ཆ༽ བསྟན་བཅོས་ཀྱི་མཚན་འདོགས་ཚུལ།

ཆ༽ བསྟན་བཅོས་ཀྱི་མཚན་འདོགས་ཚུལ།

 

བསྟན་བཅོས་ཀྱི་མཚན་འདོགས་ལུགས་ལ། མདོ་དགོངས་འགྲེལ་གྱི་འགྲེལ་པ་ལས[1]། གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་མིང་ནི་རྣམ་པ་བཞི་ལས་འགྱུར་ཏེ། ཡུལ་དང་། དཔེ་དང་། གང་ཟག་དང་། དོན་ལས་སོ་ཞེས་གསུངས་པ་ལྟར། མདོ་སྡེ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས[2]། དེ་ལ་མདོ་སྡེ་འདིའི་མིང་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ནི་དོན་བཞིན་མདོ་སྡེའི་མིང་དུ་བཏགས་པ་ཡིན་ཏེ།

དེ་ཡང་གསུང་རབ་ཏུ་གཏོགས་པའི་མདོ་སྡེ་ཐམས་ཅད་ཀྱི་མིང་མདོར་བསྡུ་ན་གནས་སྐབས་རྣམ་པ་བཞི་ལས་བཏགས་པ་ཡིན་ཏེ། ཡུལ་དང་། གང་ཟག་དང་། དཔེ་དང་། དོན་གྱི་གནས་སྐབས་ལས་སོ།།

དེ་ལ་ཡུལ་གྱི་གནས་སྐབས་ལས་བཏགས་པ་ནི། ཡུལ་གང་དུ་བཤད་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་ལངྐའི་གྲོང་རྡལ་དང་། ག་ཡ་མགོའི་རིར་བཤད་པས་འཕགས་པ་ལངྐར་གཤེགས་པ་དང་། ག་ཡ་མགོའི་རི་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལ་སོགས་པ་ལྟ་བུའོ།།

གང་ཟག་གི་གནས་སྐབས་ལས་བཏགས་པ་ནི། གང་ཟག་གང་གིས་ཞུས་པ་དང་། བསྟན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེས་ཞུས་པ་དང་། དྲི་མ་མེད་པར་གྲགས་པས་བསྟན་པས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་དང་། དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལ་སོགས་པ་ལྟ་བུའོ།།

དཔེའི་གནས་སྐབས་ལས་བཏགས་པ་ནི། དཔེ་གང་གིས་དོན་མཚོན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་སཱ་ལུའི་ལྗང་པ་དང་། རྡོ་རྗེ་རྣོན་པོའི་དཔེས་མཚོན་ཏེ་བཤད་པས་འཕགས་པ་སཱ་ལུའི་ལྗང་པ་དང་། རྡོ་རྗེ་གཅོད་པ་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལ་སོགས་པ་ལྟ་བུའོ།།

དོན་གྱི་གནས་སྐབས་ལས་བཏགས་པ་ནི། དོན་གང་གིས་བསྟན་པའི་གནས་སྐབས་ལས་མདོ་སྡེའི་མིང་དུ་བཏགས་པ་སྟེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་ཀྱི་ས་བསྟན་པས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་ཀྱི་ས་ཞེས་མདོ་སྡེའི་མིང་དུ་བཏགས་པ་ལྟ་བུའོ། །ཞེས་གསུངས་པ་ལྟར་རྒྱུད་དོན་རབ་རྒྱས་ལས་[3]ཀྱང་།

ཡུལ་དང་དཔེ་དང་གང་ཟག་དང་། །གཞུང་ཚད་དོན་དང་ལྔ་ལ་བཏགས། །

ཞེས་གསལ་བ་ལྟར་དང་། དེ་བཞིན་བླ་མཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་ (1866-1948) མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པའི་དོན་རྣམ་པར་བཤད་པ་དབུ་མའི་སྣང་བ་གསལ་བ་ལས[4]། བསྟན་བཅོས་ཀྱི་མཚན་འདོགས་ལུགས་ལ་རྩོམ་པ་པོ་དང་། ཞུ་བ་པོ་དང་། གང་དུ་གསུང་བའི་གནས་ཀྱིས་དང་། བརྗོད་བྱའི་སྒོ་ནས་ཏེ་སྣ་ཚོགས་ཡོད། ཅེས་གསུངས་པ་ལྟར་དེ་དག་ཏུ་མ་འདུས་པ་ད་དུང་འདྲ་འབྲེལ་རྒྱུ་མཚན་དུ་བྱས་ནས་བཏགས་པ་སོགས་མང་དུ་སྣང་ལ། དེ་བཞིན་རྩོམ་པ་པོའི་མིང་གི་ཆ་ནས་བཏགས་པ་དང་། གང་ལ་བརྟེན་པའི་ཁུངས་བསྟན་པའི་སྒོ་ནས་བཏགས་པ། གཞན་ཡང་སྙན་ཚིག་གི་ཚིག་རྒྱན་དང་འབྲེལ་བའི་མིང་འདོགས་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་སྟེ། དེ་ཡང་བུ་སྟོན་རིན་ཆེན་དོན་གྲུབ་ཀྱིས་ (1290-1364) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྒྱ་ཆེར་བཤད་པ་ལུང་གི་སྙེ་མ༌ལས[5]། གསུམ་པ་ལ། གཞན་མིང་གིས་འདོགས་ཚུལ་ལ། བརྗོད་བྱ་དང༌། གཞུང་ཚད་དང༌། གནས་དང༌། ཞུ་བ་པོ་དང༌། རྒྱུ་དང༌། འབྲས་བུ་དང༌། དཔེ་དང༌། རྩོམ་པ་པོའི་མིང་གིས་བཏགས་པ་ཡོད་པ་ལས། འདིར་ཡུམ་དང་མངོན་རྟོགས་བརྗོད་བྱའི་མིང༌། རྒྱན་དཔེའི་མིང༌། མན་ངག་གི་བསྟན་བཅོས་དང་འགྲེལ་པ་རང་མིང་ངོ༌། །འགྲེལ་པའི་སྒྲར་བྱས་ན། ཐམས་ཅད་རང་མིང་ངོ༌། །ཞེས་གསུངས་སོ།།

བོད་མཁས་པའི་ (1618-1685) སྙན་འགྲེལ་ལས་[6]ཀྱང་། སྤྱིར་བཏགས་མིང་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང་། ལྡོག་པ་རྒྱུ་མཚན་དུ་བྱས་པ་རྣམས་སུ་ཡོད་ཅིང་། བྱེ་བྲག་བཀའ་བསྟན་བཅོས་ཀྱི་མཚན་འདོགས་ལུགས་ལ། མདོ་དགོངས་འགྲེལ་གྱི་འགྲེལ་པ་ལས། གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་མིང་ནི་རྣམ་པ་བཞི་ལས་འགྱུར་ཏེ། ཡུལ་དང་། དཔེ་དང་། གང་ཟག་དང་། དོན་ལས་སོ་ཞེས་བཞིར་གསུངས་ཀྱང་། དེར་མ་འདུས་པ་རྒྱུ་དང་འབྲས་བུ་དང་། གཞུང་ཚད་ཀྱི་མིང་གིས་བཏགས་པ་ཡང་ཡོད། ཅེས་མཁས་པ་དག་བཞེད་དེ། དེ་ཡང་ག་ཡ་གོ་རིའི་མདོ། པོ་ཊ་ལ་ཀའི་གཟུངས། ཀོ་ས་ལའི་རྒྱན་ཞེས་པ་ལྟ་བུ་ཡུལ་དང་། ས་ལུ་ལྗང་པའི་མདོ། རྣམ་འགྲེལ་གྱི་རྒྱན་ཞེས་པ་ལྟ་བུ་དཔེ་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་དང་། ཙནྡྲ་པའི་མདོ་ཞེས་པ་གང་ཟག་དང་། སངས་རྒྱས་སའི་མདོ། ཚད་མའི་མདོ་ཞེས་པ་ལྟ་བུ་དོན་དང་། གཙུག་ཏོར་དཀར་མོ་ལྟ་བུ་རྒྱུ་དང་། རིམས་ནད་རབ་ཏུ་ཞི་བར་བྱེད་པ་ལྟ་བུ་འབྲས་བུ་དང་། སྟོང་ཕྲག་བརྒྱ་པའམ། སུམ་ཅུ་པ་ལྟ་བུ་གཞུང་ཚད་དང་། དགེ་སློང་གི་ཚིག་ལེའུར་བྱས་པ་ལ་མེ་ཏོག་ཕྲེང་རྒྱུད་ཅེས་པ་ལྟ་བུ་སྡེབ་སྦྱོར་གྱི་མིང་གིས་བཏགས་པ་ཡང་ཡོད་པར་གསུངས་སོ།།

ཇོ་བོའི་ལམ་ཡིག་ལས་ནི་ཇོ་བོས་བྱང་ཆུབ་ལམ་གྱི་སྒྲོན་མ་བྱ་བ་མཛད་ནས། ཁྱེད་བོད་ན་མཚན་གྱི་འདོགས་ལུགས་ཇི་ལྟ་བུ་ཡོད་ཅེས་བཀའ་རྨེད་པ་ལ། བོད་སྟོན་རྣམས་ཀྱིས་དོན་ལ་མཚན་དུ་གསོལ་བ་དང་། དཔེ། ཡུལ། ཞུ་བ་པོ་ལ་སོགས་པ་འདོགས་ཞུས་པས། ཨ་ལེ་བོད་ན་རྒྱ་གར་ན་མེད་པའི་གཏམ་མང་པོ་ཡོད་གསུངས་ནས། རོལ་རྙེད་མ་ཕྲོགས་པ་དང་། གནོད་སྦྱིན་ཨ་ཤ་བསད་པའི་གཏམ་རྒྱུད་ཟད་ཀྱི་གསུངས་ནས། ཆོས་ཐམས་ཅད་དོན་ལ་མཚན་དུ་གསོལ་བ་ཡིན་གསུངས་ཞེས་འབྱུང་མོད་ཀྱི། འདིར་སྙན་ངག་ནི་བརྗོད་བྱའི་དོན། མེ་ལོང་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། སྙན་ངག་ཏུ་གང་གིས་འཇོག་པ་སྟེ། བསྟན་བཅོས་འདིའི་ནང་དུ་གསལ་བར་འཆར་བས་མེ་ལོང་ཞེས་ཏེ། འདྲ་བ་རྒྱུ་མཚན་དུ་བྱས་པ་ཡང་ཡིན་ལ། བརྗོད་བྱ་དང་། རྗོད་བྱེད་འབྲེལ་ཏེ་གཞི་མཐུན་གྱི་བསྡུ་བས། སྙན་ངག་མེ་ལོང་ཞེས་སོ། །དགོས་པ་དང་འབྲེལ་བ་ཡང་ཡིན་ཏེ། ལངྐར་གཤེགས་པའི་མདོ་ལས[7]།

མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །

དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །

ཅེས་གསུངས་ཏེ། དེ་ལྟ་བུའི་མཚན་དེ་བཏགས་པའི་དགོས་པ་ནི། མིང་ཀླད་དུ་སྨོས་པས་བཙལ་སླ་ཞིང་། དོན་དེ་ལ་དོན་ལྡན་གྱི་མིང་བཏགས་པས། དབང་པོ་རབ་ཀྱིས་མིང་ལ་བརྟེན་ནས་དོན་ཕྱིན་ཅི་མ་ལོག་པར་གོ །འབྲིང་གིས་རྣམ་པ་ཙམ་གོ །ཐ་མས་ཀྱང་བརྡ་དུས་སུ་མིང་དོན་འབྲེལ་བ་ཤེས། ཐ་སྙད་ཀྱི་དུས་སུ་མིང་ལས་དོན་རྟོགས་ཤིང་། དོན་མཐོང་བ་ལས་མིང་དྲན་པར་འགྱུར་བའི་དགོས་པ་ཡོད་ལ། མིང་དེ་སྐད་གཉིས་ཟུང་སྦྱར་དུ་བཀོད་པའི་དགོས་པ་ཡང་། བོད་རྣམས་ཀྱིས་རྒྱ་གར་སྐད་དེ་གོ་དཀའ་ལ། རང་གི་སྐད་དུ་བསྒྱུར་པས་གོ་སླ་བས་སྒྱུར་བྱེད་ལོ་པཎ་ལ་བྱས་ཤེས་དྲིན་གཟོའི་བློ་སྐྱེ། སྐད་གཉིས་ཀྱིས་དོན་གཅིག་བརྗོད་པར་མཐོང་བས་གཉིས་པོ་རྣམ་གྲངས་སུ་ཤེས། རྒྱ་སྐད་བོད་སྐད་དུ་བསྒྱུར་ཚུལ་མཐོང་བས་སྒྲ་བསྒྱུར་བ་ལ་བློ་ཁ་ཕྱོགས་ཤིང་། བག་ཆགས་འཇོག་ལ་ཅུང་ཟད་ཤེས་པར་འགྱུར་བའི་དགོས་པ་ཡོད་པ་ཡིན། ཞེས་དང་། དེ་བཞིན་འཇིགས་མེད་འཕྲིན་ལས་འོད་ཟེར་ (1745-1821) གྱིས་མཛད་པའི་ཡོན་ཏན་མཛོད་རྩ་འགྲེལ་ལས[8]། དང་པོ་མཚན་བསྟན་པའི་ཐོག་མར་རྒྱ་གར་སྐད་སྨོས་པའི་དོན་ནི། སྤྱིར་འདྲེན་པ་སྟོང་གི་འབྱོན་བཞུགས་ཀྱི་ཡུལ་ཡིན་པ་དང་། མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་ཁུངས་ཡིན་ཕྱིར་རོ། །ཞེས་པ་ལྟར་འཕགས་ཡུལ་ནས་བྱུང་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་བརྟེན་ནས་བོད་གཞུང་འདི་དག་བྱུང་བས། དེ་ལྟར་བརྗོད་པའི་དོན་ཅན་དུ་འགྱུར་བའི་ཕྱིར། ཞེས་གསལ་བར་བྱུང་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན། ༼༤༽ ༡༩༧༤ ལོ། ཤོག་ ༣༧

[2] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཆོ༽ དེབ་ཨང་ ༡༡༥ པོ། ༢༠༠༨ ལོ། ཤོག་གྲངས་ ༡༠༡༤

[3] བོད་ཀྱི་སྨན་རྩིས་ཀྱི་དཔེ་དཀོན་དཔེ་རྙིང་ཕྱོགས་བསྒྲིགས། ༼ཁ༽ བྲིས་མ་དཔེ་རིང་། ཤོག་གྲངས་ ༢བ༦

[4] འཇིགས་མེད་འཕྲིན་ལས་རྒྱ་མཚོའི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་གྲངས་ ༢བ༥

[5] བུ་སྟོན་རིན་ཆེན་གྲུབ་ཀྱི་བཀའ་འབུམ། ༼ཚ༽ བཀྲས་ལྷུན་ཤིང་པར། དཔེ་རིང་ཤོག་གྲངས་ ༥བ༡

[6] སྙན་ངག་མེ་ལོང་མ་དང་བོད་མཁས་པའི་འགྲེལ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༡༠༣

[7] བཀའ་འགྱུར་དཔེ་བསྡུར། མདོ་སྡེ། ༼ཅ༽ དེབ་ཨང་ ༤༩ པ། ༢༠༠༨ ལོ། ཤོག་གྲངས་ ༤༠༥ ཐོག །མིང་ནི་བརྗོད་པར་མ་བྱས་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མིང་དུ་གདགས་པར་བྱ་བ་ཡིན། །ཞེས་བྱུང་ངོ་།།

[8] ཡོན་ཏན་མཛོད་རྩ་འགྲེལ། པོད། ༼༡༽ གསེར་ཐང་བླ་རུང་ནང་བསྟན་སློབ་གླིང་། ༢༠༡༦ ལོ། ཤོག་ ༡༣༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩ ནས་ ༣༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *