༡༤༽ ལོ་ཙཱ་བ་ཆེན་པོ་ཁུ་མདོ་སྡེ་འབར།
ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་ཁུ་མདོ་སྡེ་འབར་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང་། ཤ་ར་བ་ཡོན་ཏན་གྲགས་ (1070-1141) དང་དུས་མཉམ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཐོག་དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ།
བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད། སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་ལྷུག་པ་མ་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྟས་མཛད་པ་བཅས་བཞུགས་སོ།།[1] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༡༨༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༥ ནས་ ༣༥༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།