གཉིས་པ། འདུལ་བའི་སྐོར།
༤༽ འདུལ་བ་ ༼ཝུ༽ པ་ལ། རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ། བོད་སྐད་དུ། (རྩ་བའི་ལུང་དང་བཤད་པའི་ལུང་ཐམས་ཅད་ཀྱི་དགོངས་འགྲེལ་མཚན་ཉིད་གཏན་ལ་འབེབས་པར་བྱེད་པ་) འདུལ་བའི་མདོ། གཞུང་གི་མཛད་བྱང་ལས[1]། འདུལ་བའི་མདོ་ཞེས་བྱ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ། འདུལ་བ་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་པ། འདུལ་བའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུ་འདི་ནི།
འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། བདེ་བར་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབས་པས། སྡེ་པ་ཐམས་ཅད་ཀྱི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ་ཡིན་ནོ། །
དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ། ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤླཽ་ཀ་ཉིས་སྟོང་བདུན་བརྒྱ་ཡོད་དོ། །བམ་པོ་དགུར་བྱས་སོ། །མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང་མ་ལས[2]། བིན་ཡ་སཱུ་ཏྲ། འདུལ་བའི་མདོ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་དང་། དེའི་འགྲེལ་པ་ཅུང་མ་ཚང་བའི་དབུ་ལ་ཤཱི་ལ་ཨ་ཀ་རས་མཆན་བུ་བྲིས་པ་བྱ་བ་དང་། མཇུག་ཏུ། དཔལ་ལྡན་བི་ཀྲ་མ་ཤི་ལར་དཔྱིད་ཟླ་རྭ་བ་ལ་གནུབས་ཆོས་ཀྱི་གྲགས་པས་བྲིས་བྱ་བ་སྣང་ཞིང་། འདི་ཡང་དཔེ་གོང་མཚུངས་ལེགས་སྦྱར་བོད་ཡིག་ཏུ་བྲིས་པ་སྟེ། ཨཱི་རིང་པོ་ལ་ཨིའི་ཞེས་གུ་གུ་ཉིས་བརྩེགས་དང་། དེ་བཞིན་ཀཱ་ལ་ཀུ་སོགས་ལ་ཡང་ཞབས་ཀྱུ་ཉིས་བརྩེགས་བྲིས་པ་ཙམ་ལས་ཕལ་ཆེར་ད་ལྟའི་བྲིས་དང་མཐུན་པ་འདུག །ཅེས་བྱུང་བ་ལྟར། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[3]། འདུལ་འཛིན་ཆེན་པོ་སློབ་དཔོན་ཡོན་ཏན་འོད་ཀྱི་ཚུལ་ཁྲིམས་ལེའུའི་བཤད་པ། བྱང་སའི་འགྲེལ་པ། ཕུང་པོ་ལྔའི་འགྲེལ་པ་བཅས་དང་། ལྷག་པར་ཤིན་ཏུ་གལ་ཆེའི་འདུལ་གཞུང་མདོ་རྩ་བའི་ལེགས་སྦྱར་ཕྱི་མོའང་བཞུགས། སློབ་དཔོན་འདིའི་སྐོར་རྒི་རྗོས་གསུངས་ཡོད་པས་དེའི་གོང་རོལ་ཏུ་བྱོན་པར་མཚོན་ནོ། །ཞེས་ཀྱང་གསལ་ལོ།།
སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་བཅོས་གྲགས་ཅན་འདུལ་བ་མདོ་རྩ་བ་ནི། བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ཁག་ཏུ་འདུལ་བ་མདོ་རྩ་ཞེས་ཀུན་གྱིས་གཙིགས་ཆེར་འཛིན་ཅིང་། འདུལ་བ་མདོ་རྩ་བར་སློབ་དཔོན་ཡོན་ཏན་འོད་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་གསུམ་དང་། པཎ་གྲུབ་གཞན་གྱིས་མཛད་པའི་འགྲེལ་པ་གསུམ་བཅས་རྒྱ་འགྲེལ་དྲུག་ཡོད་པ་ལས། ཡོན་ཏན་འོད་རང་ཉིད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བའི་རང་འགྲེལ་ཡོན་ཏན་འོད་མ་དང་། ཤེས་རབ་བྱེད་པའི་འགྲེལ་པ་དང་། བསྡུས་དོན་བཅས་རང་གིས་མཛད་པ་གསུམ་དང་། གཞན་འགྲེལ་གསུམ་ནི། སློབ་དཔོན་ཤཱཀྱ་འོད་དང་། སློབ་དཔོན་དགེ་ལེགས་བཤེས་གཉེན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་བཅས་ཀྱིས་མཛད་པའི་འདུལ་བ་མདོ་རྩའི་འགྲེལ་པ་གསུམ་བཅས་རྒྱ་འགྲེལ་དྲུག་ཏུ་བཞུགས་པ་ལས། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་རྒྱ་ཆེར་འགྲེལ་པ་ནི་མཆོག་ཏུ་གྱུར་པར་གྲགས་ཤིང་། བོད་འགྲེལ་ལྔ་བཅུ་ཙམ་ཞིག་ཀྱང་བཞུགས་པར་གྲགས་སོ།།
དེ་ལྟར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགོངས་པ་འགྲེལ་བར་མཛད་པ་པོ་རྒྱ་གར་འཕགས་ཡུལ་གྱི་འདུལ་བའི་སློབ་དཔོན་ནི། འདུལ་འཛིན་སློབ་དཔོན་ཡོན་ཏན་འོད་དང་། སློབ་དཔོན་ཤཱཀྱ་འོད། གཞན་ཡང་བཤེས་གཉེན་དྲུག་སྟེ། དྲི་མེད་བཤེས་གཉེན་དང་། ཁྱད་པར་བཤེས་གཉེན། དགེ་ལེགས་བཤེས་གཉེན། དགེ་བའི་བཤེས་གཉེན། ཚུལ་ཁྲིམས་བཤེས་གཉེན། ཆོས་ཀྱི་བཤེས་གཉེན་ལ་སོགས་པ་རྣམས་ཡིན་ཚུལ་བོད་དུ་གྲགས་ཤིང་། སློབ་དཔོན་དེ་དག་གིས་གཙོ་བོ་འདུལ་བའི་དགོངས་དོན་བཀྲལ་བར་བཞེད་དོ།།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[4]། འདུལ་བ་མདོ་རྩ་བའི་བཤད་ལུང་། འདུལ་བ་རྒྱ་མཚོའི་སྙིང་པོ་དང་། འཕོ་ཁྲིད་གསེར་གྱི་སྒོ་འབྱེད་ཀྱི་ལུང་ཁྲིད། བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་དང་དབུ་མ་དགོངས་པ་རབ་གསལ་སྦྲགས་པའི་བཤད་ལུང་། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ཆེན་པོ་ལེགས་བཤད་སྙིང་པོའི་བཤད་ལུང་། ཞེས་གསུངས་པ་ལྟར། འདུལ་བ་མདོ་རྩ་བའི་བཤད་ལུང་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་གསན་བཞེས་མཛད་པར་གསུངས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཝུ༽ ཚན་གྲངས་ ༡ བམ་པོ་ ༩ ལྡེབ་ ༡ན༡ ནས་ ༡༠༠ན༧ བར་ཡིག་ཕྲེང་ ༡༣༨༢ ཚེག་ཁྱིམ་ ༧༩༠༣༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་མདོ་རྩ། པོད་རྟགས། ༼ཟུ༽ ཚན་གྲངས་ ༡ བམ་པོ་ ༩ ལྡེབ་ ༡ན༡ ནས་ ༡༠༩བ༧ བར་ཡིག་ཕྲེང་ ༡༧༣༠ ཚེག་ཁྱིམ་ ༧༨༩༨༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཟུ༽ ཚན་གྲངས་ ༡ བམ་པོ་ ༩ ལྡེབ་ ༡ན༡ ནས་ ༡༠༣ན༧ བར་ཡིག་ཕྲེང་ ༡༤༡༦ ཚེག་ཁྱིམ་ ༧༨༩༤༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཝུ༽ ཚན་གྲངས་ ༡ བམ་པོ་ ༩ ལྡེབ་ ༡ན༡ ནས་ ༩༨བ༡ བར་ཡིག་ཕྲེང་ ༡༣༥༥ ཚེག་ཁྱིམ་ ༧༩༠༢༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཝུ༽ དེབ་ཨང་ ༨༨ ཤོག་གྲངས་ ༨༣༧ ནས་ ༡༠༨༢ བར་བཞུགས་པ་བཅས་སོ།།
༥༽ འདུལ་བ་ ༼ཝུ༽ པ་ལ། རྒྱ་གར་སྐད་དུ། ཨེ་ཀོཏ་ཏ་ར་ཀཾ་ཀརྨ་ཤ་ཏཾ། བོད་སྐད་དུ། (ཆོ་ག་ལག་ལེན་གཏན་ལ་འབེབས་པར་བྱེད་པ།) ལས་བརྒྱ་རྩ་གཅིག་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། གཞུང་གི་མཛད་བྱང་ལས་[5]ཀྱང་། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། བདེ་བར་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབས་པ། སྡེ་པ་ཐམས་ཅད་ཀྱི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ། དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ། ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤླཽ་ཀ་ནི་སུམ་སྟོང་བདུན་བརྒྱ་ཡོད་དོ། །བམ་པོ་དགུར་བྱས་སོ། །ཞེས་དང་། བུ་སྟོན་ (1290-1364) ཆོས་འབྱུང་ལས[6]། ལས་བརྒྱ་རྩ་གཅིག་པ་ཤུ་ལོ་ཀ་སུམ་སྟོང་དྲུག་བརྒྱ། བམ་པོ་བཅུ་གཉིས་པ་ཀླུའི་རྒྱལ་མཚན་གྱི་འགྱུར། ཞེས་གཞུང་ཚད་ཀྱི་ཤླཽ་ཀ་དང་། བམ་པོ་གཉིས་ཀའི་གྲངས་མི་མཚུངས་པ་ཞིག་གསལ་ལ། གཞུང་འདི་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བསྒྱུར་བ་ཞིག་དང་། ཤླཽ་ཀ་སུམ་སྟོང་བདུན་བརྒྱ་དང་བམ་པོ་དགུ་ཡོད་པ་སྡེ་དགེ་བསྟན་འགྱུར་དཀར་ཆག་དང་། དཀར་ཆག་ལྡན་དཀར་མ་གཉིས་སུའང་གསལ་ལོ། །གཞན་ཡང་བུ་སྟོན་ (1290-1364) ཆོས་འབྱུང་ལས[7]། ཁ་ཅིག་ལས་བརྒྱ་རྩ་གཅིག་དུལ་བ་ལྷས་བྱས་པར་འདོད་དོ། །ཞེས་ཀྱང་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཝུ༽ ཚན་གྲངས་ ༢ བམ་པོ་ ༩ ལྡེབ་ ༡༠༠བ༡ ནས་ ༢༥༩ན༧ བར་ཡིག་ཕྲེང་ ༢༢༡༢ ཚེག་ཁྱིམ་ ༡༢༨༨༦༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་མདོ་རྩ། པོད་རྟགས། ༼ཟུ༽ ཚན་གྲངས་ ༢ བམ་པོ་ ༩ ལྡེབ་ ༡༠༩བ༨ ནས་ ༢༩༨ན༨ བར་ཡིག་ཕྲེང་ ༣༡༥༠ ཚེག་ཁྱིམ་ ༡༢༨༧༠༥༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཟུ༽ ཚན་གྲངས་ ༢ བམ་པོ་ ༩ ལྡེབ་ ༡༠༣ན༧ ནས་ ༢༨༧ན༦ བར་ཡིག་ཕྲེང་ ༢༥༧༦ ཚེག་ཁྱིམ་ ༡༢༨༧༨༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཝུ༽ ཚན་གྲངས་ ༢ བམ་པོ་ ༩ ལྡེབ་ ༩༨བ༡ ནས་ ༢༥༦ན༦ བར་ཡིག་ཕྲེང་ ༢༢༡༡ ཚེག་ཁྱིམ་ ༡༢༨༨༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཝུ༽ དེབ་ཨང་ ༨༨ ཤོག་གྲངས་ ༡༡༠༥ ནས་ ༡༤༩༡ བར་བཞུགས་པ་བཅས་སོ།།
༦༽ འདུལ་བ་ ༼ཞུ༽ ༼ཟུ༽ གཉིས་ལ། རྒྱ་གར་སྐད་དུ། སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲིཏྟི་ནཱ་མ། བོད་སྐད་དུ། འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བའམ། གཞུང་དེ་ཉིད་ལས[8]། འདུལ་བ་མདོའི་འགྲེལ་པ་བཅོམ་བརླག་མ་ཞེས་བྱ་བ། ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། འདི་ནི་དཔལ་ས་ཉིའི་གཙུག་ལག་ཁང་ཆེན་པོར་རྗེ་བཙུན་དམ་པ་རྒྱལ་པོ་ཆེན་པོའི་ཡང་ཆེན་པོ་དབང་ཕྱུག་དམ་པ་དཔལ་ཚུལ་ཁྲིམས་ཉི་མའི་ལྷ་རབ་ཏུ་རྒྱས་པར་གྱུར་པ་རྣམ་པར་རྒྱལ་བའི་རྒྱལ་སྲིད་ཀྱི་ལོ་ལ་བྲིས་པ་ཡིན་ནོ། །གང་འདི་འདུལ་བའི་སྡེ་སྣོད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལས་ལྷག་པའི་འབུམ་ཕྲག་གཅིག་གི་དོན་གསལ་བར་བྱེད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བའི་བསོད་ནམས་གང་དེས་མཁན་པོ་དང་སློབ་དཔོན་དང་ཕ་དང་མ་སྔོན་དུ་འགྲོ་བར་བྱས་པའི་མ་ལུས་པའི་སེམས་ཅན་གྱི་ཕུང་པོས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་གྱུར་ཅིག།
འབུམ་གྱི་ཚད་ལྡན་འདུལ་བའི་རྒྱ་མཚོ་ཆེན་པོ་དག །སྟོན་པས་གསུངས་པ་ལས་ནི་མན་ངག་ཚུལ་གྱིས་འདིར། །གཟིངས་ནི་ཡང་དག་ཐོབ་ནས་བླ་མའི་དྲིན་གྱིས་ནི། །གང་ཞིག་རིན་ཆེན་མདོ་རྣམས་ཡང་དག་མཛད་པར་གྱུར། །ས་གསུམ་བརྙེས་ནས་དཔལ་ལྡན་རྒྱལ་བ་རྣམས་ཀྱི་སྲས། །ཡོན་ཏན་འོད་ཅེས་བྱ་བ་ཡོན་ཏན་རྣམས་ཀྱིས་གཙོས། །མདོ་ཡི་བཤད་པ་བདུད་རྩིའི་རོ་ཡིས་ཡང་དག་པར། །རང་གིས་མཛད་འདི་འགྲོ་བ་ལ་ནི་ཕན་འདོད་ཅིང༌། །དགེ་སློང་ཕ་མ་ལ་སོགས་འདུལ་བའི་སྣོད་གྱུར་པའི། །འཇིག་རྟེན་ཚིམ་པར་མཛད་ཅིང་གྲགས་པས་ཀུན་ལ་ཁྱབ། །རྒྱལ་བའི་ཡུམ་ལ་ལེགས་པའི་བློ་མངའ་འཕགས་པ་ཐོགས་མེད་བཞིན་དུ་དྲི་མེད་དོན་ཤེས་ཁྱོད། །ཕྱོགས་ཀྱི་གླང་པོའི་བསྡུས་དོན་འདི་ལ་ཡང་ནི་མི་མཉམ་དེ་དང་འདྲ་བར་ཁྱོད་ཀྱིས་གཟུང༌། །སློབ་དཔོན་ཆོས་མཆོག་བཞིན་དུ་ཚད་མ་ལ་མཁས་ཁྱོད་ཀྱིས་ཕྱི་རོལ་དོན་གྲུབ་ལ་སྟེར་བ། །སློབ་དཔོན་དབྱིག་གཉེན་ལྟ་བུར་སེམས་ཅན་རྣམས་ལ་ཁྱོད་ནི་དོན་གཉེར་ལ་དགའ་མཛོད་ནི་སྟེར། །དཔལ་ལྡན་བློ་གྲོས་འབྱུང་གནས་ཞེས་བྱ་བཅོམ་ལྡན་འདས་ཀྱི་བསྟན་པའི་བསླབ་འཛིན་ནི། །གསོལ་དང་བཞི་ཡི་ལས་ཀྱི་ཆོ་གས་དགེ་སློང་རྣམ་དག་བསྙེན་རྫོགས་མཆོག་ནི་ཐོབ་གྱུར་ནས། །གཞན་རྣམས་ལ་ཡང་རུང་དབང་ཐོབ་ནས་རང་གིས་རབ་ཏུ་དབྱུང་ཕྱིར་མཁན་པོ་མཛད་པ་སྟེ། །རང་གི་རྣམ་བཤད་སྒྱུར་བར་བྱེད་པའི་སྦྱིན་བདག་དེ་ནི་ཡུན་རིང་པོར་ནི་གནས་གྱུར་ཅིག །བསྒྱུར་བའི་ཡོན་བདག་ཉིད་མཛད་པས། །ཁྱེད་ཀྱིས་དགེ་བ་གང་ཐོབ་པ། །དེས་ནི་ཚོགས་གཉིས་མྱུར་རྫོགས་ནས། །ཁྱོད་ཉིད་སངས་རྒྱས་ཉིད་གྱུར་ཅིག །
རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་ལངྐར་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པ་གཉིས་ཀྱིས་དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་ཚའི་གཙུག་ལག་ཁང་དུ་བསྒྱུར། གཞུང་ཚད་ནི། གཞུང་དེ་ཉིད་ལས[9]། ཚིགས་བཅད་སྟོང་ཕྲག་བཅུ་བཞི་ནི། །འདི་ཡི་ཚད་དུ་ཤེས་བྱ་སྟེ། །དཔལ་ལྡན་རྒྱལ་ཆེན་ཐམས་ཅད་ཀྱིས། །རྒྱལ་སྲིད་བྱེད་དུས་འདི་བྱས་སོ། །ཞེས་གསུངས་པ་ལྟར། འདི་ལ་གཞུང་ཚད་ཤླཽ་ཀ་སྟོང་ཕྲག་བཅུ་བཞི་ཡོད་དོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀརྨ་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་སྤྱིའི་དོན་མཐའ་དཔྱད་དང་བསྡུས་དོན་ས་བཅད་དང་འབྲུ་ཡི་དོན་མཐར་ཆགས་སུ་གཉེར་བ་བཅས་འཛམ་བུའི་གླིང་གསལ་བར་བྱེད་པའི་རྒྱན་ཉི་མའི་དཀྱིལ་འཁོར་ལས[10]། ལྷག་པར་རྣལ་འབྱོར་གྱི་དབང་ཕྱུག་ཡོན་ཏན་འོད་ཀྱིས། འདུལ་བ་ཀུན་ལས་བཏུས་པ་ཞེས་ཉི་མ་ལྟར་རབ་ཏུ་གསལ་བའི་བསྟན་བཅོས་ཆེན་པོ་འདི་ཉིད་མཛད་ཅིང་། འདི་ལ་རང་འགྲེལ་སྟོང་ཕྲག་བཅུ་བཞི་པ་སྟེ། ཚིགས་བཅད་སྟོང་ཕྲག་བཅུ་བཞི་ནི། །འདི་ཡི་ཚད་དུ་ཤེས་བྱ་སྟེ། །དཔལ་ལྡན་རྒྱལ་ཆེན་ཐམས་ཅད་ཀྱིས། །རྒྱལ་སྲིད་བྱེད་དུས་འདི་བྱས་སོ། །ཞེས་འབྱུང་ལ། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་རྒྱས་འགྲེལ་ཤླཽ་ཀ་ཉིས་ཁྲི་ཆིག་སྟོང་བམ་པོ་བདུན་ཅུ་པར་བྱས་པ་གཉིས་ཀྱི་ཚིག་དོན་ནི་འཁྲུལ་པ་དང་བྲལ་ཞིང་། སློབ་དཔོན་ཤེས་བྱེད་ཀྱིས་མཛད་ཟེར་བའི་འགྲེལ་པ་དང་འགྲེལ་ཆུང་གཉིས་ནི་བོད་མའོ་ཞེས་འདུལ་འཛིན་པ་ཆེན་པོ་དག་གསུང་ངོ་། །ཞེས་བྱུང་ངོ་།། །།
སྟོད་ཆ། འདུལ་བ། ༼ཞུ༽
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཞུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༧༨ན༧ བར་ཡིག་ཕྲེང་ ༣༨༧༤ ཚེག་ཁྱིམ་ ༢༦༩༦༥༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས། ༼འུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༢༨ན༥ བར་ཡིག་ཕྲེང་ ༥༢༢༧ ཚེག་ཁྱིམ་ ༢༥༩༨༡༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼འུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༢༠ན༥ བར་ཡིག་ཕྲེང་ ༤༤༥༢ ཚེག་ཁྱིམ་ ༢༥༩༧༩༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཞུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༨༣ན༧ བར་ཡིག་ཕྲེང་ ༣༩༤༣ ཚེག་ཁྱིམ་ ༢༥༩༦༥༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཞུ༽ དེབ་ཨང་ ༨༩ ཤོག་གྲངས་ ༣ ནས་ ༧༠༤ བར་བཞུགས་པ་བཅས་སོ།། །།
སྨད་ཆ། འདུལ་བ། ༼ཟུ༽
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཟུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༧༤ན༧ བར་ཡིག་ཕྲེང་ ༣༨༡༨ ཚེག་ཁྱིམ་ ༢༣༩༣༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་མདོ་རྩ། པོད་རྟགས། ༼ཡུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༤༢ན༢ བར་ཡིག་ཕྲེང་ ༥༤༥༡ ཚེག་ཁྱིམ་ ༢༣༩༠༦༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཡུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༡༤ན༧ བར་ཡིག་ཕྲེང་ ༤༣༧༠ ཚེག་ཁྱིམ་ ༢༣༩༠༦༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཟུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༨༠ན༦ བར་ཡིག་ཕྲེང་ ༣༩༠༡ ཚེག་ཁྱིམ་ ༢༣༩༤༧༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཟུ༽ དེབ་ཨང་ ༨༩ ཤོག་གྲངས་ ༧༦༡ ནས་ ༡༤༤༣ བར་བཞུགས་པ་བཅས་སོ།། །།
(དཀར་ཆག་གི་ཟུར་མཆན། གཞུང་འདི་ཉིད་འདུལ་བ་ཞུ་དང་ཟུ་ལ་སྟོད་སྨད་
གཉིས་སུ་གསལ་བ་ལྟར་བསྡུར་འབྲས་ཀྱང་སོ་སོར་བཀོད་པའོ།།)
༧༽ འདུལ་བ་ ༼ལུ༽ པ་ལ། རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ་བྷིཏྟི། བོད་སྐད་དུ། འདུལ་བ་མདོའི་འགྲེལ་པ། སྡེ་བསྟན་དཀར་ཆག་ལས[11]། འདུལ་བ་མདོའི་རྩ་བའི་འགྲེལ་པ་ཆུང་བ། ཞེས་བྱུང་ལ། མཛད་བྱང་ལས་[12]ཀྱང་། འདུལ་བ་མདོའི་རྩ་བའི་འགྲེལ་པ་ཆུང་བ། སློབ་དཔོན་མང་དུ་ཐོས་ཤིང་ཡོན་ཏན་དང་ལྡན་པ་ཡོན་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ་པས་བྱས་པའོ། །ཞེས་གསལ། འོན་ཀྱང་འདི་ལ་འགྱུར་བྱང་མི་གསལ་ཞིང་། སྡེ་བསྟན་དཀར་ཆག་ལས[13]། ཡོན་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ་པས་བྱས་པར་གྲགས་པ་བཞུགས། འདི་བོད་མར་ཐེ་ཚོམ་ཟའོ། །ཞེས་དང་། བུ་སྟོན་ (1290-1364) ཆོས་འབྱུང་ལས་[14]ཀྱང་། འདུལ་བའི་མདོའི་འགྲེལ་ཆུང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་ཟེར་བ་འདི་ཐེ་ཚོམ་གྱི་གཞི་ཡིན། ཞེས་ཀྱང་བྱུང་ངོ་།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཟུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༧༤ན༧ བར་ཡིག་ཕྲེང་ ༣༨༡༨ ཚེག་ཁྱིམ་ ༢༣༩༣༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་མདོ་རྩ། པོད་རྟགས། ༼ཡུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༤༢ན༢ བར་ཡིག་ཕྲེང་ ༥༤༥༡ ཚེག་ཁྱིམ་ ༢༣༩༠༦༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཡུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༡༤ན༧ བར་ཡིག་ཕྲེང་ ༤༣༧༠ ཚེག་ཁྱིམ་ ༢༣༩༠༦༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཟུ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༨༠ན༦ བར་ཡིག་ཕྲེང་ ༣༩༠༡ ཚེག་ཁྱིམ་ ༢༣༩༤༧༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ལུ༽ དེབ་ཨང་ ༩༢ ཤོག་གྲངས་ ༧༣༧ ནས་ ༡༥༧༧ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཝུ༽ དེབ་ཨང་ ༨༨ པ། ༡༩༩༥ ལོ། ཤོག་གྲངས་ ༡༠༨༡
[2] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༠
[3] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༧༠༤
[4] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༤༤
[5] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཝུ༽ དེབ་ཨང་ ༨༨ པ། ༡༩༩༥ ལོ། ཤོག་གྲངས་ ༡༤༩༡
[6] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༢༨
[7] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༦༦
[8] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཟུ༽ དེབ་ཨང་ ༨༩ པ། ༡༩༩༥ ལོ། ཤོག་གྲངས་ ༡༤༤༢
[9] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་ ༨༩ པ། ༡༩༩༥ ལོ། ཤོག་གྲངས་ ༡༤༤༢
[10] མི་བསྐྱོད་རྡོ་རྗེའི་གསུང་འབུམ། པོད། ༼ཇ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༩ན༡
[11] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༧༡
[12] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ལུ༽ དེབ་ཨང་ ༩༢ པ། ༡༩༩༥ ལོ། ཤོག་གྲངས་ ༡༥༧༧
[13] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༧༡
[14] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༢༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥ ནས་ ༡༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།