༡༧༽ ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས།

༡༧༽ ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས།

 

ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས་ནི། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རིམ་གྱིས་བཞེས་ཏེ། འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པར་སྦྱངས་ཏེ་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད།

སྒྱུར་རྩོམ་ནི་བསྟན་འགྱུར་ལས། རལ་པ་གཅིག་མ་དམར་མོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཀུན་སྤངས་རྡོ་རྗེས་མཛད་པ་སོགས་བཞུགས་ལ།[1] གཞན་ཡང་། མདོ་འགྲེལ་ ༼ངི༽ པོད་དུ་འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ། ལོ་ཙཱ་བ་ལེགས་པའི་བློ་གྲོས་དང་། ཛྙཱ་ན་ཀུ་མཱ་རས་བསྒྱུར་བ་དང་། ལྷག་པར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ་གཉིས་འགྱུར་བྱང་ལས་བནྡེ་ལེགས་པའི་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༣༠༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༨ ནས་ ༣༥༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *