན་པོ་གང་གི་བཀའ་དགོངས་ལམ་སྟོན་བཞིན། རྒྱ་བལ་འབྲུག་གསུམ་དུ་ཆགས་པའི་བཙུན་དགོན་ཁག་ཏུ་འབུལ་ལམ་ཞུ་རྒྱུར་གོང་གཤམ་རྒྱ་འདྲ་དངུལ་གྱི་ཐང་ཏོག་རང་འགྲིགས་ཅན་སྐུ་ཐང་གྲངས་ ༥༠ དང་། གཞན་ཡང་ཨ་རི་ནས་དཔར་མའི་སྐུ་ཐང་གྲངས་ ༧༥ བཅས་མགོན་པོ་གང་ཉིད་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་ཚེ་དང་མཉམ་པ་མཐའ་ཀླས་བསྟན་འགྲོའི་དགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་༸ཞབས་པད་བརྟན་སླད་གསར་བཞེངས་དད་འབུལ་ཞུས་ཤིང་།

སྔོན་བྱུང་སྟོན་པའི་རྣམ་ཐར། །རྗེས་འཇུག་གདུལ་བྱའི་ཉམས་ལེན། །

ཞེས་གྲགས་པ་ལྟར། མགོན་པོ་གང་གི་བཀའ་དགོངས་ལམ་སྟོན་བཞིན་འཕགས་བོད་གཉིས་ཀྱི་མཁས་གྲུབ་སྐྱེས་མ་དག་གི་རྣམ་ཐར་ཡང་མཁྱེན་གལ་ཤིན་ཏུ་ཆེ་བས། ལོ་མང་ཉམས་ཞིབ་ཐབས་འཚོལ་ཞུས་པར་བཀའ་བསྟན་གསུང་རབ་སྣ་མང་ཁྲོད་བཞུགས་པའི་རྣམ་ཐར་ཁུངས་བཙན་གང་རྙེད་གླེགས་བམ་སྟོད་སྨད་བར་གསུམ་དུ་ཕྱེ་སྟེ་ཕྱོགས་བསྒྲིགས་ཞུས་ཡོད། དེ་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་སོགས་མཁས་པའི་ཚུལ་དགུས་རབ་ཏུ་མཛེས་ཤིང་། ལྷག་པར་སྐྱེས་རབས་ལས[3]།

ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །

སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །

ཞེས་གསུངས་པ་ལྟར། ཐོས་དོན་སྒྲུབ་ལ་གཞོལ་བས་ནང་གི་ཉམས་རྟོགས་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཤིང་། གཅིག་ཏུ་བསྟན་འགྲོར་སྨན་པའི་མཛད་འཕྲིན་རྒྱ་ཆེ་ལ། མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་པ། ཡང་སྒོས་དུག་གསུམ་བག་ཆགས་དང་བཅས་པ་ཡོངས་སུ་སྤངས་ཏེ་དགྲ་བཅོམ་མའི་གོ་འཐང་ཐོབ་པ་ཇི་སྙེད་ཅིག་བྱོན་པའི་ཁྲོད་ནས། དུས་རབས་ཉེར་གཅིག་པའི་བྱམས་བརྩེའི་སྟོན་པ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་བཟང་གསར་གཏོད་བཀའ་དྲིན་བསྐྱངས་པའི་རབ་དང་ཕུལ་དང་མཆོག་ཏུ་གྱུར་པའི་འཕགས་བོད་གྲུབ་ཆེན་སྐྱེས་མ་རྣམས་ནི།

༡ སྟོན་པའི་འཁོར་དགྲ་བཅོམ་མའི་ནང་ནས་སྦྱངས་པའི་ཡོན་ཏན་གྱི་མཆོག་ཏུ་ལུང་བསྟན་པར་མ་ཟད། རང་སློབ་འཁོར་ཚོགས་དྲུག་སྟོང་བཏུལ་ཏེ། བསྟན་པ་འདིར་བུད་མེད་རབ་ཏུ་བྱུང་བའི་ཐོག་མ་དང་དགྲ་བཅོམ་མའི་ཐོག་མར་གྱུར་པ་དགྲ་བཅོམ་མ་སྐྱེ་དགུའི་བདག་མོ་དང་། ༢ སྔོན་འཁོར་ལོས་བསྒྱུར་རྒྱལ་གྱི་བཙུན་མོའི་མཆོག་ཏུ་གྱུར་པ་དེ་ཉིད་ཕྱིས་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་ནས་མཐར་གྱིས་བསྒོམས་ནས་འབྲས་བུ་ཐོབ་ཅིང་། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་པར་མ་ཟད། སྟོན་པའི་འཁོར་དགྲ་བཅོམ་མའི་ནང་ནས་དབང་པོའི་སྒོ་སྡོམ་པ་དང་། འཛེམ་པ་ལ་མཆོག་ཏུ་ལུང་བསྟན་པ་དགྲ་བཅོམ་མ་གྲགས་འཛིན་མ། ༣ བསྟན་རྩ་དམ་ཆོས་འདུལ་བའི་གཞུང་ལས་མ་ཡི་སོ་ཐར་སྤེལ་བའི་གླེང་གཞིའི་མཆོག་དང་། ཐུབ་པའི་བཅས་མཚམས་ཡོངས་སུ་རྫོགས་པར་བྱེད་པའི་གཉེན་དུ་གྱུར་ཅིང་། མང་ཐོས་སྡེ་སྣོད་གསུམ་དང་ལྡན་པར་མ་ཟད། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དགྲ་བཅོམ་མ་སྦོམ་དགའ་མོ། ༤ སྟོན་པའི་འཁོར་དགྲ་བཅོམ་མའི་ནང་ནས་རྫུ་འཕྲུལ་དང་མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དགེ་སློང་མ་ཨུཏྤ་ལའི་མདོག་ཅན། ༥ ཁྱིམ་ནས་མཆིས་བཞིན་དུ་དགེ་སློང་མ་ཨུཏྤ་ལའི་མདོག་གིས་ཕོ་ཉ་བྱས་ཏེ་འཕྲིན་ཆོག་གིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་མཐར་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། བཅོམ་ལྡན་འདས་ཀྱིས་འཁོར་དགྲ་བཅོམ་མའི་ནང་ནས་ཆོས་འཆད་པ་ལ་མཆོག་ཏུ་ལུང་བསྟན་པ་དགྲ་བཅོམ་མ་ཆོས་སྦྱིན་མ། ༦ རྒྱ་གར་འཕགས་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷུ་ཏིའི་སྲས་མོར་སྐུ་འཁྲུངས་ཤིང་། ཁྱིམ་ཐབ་སྤོང་བྱེད་དུ་མཛེ་ནད་བཞེས་པའི་ཚུལ་བསྟན་པ་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་པ་ལྟར་འཕགས་པ་ཐུགས་རྗེ་ཆེན་པོ་དངོས་སུ་ཞལ་གཟིགས་ཏེ་པོ་བསྟོད་སོགས་བསྟན་བཅོས་མང་དུ་བརྩམས་ཤིང་། བསྙུང་གནས་མཛད་པས་མཛེ་ནད་ལས་གྲོལ་ཏེ་ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་སྟེ། ཕྱི་ལྟར་ན་སྒྲོལ་མ། ནང་ལྟར་ན་རྡོ་རྗེ་ཕག་མོ། གསང་བ་ལྟར་ན་ཕག་མོ་དབུ་བཅད་མ་དངོས་ཡིན་པ། དགེ་སློང་མ་དཔལ་མོ[4]། ༧ ཨོ་རྒྱན་ཡུལ་གྱི་མེ་ཏོག་བཀོད་པའི་གནས་སུ་སྐུ་འཁྲུངས་ཤིང་། གནས་གསུམ་གྱི་དཔའ་བོ་དང་ཌཱ་ཀིའི་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་མཚན་གསོལ་བ་དང་། མཚན་གྱི་རྣམ་གྲངས་བཅུའི་སྒོ་ནས་ཆོས་ཉན་ཞིང་དངོས་གྲུབ་ཐོབ་སྟེ་བསྟན་འགྲོའི་དོན་དཔག་མེད་མཛད་ཅིང་། ཀུ་རུ་ཀུལླེའི་རིག་སྔགས་གྲུབ་པར་མ་ཟད། མགོན་པོ་ཚེ་དཔག་མེད་ཀྱིས་རྗེས་སུ་བཟུང་ནས་རྡོ་རྗེའི་སྐུས་བསྐལ་པ་མ་སྟོང་བར་དུ་འགྲོ་བའི་དོན་མཛད་པར་བྱིན་གྱིས་བརླབས་པ་མ་གཅིག་གྲུབ་པའི་རྒྱལ་མོ། ༨ པཎ་ཆེན་ནཱ་རོ་པས་རྗེས་སུ་བཟུང་ཞིང་། གསང་སྔགས་ཀྱི་ཕོ་ཉ་མཛད་དེ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་སྟེ། གཏུམ་མོ་བདེ་དྲོད་རང་འབར་དང་། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་བཅས་ནི་གུ་ཆོས་དྲུག་[5]གི་གདམས་པ་སྤེལ་བར་མཛད་པ་པོ་གྲུབ་ཆེན་ནི་གུ་མ། ༩༽ གྲུབ་ཆེན་ཀུ་ཀུ་རི་པས་རྗེས་སུ་བཟུང་ཞིང་། དབང་བསྐུར་གདམས་པ་ཐོབ་སྟེ་རྩེ་གཅིག་སྒྲུབ་ལ་གཞོལ་བས་མཁའ་སྤྱོད་ཀྱི་གནས་སུ་གཤེགས་པ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་ཚན་གྲུབ་ཆེན་མཎི་བྷ་དྲ། ༡༠༽ གྲུབ་ཆེན་ཀ་ན་པས་དབང་བསྐུར་རྗེས་སུ་བཟུང་ཞིང་། དབུ་བཅད་ལུས་ཀྱི་སྤྲུལ་པ་སྣ་ཚོགས་འགྱེད་པ་ལ་ཐོགས་པ་མེད་ཅིང་། ཡེ་ཤེས་ཀྱི་སྤྱན་མངའ་བ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་ཚན་གྲུབ་ཆེན་མེ་ཁ་ལ་བཅས་འཕགས་ཡུལ་གྱི་དགྲ་བཅོམ་མ་དང་གྲུབ་ཆེན་སྐྱེས་མ་ཞལ་གྲངས་བཅུ་དང་།

༡༡ ཡུལ་ཡར་ཀླུང་དུ་རྒྱལ་རིགས་སུ་སྐུ་འཁྲུངས་ཤིང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོར་གྱུར་ཏེ་ཀུན་ལ་མོས་གུས་ཆེ་ལ། ཚུལ་ཁྲིམས་གཙང་ཞིང་ཡོན་ཏན་ལྡན་པ། དགེ་རྒྱས་ལི་མ་གླིང་གི་ལྷ་ཁང་བཞེངས་ཤིང་། དགེ་རྒྱས་དང་ཁྲ་འབྲུག་གཙུག་ལག་ཁང་གི་དྲིལ་ཆེན་བཞེངས་པ་དང་། གཡོས་སྦྱོར་ལ་ཤིན་ཏུ་མཁས་པས་བསམ་ཡས་སྒྲ་སྒྱུར་གླིང་དུ་བཀའ་བསྟན་སྒྲ་སྒྱུར་མཛད་པ་པོ་ལོ་ཙཱ་བ་སུམ་བརྒྱ་ཙམ་ལ་ཟས་སྣ་བཅུ་གསུམ་འདྲེན་པའི་ལག་དཔོན་མཛད་པར་མ་ཟད། ཆབ་སྲིད་ལའང་ཤིན་ཏུ་མཁས་པས་འབྲོ་བཟའི་ཁྲིམས་བུ་ཆུང་ཞེས་པའི་སྲོལ་ཡང་བཏོད་ཅིང་། ཕྱིས་མཁན་པོ་རྦ་རཏྣའི་དྲུང་ནས་རབ་ཏུ་བྱུང་སྟེ་བོད་ཀྱི་རབ་བྱུང་མའི་ཐོག་མར་གྱུར་པ་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ཏེ་ཇོ་མོ་བྱང་ཆུབ་རྗེ་(དུས་རབས་བརྒྱད་པ།)། ༡༢ ཐོག་མར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ཡིན་པ་ལ། ཕྱིས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་གཟུངས་མར་ཕུལ་ཏེ་ཐུགས་སྲས་སུ་གྱུར་ནས། སློབ་དཔོན་གྱིས་ཆོས་གསུངས་ཚད་ཐེངས་གཅིག་ལ་མི་བརྗེད་པར་འཛིན་ཐུབ་པའི་ཡོན་ཏན་མངའ་བ། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་པོར་སློང་ནུས་ཤིང་། རྡོ་རྗེ་ཕུར་པའི་བཀའ་བབས་པར་མ་ཟད། མཁའ་འགྲོ་སྙིང་ཐིག་གི་ཆོས་བདག་ཏུ་གྱུར་པ། བོད་ཀྱི་བུད་མེད་ཀྱི་གྲུབ་ཐོབ་ཀྱི་ཐོག་མར་གྱུར་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་(745-804)།

༡༣ ལབ་ཕྱིཪ་སྐུ་འཁྲུངས་པས་ལབ་སྒྲོན་དུ་མཚན་ཐོགས་ཤིང་། མཁའ་འགྲོའི་མཚན་རྟགས་ཐམས་ཅད་ཚང་བ། ཕ་དམ་པ་སོགས་བསྟེན་ནས་སྟོང་ཉིད་ཀྱི་ལྟ་བ་ཐུགས་ལ་འཁྲུངས་པ་དང་། ལྷག་པར་ཞི་བྱེད་གཅོད་ཀྱི་རྣམ་གཞག་[6]སྔ་ན་མེད་པ་གསར་དུ་མཛད་དེ་གཅོད་ཀྱི་གདམས་པས་བོད་ཁམས་ཁྱབ་པར་མཛད་པར་མ་ཟད། བོད་ཆོས་རྒྱ་ལ་དར་བར་མཛད་པ་པོ་མ་གཅིག་ལབ་ཀྱི་སྒྲོན་མ་(1103-1201)། ༡༤ སྐུ་ལུས་ལ་བཀྲ་ཤིས་པའི་རི་མོས་མཛེས་པར་མཚན་ཞིང་། རྨ་ལོ་ཙཱ་བ་གཙུག་ཏུ་བསྟེན་ནས་གསན་བསམ་སྒྲུབ་ལ་གཞོལ་བས་བདུད་ཀྱི་བར་ཆད་དང་ཉི་ཟླ་འོག་ཏུ་ནོན་པ་དང་། ལུས་གང་འདོད་དུ་སྤྲུལ་བསྒྱུར་ཤེས་པ། སེམས་ཅན་ཐམས་ཅད་ཀྱི་སྐད་གོ་བ། རླུང་གར་འདོད་དུ་འདྲོངས་པ་བཅས་ཀྱི་དངོས་གྲུབ་རྣམ་བཞི་ཐོབ་ཅིང་། ཡུལ་ཉེར་བཞི་སོགས་སུ་ཐུགས་དམ་མཛད་པས་གྲུབ་པ་བརྙེས་ཏེ་གསང་སྔགས་ཆགས་ལམ་ལ་བརྟེན་པ་རྣམས་ཀྱི་མིག་གཅིག་ཏུ་གྱུར་པ་མ་གཅིག་ཞ་མ་(1062-1149)། ༡༥ རྗེ་བཙུན་མི་ལས་(1040-1123) མཚན་ལྡན་གྱི་རྣལ་འབྱོར་མ་སྤྱོད་པའི་གྲོགས་སུ་འོས་པར་དགོངས་ནས། མན་ངག་མ་ལུས་པར་གནང་ཞིང་། རས་ཆུང་པ་ (1085-1161) ལ་འདི་རྗེས་སུ་ཟུངས་ཤིག་ཅེས་གསུངས་པ་ལྟར་ཐུགས་དམ་གྱི་གྲོགས་མཛད་ཅིང་། རྩེ་གཅིག་སྒྲུབ་པ་མཛད་མཐར་ཉམས་སུ་བླངས་པའི་རྟགས་བཅུ་དང་། ཡོན་ཏན་བརྒྱད་ལ་སོགས་པ་ས་ལམ་གྱི་སྤངས་རྟོགས་མངོན་དུ་གྱུར་ནས། སྐུ་ཚེ་འདི་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་རྗེ་བཙུན་མི་ལའི་སྲས་རྣམས་ཀྱི་སྲིང་བཞིའི་ཡ་གྱལ་མཚོ་ལྔའི་རས་ཆུང་མ། ༡༦ གཤིས་རྒྱུད་བཟང་ཞིང་ལས་ལ་བརྩོན་པ་དང་། སྣམ་ལས་ལ་མཁས་པའི་སོ་ནམ་པའི་བུ་མོ་སྣང་ས་རི་དབང་དཔོན་གྱི་བག་མར་ཕེབས་ཏེ་དཀའ་སྡུག་མང་དུ་སྤྱད་ཅིང་། གདུག་གསོད་ལྟ་བུས་འདས་ལོག་བྱུང་བས་འཁོར་བར་ངེས་འབྱུང་དྲག་པོ་སྐྱེས་ཏེ་བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་གྱི་དྲུང་དུ་དབང་སྐུར། མན་ངག་སོགས་ལྟ་སྒོམ་སྤྱོད་གསུམ་ལ་བརྩོན་པས་མཐར་མཁའ་སྤྱོད་དུ་གཤེགས་པ་རིགས་བཟང་གི་མཁའ་འགྲོ་མ་སྣང་ས་འོད་འབུམ་ (དུས་རབས་༡༥?)། ༡༧ བོ་དོང་པཎ་ཆེན་དང་གྲུབ་ཆེན་ཐང་སྟོང་རྒྱལ་པོ་གཉིས་ལས་མདོ་སྔགས་ཀྱི་ཆོས་ཚུལ་མང་དུ་གསན་ཞིང་། བོ་དོང་ལུགས་ཀྱི་ཆོས་བརྒྱུད་འཛིན་པའི་བསམ་སྡིངས་དགོན་པ་ཕྱག་བཏབ། གསང་སྔགས་ཀྱི་དཀྱིལ་འཁོར་ཀུན་གྱི་ཡུམ་རྡོ་རྗེ་ཕག་མོའི་སྤྲུལ་པར་གྲགས་པས་བསམ་སྡིངས་རྡོ་རྗེ་ཕག་མོ་ཞེས་སུ་གྲགས་ཤིང་། དེའི་རྗེས་འབྲེལ་དུ་ཡང་སྲིད་ངོས་འཛིན་ཞུ་ལམ་དར་ཏེ་བོད་ཀྱི་བུད་མེད་ཀྱི་སྤྲུལ་སྐུ་སྔ་ཤོས་སུ་གྱུར་པ་བསམ་སྡིངས་རྡོ་རྗེ་ཕག་མོ་རྗེ་བཙུན་ཆོས་ཀྱི་སྒྲོན་མེ་(1422~1434-1455~1468)། ༡༨ གུང་རུར་སྐུ་འཁྲུངས་ཤིང་ཐོས་དོན་ཉམས་སུ་བཞེས་ལ། ཕྱི་ལོ་ ༡༦༢༨ ལོར་བྱ་ཁྱུང་དུ་སྐྱིད་ཤོད་སྡེ་པ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོའི་དྲུང་དུ་བཀའ་ཆོས་མང་དུ་གསན། ལྷ་ལྡན་དང་མདོ་སྨད་ཤེལ་དགོན་ནས་ཚེ་ཆུའི་བུམ་པ་གཏེར་ནས་གདན་དྲངས་པར་མ་ཟད། རྫུ་འཕྲུལ་དང་མངོན་ཤེས་ལ་ཐོགས་པ་མེད་པས་བོད་གཞུང་ནས་ཀྱང་བཀའ་ཤོག་གིས་གཟེངས་བསྟོད་ཅིང་། རྗེ་སྐལ་ལྡན་རྒྱ་མཚོས་གྲུབ་ཐོབ་ཚད་ལྡན་དུ་གསུངས་པ་གུང་རུ་མཁའ་འགྲོ་མ། ༡༩ སྨྱོས་རིགས་སུ་སྐུ་འཁྲུངས་ཤིང་། ལོ་ཆེན་དྷརྨ་ཤྲཱིའི་དྲུང་ནས་རབ་ཏུ་བྱུང་སྟེ་ངོ་མཚར་ཅན་གྱི་གདམས་པ་རྣམས་ཐུགས་སུ་ཆུད་པར་མཛད་ལ། མཁས་པའི་བྱ་བ་རྣམ་གསུམ་[7]གྱི་སྒོ་ནས་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་ཉམས་གསོ་དར་རྒྱས་ལ་ཕྱག་རྗེས་ཤིན་ཏུ་ཆེ་བ་ལུང་གིས་ཟིན་པའི་བདེ་ཆེན་ཌཱཀྐཱིའི་གཙོ་མོ་སྨིན་གླིང་རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མ་(1699-1769)། ༢༠ ཁྱད་འཕགས་འཁོན་གྱི་གདུང་ལས་སྐུ་འཁྲུངས་ཤིང་། ཟབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་ལས་ངོར་ལུགས་ཚོགས་བཤད་དང་། ཚར་ལུགས་སློབ་བཤད་གཉིས་ཀའི་མན་ངག་གི་བརྒྱུད་པ་འཛིན་ཅིང་། འཆད་པའི་སྒོ་ནས་སློབ་མའི་ཚོགས་མང་དུ་བསྐྱངས་པར་མཛད་པ་ཌཱ་ཀིའི་གཙོ་མོ་རྗེ་བཙུན་རྟ་མགྲིན་དབང་མོ་(1836-1896)། ༢༡ གནས་མཆོག་མཚོ་པདྨར་སྐུ་འཁྲུངས་ཤིང་། ཡུལ་གནས་ངེས་མེད་དུ་རིས་མེད་བླ་མ་དུ་མའི་ཞབས་པད་གཙུག་ཏུ་བསྟེན་ནས་དབང་ལུང་གདམས་པ་མང་དུ་གསན་པར་མ་ཟད། བསྟན་ལ་རབ་ཏུ་བྱུང་ཞིང་རྐང་མགྱོགས་སོགས་ཀྱི་དངོས་གྲུབ་ཐོབ་པ་གངས་ཤུག་མ་ཎི་ལོ་ཆེན་རྗེ་བཙུན་ཆོས་ཉིད་བཟང་མོ་ (1853/1865-d.1951) བཅས་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་རྣམས་སོ།།

དེ་ལྟར་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་རྣམ་ཐར་ཞིབ་གསལ་མཁྱེན་གལ་ཆེ་བར་ཤིན་ཏུ་ཆེ་བར་མཐོང་བས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་ལྟར་བཀའ་བསྟན་གསུང་རབ་སྣ་མང་ལས་བཏུས་ཏེ་ཕྱོགས་བསྒྲིགས་ཞུས་ཤིང་། ཞར་བྱུང་དུ་བུད་མེད་ཀྱི་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་ཡོངས་གྲགས་སུ་ངོས་འཛིན་གནང་ལམ་ཡོད་པ་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་རིམ་བྱོན་དང་། གུང་རུ་མཁའ་འགྲོ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་རྣམ་ཐར་ཡང་ཆབས་ཅིག་ཕྱོགས་བསྒྲིགས་ཞུས་ཡོད།

དེ་ཡང་གླེགས་བམ་སྟོད་ཆར། ༡ དགྲ་བཅོམ་སྐྱེ་དགུའི་བདག་མོ་དང་། ༢ དགྲ་བཅོམ་མ་གྲགས་འཛིན་མ། ༤ དགྲ་བཅོམ་མ་སྦོམ་དགའ་མོ། ༥ དགེ་སློང་མ་ཨུཏྤལ་ལའི་མདོག་ཅན། ༦ དགྲ་བཅོམ་མ་ཆོས་སྦྱིན་མ། ༧ མ་གཅིག་གྲུབ་པའི་རྒྱལ་མོ། ༨ གྲུབ་ཆེན་ནི་གུ་མ། ༩ གྲུབ་ཆེན་མཎི་བྷ་དྲ། ༡༠ གྲུབ་ཆེན་མེ་ཁ་ལ། ༡༡ བཙུན་མོ་བྱང་ཆུབ་རྗེ། ༡༢ མ་གཅིག་ལབ་ཀྱི་སྒྲོན་མ་བཅས་ཀྱི་རྣམ་ཐར་དང་། གླེགས་བམ་བར་ཆར། ༡༣ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཁག་དགུ། གླེགས་བམ་སྨད་ཆར། ༡༤ མ་གཅིག་ཞ་མ་དང་། ༡༥ མཚོ་ལྔའི་རས་ཆུང་མ། ༡༦ མྱང་སྟོད་སྣང་ས་འོད་འབུམ། ༡༧ བསམ་སྡིངས་རྗེ་བཙུན་ཆོས་ཀྱི་སྒྲོན་མེ། ༡༨ གུང་རུ་མཁའ་འགྲོ་མ། ༡༩ སྨིན་གླིང་རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མ། ༢༠ ས་སྐྱའི་རྗེ་བཙུན་རྟ་མགྲིན་དབང་མོ། ༢༡ ཤུག་གསེབ་མཎི་ལོ་ཆེན་རྗེ་བཙུན་ཆོས་ཉིད་བཟང་མོ་བཅས་ཀྱི་རྣམ་ཐར་རྒྱས་བསྡུས་རྣམ་གྲངས་ ༤༨ རྙེད་སོན་བྱུང་བ་རྣམས་གླེགས་བམ་སྟོད་སྨད་བར་གསུམ་དུ་ཕྱེ་སྟེ་ཕྱོགས་གཅིག་ཏུ་ལེགས་བསྒྲིགས་ཞུས་ཡོད་པ་བཅས། གུས་ཉམས་ཞིབ་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༠ དགེ་བར།།

[1] སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༢༠༠༨ ཟླ་བ་ ༦ ཚེས་ ༡ ཉིན་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་སྩལ་བའི་བཀའ་སློབ་ལས་ཟུར་འདོན་ཞུས་པའོ།།

[2] ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༥ ཉིན་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཁྲིད་སྩལ་བ་ལས་བཏུས་པའོ།།

[3] སྐྱེས་པའི་རབས་ཀྱི་རྒྱུད། བསྟན་འགྱུར་དཔེ་བསྡུར་མ། པོད། ༼ཧུ༽ སྐྱེས་རབས། དེབ་ཨང་ ༩༤ པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༩༢

[4] ཕྱིས་གྲུབ་པ་ལ་གཤེགས་པས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཁྲོད་ཀྱི་ལཀྵིམི་ཀ་ར་ཞེས་པའང་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གྲགས་སོ།།

[5] བསྟན་བཅོས་ནི་བསྟན་འགྱུར་ལས། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། མཁའ་འགྲོ་མ་ནི་གུ་མས་མཛད་པ། མཁའ་འགྲོ་མ་དེ་ཉིད་དང༌། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར་བ་སོགས་བཞུགས་སོ།།

[6] མ་གཅིག་ལབ་སྒྲོན་གྱིས་མཛད་པའི་གཅོད་གཞུང་ནི། ༡ གཅོད་གཞུང་བཀའ་རྩོམ་ཆེན་མོ་དང་། ༢ ཡང་རྩོམ། ༣ ཉིང་རྩོམ། ༤ ལེའུ་ལག །༥ གནས་ཐེམ། ༦ ཁོང་རྒོལ། ༧ གསང་བ་བརྡ་ཆོས། ༨ ལ་བཟླས་སྐོར་གསུམ། ༩ གཞི་ལམ་སློང་བ། ༡༠ ཁྱད་པར་གྱི་མན་ངག་དང་བཅས་བཅུ་བཞུགས་སོ།།

[7] རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་གསུང་ལ་མཚོན་ན། ༡ ཐུགས་ཐིག་ཀ་དག་གི་ཟབ་ཁྲིད་ཀྱི་ལྗགས་བཤད་ཟིན་བྲིས་སུ་བྱས་པ་རིག་འཛིན་ཞལ་ལུང་དང་། ༢ དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་མན་ངག་གསལ་སྒྲོན་སྙིང་པོ། ༣ སྙིང་ཐིག་མ་བུའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་། ༤ ན་རག་དོང་སྤྲུགས་ཀྱི་དབང་གི་ཆོ་ག་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ལམ་བཟང་། ༥ བླ་མ་དྲག་པོའི་ལྷ་ཁྲིད་ཀྱི་དམིགས་རིམ། ༦ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་རིམ་བཞིའི་ལམ་ཟབ་ཉམས་སུ་ལེན་པའི་ཁྲིད་ཡིག་མན་ངག་གསལ་སྒྲོན། ༧ རྩ་བ་གསུམ་གྱི་གཏོར་འབུལ་ལག་ལེན་བདེ་ཁྱད་བྱེད་ཚུལ། ༨ ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དམིགས་ཟིན་བྲིས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་བཅས་བཞུགས་སོ།།

Leave a Reply

Your email address will not be published. Required fields are marked *