༡༨༽ ལོ་ཙཱ་བ་སྣར་ཐང་པུཎྱ་རསྨི།
ལོ་ཙཱ་བ་སྣར་ཐང་པུཎྱ་རསྨི་ནི། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། མཚན་གཞན་ལ་བསོད་ནམས་འོད་ཟེར་ཡང་ཞུ། སྐུ་ན་ཆུང་ངུའི་དུས་སུ་དཔལ་ལྡན་སྣར་ཐང་གི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་ཞིང་། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་མཛད། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པར་སྦྱངས་པ་མཛད་དེ་སྔགས་ཀློག་ཐབས་བསྡུས་པ་མཛད་དོ།།
དུས་རབས་བཅུ་བཞི་པའི་དུས་འགོར་བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས། ལོ་ཙཱ་བ་འདི་ཉིད་དང་། རྒྱང་རོ་བྱང་ཆུབ་འབུམ་རྣམས་ཀྱིས་སྣར་ཐང་གི་དགེ་བཤེས་འཇམ་དགག་པའི་མཐུན་རྐྱེན་ལ་བརྟེན་ནས། སྐབས་དེར་དབུས་གཙང་མངའ་རིས་སོགས་སུ་བཞུགས་པའི་བཀའ་དང་བསྟན་བཅོས་ཀྱི་འགྱུར་རྙེད་དོ་ཅོག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཞུ་དག་གནང་ཞིང་། སྡེ་ཚན་དང་གོ་རིམ་བསྒྲིགས་ནས་བོད་དུ་བཀའ་བསྟན་དཔེ་ཚོགས་ཀྱི་ལས་གཞི་རྒྱ་ཆེན་པོ་དེ་བསྒྲུབས་པ་དང་། དེས་ཀྱང་བོད་ཀྱི་རིག་གནས་རྒྱུན་གནས་དང་དར་སྤེལ་གྱི་རྨང་རྡོ་ལྟ་བུར་གྱུར་ཡོད། ཁོང་ཉིད་ཀྱི་ལོ་རྒྱུས་ཞིབ་པ་མ་རྙེད།[1]
ཁོང་གི་འགྱུར་ལ། བསྟན་འགྱུར་ལས། བཟོ་རིག་ ༼ངོ༽ པོད་དུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པའམ་དྲི་སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་ཚིག་ལེའུར་བྱས་པ་དང་། ཡང་སྤོས་སྦྱོར་གྱི་བསྟན་བཅོས་དྲི་སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་ཚིག་ལེའུར་བྱས་པ་སྒྲ་སྒྱུར་མཛད་པ་གསལ་ཡང་། བསྟན་འགྱུར་ནང་བསྟན་བཅོས་གཅིག་ལས་གཉིས་མི་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༢༡༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༩ ནས་ ༣༦༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།