ཅ༽ བམ་གྲངས་དུས་ནམ་ཞིག་སྲོལ་བཏོད་མིན།

ཅ༽ བམ་གྲངས་དུས་ནམ་ཞིག་སྲོལ་བཏོད་མིན།

 

དེ་ཡང་བཀའ་བསྟན་གསུང་རབ་རྣམས་སུ་སཾ་བོད་སྐད་གཉིས་ཤན་སྦྱར་དང་། འགྱུར་བྱང་། བམ་གྲངས་འགོད་སྲོལ་དུས་ནམ་ཞིག་བྱུང་མིན་ནི། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་ཐོན་མིའི་ཞལ་ལུང་ལས[1]། སྤྱིར་བོད་དུ་གཞུང་བསྒྱུར་བ་རྣམས་ལ་རྒྱ་གར་སྐད་དང་། འགྱུར་ཕྱག་དང་། ཤླཽ་ཀ་དང་བམ་པོའི་གྲངས་ཚད་དང་།

འགྱུར་བྱང་འགོད་པ་སོགས་ཀྱི་སྲོལ་ནི་སྲོང་བཙན་རྗེས་ཀྱི་རྒྱལ་རབས་ལྔ་པ་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་དུས་སུ་རྒྱལ་བའི་གསུང་རབ་རྒྱ་ཆེར་བསྒྱུར་བའི་ཚེ་བཀས་བཅད་པ་ལ་བརྟེན་ནས་བྱུང་བས་ན། ཐོན་མིའི་དུས་སུ་དེ་དག་ཅི་ནས་ཀྱང་ཡོད་པའི་བཀས་བཅད་ཀྱི་ངེས་པ་མ་མཛད་དོ། །ཞེས་དུས་རབས་བརྒྱད་པར་བཙན་པོའི་གདུང་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙུན་གྱི་སྐུ་དུས་སུ་སྲོལ་གཏོད་གཏན་འབེབས་མཛད་པ་ཞིག་ཡིན་པར་གསུངས་སོ།།

དེ་བཞིན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[2]། དེ་ལ་བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བོད་ཡུལ་དུ་འགྱུར་རོ་འཚལ་གྱི་བཀའ་དང་བསྟན་བཅོས་ཐམས་ཅད་ཐུགས་དམ་དུ་བཞེངས་ཏེ། ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས། བཀའ་བསྟན་བཅོས་རྣམས་ཀྱི་མཚན་བྱང་། གཞུང་ཚད། གོ་རིམ་ལ་སོགས་པ་གཏན་ལ་ཕབ་སྟེ་དཀར་ཆག་ཏུ་བཀོད་པ་ཕོ་བྲང་ཆེན་པོ་སྟོང་ཐང་ལྡན་དཀར་དང་། འཕང་ཐང་ཀ་མེད་གཉིས་ན་བཞུགས། ཞེས་གསུངས་པ་ལྟར། བཀའ་བསྟན་གསུང་རབ་ཀྱི་མ་ཕྱིར་བསྲེ་ལྷད་མི་ཞུགས་པའི་ཕྱིར་སྔོན་ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་དཀར་ཆག་ཆེན་མོ་རྣམ་གསུམ་མཛད་སྐབས་གཏན་འབེབས་མཛད་པར་གསུངས། དེ་ཡང་དཀར་ཆག་འཕང་ཐང་མ་ལས[3]། བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མདོ་སྡེའི་ཏི་ཀ་དང་། འདུལ་བ་དང་། བསྟན་བཅོས་ཆེ་ཕྲ་དང་། བསྟན་བཅོས་ཀྱི་ཏི་ཀ་ལ་སོགས་པ་སྔ་སླད་དུ་བསྒྱུར་ཅིང་ཞུ་ཆེན་གྱིས་གཏན་ལ་དབབ་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་སྒྲ་སྒྱུར་པ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས་ཁྱི་ལོ་ལ། (བཙན་པོ་ཁྲི་རལ་པ་ཅན་ཡར་ལུངས་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་སྟོན་ཅེས་པའང་སྣང་།) ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང་། བན་དྷེ་ཆོས་ཀྱི་སྙིང་པོ་དང་། ལོ་ཙཱ་བ་བན་དྷེ་དེ་བེན་ཏྲ་དང་། བན་དྷེ་ལྷུན་པོ་ལ་སོགས་པའི་གཡར་སྔར་དྷརྨ་བསྒྱུར་ཅིང་ཞུ་ཆེན་བགྱིས་པའི་མཚན་བྱང་རྙིང་ཞིག་མཆིས་པས་གཞི་བཟུང་སྟེ། སྒོ་སྒོ་ན་མཚན་བྱང་མཆིས་པ་དང་ཡང་གཏུགས། དྷ་རྨར་ཡང་བསྟུན་ནས། དྷ་རྨ་སྡེ་གཅིག་ལ་མཚན་ཉིས་རིམ་དུ་གྱུར་པ་ཡང་ཕྱུང་། སྔར་མ་ཆུད་པ་ཅི་མཆིས་པ་བསྣན་ནས། བོད་ཁམས་སུ་དྷ་རྨ་བསྒྱུར་ཅིང་ཞུ་ཆེན་བགྱིས་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་གཏན་ལ་ཕབ་སྟེ་དཀར་ཆག་བླ་དཔེར་བྲིས་པ། ཞེས་བྱུང་བ་ལྟར། ཕྱི་ལོའི་དུས་རབས་བརྒྱད་པའི་མཇུག་ཙམ་ལ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་བཙན་པོ་བཞི་བཅུ་པ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་ལོ་ཙཱ་བ་བནྡེ་དཔལ་བརྩེགས་དང་། ཆོས་ཀྱི་སྙིང་པོ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ་ཚེག་བར་བརྒྱད་ལ་ཚིག་རྐང་རེ། དེ་བཞི་ལ་ཤླཽ་ཀ་རེ། ཤླཽ་ཀ་སུམ་བརྒྱ་ལ་བམ་པོ་རེ་རེའི་ཚད་དུ་བྱས་ནས་ཐེམ་བྱང་སྟེ་དཀར་ཆག་མ་ནོར་བར་ཆོས་ཚན་འདི་དང་འདི་ཡོད་ཅེས་བཀོད་པ་དེ་ལ་དཀར་ཆག་འཕང་ཐང་མ་ཞེས་བྱ། དེ་ནི་བོད་དུ་བསྒྱུར་བའི་བཀའ་བསྟན་འགྱུར་གྱི་དཀར་ཆག་བཀོད་པའི་ཐོག་མ་ཡིན་ནོ་ཞེས་ཡོངས་གྲགས་སུ་བཞེད་པ་ལྟར་བཙན་པོ་བཞི་བཅུ་པའི་སྐུ་དུས་སུ་གཏན་ལ་ཕབ་པ་ཞིག་ཡིན་པར་གསལ་ལོ།།

དེ་བཞིན་ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་ལས[4]། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང༌། གཟུངས་ཆེ་ཕྲ་དང༌། མཚན་བརྒྱ་རྩ་བརྒྱད་དང༌། བསྟོད་པ་དང༌། སྨོན་ལམ་དང༌། བཀྲ་ཤིས་དང༌། འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་ཊཱི་ཀཱ་དང༌། དབུ་མའི་བསྟན་བཅོས་དང་། བསམ་གཏན་གྱི་ཡེ་གེ་དང༌། རྣམ་པར་ཤེས་པའི་བསྟན་བཅོས་དང༌། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤླཽ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ། ཐེག་པ་ཆེན་པོའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་གཏོགས་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། ཤླཽ་ཀ་འབུམ། བམ་པོ་སུམ་བརྒྱ། ཞེས་སོགས་གསུངས་པ་ལྟར། དབུས་པ་བློ་གསལ་རྩོད་པའི་སེང་གེས་ (དུས་རབས་13སྟོད།) མཛད་པའི་བསྟན་བཅོས་ཀྱི་དཀར་ཆག་ལས་[5]ཀྱང་། སྔོན་གྱི་དཀར་ཆག་ཆེན་མོ་རྣམས་སུ་གཞུང་ཚད་འཇལ་བའི་ཐབས་རྨད་དུ་བྱུང་བའི་ལམ་སྲོལ་གཏན་འབེབས་བྱུང་ཞིང་། རྐང་པ་གཅིག་ལ་ཚེག་བར་དུ་ཡོད་དང་། ཚིགས་བཅད་གཅིག་ལ་རྐང་པ་དུ་ཡོད། བམ་པོ་གཅིག་ལ་ཚིགས་བཅད་དུ་ཡོད་སོགས་གཏན་ལ་ཕབ་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་བརྒྱད་སྟོང་པ་དང་། ཉི་ཁྲི་དང་། འབུམ་གྱི་ཐ་སྙད་ཐོགས་ཡོད།

ཁ་ཅིག་ན་རེ། བརྒྱད་སྟོང་པ་ལ་ཚིགས་སུ་བཅད་པ་གཅིག་ཀྱང་མེད་ན་ཚིགས་སུ་བཅད་པ་བརྒྱད་སྟོང་གང་ནས་བྱུང་ཞེ་ན། སྔོན་གྱི་གསུང་རབ་རྣམས་སུ་ཚིགས་བཅད་གཅིག་ལ་རྐང་པ་བཞི་དང་། རྐང་པ་རེར་ཚེག་བར་བརྒྱད་དུ་བརྩིས་པའི་ཚིགས་བཅད་གཅིག་ལ་ཚེག་བར་སུམ་ཅུ་སོ་གཉིས་ཡོད་ཅིང་། བརྒྱད་སྟོང་པར་ཚེག་བར་སོ་གཉིས་ཅན་བརྒྱད་སྟོང་ཡོད་པས་ཡུམ་བསྡུས་པར་བརྒྱད་སྟོང་པ་ཞེས་བཏགས་པར་མཛད། གཞུང་ཚད་འཇལ་བའི་སྲོལ་འདི་ཡང་གཙོ་བོ་ལེགས་སྦྱར་གྱི་དབང་དུ་བྱས་པར་སེམས། དེ་ལྟ་མིན་ན་བོད་སྐད་དུ་གོང་གི་རྐང་པ་གཅིག་ལ་ཚེག་བར་བདུན་དང་ཚིགས་བཅད་གཅིག་ལ་རྐང་པ་ཉེར་བརྒྱད་ཡོད་པ་ཡིན། ཞེས་གསུངས་སོ།།

གཞན་ཡང་མཁས་པའི་དབང་པོ་ཨ་ལག་ཤ་བསྟན་དར་ལྷ་རམས་པས་ (1759-1831) མཛད་པའི་ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད་ལས[6]། ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་བཅུ་བདུན་ལ་སོགས་པའི་ཐ་སྙད་བོད་དུ་གྲགས་པ་ཡོད་ཀྱང་། གཙོ་ཆེ་བ་རྒྱས་འབྲིང་བསྡུས་གསུམ་སྟེ། རྒྱས་པ་འབུམ། འབྲིང་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པའོ། །མིང་དེ་དག་ནི་ཤླཽ་ཀའི་གྲངས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ། །སྤྱིར་བོད་དུ་འབུམ་སྡེ་ལྔ་ཞེས་གྲགས་པ་ཡིན་ཏེ། ཤེར་ཕྱིན་ཀྱི་མདོ་ཐུགས་ཀྱི་འབུམ། མྱང་འདས་ཀྱི་མདོ་གསུང་གི་འབུམ། དཀོན་མཆོག་བརྩེགས་པའི་མདོ་སྐུའི་འབུམ། ཕལ་པོ་ཆེའི་མདོ་ཡོན་ཏན་གྱི་འབུམ། ལངྐར་གཤེགས་པའི་མདོ་འཕྲིན་ལས་ཀྱི་མདོ་དང་བཅས་པ་ལ་འབུམ་སྡེ་ལྔ་ཟེར་རོ། །དེ་རྣམས་འབུམ་དུ་བཞག་པའི་རྒྱུ་མཚན་ནི། ཤེར་ཕྱིར་རྒྱས་པ་ལ་ཤླཽ་ཀ་འབུམ་ཡོད་པ་དང་། མདོ་མྱང་འདས་ལ་སངས་རྒྱས་མྱ་ངན་ལས་འདའ་ཁར་ཞལ་ཆེམས་བཞག་པ་འབུམ་ཡོད་པ་དང་། དཀོན་མཆོག་བརྩེགས་པ་ལ་སངས་རྒྱས་ཀྱི་མཚན་མི་འདྲ་བ་འབུམ་ཡོད་པ་དང་། ཕལ་པོ་ཆེ་ལ་སྨོན་ལམ་འབུམ་ཡོད་པ་དང་། ལངྐར་གཤེགས་པ་ལ་སྲིན་པོ་འབུམ་བཏུལ་ཚུལ་ཡོད་པས་ན་འབུམ་ཞེས་བྱའོ། །ཞེས་གསུངས་སོ།།

གཞན་ཡང་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[7]། འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་ལ་རྐང་པ་གཅིག་ཏུ་བརྩིས་པའི་རྐང་པ་བཞིའི་ཚོགས་པ་ལ་ཤླཽ་ཀ་དང་། དེ་སུམ་བརྒྱ་ལ་སོགས་པ་ལ་བམ་པོའི་ཚད་དུ་བྱས་ཏེ། གཞུང་ཚད་དེ་ཉིད་ཀྱིས་ལེགས་པར་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་ཆོས་ཚན་འདི་དང་འདི་ལ་རྣམ་གྲངས་འདི་དང་འདི་བཀོད་པ་དཀར་ཆག་འཕང་ཐང་མར་གྲགས་པ་སྟེ།  བོད་ལ་དམ་པའི་ཆོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་དེ་ཡིན་པར་གྲགས་ཤིང་། དེའི་རྗེས་སུ་སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས་དང་། འཁོན་ཀླུའི་དབང་པོས་བསྲུངས་པ་ལ་སོགས་པས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ན་བཞུགས་པའི་གསུང་རབ་དང་བསྟན་བཅོས་བོད་ཀྱི་རྒྱལ་ཁམས་སུ་འགྱུར་རོ་འཚལ་བམ་པོ་དང་ཤླཽ་ཀའི་གྲངས་སུ་འདི་དང་འདི་མཆིས་ཞེས་ངེས་པར་གཏན་ལ་ཕབ་ཟིན་པ་རྣམས་ཀྱིས་མཚན་བྱང་དཀར་ཆག་ཏུ་བཏབ་པ་ལ་དཀར་ཆག་ལྡན་དཀར་མར་གྲགས་པ་བྱུང་། དེའི་རྗེས་སུ་བཙན་པོ་ལྡེ་ཁྲི་སྲོང་བཙན་ཕོ་བྲང་འོན་ཅང་གི་རྡོར་བཞུགས་པ་ན། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང་། ཤྲཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རནྟ་རཀྵི་ཏ་དང་། དྷརྨ་ཏ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པ་ཛྙཱ་ན་སེ་ནཱ་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྟེནྡྲ་ཤཱི་ལ་ལ་སོགས་པ་རྣམས་ཀྱིས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་གཞན་དུ་མི་བསྒྱུར་ཞིང་། དེ་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་བར་བརྟེན། དེ་རྣམས་ཀྱིས་ཀྱང་རྒྱལ་བའི་གསུང་རབ་དང་བསྟན་བཅོས་ཀྱི་རིགས་སྔར་བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསར་དུ་ཡང་མང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅིང༌། སླན་ཆད་ཀྱང་དེ་ལས་མི་བསྒྱུར་བར་བཀས་བཅད་པ་སྒྲ་སྦྱོར་བམ་པོ་གཉིས་པ་མཛད། དེ་རྗེས་བསྟན་པ་ཕྱི་དར་གྱི་དུས་སུ་ཆོས་རྒྱལ་ཆེན་པོ་རྣམས་ཀྱི་ཐུགས་བསྐྱེད་ལས། ས་སྟེང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་གྲུབ་པའི་པཎྜི་ཏ་ཇི་སྙེད་བྱོན་པ་རྣམས་དང༌། སྐད་གཉིས་སྨྲ་བའི་དབང་པོ་སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱིས་གསུང་རབ་སྔར་བསྒྱུར་བ་རྣམས་ཀྱང་ཞུ་ནན་གྱི་སྒོ་ནས་གཏན་ལ་ཕབ་སྟེ་སྒྲོ་སྐུར་གྱི་དྲི་མ་དང་བྲལ་བར་མཛད། སྔོན་ཆད་བོད་དུ་མ་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་རིགས་དཔག་ཏུ་མེད་པ་ཡང་གསར་དུ་བསྒྱུར་ཅིང་ཞུས་པ་དང༌། བཤད་པ་ལ་སོགས་པས་ལེགས་པར་སྤེལ་བ་ལ་བརྟེན་ནས་གངས་རིའི་ཁྲོད་འདིར་དམ་པའི་ཆོས་ཀྱི་འབྱོར་པ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཚོགས་ཀྱིས་སྔོན་དུས་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ངོ་མཚར་གྱི་ཕུང་པོ་ལ་འགྲན་བཟོད་པའི་རང་བཞིན་དུ་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ།།

དེ་ལྟར་ཤླཽ་ཀ་དང་། བམ་པོ་དང་། བམ་གྲངས་སོགས་ནི་བཀའ་བསྟན་གསུང་རབ་ཀྱི་གོ་རིམ་མ་འཁྲུགས་པའི་སླད་དུ་ཐོག་མར་བམ་གྲངས་འགོད་སྲོལ་བཏོད་པ་བཀའ་བསྟན་གྱི་དཀར་ཆག་སྒྲིག་བཟོའི་ཐོག་མའི་རྨང་གཞི་ལྟ་བུ་ཞིག་ཏུའང་གྱུར་ཡོད། སྡེ་ཚན་སོ་སོར་ཕྱེ་ནས་དཀར་ཆག་བསྒྲིགས་པ་འདི་ཡང་བོད་དུ་ཧ་ཅང་དར་སྔ་ལ། ཚད་ལྡན་གྱི་གཞུང་ལུགས་ཤིག་ཀྱང་ཆགས་ཡོད།

མདོར་ན། མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་ནས་བརྩམས་པའི་བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ལས[8]། བམ་གྲངས་ཞེས་པའི་བམ་ནི་སྒྲིལ་ཁའི་དོན་ཏེ་གོས་ཆེན་ཡུག་སྒྲིལ་ལ་གོས་ཆེན་ཡུག་བམ་ཟེར་བ་ལྟ་བུ་ཡིན། འོན་ཀྱང་དམ་པའི་གསུང་རབ་ཀྱི་བམ་གྲངས་ནི། ཐོག་མ་ཁྲི་སྲོང་ལྡེ་བཙན་སྐུ་དུས་གསུང་རབ་རྣམ་གྲངས་རེ་རེའི་ཚད་གཞིའི་ངོས་བཟུང་བདེ་བའི་ཕྱིར་བམ་པོའི་གྲངས་གཏན་ལ་ཕབ་པ་སྟེ། ཚིགས་བཅད་གཅིག་ལ་ཚིག་རྐང་བཞི་རེར་ཤླཽ་ཀ་གཅིག་དང་། ཚིག་ལྷུག་ལ་ཚེག་ཁྱིམ་སུམ་ཅུ་སོ་གཉིས་ལ་ཤླཽ་ཀ་གཅིག་བཅད་ལྷུག་སོ་སོར་རྩིས་པའི་ཤླཽ་ཀ་སུམ་བརྒྱའམ་སུམ་བརྒྱ་ལྔ་བཅུ། ཡང་ན་བཞི་བརྒྱ་ཐམ་པར་ཆ་བཞག་པ་སྣ་ཚོགས་ཡོད་པ་དེའི་བམ་གྲངས་གཏན་ལ་འཁེལ་བ་དེས་རྣམ་གྲངས་དེའི་གྲངས་འབོར་དེ་ཆེ་ཆུང་ཙམ་མ་ཟད། གསུང་རབ་དེ་དག་ལ་གཞན་གྱིས་རང་དགར་ཁ་སྣོན་མི་ཆོག་པ་དང་། ཆད་སྐྱོན་མི་འབྱུང་བའི་དགེ་མཚན་ལྡན་པ་འདི་ནི་གསུང་རབ་ཤོག་དྲིལ་གྱི་རྣམ་པར་གནས་པའི་སྐབས་དེ་ལྟར་དགོས་ངེས་ཡིན། འོན་ཀྱང་ཕྱིས་ཀྱི་གསུང་རབ་རྣམས་ནི་ཤོག་ལྡེབ་ངོས་བྲིས་པས་ཤོག་ལྡེབ་རེར་ཡིག་ཕྲེང་མང་ཉུང་གཅིག་ལྟར་ཡིན་པའི་གྲངས་འབོར་དེས་རྣམ་གྲངས་དེའི་གྲངས་འབོར་ཚོད་འཛིན་ཐུབ་པས་བམ་གྲངས་ངེས་པར་དགོས་གལ་མ་མཆིས་པས་དེའི་རྒྱུན་རང་བཞིན་དུ་མེད་པར་གྱུར་ཡོད། ཅེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས། ༡༩༩༧ ལོ། ཤོག་གྲངས་ ༣༥

[2] རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༧

[3] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣

[4] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཇོ༽ དེབ་ཨང་ ༡༡༦ པ། ༢༠༠༠ ལོ། ཤོག་གྲངས་ ༧༨༦

[5] བྱམས་པ་བསམ་གཏན་གྱིས་ཞུས་སྒྲིག་དང་མཆན་བུ་བཏབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་གྲངས་ I

[6] བསྟན་དར་ལྷ་རམས་པའི་གསུང་འབུམ། སྟོད་ཆ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡༨༧

[7] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣

[8] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༤༧༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༣ ནས་ ༤༠༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *