ཅ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།
༡༽ ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས།
ཞུ་ཆེན་གྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ག་རོད་ (རོང་) ཚུལ་ཁྲིམས་འབྱུང་གནས་དེ་ཝ་རྩེ་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང་། དེ་ནས་ཁ་ཆེ་དང༌། བལ་ཡུལ།
རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བར་མཛད།[1]
དེ་བཞིན་གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[2]། ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དཔལ་ལྡན་རྒྱལ་པོ་ཛ་གཏྟ་ཏཱ་ལར་གནས་པས་མཛད་པ་བཅོམ་ལྡན་འདས་མ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་སུ་འབྲངས་པ་གཞུང་ཚད་ཤླཽ་ཀ་སྟོང་ཕྲག་བརྒྱད་པ། འདི་ནི་དཔལ་སྒྱེའུ་རིའི་དྲུང་དུ་ཆོས་འཁོར་དབེན་པའི་གཙུག་ལག་ཁང་དུ་བསྒྱུར་པ། རྨུགས་འཛིན་འཆོལ་བའི་སྒྲུབ་ཐབས་ཞེས་བྱ་བ་པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟས་མཛད་པ། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཆོས་འཁོར་ཤོད་མའི་གཙུག་ལག་ཁང་དུ་བསྒྱུར་པ་ལ། སླད་ཀྱིས་ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་དག་པར་བཅོས་པ། སྙིང་པོ་བསྡུ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་པ་མཛད་པ། འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། འདི་ནི་དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་ཚའི་གཙུག་ལག་ཁང་དུ་འགྱུར་བ། འདི་ལ་ཤླཽ་ཀ་སྟོང་ཕྲག་བཅུ་བཞི་ཡོད་དོ། །སློབ་དཔོན་ཆེན་པོའི་སྲས་སེང་གེ་ཞབས་འབྲིང་བས་མཛད་པའི་སྐྱེས་པའི་རབས་ཀྱི་ཕྲེང་བ་སུམ་ཅུ་རྩ་ལྔ་པ། འདི་ནི་དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་པའི་གཙུག་ལག་ཁང་དུ་འགྱུར། ཞེས་བྱུང་ལ། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར་གཞུང་དུ། འདུལ་བ་རང་གི་རྣམ་བཤད་བསྒྱུར་བར་གསལ་བས་འདི་དང་འཁྲུལ་ལམ་སྙམ་ལ། ལ་ལས་འཁྲུངས་འདས་ལོ་ཚིགས་ (1107-1190) འདོད་པ་ལྟར་ཡིན་མིན་དཔྱད་དགོས་པར་སྣང་ངོ་།།
སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་མཆོག་ནི། ཕྱི་ལོ་ ༡༡༠༧ ལོར་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པར་མྱང་སྟོད་དུ་རྒྱ་འདུལ་འཛིན་ལས་རབ་ཏུ་བྱུང་ཞིང་། མཆིམས་ཐམས་ཅད་མཁྱེན་པ་ལས་སྤྱོད་ཕྱོགས་གསན། རྒྱ་འདུལ་འཛིན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྒྱ་གར་མ་ག་དྷར་ཕེབས་ཏེ་ཙ་མི་སངས་རྒྱས་གྲགས་པའི་དྲུང་དུ་ལོ་ཙཱ་བསླབས། རང་ཡུལ་དུ་ཕེབས་ནས་ཡབ་ཀྱིས་དབུ་བཙུགས་པའི་འབུམ་ཉི་ཤུ་དུམ་ཅིག་གི་བཞེངས་འཕྲོ་ཡང་རྫོགས་པར་མཛད། སླར་ཡང་རྒྱ་གར་དུ་ཕེབས་ཏེ་པཎྜི་ཏ་ཆེན་པོ་སི་ག་ཏ་བིར་ཝ་དང་། ཙནྡྲ་ཀཱིརྟི་སོགས་པཎ་ཆེན་བཅུ་གསུམ་བསྟེན་ནས་སྔགས་མཚན་ཉིད་ཀྱི་གསན་པ་མང་དུ་མཛད་ཅིང་། སྒྲུབ་ཐབས་བསྡུས་པ་ཆེན་པོ་དང་། ཉི་ཁྲི་གཞུང་འགྲེལ་སོགས་ལ་འགྱུར་བཅོས་མཛད། སློབ་མ་གྲགས་ཆེ་བ་ཆག་ལོ་དགྲ་བཅོམ་པ་ཡིན། སྒྱུར་རྩོམ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་བ་ཟབ་མོ་དོན་གྱི་འགྲེལ་པ་སོགས་བཞུགས། ཕྱི་ལོ་ ༡༡༩༠ ལོར་སྐུ་གཤེགས།[3] མདོར་ན། ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་དང་། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་གཉིས་གཅིག་དང་ཐ་དད་གང་ཡིན་དཔྱད་དགོས་སོ།།
དེ་མིན་སྒྱུར་བྱེད་ལོ་ཙཱ་བ། ༢༽ སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་ཆད་ནག་ཚོ་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་སྒྲ་སྒྱུར་མཛད་ཅིང་། འདི་པའི་རྣམ་ཐར་སློབ་དཔོན་སེངྒེ་བཟང་པོའི་གསུང་གི་སྐབས་སུ་དང་། ༣༽ སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་དང་། ཕུང་པོ་ལྔའི་རྣམ་པར་འགྲེལ་པ་གཉིས་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་ནི། རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་དང་། ༤༽ སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ལས་བརྒྱ་རྩ་གཅིག་པ་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་གི་སྐབས་བཅས་སོ་སོར་བཀོད་ཟིན་པས་དེ་དག་ཏུ་གཟིགས་པར་འཚལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༠༡
[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་པར་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༥༧
[3] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༣༥༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣ ནས་ ༢༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།