༢༽ མར་མེ་མཛད་ཀྱི་གསུང་རྩོམ་སྒྱུར་ཞུ་གསུམ་སྐོར།
གོང་གསལ་དཔལ་མར་མེ་མཛད་ཅེས་པ་ལས་མར་མེ་མཛད་བཟང་པོ་དང་། མར་མེ་མཛད་ཡེ་ཤེས་གཉིས་པོ་གང་ཡང་མི་གསལ་བའི་ཆོས་ཚན་ ༢༣ བཞུགས་པ་དེ་དག་གི་མཛད་བྱང་དུ་མར་མེ་མཛད་ཅེས་པའི་མཚན་གྱི་ཆེ་བསྟོད་དུ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཅེས་གསལ་བ་ ༢ དང་། རྒྱ་གར་གྱི་མཁན་པོ་མཁས་པར་གྲགས་པ་དཔལ་མར་མེ་མཛད་ཅེས་གསལ་བ་ ༡ སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཅེས་གསལ་བ་ ༢ སློབ་དཔོན་མར་མེ་མཛད་ཅེས་གསལ་བ་ ༣
རྒྱ་གར་གྱི་མཁན་པོ་མར་མེ་མཛད་ཅེས་གསལ་བ་ ༡ སློབ་དཔོན་ཇོ་བོ་རྗེ་ཞེས་གསལ་བ་ ༡ སློབ་དཔོན་དཔལ་མར་མེ་མཛད་ཅེས་གསལ་བ་ ༡ སློབ་དཔོན་ཆེན་པོ་མར་མེ་མཛད་ཅེས་གསལ་བ་ ༤ དཔལ་མར་མེ་མཛད་ཅེས་གསལ་བ་ ༨ བཅས་མར་མེ་མཛད་ཅེས་པའི་མཚན་ཟུར་གྱི་ཆེ་བསྟོད་དུ་སློབ་དཔོན་དང་། སློབ་དཔོན་ཆེན་པོ། སློབ་དཔོན་མཁས་པ་ཆེན་པོ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ། དཔལ་བཅས་རིགས་ལྔ་ཙམ་གསལ་ལོ།།
གསུང་བཟང་དེ་དག་ལ་རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༡༡ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་ ༡༢ ཡོད་ལ། དེ་བཞིན་འགྱུར་བྱང་མི་གསལ་བའི་ཆོས་ཚན་ ༡༤ དང་། འགྱུར་བྱང་གསལ་བའི་གསུང་ཆོས་ཚན་ ༩ ཡོད་པ་ལས། བསྒྱུར་ཞུས་གཏན་འབེབས་མཛད་མཁན་ནི། པཎྜི་ཏ་དེ་ཉིད་དེ་དཔལ་མར་མེ་མཛད་ཀྱི་འགྱུར་བྱང་གསལ་བ་ ༡ དང་། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིའི་རང་འགྱུར་གྲངས་ ༧ བོད་ཀྱི་ལོ་ཙཱ་བ་ལོ་ཙཱ་བ་རིན་ཆེན་བཟང་པོས་སྒྲ་སྒྱུར་མཛད་པའི་གཞུང་ ༡ གཅིག་བཅས་རྒྱ་གར་གྱི་པཎྜི་ཏ་གཉིས་དང་། བོད་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་གཅིག་གིས་བསྒྱུར་ཞུས་གཏན་འབེབས་མཛད་པའོ།།
དེ་ལྟར་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་སྟེ་མར་མེ་མཛད་ཡེ་ཤེས་དང་། སློབ་དཔོན་མར་མེ་མཛད་བཟང་པོ། མར་མེ་མཛད་བཅས་སྡེ་ཚན་གསུམ་དུ་ཕྱེ་ནས་དཀར་ཆག་སོ་སོར་བཀོད་པའི་གསུང་རྣམས་ཕྱོགས་གཅིག་ཏུ་བསྡོམས་ན། བསྟན་འགྱུར་པར་མ་ཁག་ཏུ་བཞུགས་པའི་ཆོས་ཚན་གྲངས་ ༡༥༩ ཡོད་པ་ལས། རྒྱུད་ཀྱི་སྐོར་ལ་ཆོས་ཚན་གྲངས་ ༡༢༨ དང་། ཤེར་ཕྱིན་གྱི་སྐོར་ལ་ཆོས་ཚན་གྲངས་ ༢ དབུ་མའི་སྐོར་ལ་ཆོས་ཚན་གྲངས་ ༢༦ མདོ་སྡེའི་སྐོར་ལ་ཆོས་ཚན་གྲངས་ ༡ སྤྲིང་ཡིག་གི་སྐོར་ལ་ཆོས་ཚན་གྲངས་ ༡ སྣ་ཚོགས་ཀྱི་སྐོར་ལ་ཆོས་ཚན་གྲངས་ ༡ བཞུགས་པ་རྣམས་ལེགས་སྦྱར་གྱི་སྐད་ནས་བོད་བསྒྱུར་གནང་བ་ཤ་སྟག་ཡིན་ཅིང་། ཆོས་ཚན་དེ་དག་ལས་ཅོ་ནེ་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༢༣ དང་། སྡེ་དགེ་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༢༣ སྣར་ཐང་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ ཡོད།
དེ་བཞིན་བསྟན་འགྱུར་དུ་བཞུགས་པའི་ཆོས་ཚན་ཁྱོན་བསྡོམས་ ༡༥༩ བཞུགས་པ་ནས་ལེགས་སྦྱར་སྐད་གསལ་བའི་ཆོས་ཚན་གྲངས་ ༡༠༩ དང་། ལེགས་སྦྱར་སྐད་མི་གསལ་བའི་ཆོས་ཚན་གྲངས་ ༥༠ ཡོད་ལ། ཡང་འགྱུར་བྱང་གསལ་བའི་ཆོས་ཚན་གྲངས་ ༩༠ དང་། འགྱུར་བྱང་མི་གསལ་བའི་ཆོས་ཚན་གྲངས་ ༦༩ ཡོད་ཅིང་། ཆོས་ཚན་ ༡༥༩ ཡོད་པ་རྣམས་ཀྱི་ཁྲོད་ནས་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་པའི་ཆོས་ཚན་གྲངས་ ༢༨ དང་། ལེགས་སྦྱར་གྱི་མ་དཔེ་རྩ་བརླག་ཏུ་སོང་བའི་ཆོས་ཚན་གྲངས་ ༡༣༡ ཡོད་པར་མ་ཟད། ཆོས་ཚན་དེ་དག་གི་ཁྲོད་ནས་དབང་ལུང་མན་ངག་གི་རྒྱུན་བཞུགས་པའི་ཆོས་ཚན་གྲངས་ ༣༩ དང་། དབང་ལུང་མན་ངག་གི་རྒྱུན་མི་བཞུགས་པའི་ཆོས་ཚན་གྲངས་ ༡༢༠ ཡོད་པ་བཅས་སོ།།
གཞན་ཡང་གོང་གསལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་ཁག་ཏུ་འཁོད་པའི་གསུང་ཆོས་ཚན་ ༡༠༧ བཞུགས་པའི་ཁྲོད་ནས་ཆོས་ཚན་ཨང་ ༥༤ ནས་ ༧༦ བར་གྱི་ཆོས་ཚན་ ༢༣ རྣམས་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་བཞུགས་ཀྱང་། སྣར་ཐང་དང་པེ་ཅིན་པར་མ་གཉིས་སུ་བཞུགས་པ་ལྟར་འདིར་ཞལ་སྐོང་ཞུས་ཤིང་། དེ་འཕྲོས་ཆོས་ཚན་ ༨༤ དང་། དཔལ་མར་མེ་མཛད་ཀྱི་མཛད་བྱང་གསལ་བའི་ཆོས་ཚན་ ༢༣། མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་ཆོས་ཚན་ ༢༩ བཅས་ཆོས་ཚན་ ༡༣༦ རྣམས་བསྟན་འགྱུར་པར་མ་བཞི་གར་བཞུགས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༤ ནས་ ༡༨༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།