ང༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།
དང་པོ། སློབ་དཔོན་འདིའི་གསུང་བཟང་རྣམས་ལེགས་སྦྱར་གྱི་སྐད་ནས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་གཏན་འབེབས་མཛད་མཁན་གྱི་རྒྱ་གར་བའི་མཁན་པོ་དང་པཎྜི་ཏ་ནི། ཤྲཱི་ལེནྡྲ་བོ་དྷི། ཇོ་བོ་ཆེན་པོ། པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི། རྒྱ་གར་གྱི་མཁན་པོ་དགེ་སློང་ཨ་ཛི་ཏ་ཤྲཱི་བྷ་དྲ། མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་མཁས་པ་ཆེན་པོ་སད་ཛ་ན་དང༌། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། སུ་རེནྡྲ་བོ་དྷི་བཅས་མཁན་པོ་དང་པཎྜི་ཏ་ཞལ་གྲངས་ ༨ ཡོད།
གཉིས་པ། བོད་གངས་ཅན་ལྗོངས་ཀྱི་སྐད་གཉིས་སྨྲ་བའི་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་དང་། དགེ་བཤེས་སྟོན་པ། གནུབས་ལོ་ཙཱ་བ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ། ལོ་ཙཱ་བ་རིན་ཆེན་བཟང་པོ། ཡར་ལུངས་གྲགས་པ་རྒྱལ་མཚན་བཅས་ཞལ་གྲངས་ ༧། མདོར་ན། འཕགས་བོད་ཀྱི་ལོ་པཎ་ཞལ་གྲངས་ ༡༥ ཡིས་སློབ་དཔོན་འདིའི་གསུང་བཟང་རྣམས་ལེགས་སྦྱར་གྱི་སྐད་ནས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་གཏན་ལ་ཕབ་ཅིང་། གསུང་བཟང་རྣམས་ལ་རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༡༦ དང་། རྒྱ་གར་སྐད་མེད་པའི་ཆོས་ཚན་གྲངས་ ༡ དང་། འགྱུར་བྱང་གསལ་བའི་ཆོས་ཚན་ ༡༥ དང་། འགྱུར་བྱང་མེད་པའི་ཆོས་ཚན་ ༢ བཅས་ཀྱང་མཆིས་ལ། ས་སྡེ་ལྔ་ནང་གསེས་དང་བཅས་པ་སོ་སོར་ཕྱེ་བའི་ཆོས་ཚན་ཁྱོན་ ༢༡ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་ཡིག་བཞུགས་པའི་ཆོས་ཚན་ ༥ དང་། ལེགས་སྦྱར་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་པའི་ཆོས་ཚན་ ༡ ལེགས་སྦྱར་གྱི་མ་དཔེ་རྩ་བརླག་སོང་ཟིན་པའི་ཆོས་ཚན་ ༡༡ ཡོད་པ་བཅས་སོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༩ ནས་ ༢༤༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།