༢༽ རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུ།
དེ་ཡང་རྒྱ་ནག་གི་སྐད་ཡིག་ཐོག་བཞུགས་ཀྱང་བོད་ཡིག་ཏུ་མ་བསྒྱུར་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གསུང་གི་རིགས་ནི། ༡༽ གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་ཆེར་འགྲེལ་བ་བམ་པོ་བརྒྱ་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རིག་འཛིན་ཀུ་མཱ་ར་ཤྲཱིའི་ (ཕྱི་ལོ་ ༤༠༥ ལོར་ལོ་ཙཱ་བ་གཞོན་ནུ་སྲོག་གིས་བསྒྱུར་བ།) འགྱུར།
(བོད་མ་མེད་ཅིང་ཅུང་ཟད་དཔྱད་བྱར་འདུག་གསུངས།) ཞེས་གསལ་བ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ཀྱི་འགྲེལ་པ་རྒྱས་པ། རྒྱའི་བཙུན་པ་གཞོན་ནུའི་སྲོག་གིས་བསྒྱུར་བ་སྟེ། རྒྱ་ནག་གི་བསྟན་འགྱུར་ལྟར་ན། 《大智度論》ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་བསྟན་བཅོས་ T25, No1509 སམ། ལ་ལར་ལོ་ཙཱ་བ་གཞོན་ནུའི་སྲོག་གིས་བསྒྱུར་བའི་སློབ་དཔོན་གྱི་རྣམ་ཐར་དུ་བཀོད་པར་ཤེར་ཕྱིན་མན་ངག་ཤླཽ་ཀ་འབུམ་ཞེས་དང་། ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་བརྩམས་པའི་མན་ངག་ཤླཽ་ཀ་འབུམ་ཞེས་ཀྱང་བྱུང་ངོ་།།
དེ་ཡང་ལོ་ཆེན་གཞོན་ནུ་སྲོག་གིས་བསྒྱུར་བའི་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས[2]། དེའི་འོག་ཏུ། ཀླུས་སླར་ཡང་ཀླུ་སྒྲུབ་འཕགས་ཡུལ་གྱི་ལྷོ་ཕྱོགས་སུ་བསྐྱལ་ཏེ། སློབ་དཔོན་འདིས་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བར་བྱས་ཤིང་། ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་བརྩམས་པའི་གཏན་ལ་ཕབ་པ་ (འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མན་ངག་ཅེས་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའི་བསྟན་བཅོས་ཞེས་པ། ད་ལྟ་རྒྱ་ཡིག་གཅིག་པུའི་ཐོག་ཏུ་བཞུགས་པ། ལི་ཡུལ་གྱི་པཎྜི་ཏ་གཞོན་ནུ་སྲོག་རང་གིས། ཕྱི་ལོ་ ༤༠༢ པ་སྟེ། ཆིན་རྗེས་མའི་ཧུང་ཧྲི་ཁྲི་ལོ་བཞི་པའི་ལོ་འགོར་བརྩམས་ནས། ཕྱི་ལོ་ ༤༠༥ པ་སྟེ། ཧུང་ཧྲི་ཁྲི་ལོ་བདུན་པའི་ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་བདུན་ལ་རྫོགས་པར་བསྒྱུར་ནས་མཛད་བྱང་ལ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཅེས་བཀོད་ཡོད་པ་བམ་པོ་བརྒྱ་ཡོད་པ་དེ་ཡིན་ནམ་སྙམ།)[3] ཤླཽ་ཀ་འབུམ་ཡོད་དོ། །ཞེས་བྱུང་ངོ་།།
ཤེར་ཕྱིན་མན་ངག་ཆེན་མོ་དེ་ཉིད་དཔལ་ལྡན་ཟླ་གྲགས་ཀྱི་སྐུ་དུས་སུ་རྒྱ་གར་འཕགས་ཡུལ་དུ་ཉམས་ཟིན་པ་ནི། དེ་ཉིད་ལས[4]། ཀླུ་སྒྲུབ་ཀྱིས་མཛད་པའི་ཤེར་ཕྱིན་མན་ངག་ཆེན་མོ་འདི་ནི། དུས་རབས་བདུན་པའི་ནང་དུ་བྱོན་པའི་དཔལ་ལྡན་ཟླ་བའི་དུས་སུ་རྒྱ་གར་དུ་མ་བཞུགས་པར་མངོན་ཏེ། དཔལ་ལྡན་ཟླ་བའི་ཚིག་གསལ་ལས། ཁོང་གིས་གཟིགས་པའི་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་བརྒྱད་ཀྱི་མཚན་རེ་རེ་ནས་བཀོད་དེ། དེའི་མཇུག་ཏུ་ཚིགས་སུ་བཅད་པ་ལས། དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །ཅེས་གསུངས་པས་སོ།།
འོན་ཀྱང་རྒྱ་བསྒྱུར་མཛད་པ་བཞུགས་ཡོད་པ་ནི། དེ་ཉིད་ལས[5]། ཁྱད་པར་དུ། སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་ཡུམ་བར་མའི་འགྲེལ་པ་ཤིན་ཏུ་རྒྱས་པ་ནི། རྒྱ་གར་སྐད་དུ། (महा प्रज्ञापारमिता शास्त्र।) མ་ཧཱ་པྲཛྙཱ་པཱ་ར་མི་ཏཱ་ཤཱསྟ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའི་བསྟན་བཅོས་ཞེས་བྱ་བ། རྒྱ་ནག་སྐད་དུ། 《摩诃般若波罗蜜经释论》 ཞེས་སམ་ཡང་ན་དེང་སང་ཡོངས་གྲགས་ལ་ཏཱ་ཏྲི་ཏུའུ་ལུན་ (弘始四年) ཏེ་ཤེར་ཕྱིན་མན་ངག་ཆེན་མོར་གྲགས་པ། ལི་ཡུལ་གྱི་པཎྜི་ཏ་གཞོན་ནུ་སྲོག་[6]གིས། ཕྱི་ལོ་ ༤༠༢ སྟེ། ཆིན་རྗེས་མའི་ཧུང་ཧྲི་ཁྲི་ལོ་བཞི་པའི་ལོ་ནས། ཕྱི་ལོ་ ༤༠༥ སྟེ། ཧུང་ཧྲི་ཁྲི་ལོ་བདུན་པའི་ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་བདུན་བར་དུ་རྫོགས་པར་བསྒྱུར་བ། ཚིག་དོན་གཉིས་ཀ་ཤིན་ཏུ་གསལ་ཞིང་རྒྱས་པ་ཞིག་ཡོད་དོ། །ཞེས་བྱུང་བ་ལྟར་རོ།།
གཞན་ཡང་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེར་ཕྱིན་གྱི་འགྲེལ་པའི་ཐད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་གསལ[7]། ཤེར་ཕྱིན་གྱི་གཞུང་འགའ་ཞིག་རྒྱའི་ཡི་གེར་ཡོད་ལ་བོད་ཡིག་ཐོག་བསྒྱུར་མེད་པ་ཁ་ཤས་ཡོད་སྐད་འདུག །ཐེངས་གཅིག་ངོས་རང་ཉི་ཧོང་དུ་སླེབས་པའི་སྐབས་ཤིག་ཏུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་པ་རེད་ཅེས་པོད་བརྒྱ་མ་ཟིན་ཙམ་ཞིག་འདུག་པ་དེར་ངོས་རང་ཡིད་ཆེས་མ་སོང་། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་གྱི་འགྲེལ་པ་ཧ་ཅང་རྒྱས་པོ་དེ་ལྟར་མཛད་ཡོད་ན། ཁོང་གི་སློབ་མ་ཨཱརྱ་དེ་ཝ་དང་། སློབ་དཔོན་སངས་རྒྱས་བསྐྱངས། དེ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བ་གྲགས་པ་ལ་སོགས་པ་དེ་དག་གིས་ངེས་པར་ལུང་དྲང་ངེས་པ་ལ་དེ་ལྟར་དྲངས་མེད། དེས་ན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོར[8]། བདེན་གཉིས་རང་འགྲེལ་ལས[9]།
གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །
གཞན་གྱི་མར་འདོད་གང་ཡིན་དེ། །གཞན་གྱི་ཆུང་མར་འདོད་པ་བཞིན། །
ཞེས་ཁུངས་སུ་དྲངས་པ་དེ་ཀླུ་སྒྲུབ་ཀྱི་ཡིན་ཞེས་འགྲེལ་བཤད་ལས་འཆད་མོད་ཀྱང་། དེ་མིན་པར་འཇུག་འགྲེལ་གྱིས་ཤེས་སོ། །འགྲེལ་བཤད་དེ་རྩོམ་པ་པོ་ཞི་བ་འཚོ་ཡིན་ཞེས་པ་ཡང་མིང་མཐུན་པའམ་ཁ་གཡར་བ་ཡིན་གྱི་དབུ་མ་རྒྱན་ལ་སོགས་པ་རྩོམ་མཁན་ནི་མིན། ཞེས་གསུངས་པ་ལྟར་ཀླུ་སྒྲུབ་ཀྱིས་མཛད་པར་གྲག་པའི་ཉི་ཧོང་དུ་ཡོད་པའི་ཤེར་ཕྱིན་གྱི་པོ་ཏི་བརྒྱ་མ་ཟིན་ཙམ་ཡོད་པ་རྣམས་ནཱ་གཱརྫུ་ན་དང་མཚན་མཐུན་པ་ཡིན་ན་ནི་གནས་ཚུལ་ཐ་དད་ལས། རྩ་བ་ཤེས་རབ་མཛད་པ་པོའི་ཀླུ་སྒྲུབ་མིན་པ་ཐག་གཅོད་ཐུབ་པ་ཞིག་རེད། སྔར་རྒྱ་གར་འཕགས་ཡུལ་དུའང་པཎྜི་ཏ་མཚན་སྙན་ཧ་ཅང་ཆེན་པོ་དེ་དག་གི་མཚན་བེད་སྤྱོད་བྱས་ཏེ་བསྟན་བཅོས་བརྩམས་པ་བྱུང་ཡོད། དེར་བརྟེན་རྒྱ་རིགས་འགའ་ཞིག་གིས་དེ་ལྟར་བྲིས་པ་ཡང་སྲིད། ཅེས་ཀུ་རེ་དང་བཅས་ཏེ་བཀའ་སྩལ་ཏོ།།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་ཕེབས་གསལ[10]། དེ་མིན་སྔར་ངོས་རང་ཉི་ཧོང་དུ་བསྐྱོད་སྐབས་དཔེ་མཛོད་ཁང་ཞིག་ཏུ་རྒྱ་ཡིག་ཐོག་བཞུགས་པའི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲག་པའི་ཤེར་ཕྱིན་གྱི་འགྲེལ་པ་པོད་བརྒྱ་ཙམ་ཞིག་ཡོད་ཚུལ་བརྗོད་ཀྱི་འདུག །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་པ་གསུང་པོད་བརྒྱ་ལྷག་ཡོད་པའི་ཧ་ཅང་རྒྱས་པོ་དེ་ལྟར་ཡོད་ཚེ་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་ངེས་པར་ལུང་དྲངས་ངེས་ཡིན་ནའང་། དེའི་སྐོར་ལུང་གཏན་ནས་དྲངས་གནང་མི་འདུག་པས། དེ་དག་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ཕལ་ཆེར་ཡིན་གྱི་མ་རེད་ཅེས་བརྗོད་རྒྱུ་བྱུང་། དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་ལ་ཁ་གཡར་ནས་བྲིས་པའི་རིགས་ཧ་ཅང་མང་པོ་ཞིག་ཡོང་གི་འདུག །ཅེས་བཀའ་སྩལ་བ་བཞིན་ནོ།།
༢༽ ཚིགས་སུ་བཅད་པ་གཅིག་གི་བསྟན་བཅོས་[11]སམ། ཚིགས་བཅད་གཅིག་མ། རྒྱའི་བཙུན་པ་ཤེས་རབ་སྲེད་པས་བསྒྱུར།《壹輸盧迦論》T30, No1573 ༣༽ ཐེག་པ་ཆེན་པོའི་ཆོས་ཀྱི་འགྲེལ་པ། 《釋摩訶衍論》T32, No1668 ༤༽ མདོ་ལས་བཏུས་པའི་བསོད་ནམས་དང་ ༼ཁྱབ་པའམ༽ ལྡན་པའི་ཡང་དག་པའི་སྤྱོད་པ། 《福蓋正行所集經》T32, No1671 ༥༽ སྨོན་ལམ་རྒྱ་ཆེ་བཏབ་པའི་ཚིགས་སུ་བཅད་པ། 《廣大發願頌》T32, No1676 དེ་བཞིན་རྒྱ་ནག་གི་བསྟན་འགྱུར་དང་། ༦༽ གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[12]། སྒོ་བཅུ་གཉིས་པ་ཞེས་བྱ་བ་ཀླུ་སྒྲུབ་ཀྱིས་མཛད་པ་ཀུ་མཱ་རའི་འགྱུར། (བོད་མ་མེད་གསུངས།) ཞེས་གསལ་བ་ལྟར་ 《十二門論》(T30, No1568) སྒོ་བཅུ་གཉིས་པའི་བསྟན་བཅོས། ཡང་ལ་ལར་རྒྱ་ནག་ཡུལ་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་སྒོ་བཅུ་གཉིས་པ་ཞེས་པའི་དབུ་མའི་བསྟན་བཅོས་ཀྱི་རྒྱ་དཔེ་བོད་འགྱུར་མ་བཞུགས་པར་མ་ཟད། སློབ་དཔོན་རྫོགས་གསལ་ཞེས་བྱ་བས་མཛད་པའི་དགོངས་པ་ངེས་འགྲེལ་གྱི་ཊཱིཀཱའི་བོད་འགྱུར་ཉིད་ལས་སྒོ་བཅུ་གཉིས་པའི་བསྟན་བཅོས་ཞེས་པའི་གཞུང་འདིའི་མཚན་གསལ་པོར་འབྱུང་ངོ་།།
༧༽ ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[13]། ཀླུ་སྒྲུབ་ཀྱིས་མཛད་པའི་ས་བཅུ་པའི་འགྲེལ་བ་བམ་བཞི་ཀུ་མཱ་རའི་འགྱུར། (བོད་མ་མེད་གསུངས།)《十住毘婆沙論》 (T26, No1521) ཞེས་གསུངས་པ་ལྟར་བསྟན་བཅོས་འདིའི་མཚན་བྱང་ལ། དེ་བཞིན་གཤེགས་པའི་ལམ་གྱི་རྒྱན་ནམ། སངས་རྒྱས་ལམ་གྱི་རྒྱན། སངས་རྒྱས་ཀྱི་ལམ་གྱི་བསྟན་བཅོས་ཞེས་པ་ས་བཅུ་པའི་མདོའི་འགྲེལ་པ་ཤླཽ་ཀ་ལྔ་སྟོང་ཡོད་པ། ཡང་ན་ས་བཅུ་བྱེ་བྲག་ཏུ་བཤད་པའི་བསྟན་བཅོས་སམ། ས་བཅུ་པའི་མདོའི་འགྲེལ་པ་བྱེ་བྲག་ཏུ་བཤད་པ། རྒྱའི་བཙུན་པ་གཞོན་ནུ་སྲོག་གིས་བསྒྱུར། དེ་ཡང་ལོ་ཆེན་གཞོན་ནུ་སྲོག་གིས་བསྒྱུར་བའི་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས[14]། བསྟན་བཅོས་སངས་རྒྱས་ལམ་གྱི་རྒྱན། (ཞེས་པ་འདི་བྱང་ཆུབ་ཀྱི་ཚོགས་ཀྱི་བསྟན་བཅོས་ཞེས་པ་དེ་ཡིན། ད་ལྟར་རྒྱ་ཡིག་ཐོག་ཏུ་བཞུགས་པ་རྒྱ་གར་གྱི་པཎྜི་ཏ་དྷརྨ་གུཔྟ་འམ། ཆོས་སྦས་ཀྱིས་ཕྱི་ལོ་ ༥༩༠ ཡི་རྗེས་ཙམ་ལ་བསྒྱུར་བ་བམ་པོ་དྲུག་ཡོད་པ་ཀླུ་སྒྲུབ་རང་ཉིད་ཀྱི་འགྲེལ་པ་དང་བཅས་པ་ཤླཽ་ཀ་ལྔ་སྟོང་ཡོད་པར་བཤད་དེ། ད་ལྟ་རང་འགྲེལ་མི་བཞུགས་ཤིང་། དགེ་སློང་དབང་ཕྱུག་གི་འགྲེལ་པ་ཉུང་ངུ་ཞིག་ནི་འདུག་གོ།) ཤླཽ་ཀ་ལྔ་སྟོང་ཅན། ཞེས་བྱུང་ངོ་།།
༨༽ སྟོང་ཉིད་བཅོ་བརྒྱད་ཀྱི་བསྟན་བཅོས་སམ་ཤེར་ཕྱིན་ཆེན་མོའི་རྣམ་བཤད། (十八空性論》T31, No1616) ༩༽ ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[15]། ཀླུ་སྒྲུབ་ཀྱིས་མཛད་པའི་ཡོད་མཐའ་སེལ་བ་འགྱུར་འདྲ། (བོད་མ་མེད་གསུངས།) ཞེས་གསལ་ལོ།།
དེ་བཞིན་ ༡༠༽ གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[16]། ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཆེན་མོ། ཞེས་གསལ་བ་ལས་བོད་མ་ཡོད་མེད་མི་གསལ་ཞིང་། གཞན་ཡང་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཞེས་ཚིགས་སུ་བཅད་པ་དགུ་ཅན་ཞིག་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར། སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉི་ཤུ་པ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས་བྱུང་བའི་སྨོན་ལམ་ཚིགས་སུ་བཅད་པ་ཉི་ཤུ་པ་བཅས་དང་། དེ་མིན་བསྟན་འགྱུར་ཁྲོད་དུ་མ་བཞུགས་པའི་རྒྱུ་འབྲས་སྨོན་ལམ་མམ་ཡོངས་གྲགས་སྨོན་ལམ་ཐེམ་སྐས་མར་གྲགས་པ་དང་། སྨོན་ལམ་འཁོར་ཚེ་མ་བཅས་དང་མཚན་བྱང་མི་མཐུན་པས། སྨོན་ལམ་འདི་ཉིད་གཞུང་ལོགས་སུ་ཡོད་འདུག་ཀྱང་མ་དཔེ་མ་རྙེད་པས་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།
༡༡༽ དེ་ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[17]། རིགས་དྲུག་གི་ཚིགས་བཅད། ༡༢༽ མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཚོགས་གཉིས་བསྡུས་པའི་ཚོམས་བམ་པོ་བཅུ་གཉིས་པ་ལོ་ཆེན་ཉི་གྲགས་ཀྱི་འགྱུར། ཞེས་གསལ་བ་ལྟར་འདི་གཉིས་ཀྱང་རྒྱ་འགྱུར་ཡོད་ཀྱང་བོད་འགྱུར་ཡོད་བཟོ་མི་སྣང་། ༡༣༽ སངས་རྒྱས་ཀྱི་རིགས་ཀྱི་བསྟན་བཅོས། རྒྱའི་བཙུན་པ་དོན་དམ་པས་བསྒྱུར། ༡༤༽ རྩོད་པའི་རིགས་པ། ༡༥༽ རྩོད་པའི་ཚུལ། ༡༦༽ རྩོད་པའི་ཐབས་ལམ། ༡༧༽ རྟོག་གེའི་བསྟན་བཅོས་བཅས་རྒྱ་ནག་གི་སྐད་དུ་ཡོད་ལ་བོད་སྐད་དུ་མེད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་རྣམས་སོ།།
གཞན་ཡང་ཀླུ་སྒྲུབ་ཀྱི་ལྟ་བ་དང་། རྒྱ་དཀར་ནག་ནང་གི་གནའ་བོའི་དབུ་མ་བཅས་སུ་གསལ་བ་ལྟར་ན། རྒྱ་ནག་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་བའི་བསྟན་བཅོས་ལ། ༡༨༽ སྙིང་རྗེ་ཆེན་པོའི་ཐབས་ཀྱི་བསྟན་བཅོས་ཤླཽ་ཀ་ལྔ་སྟོང་པ། ༡༩༽ དབུ་མའི་བསྟན་བཅོས་ཤླཽ་ཀ་ལྔ་བརྒྱ་པ། ཡང་། ༢༠༽ ཐབས་ཀྱི་སྙིང་པོའི་བསྟན་བཅོས། ༢༡༽ མཚན་ཉིད་རྣམ་པར་གྲོལ་བའི་བྱང་ཆུབ་སྙིང་པོ། ༢༢༽ རིག་པ་ལྔ་ཡི་བསྟན་བཅོས་བཅས་ཡོད་པར་གསལ་[18]ལ། ༢༣༽ གཞན་ཡང་འཇིག་པ་མེད་པའི་བསྟན་བཅོས་ཞེས་པའི་ཤླཽ་ཀ་འབུམ་ཡོད་པ་ཞིག་མཛད་པ་ལས་དབུ་མ་རྩ་བ་ཤེས་རབ་ཟུར་དུ་ཕྱུང་བ་ཞིག་ཡིན་ཚུལ་བརྗོད་སྲོལ་ཡོད་འདུག་པས་ཞིབ་ཏུ་དཔྱད་དགོས་ལ། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[19]། རྒྱ་ནག་གི་སྐད་ཐོག་ཁོ་ནར་བཞུགས་པའི་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཐབས་ཀྱི་སྙིང་པོའི་བསྟན་བཅོས་ནི། མཁས་པ་ཨུ་ཨིས་ཀླུ་སྒྲུབ་གོང་གི་ཐེག་དམན་མཁས་པ་ཞིག་གིས་བརྩམས་ཟེར། གང་ལྟར་བསྟན་བཅོས་འདི་བཞིན་ཞིབ་མོ་རྣམ་འཐག་དང་འདྲ་བར་སྔ་དར་ཚད་མ་རིག་པའི་སྐོར་གསལ་བའི་ཆ་ནས་གལ་ཆེའོ།།
ཐེག་པ་ཆེན་པོ་ཉི་ཤུ་པ་ནི་བོད་འགྱུར་དང་། ལེགས་སྦྱར་སྐད་དང་། རྒྱ་ནག་སྐད་ཐོག་བཞུགས་པ་སོགས་ཀྱིས་གལ་ཆེའང་། ཀླུ་སྒྲུབ་ཀྱིས་མཛད་མིན་དོགས་གཞི་ཡོད། རྒྱ་ནག་སྐད་ཐོག་ཁོ་ནར་བཞུགས་པའི་སྒོ་བཅུ་གཉིས་པའི་བསྟན་བཅོས་དང་། ས་བཅུ་པའི་རྣམ་བཤད་གཉིས་ནི་རྒྱ་ནག་དང་ཉི་ཧོང་གི་ཆོས་བརྒྱུད་པར་ཤིན་ཏུ་གལ་ཆེའང་། ཀླུ་སྒྲུབ་ཀྱིས་མཛད་མིན་སྐོར་ལ་མཁས་པ་མང་པོའི་རྩོད་གཞི་ཆགས་ཡོད། ཟླ་གྲགས་ཀྱིས་ཚིག་གསལ་དུ་ཀླུ་སྒྲུབ་ཀྱིས་མཛད་པ་ཞལ་བཞེས་གནང་བའི་མདོ་ཀུན་ལས་བཏུས་པར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་སོགས་མདོ་རིགས་མི་འདྲ་བ་དྲུག་ཅུ་རེ་བརྒྱད་ཙམ་ལུང་འདྲེན་བྱས་ཡོད་ཅིང་། ཕྱི་དར་གྱི་དབུ་མ་པ་ལ་ལྟོས་ནས་ཤིན་ཏུ་གལ་ཆེའི་བསྟན་བཅོས་ཤིག་ཡིན་རུང་། དེར་ལང་གཤེགས་ལུང་ཡང་དྲངས་ཡོད་པས་རྩ་ཤེ་མཛད་མཁན་གྱི་ཀླུ་སྒྲུབ་ཀྱིས་མཛད་པ་མིན་ནོ། །གཞན་ཡང་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་གཞུང་མང་རུང་འདིར་དཔྱད་པ་བྱས་པས་མི་ལང་པས་དེར་བཞག་གོ །ཞེས་གསལ་ལོ།།
དེ་ལྟར་རྒྱའི་སྐད་དུ་བཞུགས་ཤིང་། བོད་བསྒྱུར་མེད་པ་རྣམས་ཀྱང་བོད་གངས་ཅན་པའི་སྐད་དུ་བསྒྱུར་དགོས་པ་ཤིན་ཏུ་ནས་ཀྱང་གལ་ཆེར་སྣང་ལ། གོང་གསལ་ཀླུ་སྒྲུབ་ཀྱི་བསྟན་བཅོས་ཁག་ ༢༣ རྣམས་རྒྱའི་སྐད་དུ་བཞུགས་ཀྱང་། བོད་སྐད་དུ་སྒྲ་སྒྱུར་ཞུ་རྒྱུར་ལུས་པ་རྣམས་ཡིན་མོད། འོན་ཀྱང་གསུང་འགའ་ཞིག་རྒྱ་སྒྱུར་དང་། བོད་སྒྱུར་གཉིས་ཀྱི་ལོ་ཙཱ་བའི་འགྱུར་ཁྱད་ལས་མཚན་བྱང་ཐ་དད་དང་། མཚན་གྱི་ཆ་ཤས་མི་འདྲ་བ་ཙམ་དུ་གྱུར་པ་ལས། གསུང་འགའ་ཞིག་བོད་འགྱུར་དུ་བཞུགས་ཤས་ཆེ་བས་ད་དུང་ཞིབ་དཔྱད་དགོས་པར་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༣༩
[2] སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༧༨
[3] ལི་ཐང་བཞག་པ་འཇམ་དབྱངས་མཁས་གྲུབ་ཀྱིས་བརྩམས་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ཆེན་མོ་ལུང་རིགས་གཏེར་མཛོད།
[4] སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༦༢
[5] སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༥༧
[6] ཀུ་མཱ་ར་ཤི །འདི་ཀུ་མཱ་ར་ཛི་བ་ཞེས་པའི་ཟུར་ཆག་སྟེ། སྔར་ལི་ཡུལ་ལས་བྱུང་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན། འདིའི་ཡབ་རྒྱ་གར་བ་ཡིན་ཀྱང་ལི་ཡུལ་བྱང་རྒྱུད་ཀྱི་རྒྱལ་པོའི་སྲས་མོ་ཞིག་གི་མག་པར་གྱུར་པས། ལོ་ཆེན་འདི་ལི་ཡུལ་དུ་ཤིང་འབྲུག་ལོར་འཁྲུངས། ཆུང་དུས་སུ་རབ་ཏུ་བྱུང་ཞིང་། མཚན་གཞོན་ནུ་ཚེ་རིང་ཞེས་བཏགས། ཁ་ཆེའི་ཡུལ་དུ་ལེགས་སྦྱར་སྐད་ཡིག་སོགས་ལའང་བྱང་ཆུབ་པར་མཛད། དགུང་ལོ་ང་བདུན་པའི་དུས་སུ་ཡའོ་ཆིན་རྒྱལ་པོ་ཧུང་ཤིའི་ཁྲི་ལོ་གསུམ་པར་རྒྱལ་ས་ཁྲང་ཨན་དུ་གདན་དྲངས། དེར་ལོ་བཅུ་གསུམ་གྱི་རིང་ལ་རྡོ་རྗེ་གཅོད་པ་སོགས་ཤེར་མདོ་ཆེ་ཆུང་དང་། དམ་པའི་ཆོས་པདྨ་དཀར་པོ། དྲི་མེད་གྲགས་པས་བསྟན་པ་སོགས་མདོ་སྡེ་དུ་མ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེ །དབུ་མ་སྒོ་བཅུ་གཉིས་པ། ཨཱརྱ་དེ་བའི་དབུ་མ་བཞི་བརྒྱ་པའི་ལེའུ་བཅུ། གཞན་ཡང་རྒྱ་ནག་ཏུ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེར་ཕྱིན་ཆེན་མོ་བམ་པོ་བརྒྱ་པ་བཅས་བཀའ་བསྟན་བམ་པོ་སུམ་བརྒྱ་གྱ་བཞི་བསྒྱུར། སློབ་མ་མང་པོ་བསྐྱངས། དགུང་ལོ་བདུན་ཅུ་ལ་པ་སྐུ་འདས། ཞེས་ (ཆ་རིས་སྐལ་བཟང་ཐོགས་མེད། བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་ ༡༧) གསལ་ལོ།།
[7] ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༣ ཉིན་ཐེ་ཝན་ཆོས་ཞུ་བས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་བཀའ་ཆོས་སྨིན་སྩོལ་སྐབས་གསུངས་པའོ།།
[8] དྲང་ངེས་ལེགས་བཤད་སྙིང་པོ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༦ ལོ། ཤོག་གྲངས་ ༡༠༦
[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༧༧༨
[10] ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཚན་རིག་ཀུན་བཏུས་ཆེན་མོ་བགྲོ་གླེང་ཐོག་སྩལ་པའི་བཀའ་སློབ་ལས་ཟུར་འདོན་ཞུས་པའོ།།
[11] ཏུན་ཧོང་ཡིག་ཆའི་ (IOL Tib J 595) གྲལ་དུ་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་འདི་སྐད་དུ། རང་གི་ངོ་བོ་ཉིད་མི་རྟག །དེ་བཞིན་ངོ་བོ་ངོ་བོ་མེད། །རང་བཞིན་ངོ་བོ་ཉིད་མེད་པས། །དེ་ཕྱིར་སྟོང་དང་མི་རྟག་གསུངས། །ཞེས་པའི་ཚིགས་བཅད་འདི་ཉིད་བསྟན་འགྱུར་དུ་མི་སྣང་ (Ye 2019: 342) ལ། འདི་དང་འདིའི་འགྲེལ་པ་གཉིས་རྒྱ་ནག་སྐད་དུ་ལོ་ཙཱ་བ་ཤེས་རབ་སྲེད་ཅེས་པས་བསྒྱུར་བ་ལས་བོད་སྐད་དུ་བསྒྱུར་བར་སྣང་ཞེས་བཤད་དོ།།
[12] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༠
[13] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༠
[14] སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་ ༧༨
[15] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༤
[16] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༥༡
[17] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༥༢
[18] རྒྱ་ནག་གི་སྐད་དུ་བཞུགས་པའི་སློབ་དཔོན་གྱི་བསྟན་བཅོས་རྣམས་རྒྱ་གར་བ་ཀེ་ཝེནཀཌརམན་ཞེས་པ་ཡུན་རིང་རྒྱ་ནག་ཏུ་ནང་པའི་གཞུང་ལ་སྦྱངས་པས་བརྩམས་པའི་ཤེར་ཕྱིན་མན་ངག་ནང་ཀླུ་སྒྲུབ་ཀྱི་ལྟ་བ་ཞེས་པ་དང་། ཕྱི་གླིང་བ་རོ་བིན་སོན་ཞེས་པས་རྒྱ་དཀར་ནག་ནང་གནའ་བོའི་དབུ་མ་ཞེས་པ་གཉིས་སུ་བཀོད་པ་ལས་བླངས་པ་ཡིན་ནོ།། K. Vankataramana, Nagarjuna’s philosophy as presented in Mahaprajnaparamita shastra, Bhartiya vidhya Prakashan/ Varanasi, 1971, pp.34. R.H. Robinson, early madhyamika in india and china, Madison, 1967, p, 64.
[19] དེབ་སྔོན་གསར་མ། གངས་ལྗོངས་ནང་རིག་མཐུན་ཚོགས། ༡༩༩༩ ལོ། ཤོག་གྲངས་ ༤༡༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༡ ནས་ ༢༨༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།