རྒྱ་གར་དུ་ནང་ཆོས་རྩ་གཏོར་གཏོང་མཁན་དེ་བོད་པས་རྩ་གཏོར་བཏང་བ།

རྒྱ་གར་དུ་ནང་ཆོས་རྩ་གཏོར་གཏོང་མཁན་དེ་བོད་པས་རྩ་གཏོར་བཏང་བ།

བརྗོད་གཞི་ནི།

རྒྱ་གར་གྱི་ན་ལེནྡྲ་སོགས་ནང་པའི་གནས་གཞི་ཁག་གཏོར་བཅོམ་བྱེད་མཁན་གཙོ་བོ་ཁེལ་ཇིའི་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་། བོད་པས་ཕམ་ཉེས་བཏང་བའི་སྐོར་དེ་ཡིན། འདི་བོད་ཀྱི་ལོ་རྒྱུས་ཁག་ནང་གསལ་པོ་ཞིག་མེད་འདྲ་བས་ས་བོན་ཙམ་ཞིག་གླེང་སློང་བྱས་ཚེ་སླད་ནས་མཁས་པ་ཚོས་ཁ་སྐོང་བྱེད་ངེས་རེད་སྙམ། ཐོག་མར་གནས་ཚུལ་འདི་ཝི་ཁེ་རིག་མཛོད་ནང་མཐོང་བས་ཆ་འཇོག་འོས་པ་ཨི་ཡིན་སྙམ་ནས་དོ་སྣང་ཆེར་མ་བྱས་མོད། ཞིབ་ཏུ་བལྟས་སྐབས་ཁུངས་ལུང་དང་དཔྱད་གཞི་ལོ་རྒྱུས་དེབ་ཐེར་མང་ཙམ་འདུག་པས་འདིར་མདོར་བསྡུས་ཤིག་བཤད་འདོད་བྱུང་།

ཁེལ་ཇིའི་མིང་རྒྱས་པ་ལ། ཨལ་ཁཏ་ཡིར-ཨུད་དྷིན-མུ་ཧ་མྨད-བྷིན-བྷཀ་ཏི་ཡར-ཁེལ་ཇི། ཞེས་པ་གཤམ་དུ་ཁེལ་ཇི་ཞེས་འབོད་རྒྱུ་ཡིན། སྤྱིར་རྒྱ་གར་གྱི་ལོ་རྒྱུས་ནང་མིང་སྣེ་ཁེལ་ཇི་ཡིན་པ་སྐད་གྲགས་ཅན་མང་པོ་བྱུང་མྱོང་བས་མ་འཁྲུགས་པ་གལ་ཆེ།

ཁེལ་ཇི་ནི་གྷར་མྶིར་ཡུལ་གྱི་ཁཱ་ལཱ་ཇ་སྡེ་ཤོག་གི་མི་ཡིན་པ་དང་། གྷར་མྶིར་ནི་དེང་སང་ཨབ་གྷན་ལྷོ་ཕྱོགས་ཀྱི་ཧེལ་མནྡ་མངའ་སྡེའི་གྷར་མྶིར་རྫོང་ཟེར་བ་དེ་ཡིན། རུས་རྒྱུད་ནི་ཊར་ཀིའམ་དྲུ་གུའི་རིགས་ཡིན་པ་དང་། ག་དུས་སྐྱེས་མིན་མ་ཤེས་ཀྱང་ ༡༢༠༦ ལ་འདས་ཟེར། ཆུང་དུས་ནས་དམག་ནང་ཞུགས་པས་དྲག་རྩལ་དང་ཐབས་ཇུས་མཁས་པོ་ཡོད། གཟུགས་པོ་ཆེ་རྒྱུ་དང་རིང་རྒྱུ་མེད་ཀྱང་། ལག་པ་རིང་པོ་པུས་མོའི་འོག་ཏུ་སླེབས་པ་དེས་མདའ་གྲི་མདུང་གསུམ་སྤྱོད་པར་ཕན་ཐོགས་ཡོད་འདུག །སྤྱིར་བཏང་གི་མི་ཞིག་ནས་དམག་མི་དང་། དམག་མི་དཀྱུས་མ་ནས་དམག་དཔོན། དམག་དཔོན་དཀྱུས་མ་ནས་དམག་སྤྱི། དམག་སྤྱི་ནས་རྒྱལ་པོར་གྱུར་པ་ཞིག་ཡིན། འགའ་རེས་ལྡི་ལིའི་སུལྟན་འོག་གི་བྷང་ག་ལའི་སྲིད་སྐྱོང་ (Governor) ཡིན་ཟེར་ཡང་། ཡོངས་གྲགས་ལྡི་ལི་སུལྟན་དང་པོ་ནི་ ༡༢༠༦ ལ་བྱུང་བ་ལྟར་ན། ཁེལ་ཇི་ཡིས་ཇི་ལྟར་འཕྱི་ཡང་ ༡༢༠༣ ནས་བྷང་ག་ལའི་རྒྱལ་པོ་ཁྲི་ལས་ཕབ་སྟེ་དབང་བསྒྱུར་བཞིན་ཡོད། ཁོ་པའི་མི་ཚེའི་ནང་། སྐྱ་མི་བཅོ་བརྒྱད་ཀྱིས་བྷང་ག་ལ་བཙན་བཟུང་བྱས་པ་དེ་རྒྱལ་ཁ་ཆེ་ཤོས་དང་། བོད་ལ་དམག་དཔུང་ཁྲི་ཕྲག་དྲངས་པ་མི་བརྒྱ་ལས་ཕྱིར་ལོག་མ་ཐུབ་པར་དེ་ཕམ་ཁ་ཆེ་ཤོས་ཡིན།

ན་ལེནྡྲ་དང་བི་ཀྲམ་ཤི་ལཱ་སོགས་ནང་ཧིན་གཉིས་ཀྱི་ལྷ་ཁང་བརྒྱ་ཕྲག་གཏོར་བ་དང་། གསུང་རབ་ཕོན་ཆེར་བསྲེགས་པ། དགེ་འདུན་མང་པོ་བཀྲོངས་པ་བཅས་ནི་སྡིག་ཉེས་ཆེ་ཤོས་དེ་ཡིན་སྲིད། ན་ལེནྡྲ་གཏོར་བཅོམ་བྱེད་དགོས་པའི་རྒྱུ་མཚན་ཁ་ཤས་ཡོད་པ་སྟེ། གཅིག་ནས་ཆོས་ལུགས་མི་འདྲ་བའི་དབང་གིས་ལྡོག་ཟླ་འགྱུར་ཉེན་ཡོད་པ་དང་། གཉིས་ནས་གསེར་དངུལ་སོགས་རྒྱུ་ནོར་ཐོབ་ཆེད་ཡིན། གཞན་ཡང་། ཁེལ་ཇི་ལ་ནད་དྲག་པོ་ཞིག་བྱུང་བ་ཁ་ཆེ་སྨན་པ་སུས་ཀྱང་བཅོས་མ་ཐུབ་པ་ལ། ཞབས་ཕྱི་ཚོས་ཞུ་བ་མང་པོ་བརྒྱབ་མཐར་ན་ལེནྡྲའི་སྨན་པ་ཞིག་བསྟེན་ཉན་ཙམ་བྱུང་། འོན་ཀྱང་ནད་ངོས་ཟིན་ཆེད་ལས་དེའི་སྨན་ཟ་རྒྱུ་ཁས་མ་བླངས་ལ། སྨན་པས་ཀྱང་ཁ་ཆེའི་གསུང་རབ་ཀོ་རན་མང་ཙམ་ཀློག་ན་སྨན་ཟ་དགོས་ཀྱི་མ་རེད་ཅེས་བཤད། ཁེལ་ཇིས་ཀྱང་ཀོ་རན་མང་པོ་ཀློག་པས་མགྱོགས་པོ་ནད་ལས་གྲོལ། སྨན་པས་ལྐོག་ཏུ་ཀོ་རན་གྱི་ཤོག་ངོས་སུ་སྨན་བྱུགས་ཡོད་པ་རྗེས་སུ་ཁེལ་ཇིས་ཤེས་སྟབས། ཕྲག་དོག་དང་ཞེ་སྡང་གཅིག་ཆར་སྐྱེས་ཏེ་ན་ལེནྡྲ་མེར་བསྲེགས་ཞེས་ཟེར།

སྤྱིར་ཨབ་གྷན་དུ་རྟེན་གཞི་བྱས་པའི་རྒྱལ་པོ་ཚོས་དུས་རབས་གཉིས་ཙམ་རིང་རྒྱ་གར་དུ་བཙན་འཛུལ་ཡང་ཡང་བྱས་འདུག །གན་ཇ་ནཱི་རྒྱལ་རབས་ (977-1030) ཀྱིས་རྒྱ་གར་ལ་བཙན་འཛུལ་ཐེངས་བཅུ་བདུན་བྱས་ཏེ་འཕྲོག་བཅོམ་ཚད་མེད་བྱས་པ་དང་། གཽ་རཱི་རྒྱལ་རབས་ (1130-1215) ཀྱིས་མུ་མཐུད་བཙན་འཛུལ་ཐེངས་མང་བྱས་པ་བརྒྱུད་མཐར་རྒྱ་གར་དུ་ཁ་ཆེའི་སྲིད་དབང་གསར་འཛུགས་བྱས། དེ་ནས་བཟུང་ལོ་དྲུག་བརྒྱ་ཙམ་རྒྱ་གར་ཁ་ཆེའི་འོག་ཏུ་གནས། འདི་དག་ཚང་མའི་རིགས་ནི་རྒྱ་གར་སྐད་དུ་ཏུ་རུ་ཁ་དང་། བོད་སྐད་དུ་དྲུ་གུ། ཨིན་སྐད་དུ་ཊར་ཀི་ཞེས་འབོད་པ་དེ་ཡིན། རྒྱལ་རབས་འདི་གཉིས་ཀའི་རྒྱལ་ས་ནི་དེང་སང་ཨབ་གྷན་ཤར་ཕྱོགས་གན་ཇ་ནཱི་མངའ་སྡེའི་གན་ཇ་ནཱི་རྫོང་དུ་ཡིན། འདི་གཉིས་ནི་ཁེལ་ཇིའི་ལས་དབང་དང་འབྲེལ་བ་ཡོད་པས་ཟུར་ཙམ་སྨོས་པ་ལས། རྒྱ་གར་དུ་བཙན་འཛུལ་བྱས་ཚད་ཀྱི་རྒྱལ་རབས་དང་། ཊར་ཀིའི་རྒྱལ་རབས་ཚང་མ་དང་། རྒྱལ་རབས་དེ་དག་གི་ལོ་ཚིགས་སོགས་མི་མཐུན་པ་རྣམས་འདིར་དཔྱད་བྱ་མ་ཡིན།

ཁེལ་ཇི་ནི་ ༡༡༩༣ ལོར་གཽ་རཱིའི་བཙན་འཛུལ་དམག་ནང་ཞུགས་ནས་རྒྱ་གར་དུ་འོངས་བ་དང་། བྱས་རྗེས་ལ་གཞིགས་པའི་མི་ཛ་པུར་དུ་གཞིས་ཁ་ཆེན་པོ་ཞིག་ཐོབ་འདུག །མི་ཛ་པུར་ནི་དེང་སང་རྒྱ་གར་ཨུ་ཏར་པར་དྷེ་ཤཱ་མངའ་སྡེའི་ཤར་ལྷོའི་རྫོང་མི་ཛ་པུར་ཞེས་པ་དེ་ཡིན། ཁེལ་ཇི་ཡིས་མི་ཛ་པུར་གཡས་གཡོན་གང་སར་འཕྲོག་བཅོམ་བྱས་པ་དང་། ཕྱི་ལོ་ ༡༢༠༠ ལོར་བྷི་ཧར་བཙན་བཟུང་བྱས་པས་སྟོབས་ཤུགས་དང་སྐད་གྲགས་ཇེ་ཆེར་གྱུར། དུང་དཀར་བསྟན་རྩིས་ནང་། “ལོ་འདིར་(1201)མ་ག་དྷར་ཏུ་རུ་ཀྵའི་དམག་སླེབས་ནས་ནང་པའི་གནས་ཆེན་ཁག་དང་། ཨོ་ཏནྟ་པུ་རི། བྲི་ཀ་མ་ལ་ཤཱི་ལ་བཅས་དམག་གིས་བཅོམ། ཁ་ཆེ་པཎ་ཆེན་སློབ་མ་མང་པོ་དང་བཅས་ཛ་གད་དྷ་ལའི་ཡུལ་དུ་བྲོས།” ཞེས་ལོ་གཅིག་གིས་འཕྱི་བ་ནི་སྔ་དུས་ལུང་པ་སོ་སོའི་ལོ་འགོ་འཛིན་སྟངས་དང་། ཕྱི་ལོའི་བར་གྱི་ཁྱད་པར་ལས་བྱུང་བར་སྙམ། བྷི་ཧར་དང་མ་ག་དྷ་གཉིས་ཀྱང་བརྡ་གསར་རྙིང་ཙམ་ལས་ཁྱད་པར་ཆེན་པོ་མེད། ཡང་འགའ་རེས་ ༡༡༩༩ ལོར་ཨི་བྷ་ཀས་བྷི་ཧར་གྱི་རྫོང་ཁ་ཤས་བླངས་པར་བཤད། དུང་དཀར་ཚིག་མཛོད་ནང་། དམག་འདི་དག་ནུབ་ཕྱོགས་ཏཱ་སིག་གི་ཡུལ་ནས་ཡོང་བར་བཤད་པ་ནི་འགྲིག་མིན་དཔྱད་དགོས་ཏེ། ཨབ་གྷན་ནས་ཡོང་བ་ཡོངས་གྲགས་ཡིན་ལ། མེས་པོའི་མཆེད་ཁུངས་དེད་ནའང་དབུས་ཨེ་ཤ་ཡ་ནས་ཡིན། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་འདི་དག་ལ་ཀླ་ཀློའི་དམག་དང་། ཁ་ཆེའི་དམག །དུ་རུ་ཀའི་དམག །གར་ལོག་གི་དམག་ཅེས་འབོད་སྟངས་ཁ་ཤས་ཡོད། རྒྱ་གར་ལ་ལྟོས་པའི་མཐའ་འཁོབ་ནས་ཡོང་བས་ཀླ་ཀློ། ཆོས་ལུགས་དང་སྦྲེལ་ནས་ཁ་ཆེ། རུས་མིང་དང་སྦྲེལ་ནས་དུ་རུ་ཁ། གར་ལོག་གི་དམག་དང་རུས་རྒྱུད་མཆེད་ཁུངས་གཅིག་པའི་ཆ་ནས་གར་ལོག་ཅེས་བོས་པ་འདྲ།

ཁེལ་ཇི་ཡིས་བྷི་ཧར་བཟུང་བའི་ལོ་དེ་རང་ལ་བྷང་ག་ལར་བཙན་འཛུལ་བྱས། ཁོས་རྟ་ཕོ་ལྕག་གིས་བསྐུལ་ནས་རྒྱུགས་པས་དམག་མི་རྟ་བཟང་བ་བཅོ་བརྒྱད་མ་གཏོགས་མཉམ་པར་འགྲོ་མ་ཐུབ་སྐད། རྒྱུ་མཚན་དེས་སྐྱ་མི་བཅོ་བརྒྱད་ཀྱིས་བཙན་འཛུལ་ཞེས་འབོད་སྲོལ་ཆགས། གང་ལྟར་ ༡༢༠༢ ལོར་བྷང་ག་ལའི་སེ་ན་རྒྱལ་རབས་ (1070-1202) ཀྱི་རྒྱལ་ཐོག་ལྔ་པ་ལཀ་ཤ་མ་ནཱ་ཁྲི་ལས་ཕབ་སྟེ། བྷི་ཧར་ནས་བྷང་ག་ལའི་བར་དུ་དབང་བསྒྱུར། སྟོབས་ཤུགས་དང་སྤོབས་པ་ཇེ་ཆེར་གྱུར་ནས་ལོ་ཤས་རྗེས་ཏེ་ ༡༢༠༦ ལོར་བོད་ལའང་དམག་དྲངས། འོན་ཀྱང་ལམ་ལྷོང་མ་བྱུང་བ་ཕམ་ཉེས་ཚབས་ཆེན་ཁེལ་བ་དང་། ལོ་དེར་རྒྱ་གར་ཤར་ཕྱོགས་དྷེ་ཝེ་ཀོ་ཊ་རུ་ཚེ་ལས་འདས། དྷེ་ཝེ་ཀོ་ཊ་ནི་དེང་སང་གི་ས་ཁྲ་ལྟར་ན་རྒྱ་གར་གྱི་ནུབ་བྷང་གལ་ཁོངས་སུ་ཡོད་ཀྱང་། བོད་ཀྱི་ཡིག་ཆ་ཁག་ཏུ་གནས་ཉེར་བཞིའི་ཡ་གྱལ་དུ་བགྲངས་ནས་ལྷོ་བྲག་མཁར་ཆུ་ཡིན་ཟེར་བ་དང་། ཨ་སམ་དང་ཀོང་པོའི་ཕྱོགས་སུ་ཡོད་སྐོར་སྣ་ཚོགས་སྣང་། ཁེལ་ཇི་ལ་བུ་རྒྱུད་དང་བློན་པོ་འཇོན་པོ་མེད་པས་རིང་པོ་མ་ཐོགས་པར་ལྡི་ལིའི་རྒྱལ་པོ་ཨི་བྷ་ཀས་བྷང་ག་ལར་དབང་བསྒྱུར། ཨི་བྷ་ཀ་ནི་ཐོག་མར་གཽ་རཱི་རྒྱལ་པོས་རྒྱ་གར་དུ་ཁ་ཆེའི་སྲིད་དབང་བཙུགས་པའི་དཔོན་དུ་བསྐོས་པ་ནས་རྒྱལ་པོ་ཆགས་པ་ཞིག་ཡིན། རྒྱ་གར་ཁ་ཆེའི་དབང་སྒྱུར་གྱི་རྒྱལ་པོ་རྣམས་ལ་ཡོངས་གྲགས་ལྡི་ལི་སུལྟན་ཟེར་བ་དང་། སུལྟན་རྒྱལ་རབས་གསུམ་བྱུང་བའི་ཐོག་མ་མམ་ལུཀ་རྒྱལ་རབས་(1206-1290)ཀྱི་ལྡི་ལིའི་སུལྟན་དང་པོ་དེ་ཡིན། འགའ་རེས་སུལྟན་དང་པོའི་སྐབས་སུ་བྷང་ག་ལ་ཇི་བཞིན་དབང་བསྒྱུར་མ་ཐུབ་ཀྱང་སུལྟན་གསུམ་པའི་སྐབས་རྦད་དེ་དབང་བསྒྱུར་བ་ཡིན་ཟེར།

ཨི་བྷ་ཀ་དང་ཁེལ་ཇི་གཉིས་པོ་ཐོག་མར་གཽ་རི་རྒྱལ་པོས་རྒྱ་གར་ལ་བཙན་འཛུལ་བྱེད་དུ་མངགས་པ་གཅིག་མཚུངས་ཡིན་ཡང་གཙོ་བོ་དང་བྱས་རྗེས་ཆེ་ཤོས་ནི་ཨི་བྷ་ཀ་ཡིན། ཐོག་མར་ཁེལ་ཇི་ནི་དམག་དཔོན་དཀྱུས་མ་ཞིག་ཡིན་པས་ཨི་བྷ་ཀས་མིག་ནང་འཇོག་གི་མེད་ཚོད་ཀྱང་། གཽ་རཱི་དམག་དཔོན་མཱ་ལིཀ་ཧུ་སམ་གྱི་རྒྱབ་སྐྱོར་འོག་གོ་གནས་དང་གཞིས་ཀ་ཐོབ་པ་བྱུང་འདུག །ཨི་བྷ་ཀ་དང་ཧུ་སམ་གཙོ་ཤུགས་དམག་གིས་ལྡི་ལི་སོགས་གཙོ་བོ་བྱང་ཕྱོགས་རྣམས་བརྟན་ལྷིང་བཟོ་བཞིན་པའི་སྐབས་སུ། ཁེལ་ཇིའི་དམག་གིས་ཨུ་ཏར་པར་དྷེ་ཤཱ་ནས་ཤར་ངོས་བྷི་ཧར་དང་བྷང་ག་ལ་བར་བཙན་འཛུལ་བྱས་འདུག །དང་ཐོག་ཁོང་ཚོས་རྒྱ་གར་ནུབ་ཕྱོགས་ནས་ཨུ་ཏར་པར་དྷེ་ཤཱ་བར་དབང་དུ་བསྡུས་ནས་ལོ་ཤས་བསྡད་པ་ནི། གཅིག་ནས་བཙན་བཟུང་ཟིན་པའི་ས་ཁུལ་རྣམས་བསྲ་བརྟན་བྱེད་དགོས་པ་དང་། གཉིས་ནས་སྐབས་དེར་བྷི་ཧར་ནི་བྷང་ག་ལའི་འོག་ཏུ་ཡོད་པས་བྷང་ག་ལའི་རྒྱལ་པོའི་སྟོབས་ཤུགས་གསལ་པོ་ཤེས་ཀྱི་མེད་ཚོད། ཁེལ་ཇིའི་གཞིས་ཀ་བྷི་ཧར་གྱི་ཉེ་འཁྲིས་སུ་ཡོད་པས་རྒྱུས་ལོན་བྱུང་མཚམས་བྷི་ཧར་བཙན་བཟུང་བྱས་པ་དང་། བྷང་ག་ལ་རྒྱལ་པོའི་སྟོབས་ཤུགས་ཀྱང་ཤེས་ནས་འཕྲལ་མར་བཙན་འཛུལ་བྱས་འདུག །ཁེལ་ཇི་ཡིས་དམག་དཔོན་གཞན་ལ་མ་བཤད་པ་ནི་ཕྱོགས་གཅིག་ནས་གདེང་ཚོད་རྙེད་པ་དང་། གཉིས་ནས་འཕྲོག་དངུལ་རྣམས་གཞན་ལ་བགོ་མི་འདོད་པས་ལོས་ཡིན། མདོར་ན། ཨི་བྷ་ཀ་ལྡི་ལིར་རྐང་པ་བརྟན་པོ་ཚུགས་རྗེས་གཽ་རཱི་རྒྱལ་པོའི་འོག་ནས་ལོགས་སུ་ཐོན་ཏེ་རང་ཉིད་རྒྱལ་པོ་བྱས་པ་དང་། ཁེལ་ཇི་ལའང་བྷི་ཧར་ནས་བྷང་ག་ལ་དང་བོད་བར་དབང་སྒྱུར་བའི་རྒྱལ་རབས་ཆེན་པོ་ཞིག་འཛུགས་འདོད་སྐྱེས་འདུག

ཕྱོགས་ཡོངས་ནས་ཤེས་ཐུབ་པའི་དོན་དུ་རྒྱབ་ལྗོངས་དང་བཅས་མདོར་བསྡུས་ཤིག་སྨོས་ནས། སྐབས་འདིར་བཤད་འདོད་པ་ངོ་མ་ནི། ཁེལ་ཇི་དང་བོད་ཀྱི་འབྲེལ་བའི་སྐོར་ཡིན་ཡང་བོད་དང་འབྲེལ་ཡོད་ཀྱི་དཔྱད་གཞི་ཤིན་ཏུ་དཀོན། ཁེལ་ཇི་ཡིས་བོད་ལ་དམག་ཇི་ལྟར་དྲངས་པ་དང་། ཇི་ལྟར་ཕམ་ཉེས་བྱུང་བ་སོགས་ཞིབ་ཕྲ་ཤེས་ཐབས་བྲལ་འདུག །སྤྱིར་ཁེལ་ཇི་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དང་། བྷང་ག་ལའི་ལོ་རྒྱུས་སོགས་དེབ་ཐེར་མང་པོ་ཞིག་ཏུ་འདིའི་སྐོར་འཁོད་འདུག་མོད། ཡིག་ཕྲེང་རེ་གཉིས་ཙམ་ལས་མ་མཐོང་བས། བོད་ཀྱི་ཡིག་ཆ་དང་། ལྷག་པར་རྒྱ་ཧིན་ཨིན་གསུམ་སོགས་སྐད་ཡིག་གཞན་དག་མཁྱེན་མཁན་ཚོས་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན།

ཁེལ་ཇི་བོད་ལ་ཡོང་དུས་(1206)ནི་བོད་སིལ་བུའི་དུས་རབས་ཀྱི་མཇུག་ཏུ་ཁེལ་ཡོད། ཕྱོགས་བཞི་ལས་ཤར་རྒྱ་ནག་དང་ལྷོ་རྒྱ་གར་གཉིས་ཉམ་ཆག་འགྲོ་བཞིན་པ་དང་། ནུབ་ཊར་ཀི་བ་དང་བྱང་སོག་པོ་ཇིང་གེ་སི་ཁན་གཉིས་དར་བའི་སྐབས་ཡིན། བོད་ཀྱི་ཆོས་ལུགས་ལ་མཚོན་ན་“དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ”ཞེས་པ་ལྟར་ལ། ཕག་གྲུ་བྱང་ཆུབ་རྒྱལ་མཚན་(1302-1364)གྱི་སྐབས་སུ་“བོད་ཀྱི་ཆོས་པ་སུམ་ཆ་གཉིས་ཙམ་རང་རེའི་ཆོས་བརྒྱུད་འཛིན་པ་འདུག”ཅེས་པ་ལྟར་བཀའ་བརྒྱུད་པས་བཀའ་གདམས་པ་རྗེས་ཟིན་ལ་ཉེ་ཡོད། ཐོག་མར་ཁེལ་ཇི་ཨབ་གྷན་ནས་རྒྱ་གར་དུ་ཡོང་ལོ་(1193)དེར་བཀའ་བརྒྱུད་ཆེ་བཞི་ལས་ཀར་ཚལ་གཉིས་པོ་སྲོལ་གཏོད་མཁན་ཀརྨ་པ་དུས་གསུམ་མཁྱེན་པ་དང་། གུང་ཐང་བླ་མ་ཞང་གཉིས་གཤེགས་འདུག་པ་དེས་བཀའ་བརྒྱུད་པ་དར་བའི་འགོ་བཙུགས་ཟིན་པ་ཤེས་ཐུབ། ཁེལ་ཇི་ཡིས་བོད་ལ་དམག་དྲངས་ལོ་(1206)དེར་ཀརྨ་པཀྵི་འཁྲུངས་པ་དང་། བཀའ་བརྒྱུད་ཆུང་བརྒྱད་ལས་གཡའ་བཟང་ཆོས་རྗེས་(1169-1233)གཡའ་བཟང་དགོན་བཏབ་པ་སོགས་བཀའ་བརྒྱུད་པ་མུ་མཐུད་དར་བཞིན་ཡོད། རིང་མིན་བོད་གཅིག་གྱུར་དབང་སྒྱུར་བྱེད་མཁན་ས་སྐྱ་པ་ལ་མཚོན་ནའང་། ས་ཆེན་གྲགས་པ་རྒྱལ་མཚན་(1147-1216)འཚོ་བཞུགས་ཐོག་ས་པཎ་ཀུན་དགའ་རྒྱལ་མཚན་(1182-1251)དགུང་གྲངས་ཉི་ཤུ་བརྒལ་ནས་མཚན་སྙན་རྒྱས་བཞིན་པའི་སྒང་ཡིན། མདོར་ན། བོད་བཙན་པོའི་གདུང་རྒྱུད་ཁག་དང་རུས་རྒྱུད་ཆེ་ཁག་གིས་རིས་སུ་བཅད་ནས་སིལ་བུར་དབང་བསྒྱུར་བའི་དུས་མཚམས་ཡོལ་ནས། དེའི་ཚབ་ཏུ་ཆོས་ཕྱོགས་ཀྱི་བླ་ཆེན་ཚོས་དབང་སྒྱུར་བྱེད་བཞིན་ཡོད། གཞན་ཡང་། ཁེལ་ཇིའི་དམག་གིས་བྷི་ཧར་གཏོར་བཅོམ་བཏང་སྐབས་བྲོས་ཕེབས་པའི་ཁ་ཆེ་པཎ་ཆེན་ཡང་སྐབས་དེར་བོད་དུ་མཛད་འཕྲིན་ཧ་ཅང་རྒྱས་བཞིན་གནས། ཁེལ་ཇི་ཡིས་བོད་ལ་བཙན་འཛུལ་བྱེད་པའི་དམིགས་ཡུལ་ཁ་ཤས་ཡོད་པ་སྟེ། གཅིག་ནས་བོད་དེ་རྟའི་འབྱུང་ཁུངས་ཡིན་པ་དང་། གཉིས་ནས་གསེར་དངུལ་གྱི་གཏེར་ཁ་མང་པོ་ཡོད་པ། གསུམ་ནས་བོད་བརྒྱུད་རྒྱ་ནག་དང་ཡོ་རོབ་བར་ཚོང་འབྲེལ་བྱེད་ཆོག་པ། བཞི་ནས་བྱང་ངོས་ཀྱི་དར་ལམ་ཁ་ལོ་བསྒྱུར་རྒྱུ་བཅས་ཡིན་ཟེར། བོད་སིལ་བུའི་སྐབས་ཡིན་པས་རྟ་ཁྲ་ཁྱུ་འགའ་རེ་འཕྲོག་བཅོམ་བྱེད་ཐུབ་སྲིད་མོད། སོག་པོའི་སྟོབས་ཤུགས་དེ་དབྱར་གྱི་ཆུ་ལོག་ལྟར་རྒྱུག་བཞིན་ཡོད་པས་བྱང་གི་དར་ལམ་ཁ་ལོ་སྒྱུར་སེམས་ནི་སྟོང་བསམ་རང་ཡིན། ཁོ་པས་བྱང་ངོས་ཀྱི་གནས་ཚུལ་ཇི་བཞིན་མ་རྟོགས་པའམ། ཡང་ན། ལོ་རྒྱུས་འབྲི་མཁན་ཚོས་ཚོད་དཔག་ནོར་བ་བྱས་པ་ལས་མ་འདས། ཡ་མཚན་པ་ཞིག་ལ། བོད་པ་ཉུང་ཤས་ཤིག་གིས་རྒྱ་གར་ཤར་ནུབ་གཉིས་ན་སེང་གེ་སྲབ་མེད་དགུང་ལ་འཕྱོར་བ་ལྟ་བུའི་ཁེལ་ཇི་ཕམ་ཉེས་བཏང་སྟེ་དམིགས་ཡུལ་འགྲུབ་ཏུ་བཅུག་མེད། བོད་བཙན་པོའི་སྐབས་ལ་མཚོན་ན། ཁེལ་ཇི་སྟོང་ཕྲག་ཁ་ཤས་ཕམ་ཉེས་གཏོང་བར་ཡ་མཚན་རྒྱུ་མེད་ཀྱང་། བོད་སིལ་བུར་འཐོར་ནས་གཅིག་གྱུར་གྱི་སྟོབས་ཤུགས་མེད་པའི་སྐབས་ཡིན།

ཁེལ་ཇི་ཡིས་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱི་ལམ་ཁྲིད་པ་ནི་ཁ་ཆེའི་ཆོས་ལ་ཞུགས་མ་ཐག་པའི་ཨ་ལི་མེ་ཆ་ཡིན། ཁོ་པ་ནི་མེ་ཆ་སྡེ་ཤོག་གི་འགོ་དཔོན་ཞིག་ཡིན་ཚོད་ལ། ཨ་ལི་ནི་ཁ་ཆེའི་ཆོས་མིང་ལྟ་བུ་དང་། མེ་ཆ་ནི་རུས་རྒྱུད་དམ་སྡེ་ཤོག་ཅིག་གི་མིང་ཡིན། དེར་བརྟེན་ཁེལ་ཇི་བ་ཚོས་ཁོ་ལ་ཨ་ལི་མེ་ཆ་ཞེས་འབོད་པ་ལས་སྔོན་གྱི་མིང་ནས་མི་འབོད་པས་ཤེས་ཐབས་བྲལ། ཁོས་ཁྲིད་པའི་དམག་དཔུང་ཕམ་ཉེས་བྱུང་སྐབས་སུ་ཁོ་རང་འཆི་གསོན་གང་བྱུང་གི་གསལ་ཁ་མ་མཐོང་། མེ་ཆ་རིགས་འདི་བོད་ལྷོ་ཕྱོགས་ནས་ཨ་སམ་དང་བྷང་ག་ལའི་ཕྱོགས་སུ་ཁྱབ་ཡོད་པ་དང་། ཁོང་ཚོའི་སྐད་ཡིག་གི་ཁྱིམ་རྒྱུད་ནི་བོད་དང་འབར་མའི་ཁོངས་སུ་གཏོགས་ཀྱི་ཡོད་འདུག །མེ་ཆ་རིགས་ཀྱི་པར་རྙིང་ཁག་ལ་བལྟས་ན་ཤ་རྩི་ནག་ལ་གདོང་དབྱིབས་ལེབ་ཤས་ཆེ་བས་རྒྱ་གར་ཨརྱན་རིགས་དང་གཏན་ནས་མི་འདྲ། གྱོན་ཆས་ཀྱང་མོན་པའམ་ཀློ་པ་དང་འདྲ་པོ་འདུག །འོན་ཀྱང་དེང་སང་བལ་པོའི་ཆ་ལུགས་དང་འདྲ་ཆེ་ལ་མང་པོ་ཞིག་གི་གདོང་དབྱིབས་ཀྱང་རི་རྒྱུད་ཀྱི་བལ་པོ་འདྲ་པོ་ཡོད། བཤད་སྟངས་གཅིག་ལ་མེ་ཆ་ནི་མི་འབོར་ས་ཡ་བཅུ་གཉིས་ལྷག་ཡོད་པའི་བྷོ་ཏོ་ཀ་ཆ་རིའི་ནང་ཚན་གི་རུས་རྒྱུད་ཅིག་ཡིན་པ་དང་། བྷོ་ཏོ་ཀ་ཆ་རི་འདི་དག་ཨ་སམ་དང་། ཏྲི་པུར། མེ་གྷ་ལ་ཡ། ཨ་རུ་ན་ཅལ་སོགས་མངའ་སྡེ་མང་པོའི་ནང་ཁྱབ་ཡོད་ཟེར།

ཁེལ་ཇི་ཡིས་བོད་དུ་བཙན་འཛུལ་བྱེད་སྐབས་ཀཱ་མ་རཱུ་པའི་རྒྱལ་ཁམས་བརྒྱུད་ཡོད་པ་དང་། ཀཱ་མ་རཱུ་པའི་རྒྱལ་པོས་ཀ་ཀོར་མེད་པར་ལམ་གཡར་འདུག །ཀཱ་མ་རཱུ་པ་ནི་དེང་སང་ཨ་སམ་གྱི་ནུབ་ཕྱོགས་གཙོ་བོར་བྱས་པའི་འབྲུག་དང་བྷང་ག་ལའི་བར་གྱི་རྒྱ་གར་ཡུལ་གྲུ་དེ་ཡིན། དུས་རབས་བཞི་པ་ཙམ་ནས་འགོ་བཙུགས་པའི་རྒྱལ་ཁམས་དེ་དར་གུད་སྣ་ཚོགས་ཤིག་བྱུང་མྱོང་། སྲོང་བཙན་སྒམ་པོས་(617-651)རྒྱ་གར་གྱི་རྒྱལ་པོ་ཨརྫུ་ནཱ་ལ་དམག་དྲངས་སྐབས་“རྒྱལ་པོ་ཨརྫུ་ནའི་དགྲ་ཟླ་ཀཱ་མ་རཱུ་པའི་རྒྱལ་པོ་ཀུ་མཱ་ར་མགུ་ནས་རྟ་ཕྱུགས་དང་དངོས་ཆས་ཤིན་ཏུ་མང་པོ་བོད་ལ་བརྫངས”ཞེས་ཐང་ཡིག་ནང་གསལ་བའི་ཀཱ་མ་རཱུ་པ་དེ་ཡིན། ཀཱ་མ་རཱུ་པ་འདི་ཐེག་ཆེན་གྱི་མདོ་དང་། ལྷག་པར་རྒྱུད་སྡེ་རྣམས་སུ་ལན་མང་དུ་འབྱུང་ཞིང་གནས་ཉེར་བཞིའི་ཡ་གྱལ་དུ་བཤད། བོད་སྐད་དུ་བསྒྱུར་ན་འདོད་པའི་གཟུགས་ཞེས་པའི་དོན་ཡིན་ཟེར། འདིའི་སྐོར་བཤད་སྲོལ་མི་མཐུན་པ་རྣམས་དུང་དཀར་ཚིག་མཛོད་དུ་ཉུང་བསྡུས་གོ་བདེར་བཀོད་འདུག་པས་ཤེས་སླ། ཀཱ་མ་རཱུ་པའི་རྒྱལ་པོས་ཐོག་མར་ཁེལ་ཇི་ལ་ལམ་གཡར་ནས་རྒྱབ་སྐྱོར་བྱས་ཀྱང་། ཁེལ་ཇི་ཕམ་ཉེས་བྱུང་ནས་ཕྱིར་བྲོས་སྐབས་ལམ་བར་དུ་རྒོལ་རྡུང་བཏང་ནས་རྩ་མེད་བཟོ་ཐབས་བྱས་འདུག །དེའི་རྒྱུ་མཚན་ནི་གསལ་པོ་རེད། ཁེལ་ཇི་ཡིས་བོད་ཀྱང་དབང་སྒྱུར་བྱེད་སེམས་བཅངས་པ་དེས་ཀཱ་མ་རཱུ་པ་ཨ་ཅང་བརྗོད་མེད་ཡིན། འོན་ཀྱང་ཐོག་མར་ཁ་གཏད་གཅོག་པའི་སྟོབས་ཤུགས་མེད་པས་ལམ་མ་གཡར་ཀ་མེད་བྱུང་བ་དང་། ཕུགས་ཀྱི་ཉེན་ཁ་རྩ་མེད་བཟོ་བའི་གོ་སྐབས་ཐོབ་ཚེ་དམ་འཛིན་བྱེད་པ་ནི་བསམ་ཤེས་ཐུབ་པ་ཞིག་ཡིན།

ཁེལ་ཇི་ཡིས་བོད་ལ་དམག་དཔུང་ཇི་ལྟར་དྲངས་ཚུལ་རྒྱས་པ་ཞིག་མེད་ཀྱང་ལམ་ཙམ་བཤད་ཐུབ། པཱ་ལཱ་རྒྱལ་རབས་(750-1174)སྐབས་ཀྱི་རྒྱལ་ས་བྱེད་མྱོང་བའི་གྷུ་དྷ་རུ་རྟ་དམག་ཧྲག་བསྡུས་ཁྲི་གཅིག་གྲ་སྒྲིག་བྱས་པ་དང་། གྲ་སྒྲིག་འཐུས་ཚང་བྱུང་བའི་ཉིན་ཞིག་ཁེལ་ཇི་ངོ་མས་བཀོད་འདོམས་འོག་བྷར་མ་པུ་ཏྲཱ་གཙང་པོའི་ནུབ་བྱང་ངོས་ནས་བོད་དུ་བསྐྱོད། དམག་དཔུང་ནང་ཊར་ཀི་བ་མང་པོ་ཡོད་པ་བཤད་མ་དགོས་ལ། བྷང་ག་ལ་དང་ཨ་སམ་ཕྱོགས་ཀྱི་མི་ཡང་གང་འཚམ་ཡོད་ཚོད། ཁོང་ཚོ་ཀཱ་མ་རཱུ་པའི་རྒྱལ་ཁམས་བརྒྱུད་ནས་སོང་བ་དང་། མཐར་བོད་ས་གྲོ་མོ་རྫོང་ཁོངས་སུ་འབྱོར་འདུག །འགའ་རེས་ཏེ་སེ་གཙང་པོའི་རྒྱུད་ནས་སོང་ཚུལ་བཤད་པ་ལྟར་ན་འབྲས་ལྗོངས་ཕྱོགས་ནས་གྲོ་མོར་འཛུལ་ལམ་སྙམ། དམག་གྲངས་ཁྲི་གཅིག་དེ་ཕྱོགས་གཅིག་ནས་བལྟས་ན་ཉུང་ཉུང་ཡིན་སྲིད་ཀྱང་། ལྟོས་ས་ལྟོས་འཇོག་གིས་བཤད་ན་མང་པོ་ཡིན། སྔར་སྲོང་བཙན་སྒམ་པོས་རྒྱ་གར་གྱི་རྒྱལ་པོ་ཨརྫུ་ནཱ་ལ་དམག་དྲངས་ཏེ་རྒྱལ་པོ་བཟུང་། རྒྱལ་ས་བླངས། རྒྱ་གར་བ་བསད་བཟུང་བསྡོམས་ཆིག་ཁྲི་སུམ་སྟོང་ཙམ་དང་། བ་ཕྱུགས་སུམ་ཁྲི་ལས་མང་བ་ཕྲོགས། ལྕགས་རི་ཅན་གྱི་གྲོང་ཁྱེར་བརྒྱ་དང་བརྒྱད་ཅུ་ཙམ་བོད་འབངས་སུ་བཅུག་སྐབས་ཀྱང་རྟ་དམག་བརྒྱད་སྟོང་ཉིས་བརྒྱ་ལས་མེད། ཕྱིས་གྲའོ་ཨར་ཕུང་(1845-1911)གིས་ཤར་དར་རྩེ་མདོ་ནས་དབུས་ཉི་མ་ལྷ་ས་བར་བཙོ་རྔོ་སྲེག་གསུམ་བྱེད་སྐབས་ཀྱང་དམག་མི་ཉིས་སྟོང་ལས་མེད། ལུ་ཅུན་དམག་ལྷ་སར་སླེབས་ནས་ས་འདར་རྡོ་འདར་གྱུར་པ་དང་། བཅུ་གསུམ་པ་ཆེན་པོ་(1876-1933)རྒྱ་གར་དུ་བྲོས་ཕེབས་དགོས་བྱུང་སྐབས་ཀྱང་ལུ་ཅན་དམག་ལྔ་བརྒྱ་ལས་མེད། དེ་ནི་ལྷ་སའི་འབྲས་སྤུངས་དགོན་པའི་གྲྭ་གྲངས་དང་བསྡུར་ན་ལྡབ་བཅུ་གསུམ་གྱིས་ཉུང་བ་ཡིན། འདས་པའི་ལོ་རྒྱུས་ནང་དམག་བརྒྱ་ཕྲག་འགའ་རེས་ཡུལ་འཁོར་ཆེན་པོ་དབང་དུ་བསྡུས་པའི་ལོ་རྒྱུས་ཧ་ཅང་མང་།

ཁེལ་ཇིའི་དམག་དཔུང་ཕམ་ཉེས་འགྲོ་དོན་ནི་ཕམ་ཉེས་འགྲོ་བའི་རྒྱུ་རྐྱེན་མང་པོ་ཚང་ཡོད་པས་རེད། ཁོས་ཁྲིད་པའི་དམག་དཔུང་གིས་བོད་ས་ཟིན་པ་ན་ལམ་གཡས་གཡོན་གང་སར་འཕྲོག་བཅོམ་ཚོད་མེད་བྱས་པ་ནི་རྐྱེན་རྩ་དང་པོ་ཡིན། བོད་པ་རྣམས་འུ་ཐུག་གིས་སྡེབ་ལངས་རྒོལ་འཛིང་བྱས་པ་དང་། ལྷག་པར་བོད་པ་རྣམས་ཚོ་དང་ཚོ་བྱས་ནས་འཇབ་རྒོལ་བྱས་པ་དེས་ཁེལ་ཇི་དམག་དཔུང་ཅི་བྱ་ལྟོས་བྲལ་གྱུར་འདུག །བོད་པ་རྣམས་ལ་མཚོན་ན། གཅིག་ནས་གནས་ཡུལ་ཤིང་ནགས་མང་ལ་འགག་འཕྲང་དོག་པ་དང་། གཉིས་ནས་ས་ཆ་རྒྱུས་མངའ་ཆེ་བ། གསུམ་ནས་སོ་སོའི་འཚོ་གནས་འཕྲོག་པས་འཁོན་འཛིན་ཆེན་པོ་ཡོད་པ། བཞི་ནས་ཡུལ་དེའི་མི་རྣམས་རང་བཞིན་གྱིས་དཔའ་ངར་ལྡན་པ་སོགས་རྒྱལ་ཁ་ཐོབ་པའི་ཆ་རྐྱེན་མང་པོ་ལྡན་ཡོད། ཁེལ་ཇི་ལ་མཚོན་ན། གཅིག་ནས་རང་ཉིད་བྱེ་ཐང་དུ་འཚར་ལོང་བྱུང་བ་དང་། གཉིས་ནས་ཐང་སྡེར་དུ་རྟ་དམག་རྒྱུག་པ་ལས་ནགས་རི་འགག་འཕྲང་དུ་འཐབ་མྱོང་མེད་པ། གསུམ་ནས་ས་ཆ་ལ་རྒྱུས་མངའ་མེད་པ། བཞི་ནས་ཕ་རོལ་ལ་མཐོང་ཆུང་ཆེ་དྲགས་པ་སོགས་ཕམ་ཉེས་འགྲོ་བའི་རྒྱུ་རྣམས་ཚང་ཡོད། གང་ལྟར་ཁེལ་ཇི་བོད་ལ་འགྲོ་རྒྱུ་ལྟ་བཞག །རང་ཉིད་སྲོག་འགོ་ཐོན་ལ་མ་ཐོན་གྱིས་དམག་མི་བརྒྱ་ཙམ་ཞིག་དང་མཉམ་དུ་ཕྱིར་བྲོས་ཐུབ་ཙམ་བྱུང་བ་དང་། ལོ་དེ་རང་ལ་ཤི་འདུག །རྨས་སྐྱོན་བྱུང་ནས་ཤི་བ་དང་། ནང་ཁུལ་ནས་བསད་པ། ཨ་སམ་གྱི་དཔོན་པོ་ཞིག་གིས་བསད་པ་སོགས་བཤད་སྲོལ་འགའ་རེ་འདུག་མོད། ཁོ་པ་བོད་ནས་ཕྱིར་བྲོས་པ་ན་རི་འགོ་ནས་རྦབ་རྡོ་རིལ་བ་ལྟར་ནམ་ཡང་སླར་ཟློག་རྒྱུ་མེད་པར་གྱུར་པ་དངོས་བདེན་ཡིན།

ཁེལ་ཇིའི་དམག་དཔུང་ཕམ་ཉེས་འགྲོ་ཡུལ་དངོས་ནི་ཆུ་འབི་ཡིན། ཆུ་འབི་ནི་བོད་ལྷོ་ཕྱོགས་ཀྱི་འགག་སྒོ་གལ་ཆེན་ཞིག་སྟེ། དེང་སང་བོད་རང་སྐྱོང་ལྗོངས་གྲོ་མོ་རྫོང་ཁོངས་སུ་གཏོགས། ཕྱིས་ཨིན་དམག་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱང་ས་འདི་བརྒྱུད་ཡོད་ལ། རྦ་བཞེད་ལྟར་ན་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ལ་དམག་དྲངས་སྐབས་ཀྱང་ས་འདི་བརྒྱུད་ཡོད། ང་ཚོས་ཁེལ་ཇི་ཕམ་ཉེས་འགྲོ་ཡུལ་གྱི་ལུང་པའི་ཆགས་ཚུལ་ཇི་ལྟར་ཡིན་པ་དང་། ཕམ་ཉེས་གཏོང་མཁན་གྱི་རུས་རྒྱུད་མཆེད་ཁུངས་ཇི་ལྟར་ཡིན་པ། ཕམ་ཉེས་གཏོང་ཐུབ་པའི་དམིགས་བསལ་ཆ་རྐྱེན་ཇི་ལྟར་ཡོད་པ། བོད་ཀྱི་ལོ་རྒྱུས་ཁག་ནང་ངོས་འཛིན་ཇི་ལྟར་བྱས་ཡོད་པ་སོགས་ཤེས་པ་ལ། གྲོ་མོ། གྲོ་སྤྱི། གྲོ་མི་བཅས་ཁག་གསུམ་ནས་བཤད་དགོས་པ་འདྲ་ཡང་། བརྗོད་གཞི་དེ་དག་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡིན་པས་ཞིབ་ཕྲ་ཤེས་དཀའ། འོན་ཀྱང་དེ་ཕྱོགས་སུ་འཁྲུངས་པའམ་ཕེབས་མྱོང་བའི་བླ་མ་མི་དཔོན་ཁག་གི་རྣམ་ཐར་ལོ་རྒྱུས་སྤྱི་དང་། སྔར་འབྲུག་འབྲས་གྲོ་གསུམ་གྱི་ས་མཚམས་དེང་སང་ལྟར་མེད་པས་གཞན་གཉིས་ཀྱི་རྒྱལ་རབས་ཁག་ལས་ཀྱང་གང་འཚམ་ཤེས་ཐུབ། དེས་ན་མཐོང་ཐོས་དྲན་རིགས་རྣམས་མཛུབ་མོ་རི་སྟོན་གྱི་ཚུལ་དུ་ཅུང་ཟད་བཤད་ན། ནོར་འཁྲུལ་བྱུང་ཚེ་མཁྱེན་ལྡན་ཚོས་ཐེར་འདོན་གནང་ངེས་ལ། དེས་རྩ་བའི་ལོ་རྒྱུས་འདི་ལ་དོ་སྣང་སླེབས་ནས་ཇི་བཞིན་ཤེས་པར་ཕན་ལས་གནོད་མེད་སྙམ།

གྲོ་མོ། ཡུལ་སྤྱིའི་མིང་ལ་གྲོ་མོ་ཞེས་པ་ནི་ཤིང་གྲོ་ག་མང་པོས་ཡུལ་ལུང་སྨུག་ཁྲིག་གེ་ཡོད་པས་གྲོ་སྨུག་ཅེས་འབོད་པ་ཟུར་ཆག་པ་ཡིན་ཟེར། རྫོང་སྤྱིའི་ངོས་ནས་བཤད་ན་བྱང་མཐོ་ལ་རྒྱ་བསྐྱེད་པ་དང་། ལྷོ་དམའ་ལ་འགག་དམ་པ་ཡོད། ཤར་དང་ནུབ་ནི་འབྲུག་འབྲས་གཉིས་ཀྱི་བར་དུ་ཆུད་པ་གཡག་ར་ཐུར་དུ་བརྐྱངས་པ་དང་མཚུངས། ལུང་ཐུར་ལ། རྫ་ལེབ་ལ། རྣ་ཐོད་ལ། ཤར་གསིང་མ། གྲོ་མོ་སྣ་གདོང་། གྲོ་སྟོད་མཆོད་རྟེན་དཀར་པོ། གྲོ་སྨད་རིན་ཆེན་སྒང་། ཕག་རི། ཆུ་འབི། ཆུ་མིག་གཤོངས་ཀོ་སོགས་གྲོ་མོ་རྫོང་ཁོངས་ནས་ས་མིང་འདི་ཚོ་ལོ་རྒྱུས་ཁག་ཏུ་མང་པོ་མཐོང་རྒྱུ་ཡོད། སྤྱིར་ཕག་རི་དང་གྲོ་མོ་ཞེས་པའི་མིང་ཙམ་ནི་རྦ་བཞེད་སོགས་ལོ་རྒྱུས་རྙིང་པ་ཁག་དང་། དེ་ཕྱོགས་ཀྱི་གནས་ཡིག་ཁག །ལྷག་པར་རིག་འཛིན་རྒོད་ལྡེམ་(1337-1409)གྱི་སྦས་ཡུལ་བདུན་གྱི་སྤྱི་ཐེམ་སོགས་གཏེར་མ་རྣམས་སུ་མང་དུ་སྣང་། གཏེར་མ་རྣམས་སྦས་སྟོན་གང་གི་དུས་རབས་ལ་ཆ་འཛིན་བྱེད་མིན་ནི་རང་དབང་ཡིན། བོད་བཙན་པོའི་སྐབས་ལ་ཆ་བཞག་ན། གྲོ་མོ་བྱང་ཕྱོགས་རྣམས་དབུས་གཙང་རུ་བཞི་ལས་གཙང་རུ་ལག་གི་ཁོངས་སུ་གཏོགས་པ་དང་། ལྷོ་ཕྱོགས་རྣམས་བོད་བཙན་པོའི་འོག་གི་རང་སྐྱོང་གི་ས་ཁུལ་བཞི་ལས་མོན་རྩེ་རྒྱལ་གྱི་ཁོངས་སུ་གཏོགས་སམ་སྙམ། རང་སྐྱོང་བཞི་ནི་ནམ་པ་ལྡེ་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ། བལ་པོ་ལང་ལིང་རྒྱལ་བཅས་ཡིན། བོད་སིལ་བུའི་སྐབས་སུ་སྤྱི་མཚུངས་ལ། ས་ཕག་སྐབས་ཁྲི་སྐོར་གང་གི་ཁོངས་སུའང་མེད་པ་འདྲ། སྟོད་ནས་མངའ་རིས་ཆོས་རྒྱལ་གྱི་འོག་སྡེ་རྣམས་དང་། སྨད་མདོ་ཁམས་ཀྱི་ས་ཁུལ་རྣམས་ཀྱང་ཁྲི་སྐོར་བཅུ་གསུམ་གྱི་ཁོངས་སུ་མེད་པར་མ་ཟད། དབུས་གཙང་གཉིས་ལས་གཙང་གཅིག་པུ་ནས་རུ་མཚམས་དང་། གྱ་པ། དགེ་རུ་སོགས་སྡེ་དུད་སྟོང་ཕྲག་གསུམ་ལྷག་ཁྲི་སྐོར་གང་གི་ཁོངས་སུའང་མེད་པར་བཤད།

གྲོ་སྤྱི། གྲོ་མོ་སྤྱི་ཁྱབ་ནི་མཚོན་པ་ཙམ་སྟེ་ཡུལ་ཕྱོགས་དེའི་འགོ་དཔོན་རིམ་བྱོན་རྣམས་ཤེས་དགོས། བོད་བཙན་པོའི་སྐབས་སུ་མོན་རྩེ་རྒྱལ་དང་གཙང་རུ་ལག་གི་དཔོན་པོ་ཚོས་འཛིན་སྐྱོང་བྱེད་ཀྱིན་ཡོད་ཚོད་ལ། བོད་བཙན་པོའི་ཡར་སྔོན་ན་ལྷོ་ཁ་ལུང་དྲུག་གི་རྒྱལ་པོ་ལྷོ་རྗེ་ལང་ལིང་ཞེས་པ་དེའི་མངའ་ཁོངས་ཡིན་སྲིད། འོན་ཀྱང་འདི་དག་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ཐུབ། བོད་སིལ་བུའི་སྐབས་ལ་ཆ་མཚོན་ན། ལྷོ་མོན་གྱི་ཕྱོགས་འདི་འོད་སྲུང་གདུང་རྒྱུད་ཡར་ཀླུང་དུ་མཆེད་པ་ཞིག་དང་། ལྷ་སྲས་གཙང་མའི་གདུང་རྒྱུད། ལྷ་ལུང་དཔལ་རྡོར་གྱི་རུས་རྒྱུད། གཉོས་ལྷ་ནང་པའི་རུས་རྒྱུད་སོགས་ཀྱིས་དབང་བསྒྱུར་ཚུལ་འབྲུག་པའི་ལོ་རྒྱུས་ཁག་ཏུ་བཤད། པདྨ་གླིང་པའི་(1450-1521)གཏེར་མ་འགའ་ན་ལྷོ་ཕྱོགས་འདི་ཁྲི་སྲོང་ལྡེ་བཙན་(742-800)གྱི་བཙུན་མོ་དམར་རྒྱན་མའི་སྲས་ཁྱི་ཁ་ར་ཐོད་ཀྱིས་བཟུང་བ་དང་། བཙན་པོས་ཡུལ་ཕུད་པའི་གནད་ཀྱིས་བསམ་ཡས་སུ་དམག་དྲངས་ཚུལ་གསལ། དེབ་སྔོན་དང་ཀཾ་ཚང་གསེར་ཕྲེང་ལྟར་ན་ཁེལ་ཇིའི་སྔོན་ཙམ་དེར་མོན་རྒྱལ་པོ་གྭ་ཐུང་ཟེར་བ་ཞིག་ཀྱང་ཡོད་འདུག་པ་དང་། ཕྱིས་སུ་གྭ་ཐུང་གི་རྒྱུད་པ་མོན་རྒྱལ་པོ་འགའ་རེས་རང་འོག་ཁྲི་དཔོན་བཞི་ཙམ་ཁྲིད་ནས་ཀརྨ་པ་མཇལ་ཚུལ་མཁས་པའི་དགའ་སྟོན་ན་གསལ། གཏེར་བྱུང་ཆེན་མོ་ལྟར་ན་ཁེལ་ཇིའི་རྗེས་ཙམ་དུ་ཁྲི་སྲོང་ལྡེ་བཙན་གྱི་རྒྱུད་པ་སྤ་གྲོ་དཔོན་ཨ་མེས་དང་། བུམ་ཐང་ཨ་རའི་རྩད་པོ། བུམ་ཐང་རྒྱལ་པོ་བཀྲ་ཤིས་རྡོ་རྗེ་ཟེར་བ་སོགས་ཆེ་བཙན་མང་པོ་ཞིག་ཡོད་འདུག

གཞན་ཡང་། ཉང་ཡུལ་སྟོད་སྨད་བར་གསུམ་པོའང་འོད་སྲུང་གི་གདུང་རྒྱུད་ཁྱུང་རྩད། འབྲེ་རྩད། ལྕེ་རྩད་གསུམ་གྱིས་བཟུང་བ་བོད་ཀྱི་ལོ་རྒྱུས་ཕལ་ཆེར་མཐུན་ལ། ཉང་སྟོད་དང་གྲོ་མོ་གཉིས་ནི་ས་མཚམས་ཡིན་པས་ཤུགས་རྐྱེན་ཡོད་སྲིད། དེས་ན་དུས་ཡུན་གང་འཚམ་རིང་ཡུལ་ཕྱོགས་འདི་དག་བོད་བཙན་པོའི་གདུང་རྒྱུད་ཁག་དང་། བོད་བཙན་པོའི་བློན་རྒྱུད་ལས་མཆེད་པ་ཁག་གིས་དབང་སྒྱུར་འོག་ཡོད་དམ་སྙམ། འབྲས་ལྗོངས་ཀྱི་རྒྱལ་རབས་འགའ་ན་མི་ཉག་གི་རྒྱལ་རྒྱུད་གྱད་འབུམ་བསགས་ཞེས་པ་ཞིག་གྲོ་མོར་ཡུན་རིང་བཞུགས་པའི་སྐོར་འབྱུང་ཡང་དུས་ཀྱི་ཆ་ནས་ས་སྐྱའི་སྐབས་སུ་གཏོགས་པས་གཤམ་དུ་འཆད། ཡུལ་དེར་དངོས་སུ་ཕེབས་མྱོང་པའི་ཁྲོ་ལོ་བྱམས་པའི་དཔལ་(1173-1220)དང་། གཏེར་སྟོན་རྒྱལ་པོ་གུ་རུ་ཆོས་དབང་(1212-1270)གཉིས་ཀྱི་གསུང་ན་ཡུལ་འདིའི་ས་མིང་དཔོན་མིང་མང་པོ་ཞིག་འདུག་པ་རྣམས་ནི། བོད་སིལ་བུའི་སྐབས་ཀྱི་གྲོ་མོ་ཤེས་པ་ལ་ཧ་ཅང་རིན་ཐང་ཆེན་པོ་ལྡན་ཡོད། ཁེལ་ཇི་ཡོང་སྐབས་རང་ལ་མཚོན་ན་ཡུལ་དེར་ཤུགས་རྐྱེན་ཆེ་ཤོས་གཅིག་ནི་གཉོས་ལྷ་ནང་པ་སངས་རྒྱས་རས་ཆེན་ཡིན་ནམ་སྙམ།

འདིར་གསལ་བཤད་དགོས་པ་ཞིག་ནི། སྤ་གྲོ་དང་བུམ་ཐང་སོགས་ནི་འབྲུག་ཁོངས་ཡིན་པས་འདིར་འབྲེལ་བ་མེད་པར་སྙམ་སྲིད་མོད། ཤེས་དགོས་པ་གཅིག་ནི་སྐབས་དེར་དེང་སང་ནང་བཞིན་འབྲུག་འབྲས་གྲོ་གསུམ་གྱི་དབྱེ་མཚམས་གསལ་པོ་མེད་པར་ཚང་མ་ལྷོ་མོན་ཞེས་པའི་ཁོངས་སུ་འདུས་པ་དང་། ནང་གསེས་རྒྱལ་ཕྲན་ནམ་སྡེ་ཤོག་སོ་སོར་བསྡད་ཡོད་ཀྱང་། དེ་དག་རེ་རེའི་ས་མཚམས་ཆུ་མཚམས་སོགས་ཞིབ་ཕྲ་ཤེས་དཀའ་བ་དེ་ཡིན། ཡུལ་ཕྱོགས་དེ་དག་ལ་འབྲུག་དང་འབྲས་ལྗོངས་ཞེས་པ་མིང་ཡང་གཞི་ནས་གཏན་ཁེལ་རྒྱུ་ཡིན། གྲོ་མོ་ཆུ་འབི་རུ་ཁེལ་ཇི་ཕམ་ཉེས་གཏོང་མཁན་ཡང་དེང་སང་གི་གྲོ་མོ་རྫོང་ཁོངས་ཀྱི་མི་རྣམས་གཙོ་བོ་ཡིན་པ་སྨོས་མེད་ཀྱང་། དེང་སང་གི་དབང་དུ་བྱས་ན་གཡས་གཡོན་གྱི་འབྲུག་འབྲས་གཉིས་ཀྱང་མཉམ་ཞུགས་བྱས་ཡོད་པར་སྙམ། བུམ་ཐང་ཕན་གྱི་འབྲུག་ཤར་ངོས་རྣམས་བཤད་དཀའ་ཡང་། ཉུང་མཐར་དབང་འདུས་ཕོ་བྲང་ཚུན་གྱི་ཐིམ་ཕུ་དང་། སྤུ་ན་ཁ། སྒར་ས། སྤ་གྲོ། ཆུ་ཁ། བསམ་རྩེ་སོགས་འབྲུག་ནུབ་ཕྱོགས་པ་རྣམས་མཉམ་ཞུགས་བྱས་ཡོད་ངེས་ལ། དེང་སང་གི་དབང་དུ་བྱས་ན་འབྲས་ལྗོངས་ཀྱི་མང་གན་དང་། ཆུང་ཐང་། ལ་ཆུང་སོགས་བྱང་ཤར་པ་རྣམས་ཀྱང་མཉམ་ཞུགས་བྱས་ཡོད་ངེས་ཡིན། གང་ལགས་ཤེ་ན། གཅིག་ནས་རྒྱལ་ཕྲན་སྡེ་ཤོག་སོ་སོར་ཡིན་ཡང་ཤིན་ཏུ་ཉེ་བས་ཕན་ཚུན་ལྟོས་ནས་གནས་ཡོད་པ་དང་། གཉིས་ནས་དེ་རིང་དང་སང་ཉིན་གྱི་ཁྱད་པར་ཙམ་ལས་ཁེལ་ཇི་ནི་ཐུན་མོང་གི་དགྲ་བོ་ཡིན་པས། ཁོང་ཚོ་ཚང་མ་ཀཱ་མ་རུ་པའི་རྒྱལ་པོ་ལས་ལྐུག་པ་ཤ་སྟག་ཡིན་མི་སྲིད།

དཔལ་ས་སྐྱ་བས་གྲོ་མོ་ལ་དབང་བྱེད་པ་ནི་བདག་ཆེན་བཟང་པོའི་དཔལ་(1262-1322)གྱི་སྐབས་ལ་ཡིན། ས་སྐྱའི་ཁམས་པའི་ལས་ཚན་བཞི་ལས་ཤར་ཁའི་དཔོན་ཆེན་འཕགས་པ་དཔལ་གྱིས་གྲོ་མོའི་ཕྱོགས་དེ་དྲག་ཤུགས་ཀྱིས་དབང་དུ་བསྡུས་པ་དང་། ཕག་རི་རྣམ་རྒྱལ་རྫོང་བརྩིགས་ནས་རང་གི་གཅུང་པོ་འཕགས་པ་རིན་ཆེན་རྫོང་དཔོན་དུ་བསྐོས། མི་གྲངས་དང་ཕྱུགས་གྲངས་བརྩིས་ནས་ཁྲིམས་བཅས། དེ་ནས་བཟུང་ཇག་བཅོམ་གྱི་གནས་ཚུལ་འགའ་རེ་བྱུང་བ་ལས། རྩ་བའི་དགའ་ལྡན་ཕོ་བྲང་གི་བར་དུ་ཕག་རི་རྫོང་དཔོན་གྱིས་བཏང་འཛིན་བྱེད་སྲོལ་མུ་མཐུད་གནས། ཕྱིས་སུ་འབྲུག་འབྲས་གྲོ་གསུམ་གྱི་དབྱེ་བ་ཇེ་གསལ་གྱུར་ནས་ས་མཚམས་གཏན་ཁེལ་བྱས་པ་དང་། རིམ་བཞིན་ས་མཚམས་དེ་ཡང་རྒྱལ་ཁབ་ཕན་ཚུན་བར་གྱི་ས་མཚམས་སུ་གྱུར། སྤྱིར་གྲོ་མོ་རྫོང་ནི་ཚོང་དོན་དང་དམག་དོན་གང་ཅིར་གལ་ཆེན་པོ་ཆགས་ཡོད་ཀྱང་། བར་སྐབས་ཕག་རི་རྫོང་དཔོན་གྱིས་སྟངས་འཛིན་འོག་ཏུ་བཞག་ནས་ཚོང་གི་ཁྲལ་འབབ་བསྡུ་བ་ཙམ་ལས་དོ་སྣང་ཆེར་བྱས་མེད་ཚོད། འོན་ཀྱང་ཨིན་བོད་དམག་འཁྲུག་རྗེས་གྲོ་མོ་སྤྱི་ཁྱབ་(སྔ་རྗེས་དགུ་བྱུང་)ངོ་གཡོག་བཅུ་ཙམ་ཐོག །སྐུ་སྲུང་དམག་མི་ལྡིང་ཤོག་གཅིག་མངགས་ནས་བཏང་འཛིན་བྱེད་པ་དང་། ས་སྲུང་དུ་རྒྱལ་རྩེ་དམག་སྒར་བཏང་ནས་ལ་རྩེ་དང་འགག་འཕྲང་རྣམས་དམ་སྲུང་བྱས་འདུག །དང་ཐོག་གྲོ་སྟོད་ཚོ་བཞི་དང་། གྲོ་སྨད་ཚོ་དྲུག་ཅེས་ཚོ་ཁག་བཅུ་ཡོད་ཀྱང་ཨིན་བོད་དམག་འཁྲུག་སྐབས་འཐོར་ནས་ཚོ་བརྒྱད་ལས་མེད། གྲོ་ཚོ་བརྒྱད་ཀྱི་ལྟེ་གནས་ནི་ཕག་རི་རྣམ་རྒྱལ་རྫོང་དང་། གྲོ་སྟོད་རྒོད་པོ་རྫོང་གཉིས་ཡིན། གྲོ་སྤྱི་རིམ་པའི་ལས་ཁུངས་གཅིག་ཏུ་མ་ངེས་ལ། གྲོ་སྤྱི་སྤོམ་མདའ་ཡར་འཕེལ་གྱི་ལས་ཁུངས་ནི་ཁེལ་ཇི་གཏོར་ཕམ་གཏོང་ཡུལ་ཆུ་འབི་རུ་བཙུགས་པར་བཤད། དེང་སང་གི་གྲོ་མོ་རྫོང་གི་ལྟེ་གནས་ནི་ཤར་གསིང་མ་ཡིན། དེ་ཚོ་ནི་ཕྱིས་ཀྱི་གནས་ཚུལ་ཡིན་ཡང་། ཁེལ་ཇི་གཏོར་ཕམ་གཏོང་བའི་བརྒྱུད་རིམ་ཤེས་པ་ལ་ཕན་ཐོགས་ཡོད།

གྲོ་མི། ཁེལ་ཇི་ཕམ་ཉེས་གཏོང་མཁན་གྱི་བོད་པ་དེ་དག་ནི་གྲོ་མི་རྣམས་ཡིན་པ་བཤད་མ་དགོས་ལ། ཁོང་ཚོའི་རུས་རྒྱུད་ནི་གཙོ་བོ་ལྷོ་ཡིན་ནམ་སྙམ། ལྷོ་ནི་རུས་ཆེན་བཞི་དང་མིའུ་གདུང་དྲུག་གང་ཡིན་གསལ་ཁ་ཞིག་མ་མཐོང་ཡང་། རྩ་བའི་བོད་པ་ཡིན་པ་དང་རུས་རྒྱུད་བཙན་པོའི་ཚད་དུ་བྱེད་པ་ཡོངས་གྲགས་ཡིན། གནའ་ནས་“བཙན་པོ་ལྷོ་དང་གཉགས” ཞེས་འབོད་སྲོལ་ཡོད་པ་དང་། གཉའ་ཁྲི་བཙན་པོའི་ཡབ་འབངས་རུས་དྲུག་ལས་གཅིག་བཙན་པོ་ལྷོའི་རུས་རྒྱུད་རྣམས་ཡིན། མཛངས་བློན་ལྷ་བུ་མགོ་དཀར་གྱི་རྗེས་སུ་ལྷོ་ཐང་འབྲིང་ཡང་སྟེང་གིས་བློན་ཆེན་བྱས་ནས་ཕྱིའི་དགྲ་ཐུལ་བ་དང་། ནང་གི་ཁབ་སོ་མཐོ་བའི་གྲགས་པ་ཆེ། ལྷོ་སྟག་ཆུ་ཁྲི་བཟང་དང་། ལྷོ་ཁྲི་བཟང་གཡུ་བཙན་གཉིས་པོ་གཡོ་རུ་སྨད་ཀྱི་དམག་དཔོན་ཡིན། ཁྲི་ལྡེ་གཙུག་བཙན་གྱིས་ལྷོ་བློན་ཆེན་མོ་འདུས་སྲེག་ལ་བཀྱོན་ཕབ་པའི་ལོ་རྒྱུས་ཀྱང་ཡོད། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་སྐབས་སུ་ལྷོ་དོན་དམ་འཕགས་ཀྱིས་སེང་ལྡེང་གི་གདུང་མ་ཆེན་པོ་བཅུ་གསུམ་གི་སྟེང་དུ་ལྕགས་དོ་པོ་གཅིག་བཞག་ནས་ལིང་ལིང་དུ་ཁུར་བ་བསམ་ཡས་ཀྱི་ལྡེབས་རིས་སུ་བྲིས་ཡོད་སྐད། གཞན་ཡང་། བོད་ཀྱི་ལོ་རྒྱུས་རྙིང་ཁག་རྣམས་སུ་ལྷོ་དོམ་སྒྲོ་ནག་པོ་ཁ་མ་ཕྱེ་ཞེས་ཤིན་ཏུ་ཉེན་ཁ་བརྩི་བ་དང་། ས་ཕག་སྐབས་ཤར་དུང་དང་ལྷོ་དུང་ཞེས་འབངས་རྣལ་མར་བཀུག་དཀའ་བ་འགའ་ཡོད་པ་ལས་ལྷོ་དུང་ནི་ཁོང་ཅག་ཡིན།

འདིར་གསལ་བཤད་ཅིག་ཞུས་ན། སྤྱིར་ལྷོ་མོན་ཞེས་པ་ནི་ལྷོ་དང་མོན་ཞེས་པའི་བསྡུས་མིང་ཡིན་ལ། དེ་རེ་རེ་ནས་ཡུལ་མིང་དང་རུས་མིང་གཉིས་ཀ་ལ་བེད་སྤྱོད་བཏང་ཡོད། ཆེ་ཐང་ནས་བཤད་ན་བོད་དང་རྒྱ་གར་བར་གྱི་ཡུལ་གྲུ་དེའི་ཤར་ངོས་རྣམས་མོན་པ་དང་ནུབ་ངོས་རྣམས་ལྷོ་པ་ཡིན་ཡང་། སྔར་དུས་དབྱེ་མཚམས་གསལ་པོ་ཞིག་མེད་པས་རྩོམ་པ་པོ་སོ་སོའི་ལྟོས་གཞི་གང་ཡིན་ལ་བལྟ་དགོས། དུས་ཀྱི་ཆ་ནས་ས་སྐྱའི་སྐབས་དང་གཙང་ཕྱོགས་ཀྱི་མཁས་པ་ཚོས་ལྷོ་ཟེར་བ་ཕལ་ཆེར་ས་སྐྱ་ལ་ལྟོས་པས་གྲོ་མོ་དང་དེའི་ནུབ་ངོས་ལ་གོ་བ་མང་། མོན་རུས་རྒྱུད་ཀྱི་དབང་དུ་བྱས་ན། ལྔ་པ་ཆེན་པོ་སོགས་ཀྱིས་མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་ཞེས་རུས་ཆེན་བཞི་ལས་གྱེས་པར་འདོད་པ་དང་། རུས་མཛོད་འགའ་ན་རུས་ཆེན་བཞི་དང་མིའུ་གདུང་དྲུག་གང་གི་ཁོངས་སུའང་མི་གཏོགས་པར་བཤད། འོན་ཀྱང་དེས་བོད་པ་མ་ཡིན་པར་མི་འགྱུར་ཏེ། བོད་བཙན་པོའི་གདུང་རྒྱུད་དང་། ས་སྐྱ་འཁོན་གྱི་གདུང་། རིན་སྤུངས་སྒེར་གྱི་གདུང་། གཙང་པ་གཉགས་ཀྱི་གདུང་། ལྔ་པ་ཆེན་པོ་ཟ་ཧོར་གྱི་གདུང་བཅས་བོད་འདི་དབང་སྒྱུར་མཁན་ཚོའི་རུས་རྒྱུད་རྣམས་ཀྱང་རུས་ཆེན་བཞི་དང་མིའུ་གདུང་དྲུག་གང་ཡང་མ་ཡིན། མོན་ཡུལ་གྱི་དབང་དུ་བྱས་ན་སྔར་དུས་ནི་བཤད་མ་ཐག་པ་ལྟར་ལ། མཁས་པའི་དགའ་སྟོན་ནང་“སྤ་གྲོ་སོགས་ནུབ་མོན་རྣམས་དང་ཀུ་རུ་ལུང་སོགས་ཤར་གྱི་མོན”ཞེས་པ་ལྟར་སྔ་དུས་འབྲུག་པ་ཡོངས་རྫོགས་མོན་དུ་ངོས་འཛིན་ཡང་། དེང་སང་ནི་ཆབ་སྲིད་ཀྱི་འཕོ་འགྱུར་ལས་གྲོ་མོ་ཙམ་མ་ཟད། འབྲུག་དང་མོན་པ་གཉིས་ཀྱང་སོ་སོར་བརྩི་བ་ཡིན། མདོར་ན་སྔ་དུས་ལྷོ་དང་མོན་སོགས་ལབ་ཚེ་རྩོམ་པ་པོའི་བློ་རྩེ་གཏད་ས་ཤེས་པར་བྱས་ནས་གོ་བ་ལེན་དགོས་པ་ལས། ལམ་སང་དེང་སང་གི་ས་མཚམས་ཆུ་མཚམས་ངོས་འཛིན་བྱེད་པ་ལྟར་བསམ་རྒྱུ་མེད།

དཀྱུས་ནས་བཤད་ན། རྒྱ་བོད་ཡིག་ཚང་ཆེན་མོ་ལས། “དེ་དུས་ས་སྐྱ་པས་དབུས་གཙང་ཁམས་གསུམ་ཐམས་ཅད་མངའ་ཞབས་སུ་བཅུག་ནས། ལྷོ་མོན་གྱི་ས་ཆ་རྣམས་ཇི་བཞིན་རང་མ་ཆུག །ཤར་དུང་། ལྷོ་དུང་དུ་གྲགས་པའི་དུང་རེངས་མང་པོས། འོ་ཡུག་གོས་སྔོན་དང་། ཤངས་སྡོང་པོ་ཐང་ཚུན། ལྷོ་རྒྱུད་ཕལ་ཆེ་བའི་ཡུལ་པ་རྣམས་བཅོམ”ཞེས་དང་། “ཁམས་པ་དགེ་འདུན་རྒྱལ་མཚན་གྱིས་འགོ་བྱས། ཁམས་གཙང་གི་དྲུང་སྐོར་དཔའ་སྐྱེན་འཛོམས་པ་བདུན། དུང་རེངས་ཀྱི་ཁ་གནོན་ལ། ཉང་སྟོད་དུ་སོང་”ཞེས་དང་། “མགོ་ཡུལ་སྟོད་གསུམ། འབྲི་མཚམས་གང་སང་དཀར་པོ། ཕག་སྒང་ཚོ་དྲུག་རྣམས་ཀྱིས། མི་རྩི་དུད་བགྲང་པ་དང་། ཁྲིམས་འཆའ་བ་ལ་བྱོན”ཞེས་གསལ། འདི་ནི་སྐབས་དེའི་གྲོ་མོ་དང་འབྲེལ་བ་ཆེན་པོ་ཡོད། ཉང་སྟོད་དང་གྲོ་མོ་གཉིས་ནི་ལ་ཕར་ནང་ཚུར་ནང་ཡིན་པས་“དུང་རེངས་ཀྱི་ཁ་གནོན་ལ་ཉང་སྟོད་དུ་སོང་”ཞེས་པ་འདི་གནད་འགག་གཅིག་ཡིན། དེང་སང་ཡང་ཉང་སྟོད་ཁང་དམར་རྫོང་དང་གྲོ་མོ་རྫོང་གཉིས་པོ་དོམ་མཚོ་ལ་མཚམས་བྱས་པའི་ས་འབྲེལ་ཡིན། ཕག་རི་ནི་གྲོ་མོ་རྫོང་གི་ལྟེ་གནས་གཙོ་བོ་ཞིག་ཡིན་པས་“ཕག་སྒང་ཚོ་དྲུག་རྣམས་ཀྱིས། མི་རྩི་དུད་བགྲང་པ་དང་། ཁྲིམས་འཆའ་བ་ལ་བྱོན”ཞེས་པ་འདིའང་གནད་གཅིག་ཡིན། ས་སྐྱ་ནས་བརྩིས་པའི་“ཤར་དུང་དང་ལྷོ་དུང་”ཞེས་ཕྱོགས་སྟོན་པ་ནི་ཤེས་སླ་མོད། དུང་ཞེས་པའི་ཚིག་འདི་ལ་གོ་དོན་ངེས་ཅན་ཞིག་ཡོད་དམ་སྙམ།

ལྡེའུ་ཆོས་འབྱུང་སོགས་སུ་ལྷོ་དོམ་སྒྲོ་ནག་པོ་ཞེས་དང་། དུས་མཁྱེན་རྣམ་ཐར་དུ་མོན་དོམ་ཚང་ཞེས་འབྱུང་བའི་དོམ། སི་ཏུའི་བཀའ་ཆེམས་སོགས་སུ་ལྷོ་སོལ་དོ་ནག་པོ་ཞེས་པའི་དོ། བཤད་མཛོད་སོགས་སུ་ལྷོ་ན་ཀོ་ལེ་དུང་ཟླ་ཅན་ཞེས་པའི་དུང་། དུག་མདའ་ཅན་དང་དུག་ཟླ་ཅན་སོགས་དག་ཆ་ཅི་རིགས་ཡོད་ཀྱང་། ཀོ་ལེའམ་ཐོད་པར་དངུལ་དཀར་པོའི་ཟླ་བ་ཕྱེད་པའི་རྒྱན་ཐོགས་པ་དག་ཡིན་ནམ་སྙམ། འབྲུག་གི་ལོ་རྒྱུས་ན་ཨུ་ར་གདུང་ནག་པོ་ཞེས་པའི་གདུང་། བོད་སྐད་གཉའ་གདོང་ལ་ཨིན་སྐད་གཡའ་གདོང་བྲིས་པ་ཟེར་བའི་གདོང་སྟེ། མིང་གཞི་ད་ལས་གྲུབ་པ་འདི་དག་བར་གྱི་འབྲེལ་བ་འཚོལ་ཐུབ་ན་ཁོང་ཚོའི་རུས་རྒྱུད་ཤེས་པར་ཕན་ཐོགས་ཡོད། ད་དུང་། འབྲུག་པ་དུང་གཉེར་ཞེས་པའི་དུང་། ཀརྨ་པ་ན་རིམ་དྲུག་པ་དང་བདུན་པའི་རྣམ་ཐར་ནང་དུང་ལ་དང་དུང་རི་རྒྱ་མཚོ་སོགས་ས་མིང་དུང་དང་། མོན་རྒྱལ་པོ་གྭ་ཐུང་གི་ཐུང་དང་ཡང་འབྲེལ་བ་ཡོད་སྲིད། སྤྱིར་ལྷོ་མོན་གྱི་ཕྱོགས་འདིར་མཁར་དུང་། གཙང་དུང་། ཕུ་དུང་སོགས་དུང་མིང་ཐོགས་པའི་ས་ཁུལ་མང་པོ་སྣང་། མདོར་ན། ས་མིང་སྡེ་མིང་དེ་དག་གང་རུང་ཞིག་དང་འབྲེལ་ནས་ཤར་དུང་དང་ལྷོ་དུང་ཞེས་བོས་པའམ་ཡང་ན་འདོད་རྒྱལ་ཙམ་ཡིན་ཡང་སྲིད།

རེངས་ནི་འགུག་དཀའ་བའི་གྱོང་པོ་སྟེ་“དབུས་གཙང་ཁམས་གསུམ་ཐམས་ཅད་མངའ་ཞབས་སུ་བཅུག་ནས། ལྷོ་མོན་གྱི་ས་ཆ་རྣམས་ཇི་བཞིན་རང་མ་ཆུག”ཅེས་པ་དང་འབྲེལ་བ་ཡོད། དུང་རེངས་སྐོར་ལུང་དྲངས་ན་ཡིག་ཚོགས་མང་ལ་དུས་ཚོད་མི་འདང་བས་མདོར་བསྡུས་ནས་བརྗོད་ན། ཤར་དུང་ནི་ལྷོ་བྲག་སོགས་གཡོ་རུའི་ལྷོ་ཕྱོགས་སྤྱི་དང་དེང་སང་གི་འབྲུག་ཤར་ངོས་དང་ཨ་སམ་ཕྱོགས་དེ་ཡིན། ས་སྐྱའི་དམག་དཔོན་ཤར་ཁའི་དཔོན་ཆེན་འཕགས་པ་དཔལ་གྱིས་ཁྲི་སྐོར་བཅུ་གསུམ་གྱི་དམག་དྲངས་ནས་འཛིང་སྐབས་ཤར་དུང་གི་དཔོན་པོ་དོན་གྲུབ་དར་རྒྱས་དང་དཔའ་བོ་འདྲ་མཉམ་ཆགས། མི་རྟ་ཆད་ངལ་གྱི་དུས་སུ་གོ་སྐབས་ཟིན་ནས་སྐེད་ཉག་རྡོག་རྫིས་མ་བྱས་པའི་དོན་གྱིས་ཕན་ཚུན་ཡིད་ཆེས་གུས་བཀུར་ཐོབ་ནས་མཐར་ཤར་དུང་རྣམས་ཞི་འགུག་བདེ་འགོད་བྱས། ལྷོ་དུང་ནི་ཕག་རི་དང་གྲོ་མོ་ལྟེ་བ་བྱས་པའི་འབྲུག་ནུབ་ངོས་རྣམས་ཡིན། དེ་ཡང་འཕགས་པ་དཔལ་གྱིས་སྤ་གྲོ་བན་ཚང་གི་སློབ་དཔོན་སྟག་འོད་པ་འཇམ་པོས་བཀུག་པ་བརྒྱུད། ལྷོ་དུང་གི་འགོ་བྱེད་བརྒྱ་དང་དྲུག་ཅུ་ཙམ་ཕག་རིར་མགྲོན་དུ་བོས་ནས་ཚང་མ་བསད། ཕག་རི་རྣམ་རྒྱལ་རྫོང་བརྩིགས་པ་དང་རྫོང་དཔོན་བསྐོས་ཏེ་གཞི་ནས་ས་སྐྱས་དབང་བསྒྱུར། དེ་ཡང་ཡིན་ཏེ། ས་སྐྱའི་དཔོན་ཆེན་ཀུན་དགའ་བཟང་པོས་(?-1281)འགྲོ་མགོན་ཆོས་འཕགས་(1235-1280)ལ་མ་གུས་པའི་གླེང་ཕྱོགས་ལས་སེ་ཆེན་རྒྱལ་པོས་(1215-1294)ཧོར་བོད་ཀྱི་དམག་ལྟོས་ཆེ་བ་མངགས་ནས་དཔོན་ཆེན་བསད་སྐབས། སྤོམ་འབོར་སྒང་གི་དམག་ཧྲག་བརྒྱ་དང་དྲུག་ཅུ་དྷ་མ་པ་ལའི་(268-1287)སྐུ་སྲུང་དུ་བཞག་པ་དང་། ཨུས་ཕུར་གྱི་དམག་ཡར་འབྲོག་ཏུ་དུང་རེངས་ཀྱི་ཁ་གནོན་ལ་བཞག་པ་གསལ་བ་ལས་ཀྱང་། དེའི་སྔོན་དུ་དུང་རེངས་རྣམས་ས་སྐྱའི་འོག་ཏུ་མེད་པར་ཤེས་ཐུབ།

མྱང་ཆོས་འབྱུང་ལྟར་ན། “ལྷོའི་དུང་རེངས་བྱུང་བས་རི་བོ་ཆེར་འཁྱུད། རི་རྩེར་ཉི་མ་ཤར་བ་དང་མཉམ་དུ་འཁྲུངས།” ཞེས་རྒྱལ་ཚབ་དར་མ་རིན་ཆེན་(1364-1432)གྱི་ཡབ་ཡུམ་རྣམས་དུང་རེངས་བྱུང་བས་ཉང་སྟོད་ནས་རི་བོ་ཆེར་(གཙང་ཕྱོགས་སུ་ཅུང་རི་བོ་ཆེ་དང་ཕུང་པོ་རི་བོ་ཆེ་ཞེས་གཉིས་འབྱུང་བས་དཔྱད)བྲོས་དགོས་བྱུང་བ་ལྟར་ན། ཕྱིས་ཕག་གྲུའི་སྐབས་ཀྱང་དུང་རེངས་ཀྱི་དཀའ་ངལ་མུ་མཐུད་ཡོད་དམ་སྙམ། སྤྱིར་བདག་ཆེན་བཟང་པོའི་དཔལ་(12621322)གྱི་སྐབས་སུ་འབངས་རྣལ་མར་བཀུག་ཀྱང་། ཕྱིས་ཏཱ་དབེན་བློ་གྲོས་རྒྱལ་མཚན་(1332-1364)དང་དཔོན་ཆེན་རྒྱལ་བ་བཟང་པོའི་སྐབས་སུ་བླ་ཆེན་ཁག་བརྒྱུད་ནས་ ༡༣༤༧ ལོར་ཡང་བསྐྱར་ལྷོ་དུང་རྣམས་ཞི་འགུག་བྱེད་དགོས་བྱུང་བ་གསལ་བས་དབུས་གཙང་གཞན་ལྟར་ཀྲིག་ཅར་དབང་སྒྱུར་བྱེད་ཐུབ་མེད་ཚོད། གང་ལྟར་ཕྱིས་སུའང་འབྲུག་འབྲས་གང་གིས་ཀྱང་དབང་བསྒྱུར་བྱེད་མ་ཐུབ་འདུག་པ་སོགས་གང་ལ་བལྟས་ནའང་ས་ཆ་དེར་རུས་རྒྱུད་གྱོང་པོ་འགའ་ཡོད་པར་ཤེས་ཐུབ།

སླར་ཡང་ཁེལ་ཇིའི་སྐབས་དང་ཐག་ཉེ་བར་ཕྱིར་ནུར་བྱས་ན། དུས་རབས་བཅུ་གཅིག་པར་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱིས་པཎ་ཆེན་ག་ཡ་དྷ་ར་གྲོ་མོ་བརྒྱུད་ནས་གདན་དྲངས་པ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡང་ ༡༡༡༦ ལོར་ཕག་རི་དང་ ༡༡༢༡ ལོར་གྲོ་མོ་སྟོང་གྲ་རུ་ཕེབས་པའི་ལོ་རྒྱུས་ཡོད། འོན་ཀྱང་ཁེལ་ཇི་དང་དུས་མཉམ་པ་འདིར་ཕེབས་མཁན་གྲགས་ཆེ་ཤོས་ཤིག་ནི་ཁྲོ་ཕུ་ལོ་ཙཱ་བ་(1173-1220)དང་ཁ་ཆེ་པཎ་ཆེན་(1127-1225)གཉིས་ཡིན། ཁ་ཆེ་པཎ་ཆེན་ནི་ཁེལ་ཇིའི་དམག་གིས་བྷི་ཧར་གཏོར་བཅོམ་གཏོང་སྐབས་ཤར་ཕྱོགས་སུ་བྲོས་ཡོང་བ་དང་། ཁྲོ་བུ་ལོ་ཙཱ་བས་དཀའ་བ་བརྒྱ་ཕྲག་གིས་གྲོ་མོ་བརྒྱུད་བོད་དུ་གདན་དྲངས། འདིའི་སྐོར་ཁྲོ་ལོ་རང་གིས་མཛད་པའི་རྣམ་ཐར་ལྟར་ཅུང་ཟད་བཤད་ན་སྐབས་དེའི་གྲོ་མོ་ཕྱོགས་ཀྱི་གནས་ཚུལ་ཤེས་པར་ཕན་ཐོགས་ཡོད།

ཁ་ཆེ་པཎ་ཆེན་ན་ལེནྡྲ་ནས་ཛ་ག་དྷར་བྲོས་ནས་བཞུགས་སྐབས་བོད་བརྒྱུད་རང་ཡུལ་ཀ་ཤི་མིར་ཕྱིར་ལོག་པའི་ལམ་འཚོལ་དུ་པཎ་ཆུང་གཉིས་བཏང་བ་ཆུ་འུག་པ་དང་ཀོས་མཆོ་བས་ཟིན་ནས་བྲན་དུ་བཀོལ། དེར་སྤ་གྲོ་བ་དང་ཕྲང་ངེ་བའི་ཚོང་པས་ཉོས་ནས་གཉོས་རིན་པོ་ཆེ་ལ་ཕུལ་བ་དང་། གཉོས་རིན་པོ་ཆེ་འབྲི་གུང་དུ་ཕེབས་སྐབས་གཡོག་ཏུ་ཁྲིད། དེ་གཉིས་ཀྱི་ཁ་ནས་གཏམ་དེ་ཁྲོ་ལོས་ཐོས་པ་དང་། བྷེ་དྷུར་ཚོང་འདུས་དང་ཉེ་སར་བཞུགས་ཡོད་པར་ཤེས་ནས་བོད་དུ་གདན་འདྲེན་རྒྱུ་ཐག་བཅད། པཎ་ཆེན་གདན་འདྲེན་ཞུ་ཆེད་བོད་རུ་བཞི་ན་གསེར་གྱི་ཞལ་འདེབས་སློང་བ་དང་། མིན་ན་གཡར་པོ་ཡོང་བའི་དྲིལ་བསྒྲགས་ཀྱང་སྐད་གྲགས་ཆེ་ཚོད་ལ་གསེར་ཞོ་གཉིས་ལས་མ་བྱུང་། འོན་ཀྱང་པཎ་ཆུང་གཅིག་དང་གཡོག་པོ་ཁ་ཤས་ཁྲིད་ནས་ཡོང་བ་ཕག་རིར་སླེབས་སྐབས་རྒྱགས་ཀྱང་ཟད། ཚོང་འདུས་བྷེ་དྷུར་ནས་ཀྱང་ཛ་ག་དྷར་ཟླ་བ་འགའ་ལ་འགྲོ་དགོས་ཚུལ་གོ་བས་ཡི་ཡང་ཆད། མཁས་པའི་དགའ་སྟོན་ནང་འདི་ལ་“གྲོ་མོའི་གཏིང་རྒྱ་གར་བྱང་གི་བཻཌཱུར་ཚོང་འདུས”ཞེས་དང་དེབ་སྔོན་ནང་“བེ་དུར། བེེཌཱུར”གཉིས་ཀ་བྲིས་སྣང་། མཐར་ཕག་རི་ནས་དགེ་བཤེས་ཚུལ་ཁྲིམས་འོད་ཟེར་གྱིས་རོགས་བྱས་པ་དང་། གུང་ཐང་བླ་མ་ཞང་གི་སློབ་མ་དགེ་བཤེས་རྒྱ་པ་རྒྱང་རོ་གྲུ་ཆུང་ན་བཞུགས་པས་ཀྱང་གསེར་དང་། གྲོ་མོ་ལ་ཆ་རྒྱུས་ཡོད་པའི་སློབ་མ་གཉིས་རོགས་ལ་བཏང་། རིམ་བཞིན་སྤ་གྲོ་ན་བཞུགས་པའི་ཤངས་པ་གཞོན་ནུ་ཤེས་རབ་དང་། གྲོ་མོའི་མི་ཆེན་ཀུན་གྱིས་ཡར་ལམ་པཎ་ཆེན་ངེད་ཀྱི་སར་གདན་འདྲེན་དགོས་ཞེས་རྒྱགས་མང་པོ་ཕུལ་བས་མུ་མཐུད་ལམ་དུ་ཞུགས།

ཁོང་རྣམས་མོན་ང་མིན་ནས་ཕྱིན་པས་ལམ་ནོར་ཏེ་ཡུན་རིང་འགོར་བ་དང་རོགས་པ་གསུམ་ཙམ་ཤི། རི་གཤམ་རྒྱ་གར་གྱི་ཐང་ན་ཊར་ཀིའི་དམག་གིས་ཉེན་ཁས་རི་ལྡེབས་མོན་གྱི་ས་ནས་ཕྱིན། ལམ་ཐོབ་རྗེས་སྔོན་ལ་འཕྲིན་འབུལ་བའི་ཕོ་ཉ་བཏང་བ་དང་། འཕྲིན་གྱི་ནང་དོན་ནི།

“མ་ག་དྷ་སོགས་རིག་འབྱུང་གནས་ནི་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམ་ཨཽ་རྒྱན་ཁ་ཆེ་བལ་ཡུལ་ཡང་། །

ལོག་སྤྱོད་ཀྱིས་ཁེབས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་སྐྱོད་ཞུ། །”

ཞེས་སྙན་ལ་ཡི་ཕྱར་བ་ཡོད། པཎ་ཆེན་མཇལ་ནས་ཀྱང་ཆེ་བ་འདོན་ཆེད་ཡིན་ནམ་ཀ་ཀོར་མང་དུ་མཛད། སློབ་མ་པཎ་ཆུང་དགུ་ཡོད་པ་ཚང་མས་ཀྱང་འདོ་ལི་མེད་ན་མི་འགྲོ་ཟེར། ཕྱོགས་གཅིག་ནས་འདོ་ལི་གླ་བའི་དངུལ་མང་པོ་མེད་པ་དང་། གཉིས་ནས་རོགས་པ་ཇོ་སྲས་དང་བྱང་གྲགས་གཉིས་པོ་རྐང་པ་སྐྲང་ནས་འགྲོ་མི་ཐུབ་པས་འོ་བརྒྱལ་ཆེ་ཙམ་བྱུང་ཡང་། མཐར་བོད་ཀྱི་ཚོང་པ་མང་པོ་དང་འཕྲད་ནས་གྲོ་མོ་བར་འབྱོར་ཙམ་བྱུང་། གྲོ་མོའི་མི་དཔོན་རྣམས་དང་ཚོགས་ཆེན་པོས་བསུས་ཏེ་པཎ་ཆུང་རེ་ལའང་མི་བཅུ་བཅུས་འདོ་ལི་བྱས་ནས་གདན་དྲངས། གྲོ་མོ་ནས་པཎ་ཆེན་གདན་འདྲེན་གྱི་ཡོད་པའི་གཏམ་བཟང་བོད་ལ་སྤྲིངས་པ་ནི།

“ཤཱཀྱའི་བསྟན་སྲོག་ཤཱཀྱའི་གདུང་འཚོབ་པ། །ཤཱཀྱའི་མཚན་ཅན་མཉམ་མེད་བླ་མ་ནི། །

རྒྱུ་བཞིས་གངས་རིའི་ཁྲོད་འདིར་བྱོན་གྱུར་གྱིས། །སྐྱེས་ཆེན་ཁྱད་དགོངས་འདི་གསན་ཚིམ་པར་མཛོད། །”

ཅེས་དང་།

“གྲོ་མོའི་ཁྲོད་ནས་བཅུ་གསུམ་ཞག་གིས་བདག །མོན་ཡུལ་ཆུག་ཡུལ་ཤི་སྐྱིད་ཡུལ་བརྒལ་ཏེ། །

རྩི་དུག་རྩི་མདའ་བླ་འཕྲོག་གཅན་འཕྲང་བཙས། །སྣ་ཚོགས་ཁྱད་བསད་བྷེ་དྷུར་ཚོང་འདུས་ཕྱིན། །”

ཞེས་སོགས་བརྒྱུད་རིམ་ཆང་ཚང་བྲིས་ནས་བསྐུར། ཕག་རི་ནས་རྒྱང་རོ། འགུལ་མོ། ཁྲ་བོ་ཆེ། དམ་ཁ། སྨན་ལུང་། ཆུ་མིག་ནས་ཁྲོ་ཕུར་གདན་དྲངས། དེ་ཕན་གྱི་རྣམ་ཐར་ནི་འདིར་འབྲེལ་བ་མེད་པས་མ་བྲིས་སོ། །

རྣམ་ཐར་དེར་གྲོ་མོ་དང་ཕག་རི་ཞེས་ལན་མང་དུ་འབྱུང་བ་དང་། ཆུ་འུག་དང་ཀོས་མཆོ། སྤ་གྲོ་དང་ཕྲང་ངེ། གྲོ་མོ་རྔོ་ཁྲོད། ཕག་རི་ན་དགེ་སློང་ཚུལ་ཁྲིམས་འོད་ཟེར། སྤ་གྲོ་ན་ཤངས་པ་གཞོན་ནུ་ཤེས་རབ། གཉོས་རིན་པོ་ཆེ་བཅས་ཚང་མ་དེ་ཕྱོགས་ཀྱི་ས་མིང་དང་བླ་དཔོན་གྱི་མིང་ཡིན། བསམ་དགོས་པ་ཞིག་ནི། ཁྲོ་ཕུ་ལོ་ཙཱ་བས་གྲོ་མོ་བརྒྱུད་ཁ་ཆེ་པཎ་ཆེན་གདན་དྲངས་ལོ་ལ་ 1204-1207-1209 བཅས་གསུམ་ཙམ་སྣང་བ་ལས། ཕྱི་མ་གཉིས་ལྟར་ན་གྲོ་མོའི་སྐོར་གླེང་སྐབས་ཁེལ་ཇིའི་སྐོར་ཟུར་ཙམ་འབྱུང་དགོས་ཚོད་ཀྱང་མ་མཐོང་བས། ཕལ་ཆེར་དེབ་སྔོན་ལྟར་སྔ་མ་ཉིད་དག་གམ་སྙམ། དེར་ལྟར་ན་ཁེལ་ཇི་མ་ཡོང་བའི་ལོ་གཉིས་ཀྱི་སྔོན་དུ་ཡིན་ལ། དེས་ཁེལ་ཇི་ཡོང་སྐབས་འགོག་རྒོལ་དྲག་པོ་བྱེད་པར་ཤུགས་རྐྱེན་ཐེབས་ཡོད་སྲིད། སྐབས་དེར་བྷང་ག་ལར་ཊར་ཀིའི་དམག་སླེབས་ཡོད་པ་ནི། གྲོ་མོ་ནས་ཤར་ངོས་ཛ་ག་དྷར་འགྲོ་སྐབས་“རྒྱ་གར་གྱི་ཐང་ལ་གནས་པའི་ཡུལ་རྣམས་སུ་གར་ལོག་བྱུང་ན་མི་ལེགས་པས་མོན་གྱི་རིའི་ཁོངས་སུ་གཏོགས་ལ་རྒྱ་གར་ལ་ཁ་བལྟས་པའི་བཙན་ས་བྲངས་བྱ་བར་བསྡད”ཅེས་པ་ལས་ཤེས་ཐུབ།

མོན་ནི་གོང་དུ་བཤད་ཟིན་ལ། ཆུག་ཡུལ། ཤི་སྐྱིད། བྷེ་དྷུར། བྷི་མེ་ཤ་ར། ཛ་ག་དྷ་བྷི་ཧར་སོགས་དེང་སང་གང་དུ་ཡོད་པ་རྩད་མ་ཆོད། འདི་དག་གྲོ་མོ་ནས་རྩིས་པའི་ཤར་ངོས་སུ་ཁེལ་ཡང་བྷར་མ་པུ་རི་ར་གཙང་པོ་བརྒལ་བའི་སྐོར་མི་གསལ་བས། ཨ་སམ་བྱང་ཕྱོགས་དང་། ཨ་རུ་ཎ་ཅལ་ཕྱོགས་སུ་ཡོད་དམ་སྙམ། ཛ་ག་དྷ་བྷི་ཧར་ཞེས་པ་འདི་གཅིག་བྱས་ན་འབར་མའི་ཕྱོགས་སུའང་ཡིན་སྲིད། འདི་ལ་“འགྲོ་ལྣེའི་གཙུག་ལག་ཁང་”ཡིན་ནམ་སྙམ་པའི་མཆན་ཞིག་འདུག་ཀྱང་གསལ་པོ་མེད་པས་བྱ་ཐབས་བྲལ། ལྷག་པར་ཤི་སྐྱིད་ཀྱི་ཡུལ་འདི་གང་དུ་ཡོད་པའང་ཤེས་འདོད་ཆེ་ཡང་རྒྱ་གར་ཤར་ཕྱོགས་སུ་ཡོད་པ་ཙམ་ལས་མ་ཤེས། བོད་སིལ་བུའི་སྐབས་བོད་ཀྱི་ལོ་ཙཱ་བ་དང་ཚོང་པ་རྒྱ་གར་དུ་འགྲོ་མཁན་རྣམས་བཅོམ་འཕྲོག་བྱེད་མཁན་གཙོ་བོ་ནི་ཤི་སྐྱིད་ཀྱི་ཇག་པ་རྣམས་ཡིན་སྐོར་རྣམ་ཐར་མང་པོར་གསལ། རྣམ་ཐར་འདིར་གསལ་བ་ལྟར་ནའང་། ཁྲོ་ལོ་བལ་ཡུལ་ན་བཞུགས་སྐབས་ཤིག་ལ། དཔྱལ་ལོ་མ་ག་དྷར་བཞུགས་པར་གཅུང་པོ་དགེ་བཤེས་ལྔ་རྩེ་ལ་སོགས་པ་མི་སུམ་ཅུ་ཙམ་རྒྱགས་སྐྱེལ་དུ་སོང་བ་ཏིང་ཧུང་ཏི་དང་གངྒཱའི་བར་དུ་ཤི་སྐྱིད་ཀྱི་ཇག་པས་བསད། ཡང་ཟླ་བ་གཉིས་ཀྱི་རྗེས་སུ་ཙ་མིའི་འབུལ་སྐྱེལ་བ་སོང་བ་རྣམས་ཀྱང་སཱ་ར་ཅུང་ཟེར་བའི་ས་གནས་སུ་ཤི་སྐྱིད་ཀྱི་ཇག་པས་བསད། བསད་པའི་ཕུང་པོ་དུམ་བུ་མང་པོ་གཏུབ་ཡོད་པ་ནི། བོད་པ་ཚོས་རྒྱ་གར་ལ་གསེར་ཁུར་སྐབས་ཁ་ནས་མིད་པ་དང་བཤང་ལམ་དུ་བཅུག་ན་ཇག་རྐུན་གྱིས་མི་རྙེད་བྱས་པས་ཡིན་ཟེར། ཙ་མི་ལོ་ཙཱ་བའི་འཁྲུངས་འདས་ཤིག་མ་མཐོང་ཡང་ཁྲོ་ལོའི་སྐབས་སུ་འདས་ཟིན་ངེས་ཡིན་པས། སྔར་ཁོང་རྡོ་རྗེ་གདན་དང་། ན་ལེནྡྲའི་མཁན་པོ་གནང་མྱོང་བ་ལས་བོད་ནས་འབུལ་སྐྱེལ་གྱི་ལུགས་སྲོལ་ཞིག་མུ་མཐུད་ཡོད་དམ་སྙམ། འཕྲོ་རྗེས་མ་གཟིགས།

 

དཔྱད་བཞི་ཡིག་རིགས།

 

  1. བཀའ་ཆེམས་མཐོང་བ་དོན་ལྡན། ཕག་གྲུ་བྱང་ཆུབ་རྒྱལ་མཚན།
  2. ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ། དཔྱལ་ལོ་ཙཱ་བ།
  3. རྒྱ་བོད་ཡིག་ཚང་ཆེན་མོ་མཁས་པ་དགའ་སྐྱེད། དཔལ་འབྱོར་བཟང་པོ།
  4. ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ།
  5. དུང་དཀར་ཚིག་མཛོད་དང་བསྟན་རྩིས། དུང་དཀར་རིན་པོ་ཆེ།
  6. དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ།
  7. ལྡེའུ་ཆོས་འབྱུང་རྒྱས་པ། ལྡེའུ་ཇོ་སྲས།
  8. དཔལ་ལྡན་ཤར་ཀ་པའི་གདུང་རབས་རྒྱན་གྱི་ཕྲེང་བ། བྲིས་མ། འབའ་ཉག་ཨ་ཐིང་གི་བོད་དཔེ།
  9. པཎ་གྲུབ་གསུམ་གྱི་རྣམ་ཐར་དཔག་བསམ་ཁྲི་ཤིང་། ཁྲོ་ཕུ་ལོ་ཙཱ་བ་རང་གི་གསུང་ལ་ངོས་འཛིན་བྱེད།
  10. འབྲས་ལྗོངས་གནས་ཡིག་ཕྱོགས་བསྡེབས། ཧི་མ་ལ་ཡའི་རིག་གནས་ལོ་རྒྱུས་དེབ་ཕྲེང་། ༡
  11. མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས། ཏཱ་ར་ན་ཐ།
  12. འབྲུག་གི་རྒྱལ་རབས། འབྲུག་གསལ་བའི་སྒྲོན་མེ། སློབ་དཔོན་པདྨ་ཚེ་དབང་།
  13. A Comprehensive History of Medieval India: By Farooqui Salma Ahmed
  14. Buddhism and Islam on the Silk Road: By Johan Elverskog
  15. The Muslim Heritage of Bengal: By Muhammad Mojlum Khan
  16. Encyclopaedia of Indian Events & Dates: By S. B. Bhattacherje
  17. Epigraphy and Islamic Culture: By Mohammad Yusuf Siddiq
  18. Indo-Muslim Relations: A Study in Historical Background. BY Debayoti Barman
  19. Land of Two Rivers: By Nitish K. Sengupta
  20. Studies in Hindu and Buddhist Art: Edited by P.K. MISHRA
  21. The River of Golden Sand: By William John Gill, Henry Yule

 

མིང་ཚིག

 

ཁེལ་ཇི། Bakhtiyar Khalji’

གྷར་མྶིར། Garmsir

ཁཱ་ལཱ་ཇ། Khalaj

ཨབ་གྷན། Afghanistan

ཧེལ་མནྡ། Helmand

ཊར་ཀིའམ་དྲུ་གུ། Turkic tribe

ལྡི་ལི། Delhi

སུལྟན། Sultanate

བྷང་ག་ལ། Bengal

གན་ཇ་ནཱི་རྒྱལ་རབས། Ghazni dynasty

གཽ་རཱིའི་རྒྱལ་རབས། Ghurid dynasty

མི་ཛ་པུར། Mirzapur

ཨུ་ཏར་པར་དྷེ་ཤཱ། Uttar Pradesh

མ་ག་དྷ། Magadhha

ཨོ་ཏནྟ་པུ་རི། Odantapuri,

བི་ཀྲ་མ་ཤི་ལཱ། Vikramshila

བྷི་ཧར། Bihar

མམ་ལུཀ Mamluk

ཨི་བྷ་ཀ། Qutb al-Din Aibak

སེ་ན། Sena

ལཀ་ཤ་མ་ནཱ། Lakshmana

དྷེ་ཝེ་ཀོ་ཊ། Devkot

ཨ་སམ། Assam

མཱ་ལིཀ་ཧུ་སམ། Malik Husam al-Din,

ཇིང་གེ་སི་ཁན། Genghis Khan

ཨརྱན། Aryan

ཨ་ལི་མེ་ཆ། Ali Mech

བྷོ་ཏོ་ཀ་ཆ་རི། Bodo-Kachari

ཏྲི་པུར། Tripura,

མེ་གྷ་ལ་ཡ། Meghalaya

ཨ་རུ་ན་ཅལ། Arunachal

ཀཱ་མ་རཱུ་པ། Kamarupa

པཱ་ལཱ། Pala dynasty

གྲའོ་ཨར་ཕུང་། Zhao Erfeng

ན་ལེནྡྲ། Nalanda,

ཀ་ཤི་མི། Kashmir

 

བྷེ་དྷུར་ཚོང་འདུས། (བོད་ཡིག་སྒྲ་སྒྱུར་ལས་རྒྱ་ཨིན་མ་མཐོང་) ཛ་ག་དྷ། (བོད་ཡིག་སྒྲ་སྒྱུར་ལས་རྒྱ་ཨིན་མ་མཐོང་)

རྩོམ་པ་པོ། ཆབ་མདོ་ཤེས་རབ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༠ ལ།

Leave a Reply

Your email address will not be published. Required fields are marked *