ག༽ མཛད་པ་པོའི་མཚན་དང་། བསྒྱུར་བྱའི་སྐད་ཡིག
དང་པོ། ཀུན་མཁྱེན་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་གྱི་གསུང་ལ་མཚོན་ན། བསྟོད་ཚོགས་དང་། རྒྱུད། ཤེར་ཕྱིན། མདོ་སྡེ། སེམས་ཙམ། མངོན་པ། འདུལ་བ། སྐྱེས་རབས། སྤྲིང་ཡིག་བཅས་སྡེ་ཚན་ཁག་དགུ་ལ་གསུང་ཆོས་ཚན་རྣམ་གྲངས་ ༣༩ བཞུགས་པ་ལས། བསྟོད་ཚོགས་སུ་ཆོས་ཚན་ ༡ དང་། རྒྱུད་ལ་ ༡ ཤེར་ཕྱིན་ལ་ ༢ མདོ་སྡེ་ལ་ ༡༠ སེམས་ཙམ་ལ་ ༡༥ མངོན་པ་ལ་ ༤
འདུལ་བ་ལ་ ༡ སྐྱེས་རབས་ལ་ ༣ སྤྲིང་ཡིག་ ༢ བཅས་ཆོས་ཚན་ཁག་ ༣༩ བཞུགས་པ་ལས། གཞུང་དངོས་ཀྱི་མཇུག་བྱང་དུ་གསལ་བ་ལྟར་ན་སློབ་དཔོན་དབྱིག་གཉེན་གྱི་མཚན་འཁོད་པའི་ཆོས་ཚན་ ༣༥ དང་། སློབ་དཔོན་སའི་རྩ་ལག་ཅེས་འཁོད་པའི་ཆོས་ཚན་ ༢ ལེགས་སྦྱར་མཚན་སློབ་དཔོན་བ་སུ་བནྡྷུ་ཞེས་གསལ་བའི་ཆོས་ཚན་ ༡ དབྱིག་གི་བཤེས་གཉེན་ཞེས་གསལ་བའི་ཆོས་ཚན་ ༡ བཅས་མཆིས་སོ།།
གཉིས་པ། གསུང་བཟང་དེ་དག་སྐད་ཡིག་གང་དག་ལས་བསྒྱུར་བ་ནི། ༡ རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ་ལི་ཡུལ་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། ༢ མདོ་སྡེ་ ༼དི༽ པར་བཞུགས་པའི་དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་རྒྱ་ལས་བསྒྱུར་བ་དང་། ༣ སེམས་ཙམ་ ༼ཤི༽ པར་བཞུགས་པའི་ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་དཔལ་ལྡན་དབང་ཕྱུག་རྒྱའི་ལོ་ཙཱ་བ་ཐང་སན་ཙང་གིས་རྒྱ་གར་གྱི་སྐད་ལས་རྒྱའི་སྐད་དུ་བསྒྱུར་ཅིང༌། ཕྱིས་སྟོན་པ་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས་བསྒྱུར་བར་ཞུས་པའི་དོན་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ། རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ལེགས་པར་གཏན་ལ་ཕབ་པ་ལས། དེ་འཕྲོས་ཆོས་ཚན་ ༣༦ ཡོངས་རྫོགས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་ཞུས་གཏན་ལ་ཕབ་པ་ཤ་སྟག་གོ། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༡ ནས་ ༣༡༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།