སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཡང་དག་པར་བསྡུས་པ།

༄༅། །ཆོས་ཡང་དག་པར་བསྡུས་པ།[1]

 

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།[2]

 

སེམས་ཅན་ཀུན་ཕན་འབྱུང་བྱེད་པའི། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །

ཆོས་ཀྱི་སྙིང་པོ་ཀུན་བཏུས་པ། །གཏི་མུག་འཇོམས་ཕྱིར་བཤད་པར་བྱ།

༡༽ དེ་ལ་ཐོག་མར་དཀོན་མཆོག་གསུམ་ནི། འདི་ལྟ་སྟེ། ༡ སངས་རྒྱས་དང་། ༢ ཆོས་དང་། ༣ དགེ་འདུན་ནོ།།

༢༽ ཐེག་པ་གསུམ་ནི། འདི་ལྟ་སྟེ། ༡ ཉན་ཐོས་ཀྱི་ཐེག་པ་དང་། ༢ རང་སངས་རྒྱས་ཀྱི་ཐེག་པ་དང་། ༣ ཐེག་ཆེན་གྱི་ཐེག་པའོ།།

༣༽ སངས་རྒྱས་ལྔ་ནི། འདི་ལྟ་སྟེ། ༡ རྣམ་པར་སྣང་མཛད། ༢ མི་བསྐྱོད་པ། ༣ རིན་ཆེན་འབྱུང་གནས། ༤ འོད་དཔག་མེད། ༥ དོན་ཡོད་གྲུབ་པ་རྣམས་སོ།།

༤༽ ལྷ་མོ་བཞི་ནི། འདི་ལྟ་སྟེ། ༡ སྤྱན་མ[3]།[4] ༢ མཱམཀཱི། ༣ གོས་དཀར་མོ་དང་། ༤ སྒྲོལ་མ་རྣམས་སོ།།

༥༽ སྲུང་མ་ལྔ་ནི། འདི་ལྟ་སྟེ། ༡ སོ་སོར་འབྲང་མ། ༢ སྟོང་ཆེན་མོ་རབ་ཏུ་འཇོམས་མ། ༣ འོད་ཟེར་ཅན་མ། ༤ གསང་སྔགས་རྗེས་སུ་འཛིན་མ་དང་། ༥ བསིལ་བའི་ཚལ་(ཆེན་མོ་)[5]རྣམས་སོ།།

༦༽ དེ་བཞིན་གཤེགས་པ་བདུན་ནི། འདི་ལྟ་སྟེ། ༡ རྣམ་གཟིགས། ༢ གཙུག་གཏོར་ཅན། ༣ ཐམས་ཅད་སྐྱོབ། ༤ འཁོར་བ་འཇིག ། ༥ གསེར་ཐུབ། ༦ འོད་སྲུངས་དང་། ༧ ཤཱཀྱ་ཐུབ་པ་རྣམས་སོ།།

༧༽ འཇིག་རྟེན་སྐྱོང་བ་བཞི་ནི། འདི་ལྟ་སྟེ། ༡ ཡུལ་འཁོར་སྲུང་། ༢ སྤྱན་མི་བཟང་། ༣ འཕགས་སྐྱེས་པོ་དང་། ༤ རྣམ་ཐོས་སྲས་བཅས་སོ།།

༨༽  འཇིག་རྟེན་སྐྱོང་བ་བརྒྱད་ནི[6]། འདི་ལྟ་སྟེ། ༡ དབང་པོ། ༢ གཤིན་རྗེ། ༣ ཝརུཎ༔། (ཆུ་ལྷ་) ༤ ལུས་ངན། ༥ དབང་ཕྱུག །༦ མེ། (ལྷ) ༧ བདེན་བྲལ། ༨ རླུང་། (ལྷ) བཅས་སོ།།

༩༽ འཇིག་རྟེན་སྐྱོང་བ་བཅུ་ནི། འདི་ལྟ་སྟེ། འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་ཐོག །༡ སྟེང་གི་ཚངས་པ་དང་། ༢ འོག་གི་ནག་པོ་བཅས་སོ།།

༡༠༽ འཇིག་རྟེན་སྐྱོང་བ་བཅུ་བཞི་ནི། འདི་ལྟ་སྟེ། འཇིག་རྟེན་སྐྱོང་བ་བཅུ་པོ་ཐམས་ཅད་དང་། ༡༡ ཟླ་བ། ༡༢ ཉི་མ། ༡༣ ས། (ལྷ) དང་། ༡༤ ལྷ་མིན་རྣམས་སོ།།

༡༡༽ ཁྲོ་བོ་བཅུ་ནི། འདི་ལྟ་སྟེ། ༡ གཤིན་རྗེ་གཤེད། ༢ ཤེས་རབ་མཐར་བྱེད། ༣ པདྨ་མཐར་བྱེད། ༤ བགེགས་མཐར་བྱེད། ༥ མི་གཡོ་བ[7]། ༦ འདོད་པའི་རྒྱལ་པོ། ༧ དབྱུག་སྔོན་ཅན། ༨ སྟོབས་པོ་ཆེ། ༩ གཙུག་གཏོར་འཁོར་ལོས་སྒྱུར་བ་དང་། ༡༠ གནོད་མཛེས་རྒྱལ་པོ་[8]བཅས་སོ།།

༡༢༽ བྱང་ཆུབ་སེམས་དཔའ་བརྒྱད་ནི། འདི་ལྟ་སྟེ། ༡ བྱམས་པ། ༢ ནམ་མཁའ་མཛོད།[9] ༣ ཀུན་ཏུ་བཟང་པོ། ༤ ཕྱག་ན་རྡོ་རྗེ། ༥ འཇམ་དཔལ་དབྱངས། ༦ སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། ༧ སའི་སྙིང་པོ་དང་། ༨ ནམ་མཁའི་སྙིང་པོ་རྣམས་སོ།།

༡༣༽ རྣལ་འབྱོར་མ་དྲུག་ནི།[10] འདི་ལྟ་སྟེ། ༡ རྡོ་རྗེ་ཕག་མོ། ༢ གཤིན་རྗེ་གཤེད་མ། ༣ ཀུན་ཏུ་རྒྱུ་མ། ༤ ཀུན་ཏུ་སྐྱོབ་བྱེད་མ། ༥ ཅཎྜིཀཱ་རྣམས་སོ།།

༡༤༽ བླ་ན་མེད་པའི་མཆོད་པ་བདུན་ནི།[11] འདི་ལྟ་སྟེ། ༡ ཕྱག་འཚལ་བ། ༢ མཆོད་པ། ༣ སྡིག་པ་བཤགས་པ། ༤ རྗེས་སུ་ཡི་རང་བ། ༥ སྐུལ་བ། ༦ བྱང་ཆུབ་སེམས་བསྐྱེད་པ་དང་།[12] ༧ བསྔོ་བ་བཅས་སོ།།

༡༥༽ དགེ་བའི་རྩ་བ་གསུམ་ནི། འདི་ལྟ་སྟེ། ༡ བྱང་ཆུབ་ཏུ་སེམས་བསྐྱེད་པ། ༢ ལྷག་བསམ་རྣམ་པར་དག་པ་དང་། ༣ ང་དང་ང་ཡི་བའི་རྣམ་པ་ཡོངས་སུ་སྤངས་པ་བཅས་སོ།།

༡༦༽ ཚངས་པའི་གནས་བཞི། ༡ བྱམས་པ། ༢ སྙིང་རྗེ། ༣ དགའ་བ་དང་། ༤ བཏང་སྙོམས་རྣམས་སོ།།

༡༧༽ ཕར་ཕྱིན་དྲུག་ནི། ༡ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ༢ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ༣ བཟོད་པའི་ཕ་རོལ་ཏུ་ཕྱིན་པ། ༤ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། ༥ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། ༦ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ།།

༡༨༽ ཕ་རོལ་ཏུ་ཕྱིན་པ་བཅུ་ནི། ༡-༦ ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་དང་། ༧ ཐབས། ༨ སྨོན་ལམ། ༩ སྟོབས་དང་། ༡༠ ཡེ་ཤེས་རྣམས་སོ།།

༡༩༽ བསྡུ་བའི་དངོས་པོ་བཞི། ༡ སྦྱིན་པ། ༢ སྙན་པར་སྨྲ་བ། ༣ དོན་སྤྱོད་པ་དང་། ༤ དོན་མཐུན་པ་རྣམས་སོ།།

༢༠༽ མངོན་ཤེས་ལྔ་ནི། ༡ ལྷའི་མིག ། ༢ ལྷའི་རྣ་བ། ༣ གཞན་གྱི་སེམས་ཤེས་པ། ༤ སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ༥ རྫུ་འཕྲུལ་བཅས་སོ།།

༢༡༽ འཕགས་པའི་བདེན་པ་བཞི་ནི། འདི་ལྟ་སྟེ། ༡ སྡུག་བསྔལ། ༢ ཀུན་འབྱུང་། ༣ འགོག་པ་དང་། ༤ ལམ་རྣམས་སོ།།

༢༢༽ ཕུང་པོ་ལྔ་ནི། ༡ གཟུགས། ༢ ཚོར་བ། ༣ འདུ་ཤེས། ༤ འདུ་བྱེད་དང་། ༥ རྣམ་ཤེས་བཅས་སོ།།

༢༣༽ འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་ནི། ༡ ཚུལ་ཁྲིམས། ༢ ཏིང་ངེ་འཛིན། ༣ ཤེས་རབ། ༤ རྣམ་པར་གྲོལ་བ་དང་། ༥ རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་སོ།།

༢༤༽ སྐྱེ་མཆེད་བཅུ་གཉིས་ནི། ༡ མིག །༢ རྣ་བ། ༣ སྣ། ༤ ལྕེ། ༥ ལུས། ༦ ཡིད་ཀྱི་སྐྱེ་མཆེད་དང་། ༧ གཟུགས། ༨ སྒྲ། ༩ དྲི། ༡༠ རོ། ༡ རེག་བྱ་དང་། ༡༢ ཆོས་ཀྱི་སྐྱེ་མཆེད་རྣམས་སོ།།

༢༥༽ ཁམས་བཅོ་བརྒྱད་ནི། ༡ མིག །༢ རྣ་བ། ༣ སྣ། ༤ ལྕེ། ༥ ལུས། ༦ ཡིད། ༧ གཟུགས། ༨ སྒྲ། ༩ དྲི། ༡༠ རོ། ༡༡ རེག་བྱ། ༡༢ ཆོས་ཀྱི་ཁམས། ༡༣ མིག་གི་རྣམ་པར་ཤེས་པ། ༡༤ རྣ་བའི་རྣམ་པར་ཤེས་པ། ༡༥ སྣའི་རྣམ་པར་ཤེས་པ། ༡༦ ལྕེའི་རྣམ་པར་ཤེས་པ། ༡༧ ལུས་ཀྱི་རྣམ་པར་ཤེས་པ་དང་། ༡༨ ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་སོ།།

༢༦༽ དེ་ལ་གཟུགས་ཕུང་བཅུ་གཅིག་ནི། ༡ མིག ། ༢ རྣ་བ། ༣ སྣ། ༤ ལྕེ། ༥ ལུས། ༦ གཟུགས། ༧ སྒྲ། ༨ དྲི། ༩ རོ། ༡༠ རེག་བྱ་དང་། ༡༡ རྣམ་པར་རིག་བྱེད་རྣམས་སོ།།

༢༧༽ ཚོར་བ་གསུམ་ནི།  ༡ བདེ་བ་དང་། ༢ སྡུག་བསྔལ་དང་། ༣ སྡུག་མིན་བདེ་མིན་བཅས་སོ།།

༢༨༽ འདུ་ཤེས་ཀྱི་ཕུང་པོ་ནི། ༡ ཚད་མ་ཉེ་བར་འཛིན་པའི་བདག་ཉིད་དོ།།

༢༩༽ དེ་ལ་འདུ་བྱེད་རྣམ་པ་གཉིས་ནི། ༡ སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་དང་། ༢ སེམས་དང་མཚུངས་པར་ལྡན་པར་མ་ཡིན་པའི་འདུ་བྱེད་ཅེས་སོ།།

༣༠༽ སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་བཞི་བཅུ་ནི། འདི་ལྟ་སྟེ། ༡ ཚོར་བ། ༢ འདུ་ཤེས། ༣ སེམས་པ། ༤ འདུན་པ། ༥ རེག་པ། ༦ བློ་གྲོས། ༧ དྲན་པ། ༨ ཡིད་ལ་བྱེད་པ། ༩ མོས་པ། ༡༠ ཏིང་ངེ་འཛིན། ༡༡ དད་པ། ༡༢ བག་ཡོད། ༡༣ ཤིན་སྦྱངས། ༡༤ བཏང་སྙོམས། ༡༥ ངོ་ཚ། ༡༦ ཁྲེལ་ཡོད། ༡༧ མ་ཆགས་པ། ༡༨ མི་སྡང་བ། ༡༩ མི་འཚེ་བ། ༢༠ བརྩོན་འགྲུས། ༢༡ རྨོངས་པ། ༢༢ བག་མེད་པ། ༢༣ ལེ་ལོ། ༢༤ མ་དད་པ། ༢༥ རྨུགས་པ། ༢༦ རྒོད་པ། ༢༧ ངོ་ཚ་མེད་པ། ༢༨ ཁྲེལ་མེད་པ། ༢༩ ཁྲོ་བ། ༣༠ འཁོན་འཛིན། ༣༡ གཡོ་བ། ༣༢ ཕྲག་དོག །༣༣ འཚིག་པ། ༣༤ འཆབ་པ། ༣༥ སེར་སྣ། ༣༦ སྒྱུ། ༣༧ རྒྱགས་པ། ༣༨ རྣམ་འཚེ། ༣༩ རྟོག་པ་དང་། ༤༠  དཔྱོད་པ་རྣམས་སོ།།

༣༡༽ དེ་ལ་སེམས་དང་མཚུངས་ལྡན་མིན་པའི་འདུ་བྱེད་བཅུ་གསུམ་ནི། ༡ ཐོབ་པ། ༢ མ་ཐོབ་པ། ༣ བསྐལ་པ་མཉམ་པ་ཉིད། ༤ འདུ་ཤེས་མེད་པ། ༥ སྙོམས་འཇུག ། ༦ སྲོག །༧ སྐྱེ་བ། ༨ རྒ་བ། ༩ གནས་པ། ༡༠ མི་རྟག་པ་ཉིད། ༡༡ མིང་གི་ཚོགས། ༡༢ ཚིག་གི་ཚོགས་དང་། ༡༣ ཡི་གེའི་ཚོགས་རྣམས་སོ།།

༣༢༽ འདུས་མ་བྱས་གསུམ་ནི། འདི་ལྟ་སྟེ། ༡ ནམ་མཁའ། ༢ སོ་སོར་བརྟག་པའི་འགོག་པ་དང་། ༣ སོ་སོར་བརྟག་མིན་གྱི་འགོག་པ་ཞེས་སོ།།

༣༣༽ ཡུལ་དྲུག་ནི། འདི་ལྟ་སྟེ། ༡ གཟུགས། ༢ སྒྲ། ༣ དྲི། ༤ རོ། ༥ རེག་བྱ་དང་། ༦ ཆོས་རྣམས་སོ།།

༣༤༽ དེ་ལ་ཡུལ་གཟུགས་ཀྱི་རང་བཞིན་(ཉི་ཤུ་)ནི། ༡ སྔོན་པོ། ༢ སེར་པོ། ༣ དམར་པོ། ༤ དཀར་པོ། ༥ ལྗང་ཁུ། ༦ རིང་པོ། ༧ ཐུང་ངུ་། ༨ ཟླུམ་པོ། ༩ མཐོ་བ། ༡༠ དམའ་བ། ༡༡ ཕྱ་ལེ་བ། ༡༢ ཕྱ་ལེ་བ་མ་ཡིན་པ། ༡༣ སྤྲིན། ༡༤ དུ་བ། ༡༥ རྡུལ། ༡༦ ཁུག་རྣ། ༡༧ གྲིབ་མ། ༡༨ ཉི་མ། ༡༩ སྣང་བ་དང་། ༢༠ མུན་པ་རྣམས་སོ།།

༣༥༽ སྒྲ་རྣམ་པ་ཉེར་བརྒྱད་ནི། ༡-༧ སྐྱེ་བོའི་ངག་ཏུ་གྱུར་པའི་སྒྲ་བདུན། ༨-༡༤ སྐྱེས་བུའི་ལག་པའི་སྒྲ་ལ་སོགས་པ་བདུན་དང་། ༡༥-༢༨ དེ་རྣམས་ལ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་དབྱེ་བས་ཉེར་བརྒྱད་དོ།།

༣༦༽ རོ་རྣམ་པ་དྲུག་ནི། འདི་ལྟ་སྟེ། ༡ མངར་བ། ༢ སྐྱུར་བ། ༣ ཚྭ་བ། ༤ ལན་ཚྭ་བ། ༥ ཁ་བ་དང་། ༦ སྐ་བ་རྣམས་སོ།།

༣༧༽ དྲི་བཞི་ནི། འདི་ལྟ་སྟེ། ༡ དྲི་ཞིམ་པ། ༢ དྲི་མི་ཞིམ་པ། ༣ མཉམ་པའི་དྲི་དང་། ༤ མི་མཉམ་པའི་དྲི་བཅས་སོ།།

༣༨༽ རེག་བྱ་བཅུ་གཅིག་ནི། ༡ ས། ༢ ཆུ། ༣ མེ། ༤ རླུང་། ༥ འཇམ་པ། ༦ རྩུབ་པ། ༧ ཡང་བ། ༨ ལྕི་བ། ༩ གྲང་བ། ༡༠  བཀྲེས་པ་དང་། ༡༡ སྐོམ་པ་རྣམས་སོ།།

༣༩༽ འབྱུང་བ་ཆེན་པོ་ལྔ་ནི། ༡ ས། ༢ ཆུ། ༣ མེ། ༥ རླུང་། ༥ ནམ་མཁའ་རྣམས་སོ།།

༤༠༽ འབྱུང་འགྱུར་ལྔ་ནི། ༡ གཟུགས། ༢ སྒྲ། ༣ དྲི། ༤ རོ་དང་། ༥ རེག་བྱ་རྣམས་སོ།།

༤༡༽ སྟོང་ཉིད་ཉི་ཤུ་ནི། འདི་ལྟ་སྟེ། ༡ ནང་སྟོང་པ་ཉིད། ༢ ཕྱི་སྟོང་པ་ཉིད། ༣ ཕྱི་ནང་སྟོང་པ་ཉིད། ༤ སྟོང་པ་ཉིད་སྟོང་པ་ཉིད། ༥ ཆེན་པོ་སྟོང་པ་ཉིད། ༦ དོན་དམ་པ་སྟོང་པ་ཉིད། ༧ འདུས་བྱས་སྟོང་པ་ཉིད། ༨ འདུས་མ་བྱས་སྟོང་པ་ཉིད། ༩ མཐའ་ལས་འདས་པའི་སྟོང་པ་ཉིད། ༡༠ ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད། ༡༡ དོར་བ་མེད་པའི་སྟོང་པ་ཉིད། ༡༢ རང་བཞིན་སྟོང་པ་ཉིད། ༡༣ ཆོས་ཐམས་ཅད་སྟོང་པ་ཉིད། ༡༤ མཚན་ཉིད་སྟོང་པ་ཉིད། ༡༥ མཚན་ཉིད་མེད་པའི་སྟོང་པ་ཉིད། ༡༦ དངོས་པོ་སྟོང་པ་ཉིད། ༡༧ དངོས་པོ་མེད་པའི་སྟོང་པ་ཉིད། ༡༨ ངོ་བོ་ཉིད་སྟོང་པ་ཉིད། ༡༩ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད། ༢༠ གཞན་གྱི་དངོས་པོ་སྟོང་པ་ཉིད་བཅས་སོ།།

༤༢༽ རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ༡ མ་རིག་པ། ༢ འདུ་བྱེད་རྣམས། ༣ རྣམ་ཤེས། ༤ མིང་གཟུགས་། ༥ སྐྱེ་མཆེད་དྲུག །༦ རེག་པ། ༧ ཚོར་བ། ༨ སྲེད་པ། ༩ ལེན་པ། ༡༠ སྲིད་པ། ༡༡ སྐྱེ་བ་དང་། ༡༢ རྒ་ཤི་མྱ་ངན་སྨྱེ་ངག་འདོན་པ་སྡུག་བསྔལ་བ་ཡིད་མི་བདེ་བ་འཁྲུག་པ་བཅས་སོ།།

༤༣༽ བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན། ༡- ༤ དྲན་པ་ཉེར་བཞག་བཞི། ༥-༨ ཡང་དག་སྤོང་བ་བཞི། ༩-༡༢ རྫུ་འཕྲུལ་གྱི་རྐང་པ་བཞི། ༡༣-༡༧ དབང་པོ་ལྔ། ༡༨-༢༢ སྟོབས་ལྔ། ༢༣-༢༩ བྱང་ཆུབ་ཀྱི་ཡན་ལག་བདུན། ༣༠-༣༧ འཕགས་ལམ་ཡན་ལག་བརྒྱད།

༤༤༽ དེ་ལ་དྲན་པ་ཉེར་བཞག་བཞི་(གང་དག་)ཡིན་ཞེ་ན། འདི་ལྟ་སྟེ། ༡ ལུས་ལ་ལུས་རྗེས་སུ་ལྟ་བའི་དྲན་པ་ཉེར་བར་བཞག་པ། ༢ ཚོར་བ་ལ་ཚོར་བ་རྗེས་སུ་ལྟ་བའི་དྲན་པ་ཉེར་བར་བཞག་པ། ༣ སེམས་ལ་སེམས་རྗེས་སུ་ལྟ་བའི་དྲན་པ་ཉེར་བར་བཞག་པ། ༤ ཆོས་ལ་ཆོས་རྗེས་སུ་ལྟ་བའི་དྲན་པ་ཉེར་བར་བཞག་པ་བཅས་སོ།།

༤༥༽ ཡང་དག་སྤོང་བ་བཞི་ (གང་དག་) ཡིན་ཞེ་ན། འདི་ལྟ་སྟེ། ༡ དགེ་བའི་རྩ་བ་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་དང་། ༢ མ་སྐྱེས་པ་རྣམས་ཡང་དག་པར་བསྐྱེད་པ་དང་། ༣ མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། ༤ མ་སྐྱེས་པ་རྣམས་སླར་མི་བསྐྱེད་པར་བྱེད་པ་རྣམས་སོ།།

༤༦༽ རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདི་ལྟ་སྟེ། ༡ འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། ༢ དེ་བཞིན་དུ་སེམས་པའི་རྫུ་འཕྲུལ་གྱི་རྐང་པ། ༣ བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། ༤ དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཅས་སོ།།

༤༧༽ དབང་པོ་ལྔ་ནི། འདི་ལྟ་སྟེ། ༡ དད་པ། ༢ ཏིང་ངེ་འཛིན། ༣ བརྩོན་འགྲུས། ༤ དྲན་པ་དང་། ༥ ཤེས་རབ་ཀྱི་དབང་པོ་རྣམས་སོ།།

༤༨༽ སྟོབས་ལྔ་ནི། ༡ དད་པ། ༢ བརྩོན་འགྲུས། ༣ དྲན་པ། ༤ ཏིང་ངེ་འཛིན་དང་། ༥ ཤེས་རབ་ཀྱི་སྟོབས་རྣམས་སོ།།

༤༩༽ བྱང་ཆུབ་ཀྱི་ཡན་ལག་བདུན་ནི། འདི་ལྟ་སྟེ། ༡ དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ། ༢ ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ། ༣ བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག ། ༤ དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག  ། ༥ ཤིན་སྦྱངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག ། ༦ ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག ། ༧ བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཅས་སོ།།

༥༠༽ འཕགས་ལམ་ཡན་ལག་བརྒྱད་ནི། ༡ ཡང་དག་པའི་ལྟ་བ། ༢ ཡང་དག་པའི་རྟོག་པ། ༣ ཡང་དག་པའི་ངག ། ༤ ཡང་དག་པའི་ལས་ཀྱི་མཐའ། ༥ ཡང་དག་པའི་འཚོ་བ། ༦ ཡང་དག་པའི་རྩོལ་བ། ༧ ཡང་དག་པའི་དྲན་པ་དང་། ༨ ཡང་དག་པའི་ཏིང་ངེ་འཛིན་བཅས་སོ། །འདི་དག་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན་ནོ།།

༥༡༽ སོ་སོ་ཡང་དག་པར་རིག་པ་བཞི་ནི། འདི་ལྟ་སྟེ། ༡ ཆོས་སོ་སོ་ཡང་དག་པར་རིག་པ། ༢ དོན་སོ་སོ་ཡང་དག་པར་རིག་པ། ༣ ངེས་ཚིག་སོ་སོ་ཡང་དག་པར་རིག་པ་དང་། ༤ སྤོབས་པ་སོ་སོར་ཡང་དག་པར་རིག་པ་བཅས་སོ།།

༥༢༽ གཟུངས་བཞི་ནི། འདི་ལྟ་སྟེ། ༡ བདག་ཉིད་ཀྱི་གཟུངས། ༢ གཞུང་གི་གཟུངས། ༣ ཆོས་ཀྱི་གཟུངས་དང་། ༤ སྔགས་ཀྱི་གཟུངས་བཅས་སོ།།

༥༣༽ རྟོན་པ་བཞི་ནི། འདི་ལྟ་སྟེ། ༡ དོན་རྟོན་པར་བྱ་ཡི། ཚིག་འབྲུ་ལ་རྟོན་པར་མི་བྱའོ། །༢ ཡེ་ཤེས་ལ་རྟོན་པར་བྱ་ཡི། རྣམ་ཤེས་ལ་རྟོན་པར་མི་བྱའོ། །༣ ངེས་དོན་ལ་རྟོན་པར་བྱ་ཡི། དྲང་དོན་ལ་རྟོན་པར་མི་བྱའོ། །༤ ཆོས་ལ་རྟོན་པར་བྱ་ཡི། གང་ཟག་ལ་རྟོན་པར་མི་བྱ་བ་བཅས་སོ།།

༥༤༽ རྗེས་སུ་དྲན་པ་དྲུག་ནི། འདི་ལྟ་སྟེ། ༡ སངས་རྒྱས་རྗེས་སུ་དྲན་པ། ༢ ཆོས་རྗེས་སུ་དྲན་པ། ༣ དགེ་འདུན་རྗེས་སུ་དྲན་པ། ༤ གཏོང་བ་རྗེས་སུ་དྲན་པ། ༥ ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ༦ ལྷ་རྗེས་སུ་དྲན་པ་རྣམས་སོ།།

༥༥༽ ཆོས་ཀྱི་ཕྱག་རྒྱ་བཞི་ནི། འདི་ལྟ་སྟེ། ༡ འདུ་བྱེད་ཐམས་ཅད་མི་རྟག་པ། ༢ འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། ༣ ཆོས་ཐམས་ཅད་བདག་མེད་པ་དང་།[13] ༤ མྱ་ངན་ལས་འདས་པ་ཞི་བའོ་ཞེས་སོ།།

༥༦༽ མི་དགེ་བ་བཅུ་ནི། འདི་ལྟ་སྟེ། ༡ སྲོག་གཅོད་པ། ༢ མ་བྱིན་པ་ལེན་པ། ༣ འདོད་པ་ལ་ལོག་པར་གཡེམ་པ། ༤ རྫུན་སྨྲ་བ། ༥ ཕྲ་མ། ༦ ཚིག་རྩུབ། ༧ ངག་བཀྱལ། ༨ བརྣབ་སེམས། ༩ གནོད་སེམས་དང་། ༡༠ ལོག་པར་ལྟ་བ་བཅས་སོ།།

༥༧༽ འགྲོ་བ་དྲུག་ནི། འདི་ལྟ་སྟེ། ༡ དམྱལ་བ། ༢ ཡི་དྭགས། ༣ དུད་འགྲོ། ༤ ལྷ་མ་ཡིན། ༥ མི་དང་། ༦ ལྷ་རྣམས་སོ།།

༥༨༽ ཁམས་དྲུག་ནི། ༡ ས། ༢ ཆུ། ༣ མེ། ༤ རླུང་། ༥ ནམ་མཁའ་དང་། ༦ རྣམ་ཤེས་སོ།།

༥༩༽ རྣམ་ཐར་བརྒྱད་ནི། འདི་ལྟ་སྟེ། ༡ གཟུགས་ཅན་གཟུགས་ལ་ལྟ་བས་སྟོང་པ། ༢ ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བས་སྟོང་པ། ༣ ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་རྣམས་ལ་ལྟ་བས་སྟོང་པ། ༤ རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་རྣམས་ལ་ལྟ་བས་སྟོང་པ། ༥ ཅི་ཡང་མེད་ཀྱི་སྐྱེ་མཆེད་རྣམས་ལ་ལྟ་བས་སྟོང་པ། ༦ འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་ལ་ལྟ་བས་སྟོང་པ། བགེགས་སེལ་སྡུག་པ་ལ་ལྟ་བས་སྟོང་པ་དང་།[14] འདུ་ཤེས་དང་ཚོར་བ་འགོག་པ་ལ་ལྟ་བས་སྟོང་པ་རྣམས་སོ།།

༦༠༽ མཚམས་མེད་ལྔ་ནི། འདི་ལྟ་སྟེ། ༡ མ་བསད་པ། ༢ ཕ་བསད་པ། ༣ དགྲ་བཅོམ་པ་བསད་པ། ༤ དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ༥ དགེ་འདུན་གྱི་དབྱེན་བྱས་པ་ཞེས་སོ།།

༦༡༽ འཇིག་རྟེན་ཆོས་བརྒྱད་ནི། ༡ རྙེད་པ། ༢ མ་རྙེད་པ། ༣ བདེ་བ། ༤ སྡུག་བསྔལ། ༥ སྙན་པ་དང་། ༦ མི་སྙན་པ། ༧ སྨད་པ་དང་། ༨ བསྟོད་པ་བཅས་སོ།།

༦༢༽ གསུང་རབ་ཡན་ལག་དགུ་ནི།[15] ༡ མདོའི་སྡེ། ༢ དབྱངས་ཀྱིས་བསྙད་པ། ༣ ལུང་དུ་བསྟན་པ། ༤ ཚིགས་སུ་བཅད་པ། ༥ ཆེད་དུ་བརྗོད་པ། ༦ སྐྱེས་རབས། ༧ ཤིན་ཏུ་རྒྱས་པ། ༨ རྨད་དུ་བྱུང་བ་དང་། ༩ གཏན་ལ་ཕབ་པ་རྣམས་སོ།།

༦༣༽ སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། ༡ བསོད་སྙོམས་པ། ༢ ཆོས་གོས་གསུམ་པ། ༣ ཟས་ཕྱིས་མི་ལེན་པ། ༤ ཙོག་པུ་བ། ༥ གཞི་ཇི་བཞིན་པ། ༦ ཤིང་དྲུང་པ། ༧ སྟན་གཅིག་པ། ༨ བླ་གབ་མེད་པ། ༩ དགོན་པ་བ། ༡༠ དུར་ཁྲོད་པ། ༡༡ ཕྱག་དར་ཁྲོད་པ། ༡༢ ཕྱིང་བ་པ་[16]བཅས་སོ།།

༦༤༽ ས་བཅུ་ནི། ༡ རབ་ཏུ་དགའ་བ། ༢ དྲི་མ་མེད་པ། ༣ འོད་བྱེད་པ། ༤ འོད་འཕྲོ་བ། ༥ ཤིན་ཏུ་སྦྱང་དཀའ་བ། ༦ མངོན་དུ་ཕྱོགས་པ། ༧ རིང་དུ་སོང་བ། ༨ མི་གཡོ་བ། ༩ ལེགས་པའི་བློ་གྲོས་དང་། ༡༠  ཆོས་ཀྱི་སྤྲིན་རྣམས་སོ།།

༦༥༽ ས་བཅུ་གསུམ་ནི། ༡ ཀུན་ཏུ་འོད། ༢ དཔེ་མེད་པ། ༣ ཡེ་ཤེས་ལྡན་པ། དེ་དག་དང་བཅས་ས་བཅུ་གསུམ་མོ།།

༦༦༽ སྤྱན་ལྔ་ནི། ༡ ཤའི་སྤྱན། ༢ ཆོས་ཀྱི་སྤྱན། ༣ ཤེས་རབ་ཀྱི་སྤྱན། ༤ ལྷའི་སྤྱན་དང་། ༥ སངས་རྒྱས་ཀྱི་སྤྱན་རྣམས་སོ།།

༦༧༽ ཉོན་མོངས་པ་དྲུག་ནི། ༡ འདོད་ཆགས། ༢ ཁོང་ཁྲོ། ༣ ང་རྒྱལ། ༤ མ་རིག་པ། ༥ ལོག་ལྟ་དང་། ༦ ཐེ་ཚོམ་བཅས་སོ།།

༦༨༽ ལྟ་བ་ལྔ་ནི། ༡ འཇིག་ཚོགས་ལ་ལྟ་བ། ༢ མཐར་འཛིན་གྱི་ལྟ་བ། ༣ ལོག་པར་ལྟ་བ། ༤ ལྟ་བ་མཆོག་ཏུ་འཛིན་པ་དང་། ༥ ཚུལ་ཁྲིམས་དང་རྟུལ་ཞུགས་མཆོག་འཛིན་བཅས་སོ།།

༦༩༽ ཉེ་ཉོན་ཉེར་བཞི་ནི། འདི་ལྟ་སྟེ། ༡ ཁོང་ཁྲོ། ༢ འཁོན་འཛིན། ༣ འཆབ་པ། ༤ འཚིག་པ། ༥ ཕྲག་དོག ། ༦ སེར་སྣ། ༧ གཡོ། ༨ སྒྱུ། ༩ རྒྱགས་པ། ༡༠ རྣམ་འཚེ། ༡༡ ངོ་ཚ་མེད་པ། ༡༢ ཁྲེལ་མེད་པ། ༡༣ རྨུགས་པ། ༡༤ རྒོད་པ། ༡༥ མ་དད་པ། ༡༦ ལེ་ལོ། ༡༧ བག་མེད། ༡༨ བརྗེད་ངེས། ༡༩ རྣམ་གཡེང་། ༢༠ ཤེས་བཞིན་མ་ཡིན་པ། ༢༡ འགྱོད་པ། ༢༢ གཉིད། ༢༣ རྟོག་པ་དང་། ༢༤ དཔྱོད་པ་རྣམས་སོ།།

༧༠༽ ཟས་ལྔ་ནི། ༡ བསམ་གཏན་གྱི་ཟས། ༢ ཁམ་གྱི་ཟས། ༣ ནང་གི་ཟས། ༤ རེག་པའི་ཟས་དང་། ༥ སེམས་པའི་ཟས་རྣམས་སོ།།

༧༡༽ འཇིགས་པ་ལྔ་ནི། ༡ འཚོ་བའི་འཇིགས་པ། ༢ མྱ་ངན་གྱི་འཇིགས་པ། ༣ འཆི་བའི་འཇིགས་པ། ༤ ངན་སོང་གི་འཇིགས་པ་དང་། ༥ འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་རྣམས་སོ།།

༧༢༽ བསམ་གཏན་བཞི་ནི། འདི་ལྟ་སྟེ། ༡ རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ། ༢ ནང་རབ་ཏུ་དགའ་བ་དང་བདེ་བ་ཅན་ནི་གཉིས་པའོ། །༣ བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གྱི་བདེ་བ་ནི་གསུམ་པའོ། །༤ བདེ་མིན་སྡུག་མིན་གྱི་ཚོར་བ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པའོ།།

༧༣༽ རྣམ་པར་ཐར་པ་གསུམ་ནི། ༡ སྟོང་པ་ཉིད། ༢ མཚན་མ་མེད་པ་དང་། ༣ སྨོན་པ་མེད་པ་ཞེས་པའོ།།

༧༤༽ བྱང་ཆུབ་སེམས་པའི་དབང་བཅུ་ནི། ༡ ཚེ་ལ་དབང་བ། ༢ སེམས་ལ་དབང་བ། ༣ ཡོ་བྱད་ལ་དབང་བ། ༤ ཆོས་ལ་དབང་བ། ༥ རྫུ་འཕྲུལ་ལ་དབང་བ། ༦ སྐྱེ་བ་ལ་དབང་བ། ༧ མོས་པ་ལ་དབང་བ། ༨ སྨོན་ལམ་ལ་དབང་བ། ༩ ལས་ལ་དབང་བ་དང་། ༡༠ ཡེ་ཤེས་ལ་དབང་བ་བཅས་སོ།།

༧༥༽ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་བཅུ་ནི། འདི་ལྟ་སྟེ། ༡ མོས་པའི་སྟོབས། ༢ སོ་སོར་རྟོག་པའི་སྟོབས། ༣ སྒོམ་པའི་སྟོབས། ༤ བཟོད་པའི་སྟོབས། ༥ ཡེ་ཤེས་ཀྱི་སྟོབས། ༦ སྤོང་བའི་སྟོབས། ༧ ཏིང་ངེ་འཛིན་གྱི་སྟོབས། ༨ སྤོབས་པའི་སྟོབས། ༩ བསོད་ནམས་ཀྱི་སྟོབས་དང་། ༡༠ བསྒྲུབ་པའི་སྟོབས་རྣམས་སོ།།

༧༦༽ དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། འདི་ལྟ་སྟེ། ༡ གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ༢ ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། ༣ ཁམས་སྣ་ཚོགས་མཁྱེན་པའི་སྟོབས། ༤ མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ༥ སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ༦ ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། ༧ བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས། ༨ སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། ༩ འཆི་འཕོ་བ་དང་སྐྱེ་བ་དྲན་པའི་སྟོབས་དང་། ༡༠ ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅས་སོ།།

༧༧༽ མི་འཇིགས་པ་བཞི་ནི། འདི་ལྟ་སྟེ། ༡ མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ། ༢ ཟག་པ་ཟད་པ་མཁྱེན་པ་ལ་མི་འཇིགས་པ། ༣ བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པར་ལུང་བསྟན་པ་ལ་མི་འཇིགས་པ་དང་།[17] ༤ ངེས་པར་འབྱུང་བའི་ལམ་དུ་འཇུག་པ་ལ་མི་འཇིགས་པ་བཅས་སོ།།

༧༨༽ སེར་སྣ་ལྔ་ནི། ༡ ཆོས་ལ་སེར་སྣ། ༢ རྙེད་པ་ལ་སེར་སྣ། ༣ གནས་པ་ལ་སེར་སྣ། ༤ དགེ་བ་ལ་སེར་སྣ་དང་། ༥ རིགས་ལ་སེར་སྣ་བཅས་སོ།།

༧༩༽ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། འདི་ལྟ་སྟེ། ༡ དེ་བཞིན་གཤེགས་པ་ལ་འཁྲུལ་བ་མི་མངའ་བ། ༢ ཅ་ཅོ་མི་མངའ་བ། ༣ བསྙེལ་བ་མི་མངའ་བ་ཉིད་དང་། ༤ ཐུགས་མཉམ་པར་མ་བཞག་པ་མི་མངའ་བ། ༥ ཐ་དད་པའི་འདུ་ཤེས་མི་མངའ་བ། ༦ སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ། ༧ འདུན་པ་ཡོངས་སུ་ཉམས་པ་མི་མངའ་བ། ༨ བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའ་བ། ༩ དྲན་པ་ཡོངས་སུ་ཉམས་པ་མི་མངའ་བ། ༡༠ ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ་བ། ༡༡ ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ། ༡༢ རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའ་བ། ༡༣ རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་ཉམས་པ་མི་མངའ་བ། ༡༤ ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ༡༥ ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ༡༦ ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ༡༧ འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། ༡༨ ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་བཅས་སོ།།

༨༠༽ བདུད་བཞི་ནི། འདི་ལྟ་སྟེ། ༡ ཕུང་པོའི་བདུད། ༢ ཉོན་མོངས་པའི་བདུད། ༣ ལྷའི་བུའི་བདུད་དང་། ༤ འཆི་བདག་གི་བདུད་བཅས་སོ།།

༨༡༽ དད་པའི་ཡོན་ཏན་བཞི་ནི། འདི་ལྟ་སྟེ། ༡ འཕགས་པའི་བདེན་པ། ༢ དཀོན་མཆོག་གསུམ། ༣ ལས་དང་། ༤ ལས་ཀྱི་འབྲས་བུ་བཅས་སོ།།

༨༢༽ སྔོན་དང་རྗེས་ཀྱི་ཏིང་ངེ་འཛིན་གྱི་སྙོམས་འཇུག་དགུ་ནི། འདི་ལྟ་སྟེ། ༡-༤ བསམ་གཏན་བཞི། ༥-༨ གཟུགས་མེད་ཀྱི་སྙོམས་པར་འཇུག་པ་བཞི་དང་། ༩ འགོག་པའི་སྙོམས་པར་འཇུག་པ་བཅས་སོ།།

༨༣༽ མཚན་སུམ་ཅུ་རྩ་གཉིས་ནི།[18] འདི་ལྟ་སྟེ། ༡ ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། ༢ ཕྱག་དང་ཞབས་ཀྱི་མཐིལ་ཤིན་ཏུ་གནས་པ་ཉིད་དང་།[19] ༣ ཕྱག་དང་ཞབས་ཀྱི་སོར་མོ་དྲྭ་བས་འབྲེལ་བ་ཉིད་དང་།[20] ༤ ཕྱག་དང་ཞབས་ཀྱི་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་།[21] ༥ བདུན་མཐོ་བ་ཉིད་དང་། ༦ སོར་མོ་རིང་བ་ཉིད་དང་། ༧ རྟིང་པ་ཡངས་པ་ཉིད་དང་། ༨ སྐུ་དྲང་བ་ཉིད་དང་། ༩ ཞབས་འབུར་མི་མངོན་པ་ཉིད་དང་། ༡༠ སྤུའི་རྩེ་མོ་གྱེན་དུ་ཕྱོགས་པ་ཉིད་དང་། ༡༡ བྱིན་པ་རི་དྭགས་ཨེཎིཡའི་ལྟ་བུ་དང་། ༡༢ ཕྱག་པུས་མོར་སླེབས་པ་ཉིད་དང་། ༡༣ འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང་། ༡༤ གསེར་མདོག་འདྲ་བ་ཉིད་དང་། ༡༥ པགས་པ་འཇམ་པ་ཉིད་དང་[22]། ༡༦ སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་[23]། ༡༧ ཞལ་མཛོད་སྤུས་བརྒྱན་པ་ཉིད་དང་། ༡༨ སྐུ་སྟོད་སེངྒེ་འདྲ་བ་ཉིད་དང་[24]། ༡༩ དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། ༢༠ ཐལ་གོང་རྒྱས་པ་ཉིད་དང་། ༢༡ རོ་བྲོ་བའི་མཆོག་དང་ལྡན་པ་ཉིད་དང་། ༢༢ ཤིང་ནྱགྲོདྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། ༢༣ དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། ༢༤ ལྗགས་ཤིན་ཏུ་རིང་བ་ཉིད་དང་། ༢༥ འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། ༢༦ ཚེམས་དཀར་བ་ཉིད་དང་[25]། ༢༧ ཚེམས་མཉམ་པ་ཉིད་དང་། ༢༨ ཚངས་པའི་དབྱངས་ཉིད་དང་།[26] ༢༩ ཚེམས་ཐགས་བཟང་བ་ཉིད་དང་། ༣༠ ཚེམས་བཞི་བཅུ་མཉམ་པ་ཉིད་དང་། ༣༡ སྤྱན་མཐོན་མཐིང་ཉིད་དང་། ༣༢ རྫི་མ་བའི་ལྟ་བུ་ཉིད་[27]བཅས་སོ།།

༨༤༽ དཔེ་བྱད་བརྒྱད་ཅུ་ནི། འདི་ལྟ་སྟེ། ༡ སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། ༢ སེན་མོའི་མདོག་སྣུམ་པ་ཉིད་དང་། ༣ སེན་མོ་མཐོ་བ་ཉིད་དང་། ༤ སོར་མོ་རྣམས་ཟླུམ་པ་ཉིད་དང་།[28] ༥སོར་མོ་རྣམས་རྒྱས་པ་ཉིད་དང་། ༦ སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་། ༧ རྩ་མི་མངོན་པ་ཉིད་དང་། ༨ རྩ་བདུད་པ་མེད་པ་ཉིད་དང་། ༩ ལོང་བུ་མི་མངོན་པ་ཉིད་དང་། ༡༠ ཞབས་མི་མཉམ་པ་མེད་པ་ཉིད་དང་། ༡༡ སེངྒེའི་སྟབས་སུ་གཤེགས་པ་ཉིད་དང་། ༡༢ གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ༡༣ ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། ༡༤ ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། ༡༥ གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། ༡༦ མཛེས་པར་གཤེགས་པ་ཉིད་དང་། ༡༧ མ་ཡོ་བར་གཤེགས་པ་ཉིད་དང་། ༡༨ སྐུ་འཁྲིལ་བག་ཆགས་པ་ཉིད་དང་། ༡༩ སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། ༢༠ སྐུ་རིམ་པར་འཚམ་པ་ཉིད་དང་། ༢༡ སྐུ་གཙང་བ་ཉིད་དང་། ༢༢ སྐུ་འཇམ་པ་ཉིད་དང་། ༢༣ སྐུ་རྣམ་པར་དག་པ་ཉིད་དང་། ༢༤ མཚན་ཡོངས་སུ་རྫོགས་པ་ཉིད་དང་། ༢༥ སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང་། ༢༦ གོམ་པ་སྙོམ་པ་ཉིད་དང་། ༢༧ སྤྱན་རྣམ་པར་དག་པ་ཉིད་དང་། ༢༨ སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། ༢༩ སྐུ་ཞུམ་པ་མེད་པ་ཉིད་དང་། ༣༠ སྐུ་རྒྱས་པ་ཉིད་དང་། ༣༡ ལྟེ་བ་ཟབ་པ་ཉིད་དང་།[29] ༣༢ སྐུ་ཤིན་ཏུ་གསལ་བ་ཉིད་དང་། ༣༣ ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེད་པ་ཉིད་དང་། ༣༤ གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། ༣༥ དཀུ་ཟླུམ་པ་ཉིད་དང་། ༣༦ དཀུ་སྐབས་ཕྱིན་པ་ཉིད་དང་། ༣༧ དཀུ་མ་རྙོངས་པ་ཉིད་དང་། ༣༨ དཀུ་ཕྱང་ངེ་བ་ཉིད་དང་། ༣༩ ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། ༤༠ ཀུན་ནས་མཛེས་པ་ཉིད་དང་། ༤༡ ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་། ༤༢ སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང་།[30] ༤༣ ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། ༤༤ ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་། ༤༥ ཕྱག་གི་རི་མོ་ཟབ་པ་ཉིད་དང་། ༤༦ ཕྱག་གི་རི་མོ་རིང་བ་ཉིད་དང་། ༤༧ ཞལ་ཧ་ཅང་མི་རིང་བ་ཉིད་དང་།[31] ༤༨ མཆུ་བིམ་པའི་གཟུགསབརྙན་འདྲ་བ་ཉིད་དང་།[32] ༤༩ ལྗགས་མཉེན་པ་ཉིད་དང་། ༥༠ ལྗགས་སྲབ་པ་ཉིད་དང་། ༥༡ ལྗགས་དམར་བ་ཉིད་དང་། ༥༢ འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། ༥༣ གསུང་སྙན་ཞིང་མཉེན་ལ་འཇམ་པ་ཉིད་དང་། ༥༤ མཆེ་བ་ཟླུམ་པ་ཉིད་དང་། ༥༥ མཆེ་བ་རྣོ་བ་ཉིད་དང་། ༥༦ མཆེ་བ་དཀར་བ་ཉིད་དང་། ༥༧ མཆེ་བ་མཉམ་པ་ཉིད་དང་། ༥༨ མཆེ་བ་བྱིན་གྱི་ཕྲ་བ་ཉིད་དང་། ༥༩ ཤངས་མཐོ་བ་ཉིད་དང་། ༦༠ ཤངས་གཙང་བ་ཉིད་དང་། ༦༡ སྤྱན་ཡངས་པ་ཉིད་དང་། ༦༢ རྫི་མ་སྟུག་པ་ཉིད་དང་།[33] ༦༣ སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དང་། ༦༤ སྨིན་ཚུགས་རིང་བ་ཉིད་དང་། ༦༥ སྨིན་མ་འཇམ་པ་ཉིད་དང་།[34] ༦༦ སྨིན་མ་སྣུམ་པ་ཉིད་དང་། ༦༧ སྨིན་མའི་སྤུ་མཉམ་པ་ཉིད་དང་།[35] ༦༨ ཕྱག་རིང་ཞིང་རྒྱས་པ་ཉིད་དང་། ༦༩ སྙན་མཉམ་པ་ཉིད་དང་། ༧༠ སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། ༧༡ དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང་།[36] ༧༢ དཔྲལ་བ་འབྱེས་ཆེ་བ་ཉིད་དང་། ༧༣ དབུ་ཤིན་ཏུ་རྒྱས་པ་ཉིད་དང་། ༧༤ དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། ༧༥ དབུ་སྐྲ་སྟུག་པ་ཉིད་དང་།[37] ༧༦ དབུ་སྐྲ་འཇམ་པ་ཉིད་དང་།[38] ༧༧ དབུ་སྐྲ་མ་འཛིངས་པ་ཉིད་དང་།[39] ༧༨ དབུ་སྐྲ་མི་ཤོར་བ་ཉིད་དང་། ༧༩ དབུ་སྐྲ་དྲི་ཞིམ་པ་ཉིད་དང་། ༨༠  ཕྱག་དང་ཞབས་དཔལ་གྱི་བེའུ་དང་[40]བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བས་བརྒྱན་པ་ཉིད་[41]བཅས་སོ།།

༨༥༽ འཁོར་ལོས་བསྒྱུར་བ་རྣམས་ཀྱི་རིན་ཆེན་བདུན་ནི། འདི་ལྟ་སྟེ། ༡ འཁོར་ལོ་རིན་པོ་ཆེ། ༢ རྟ་མཆོག་རིན་པོ་ཆེ། ༣ གླང་པོ་རིན་པོ་ཆེ། ༤ ནོར་བུ་རིན་པོ་ཆེ། ༥ བཙུན་མོ་རིན་པོ་ཆེ། ༦ རལ་གྲི་རིན་པོ་ཆེ་དང་། ༧ བློན་པོ་རིན་པོ་ཆེ་བཅས་སོ།།

༨༦༽ དེ་ལ་དུས་གསུམ་ནི། འདི་ལྟ་སྟེ། ༡ འདས་པའི་དུས་དང་། ༢ མ་འོངས་པའི་དུས་དང་། ༣ ད་ལྟ་བའི་དུས་བཅས་སོ།།

༨༧༽ བསྐལ་པ་བཞི་ནི། འདི་ལྟ་སྟེ། ༡ བར་གྱི་བསྐལ་པ། ༢ བསྐལ་པ་ཆེན་པོ། ༣ སྟོང་པའི་བསྐལ་པ་དང་། ༤ སྙིང་པོའི་བསྐལ་པ་བཅས་སོ།།

༨༨༽ དུས་བཞི་ནི། འདི་ལྟ་སྟེ། ༡ རྫོགས་ལྡན་གྱི་དུས། ༢ གསུམ་ལྡན་གྱི་དུས།
༣ གཉིས་ལྡན་གྱི་དུས་དང་། ༤ རྩོད་ལྡན་གྱི་དུས་བཅས་སོ།།

༨༩༽ འཇིག་རྟེན་གཉིས་ནི། འདི་ལྟ་སྟེ། ༡ སེམས་ཅན་གྱི་འཇིག་རྟེན་དང་། ༢ སྣོད་ཀྱི་འཇིག་རྟེན་ནོ།།

༩༠༽ སྐྱེ་སྒོ་བཞི་ནི། འདི་ལྟ་སྟེ། ༡ སྒོ་ང་ལས་སྐྱེས་པ། ༢ དྲོད་གཤེར་ལས་སྐྱེས་པ། ༣ མངལ་ནས་སྐྱེས་པ་དང་། ༤ རྫུས་ཏེ་སྐྱེ་བ་བཅས་སོ།།

༩༡༽ སྙིགས་མ་ལྔ་ནི། འདི་ལྟ་སྟེ། ༡ ཉོན་མོངས་པའི་སྙིགས་མ། ༢ ལྟ་བའི་སྙིགས་མ། ༣ སེམས་ཅན་གྱི་སྙིགས་མ། ༤ ཚེའི་སྙིགས་མ་དང་། ༥ དུས་ཀྱི་སྙིགས་མ་བཅས་སོ།།

༩༢༽ སེམས་ཅན་གྱི་རིག་པ་གསུམ་ནི།[42] འདི་ལྟ་སྟེ། ༡ སྔོན་གྱི་མཐའི་མུ་ཡོངས་སུ་ཤེས་པ། ༢ ཕྱི་མའི་མཐའི་མུ་ཡོངས་སུ་ཤེས་པ་དང་། ༣ བདུད་བཞིའི་མུ་ཡོངས་སུ་ཤེས་པ་བཅས་སོ།།

༩༣༽ ཤེས་པ་བཅུ་ནི། འདི་ལྟ་སྟེ། ༡ སྡུག་བསྔལ་ཤེས་པ། ༢ ཀུན་འབྱུང་ཤེས་པ། ༣ འགོག་པ་ཤེས་པ། ༤ ལམ་ཤེས་པ། ༥ ཆོས་ཤེས་པ། ༦ རྗེས་སུ་རྟོགས་པའི་ཤེས་པ། ༧ ཀུན་རྫོབ་རྟོགས་པའི་ཤེས་པ། ༨ ཕ་རོལ་གྱི་སེམས་ཤེས་པ། ༩ ཟད་པ་ཤེས་པ་དང་། ༡༠ མི་སྐྱེ་བ་ཤེས་པ་རྣམས་སོ།།

༩༤༽ ཡེ་ཤེས་ལྔ་ནི། འདི་ལྟ་སྟེ། ༡ མེ་ལོང་ལྟ་བུའི་ཡེ་ཤེས། ༢ མཉམ་པ་ཉིད་ཀྱི་ཡེ་ཤེས། ༣ སོ་སོར་རྟོགས་པའི་ཡེ་ཤེས། ༤ བྱ་བ་གྲུབ་པའི་ཡེ་ཤེས། ༥ ཤིན་ཏུ་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་བཅས་སོ།།

༩༥༽ བདེན་པ་གཉིས་ནི། འདི་ལྟ་སྟེ། ༡ ཀུན་རྫོབ་བདེན་པ་དང་། ༢ དོན་དམ་བདེན་པའོ།།

༩༦༽ འཕགས་པའི་བདེན་པ་བཞི་ལ་ཤེས་བཟོད་སྐད་ཅིག་བཅུ་དྲུག་ནི། འདི་ལྟ་སྟེ། ༡ སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་། ༢ སྡུག་བསྔལ་ལ་ཆོས་ཤེས་པ། ༣ སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ། ༤ སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ། ༥ ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ། ༦ ཀུན་འབྱུང་ལ་ཆོས་ཤེས་པ། ༧ ཀུན་འབྱུང་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ། ༨ ཀུན་འབྱུང་ལ་རྗེས་སུ་རྟོགས་པའི་ཤེས་པ། ༩ འགོག་པ་ལ་ཆོས་ཤེས་པའི་བཟོད་པ། ༡༠ འགོག་པ་ལ་ཆོས་ཤེས་པ། ༡༡ འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ། ༡༢ འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ། ༡༣ ལམ་ལ་ཆོས་ཤེས་པའི་བཟོད་པ། ༡༤ ལམ་ལ་ཆོས་ཤེས་པ། ༡༥ ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ། ༡༦ ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་རྣམས་སོ།།

༩༧༽ དེ་ལ་སྡུག་བསྔལ་བདེན་པའི་རྣམ་པ་བཞི་ནི། འདི་ལྟ་སྟེ། ༡ མི་རྟག་པ། ༢ སྡུག་བསྔལ་བ། ༣ སྟོང་པ་དང་། ༤ བདག་མེད་པ་བཅས་སོ།།

༩༨༽ ཀུན་འབྱུང་བདེན་པའི་རྣམ་པ་བཞི་ནི། འདི་ལྟ་སྟེ། ༡ རྒྱུ། ༢ ཀུན་འབྱུང་། ༣ རབ་སྐྱེས་དང་། ༤ རྐྱེན་བཅས་སོ།།

༩༩༽ འགོག་བདེན་གྱི་རྣམ་པ་བཞི་ནི། འདི་ལྟ་སྟེ། ༡ འགོག་པ། ༢ ཞི་བ། ༣ གྱ་ནོམ། ༤ ངེས་འབྱུང་བཅས་སོ།།

༡༠༠༽ ལམ་བདེན་གྱི་རྣམ་པ་བཞི་ནི། འདི་ལྟ་སྟེ། ༡ ལམ། ༢ རིག་པ། ༣ སྒྲུབ་པ་དང་། ༤ ངེས་འབྱིན་བཅས་སོ།།

༡༠༡༽ ཏིང་ངེ་འཛིན་བཞི་ནི། འདི་ལྟ་སྟེ། ༡ སྣང་བའི་ཏིང་ངེ་འཛིན། ༢ སྣང་བ་འཇུག་པའི་ཏིང་ངེ་འཛིན། ༣ རབ་ཏུ་གནས་པ་བཅུ་གཅིག་གི་ཏིང་ངེ་འཛིན་དང་། ༤ བར་ཆད་མེད་པའི་ཏིང་ངེ་འཛིན་བཅས་སོ།།

༡༠༢༽ དེ་ལ་ (སྐྱེས་བུ་) གང་ཟག་བརྒྱད་ནི། འདི་ལྟ་སྟེ། ༡ རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པ། ༢ རྒྱུན་ཞུགས། ༣ ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ། ༤ ལན་གཅིག་ཕྱིར་འོང་བ། ༥ ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ། ༦ ཕྱིར་མི་འོང་བ། ༧ དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་དང་། ༨ དགྲ་བཅོམ་པ་བཅས་སོ།།

༡༠༣༽ གང་ཟག་ཡ་བརྒྱད་ནི།[43] འདི་ལྟ་སྟེ། ༡ དད་པའི་རྗེས་འབྲང་། ༢ ཆོས་ཀྱི་རྗེས་འབྲང་། ༣ རྒྱུན་ཞུགས། ༤ ལྷའི་རིགས་ནས་རིགས་སུ་སྐྱེ་བ། ༥ མིའི་རིགས་ནས་རིགས་སུ་སྐྱེ་བ། ༦ ལན་གཅིག་ཕྱིར་འོང་བའི་འབྲས་བུ། ༧-༨ དད་མོས་པ་དང་མཐོང་ཐོབ་པ། ༩ བར་ཆད་གཅིག་པ། ༡༠ ཕྱིར་མི་འོང་བ་བར་མ་དོར་ཡོངས་སུ་འདའ་བ། ༡༡ སྐྱེ་ནས་ཡོངས་སུ་འདའ་བ། ༡༢ མངོན་པར་འདུ་བྱེད་དང་བཅས་ཏེ་ཡོངས་སུ་འདའ་བ། ༡༣-༡༥ འཕར་བ། ཕྱེད་དུ་འཕར་བ། གནས་ཐམས་ཅད་དུ་འཕར་བ། ༡༦-༡༨ མཐོང་བའི་ཆོས་ལ་ཞི་བ། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། བསེ་རུ་ (ལྟ་བུ་) བཅས་སོ།།

༡༠༤༽ དེ་ལ་འདིར་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་རྣམས་གང་དག་ཡིན་ཞེ་ན།[44] དགེ་སློང་དག །ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། མིག་སྐྱེས། ཡེ་ཤེས་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས་སོ་ཞེས་པ་བཟླས་པ་གཅིག་གོ །དགེ་སློང་དག །ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་དེ་མངོན་པར་ཤེས་པས། ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱས་སོ་ཞེས་པ་གཉིས་པའོ། །དགེ་སློང་དག །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པར་བྱས་སོ་ཞེས་སོགས་སྔ་མ་བཞིན་དུ་འདི་ནི་གསུམ་པའོ།།

དེ་བཞིན་དུ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པའོ་ཞེས་པ་དང་པོ་འོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའི་འཕགས་པའི་བདེན་པ་མངོན་པར་ཤེས་ཤིང་སྤང་བར་བྱའོ་ཞེས་པ་གཉིས་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའི་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ཤིང་སྤངས་སོ་ཞེས་སོགས་གསུམ་པའོ།།

དེ་བཞིན་དུ་འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པའོ་ཞེས་པ་དང་པོ་འོ། །འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་པར་ཤེས་ཤིང་མངོན་སུམ་དུ་བྱའོ་ཞེས་སོགས་གཉིས་པའོ། །འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ཤིང་མངོན་སུམ་དུ་བྱས་སོ་ཞེས་པ་གསུམ་པའོ།།

དེ་བཞིན་དུ་འདི་ནི་སྡུག་བསྔལ་ལམ་དུ་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་པ་དང་པོ་འོ། །དགེ་སློང་དག །འདི་ནི་སྡུག་བསྔལ་ཐར་པ་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ཤིང་སྒོམ་པར་བྱའོ་ཞེས་སོགས་གཉིས་པའོ། །འདི་ནི་སྡུག་བསྔལ་ཐར་པ་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ཤིང་བསྒོམས་སོ་ཞེས་པ་གསུམ་པའོ། །ཞེས་འདི་ལྟར་བཟླས་པ་ནི། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཞེས་བྱའོ།།

༡༠༥༽ དེ་ལ་སྦྱིན་པ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ ཆོས་ཀྱི་སྦྱིན་པ། ༢ ཟང་ཟིང་གི་སྦྱིན་པ་དང་། ༣ བྱམས་པའི་སྦྱིན་པ་བཅས་སོ།།

༡༠༦༽ ཚུམ་ཁྲིམས་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ སྡོམ་པའི་ཚུལ་ཁྲིམས།[45] ༢ དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས། ༣ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་སོ།།

༡༠༧༽ བཟོད་པ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ ཆོས་ལ་ངེས་པར་སེམས་པའི་བཟོད་པ། ༢ སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ༣ གཞན་ཕན་གྱི་ཆོས་ལ་བཟོད་པ་བཅས་སོ།།[46]

༡༠༨༽ བརྩོན་འགྲུས་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ གོ་ཆའི་བརྩོན་འགྲུས། ༢ སྦྱོར་བའི་བརྩོན་འགྲུས་དང་། ༣ ཡོངས་སུ་མཐར་ཐུག་པའི་བརྩོན་འགྲུས་བཅས་སོ།།

༡༠༩༽ བསམ་གཏན་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ སྐྱོན་བཅས་ཐག་བསྲིང་པའི་བསམ་གཏན། ༢ བདེ་བར་གནས་པའི་བསམ་གཏན་དང་། ༣ མ་ལུས་པ་བརྒྱན་པའི་བསམ་གཏན་བཅས་སོ།།

༡༡༠༽ ཤེས་རབ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ ཐོས་པ་ལས་བྱུང་བ། ༢ བསམ་པ་ལས་བྱུང་བ་དང་། ༣ བསྒོམ་པ་ལས་བྱུང་བ་བཅས་སོ།།

༡༡༡༽ ཐབས་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ སེམས་ཅན་ཐམས་ཅད་ཁོང་དུ་ཆུད་པ། ༢ སེམས་ཅན་གྱི་དོན་ཀུན་ཏུ་བསྒོམ་པ་དང་། ༣ ཤིན་ཏུ་མྱུར་བའི་བདེ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་བཅས་སོ།།

༡༡༢༽ སྨོན་ལམ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ ཡང་དག་པའི་གནས་ལ་རབ་ཏུ་སྦྱོར་བ། ༢ སེམས་ཅན་གྱི་དོན་ལ་རབ་ཏུ་སྦྱོར་བ་དང་། ༣ སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་བཅས་སོ།།

༡༡༣༽ སྟོབས་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ ལས་བཟློག་པར་བྱེད་པ། ༢ ཉོན་མོངས་ཐག་བསྲིང་པར་བྱེད་པ་དང་། ༣ ང་རྒྱལ་དང་བག་མེད་ལ་སོགས་པ་བཟློག་པར་བྱེད་པ་བཅས་སོ།།

༡༡༤༽ ཡེ་ཤེས་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ རྣམ་རྟོག་མེད་པར་བྱེད་པ། ༢ རྣམ་པར་རྟོག་མཉམ་པ་ཉིད་དུ་རྟོགས་པ་དང་། ༣ བདེན་པའི་དོན་གྱི་ཐབས་ལྐོག་ཏུ་མ་གྱུར་པ་བཅས་སོ།།

༡༡༥༽ སྒྲིབ་པ་གཉིས་ནི། འདི་ལྟ་སྟེ། ༡ ཉོན་མོངས་པའི་སྒྲིབ་པ་དང་། ༢ ཤེས་བྱའི་སྒྲིབ་པའོ།།

༡༡༦༽ བདག་མེད་གཉིས་ནི། འདི་ལྟ་སྟེ། ༡ ཆོས་ཀྱི་བདག་མེད་དང་། ༢ གང་ཟག་གི་བདག་མེད་དོ།།

༡༡༧༽ ཚོགས་གཉིས་ནི། འདི་ལྟ་སྟེ། ༡ བསོད་ནམས་ཀྱི་ཚོགས་དང་། ༢ ཡེ་ཤེས་ཀྱི་ཚོགས་སོ།།

༡༡༨༽ དེ་ལ་ཏིང་ངེ་འཛིན་གྱི་སྒྲིབ་པ་དྲུག་ནི། འདི་ལྟ་སྟེ། ༡ ལེ་ལོ། ༢ ང་རྒྱལ། ༣ གཡོ། ༤ རྒོད་པ། ༥ རྩོལ་བ་མེད་པ་དང་། ༦ རྩོལ་བཅས་[47]རྣམས་སོ།།

༡༡༩༽ སྤོང་བའི་འདུ་བྱེད་ཀྱི་ལམ་བརྒྱད་ནི། ༡ དད་པ། ༢ བློ་གྲོས། ༣ རྩོལ་བ། ༤ ཤིན་སྦྱངས། ༥ དྲན་པ། ༦ ཤེས་བཞིན། ༧ སེམས་པ་དང་། ༨ བཏང་སྙོམས་བཅས་སོ།།

༡༢༠༽ གླིང་བཞི་ནི། འདི་ལྟ་སྟེ། ༡ ཤར་ལུས་འཕགས་པོ། ༢ (ལྷོ) འཛམ་བུ་གླིང་། ༣ ནུབ་བ་གླང་སྤྱོད། ༤ བྱང་སྒྲ་མི་སྙན་གྱི་གླིང་བཅས་སོ།།

༡༢༡༽ ཚ་དམྱལ་བརྒྱད་ནི། འདི་ལྟ་སྟེ། ༡ ཡང་སོས། ༢ ཐིག་ནག ། ༣ བསྡུས་འཇོམས། ༤ ངུ་འབོད། ༥ ངུ་འབོད་ཆེན་པོ། ༦ ཚ་བ། ༧ རབ་ཏུ་ཚ་བ་དང་། ༨ མནར་མེད་རྣམས་སོ།།

༡༢༢༽ གྲང་དམྱལ་བརྒྱད་ནི། འདི་ལྟ་སྟེ། ༡ ཆུ་བུར་ཅན། ༢ ཆུ་བུར་རྡོལ་བ། ༣ སོ་ཐམ་པ། ༤ ཀྱི་ཧུད་ཟེར་བ། ༥ ཨ་ཆུ་ཟེར་བ། ༦ ཨུཏྤལ་ལྟར་གས་པ། ༧ པདྨ་ལྟར་གས་པ་དང་། ༨ པདྨ་ལྟར་གས་པ་ཆེན་པོ་བཅས་སོ།།

༡༢༣༽ ས་འོག་བདུན་ནི། འདི་ལྟ་སྟེ། ༡ འཛིན་མའི་མཐིལ། ༢ གཡོ་མེད། ༣ གཡོ་མེད་ཆེན་པོ། ༤ ཆུ། ༥ གསེར། ༦ ཡང་གསོས་དང་། ༧ དམྱལ་བ་བཅས་སོ།།

༡༢༤༽ ཁོར་ཡུག་གཉིས་ནི། འདི་ལྟ་སྟེ། ༡ ཁོར་ཡུག་དང་། ༢ ཁོར་ཡུག་ཆེན་པོ་ཞེས་སོ།།

༡༢༥༽ རི་བོ་ཡན་ལག་བརྒྱད་ནི། འདི་ལྟ་སྟེ། གཉའ་ཤིང་འཛིན། ༢ གཤོལ་མདའ་འཛིན། ༣ སེང་སྡེང་ཅན།[48] ༤ བལྟ་ན་སྡུག །༥ རྣམ་འདུད། ༦ རྟ་རྣ། ༧ མུ་ཁྱུད་འཛིན་རི་དང་། ༨ རི་རབ་བཅས་སོ།།

༡༢༦༽ མཚོ་བདུན་ནི། འདི་ལྟ་སྟེ། ༡ བ་ཚ། ༢ འོ་མ། ༣ ཞོ། ༤ ཆུ། ༥ མར། ༦ སྦྲང་རྩི་དང་། ༧ ཆང་བཅས་སོ།།

༡༢༧༽ དེ་ལ་འདོད་པ་ལ་སྤྱོད་པའི་ལྷ་དྲུག་ནི། འདི་ལྟ་སྟེ། ༡ རྒྱལ་ཆེན་རིས་བཞི། ༢ སུམ་ཅུ་རྩ་གསུམ། ༣ དགའ་ལྡན། ༤ འཐབ་བྲལ། ༥ འཕྲུལ་དགའ་དང་། ༦ གཞན་འཕྲུལ་དབང་བྱེད་བཅས་སོ།།

༡༢༨༽ གཟུགས་ན་སྤྱོད་པ་བཅོ་བརྒྱད་ནི། ༡ ཚངས་རིས། ༢ ཚངས་པ་མདུན་ན་འདོན། ༣ ཚངས་པའི་འཁོར། ༤ ཚངས་པ་ཆེན་པོ། ༥ འོད་ཆུང་། ༦ ཚད་མེད་འོད། ༧ འོད་གསལ། ༨ དགེ་ཆུང་།[49] ༩ དགེ་རྒྱས། ༡༠  སྤྲིན་མེད་། ༡༡ བསོད་ནམས་སྐྱེས། ༡༢ འབྲས་བུ་ཆེ་བ། ༡༣ འདུ་ཤེས་མེད་པའི་སེམས་ཅན། ༡༤ མི་ཆེ་བ། ༡༥ མི་གདུང་བ། ༡༦ གྱ་སྣོམ་སྣང་བ། ༡༧ ཤིན་ཏུ་མཐོང་བ་དང་། ༡༨ འོག་མིན་རྣམས་སོ།།

༡༢༩༽ གཟུགས་མེད་ན་སྤྱོད་པའི་ལྷ་བཞི་ནི། འདི་ལྟ་སྟེ། ༡ ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད། ༢ རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད། ༣ ཅི་ཡང་མེད་ཀྱི་སྐྱེ་མཆེད་དང་། ༤ འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བཅས་སོ།།

༡༣༠༽ མི་བརྒལ་བ་རྣམ་པ་གསུམ་ནི།[50] འདི་ལྟ་སྟེ། ༡ བདེན་པ་ལ་མི་བརྒལ་བ། ༢ ཆོས་ལ་མི་བརྒལ་བ་དང་། ༣ མི་བརྒལ་བ་མ་ཡིན་པ་[51]བཅས་སོ།།

༡༣༡༽ བྱམས་པ་ཆེན་པོ་རྣམ་པ་གསུམ་ནི།[52] འདི་ལྟ་སྟེ། ༡ བདེན་པ་ལ་དམིགས་པ། ༢ ཆོས་ལ་དམིགས་པ། ༣ དམིགས་པ་མེད་པ་བཅས་སོ།།

༡༣༢༽ ལས་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ མཐོང་ཆོས་མངོན་འགྱུར། ༢ སྐྱེ་ནས་མྱོང་འགྱུར་དང་། ༣ ལན་གྲངས་གཞན་ལ་མྱོང་འགྱུར་བཅས་སོ།།

༡༣༣༽ ཆོ་འཕྲུལ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ རྫུ་འཕྲུལ་གྱི་ཆོ་འཕྲུལ། ༢ ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང་། ༣ རྗེས་སུ་བསྟན་པའི་ཆོ་འཕྲུལ་བཅས་སོ།།

༡༣༤༽ མི་ཁོམ་པ་བརྒྱད་ནི། འདི་ལྟ་སྟེ། ༡ དམྱལ་བར་སྐྱེ་བ། ༢ དུད་འགྲོར་སྐྱེ་བ་དང་། ༣ གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ། ༤ མཐའ་འཁོབ་ཏུ་སྐྱེ་བ། ༥ ལྷ་ཚེ་རིང་པོར་སྐྱེ་བ། ༦ དབང་པོ་མ་ཚང་བ་ཉིད་། ༧ ལོག་པར་ལྟ་བ། ༨ སེམས་བསྐྱེད་དང་བྲལ་བ་ཉིད་བཅས་སོ།།

༡༣༥༽ རྣམ་པར་རྟོག་པ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ༡ རྗེས་སུ་དྲན་པའི་རྟོག་པ། ༢ ངེས་པར་རྟོག་པ་དང་།[53] ༤ ལྷན་སྐྱེས་ཀྱི་རྟོག་པ་བཅས་སོ།།

༡༣༦༽ ཏིང་ངེ་འཛིན་བཞི་ནི། འདི་ལྟེ་སྟེ། ༡ དཔའ་བར་འགྲོ་བ། ༢ ནམ་མཁའ་མཛོད། ༣ དྲི་མ་མེད་པའི་འོད་དང་། ༤ སེང་གེ་རྣམ་བསྒྱིངས་བཅས་སོ།།

༡༣༧༽  ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་ནི། འདི་ལྟ་སྟེ། ༡ འཇིག་རྟེན་རྟག་གོ །༢ འཇིག་རྟེན་མི་རྟག་གོ ། ༣ རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ །༤ རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། ༥ འཇིག་རྟེན་མཐའ་དང་ལྡན་པ་དང་། ༦ འཇིག་རྟེན་མཐའ་དང་མི་ལྡན་པ་དང་། ༧ འཇིག་རྟེན་མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། ༨ མཐའ་དང་ལྡན་པ་ཡང་མ་ཡིན་ལ་མཐའ་དང་མི་ལྡན་པ་ཡང་མ་ཡིན་ནོ། །༩ དེ་བཞིན་གཤེགས་པ་སྐུ་མྱ་ངན་ལས་འདས་[54]ཕན་ཆད་ཡོད་པ་དང་། ༡༠  དེ་བཞིན་གཤེགས་པ་སྐུ་མྱ་ངན་ལས་འདས་ཕན་ཆད་མེད་པ་དང་། ༡༡ དེ་བཞིན་གཤེགས་པ་སྐུ་མྱ་ངན་ལས་འདས་ཕན་ཆད་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ༡༢ དེ་བཞིན་གཤེགས་པ་སྐུ་མྱ་ངན་ལས་འདས་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ། །༡༣ སྲོག་དེ་ལུས་དེ་ཡིན་ནམ། ༡༤ སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ཞེས་སོ།།

༡༣༨༽ དགེ་བའི་རྩ་བ་གསུམ་ནི། འདི་ལྟ་སྟེ། ༡ ཞེ་སྡང་མེད་པ། ༢ འདོད་ཆགས་མེད་པ་དང་། ༣ གཏི་མུག་མེད་པ་ཞེས་སོ།།

༡༣༩༽ དེ་དག་ལས་ལྡོག་པ་མི་དགེ་བའི་རྩ་བ་གསུམ་ནི། འདི་ལྟ་སྟེ། ༡ འདོད་ཆགས། ༢ ཞེ་སྡང་དང་། ༣ གཏི་མུག་བཅས་སོ།།

༡༤༠༽ བསླབ་པ་གསུམ་ནི། འདི་ལྟ་སྟེ། ༡ ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ༢ ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ༣ ལྷག་པ་ཤེས་རབ་ཀྱི་བསླབ་པ་བཅས་སོ།།

ཆོས་ཡང་དག་པར་བསྡུས་པ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ་དང་ཞབས་མཆན།

[1] ཕྱི་ལོ་ ༢༠༡༣ ལོར་ཝཱར་ཎཱ་ཆེས་མཐོའི་གཙུག་ལག་ཁང་སློབ་གཉེར་ཁང་ནས་པར་སྐྲུན་གནང་བའི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཡང་དག་པར་བསྡུས་པ། སཾ་བོད་ཨིན་གསུམ་ཤན་སྦྱར་ཤོག་གྲངས་ ༡ ནས་ ༩༣ བཞུགས་པ་ལས་བོད་ཡིག་རྣམས་ཟུར་འདོན་ཞུས་པའོ།།

[2] གཞུང་འདིའི་མ་དཔེ་རྙིང་པ་ Cambridgs fragment) ནང་གཞུང་འདིའི་མཆོད་བརྗོད་འདི་ལྟར་གསལ་ཏེ། (नमो बुद्धाय སངས་རྒྱས་ལ་ཕྱག་འཚལ་ལོ།།)

तथागतं नमस्कृत्य धर्मकायप्रभास्वरम्। अनंतबुद्धवीराणामुच्यते धर्मसंग्रहम् ।।

(ཆོས་སྐུ་འོད་གསལ་དང་ལྡན་པའི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །

མཐའ་མེད་སངས་རྒྱས་དཔའ་བོའི་ཆོས། །ཡང་དག་བསྡུས་པ་བཤད་པར་བྱ། །

ཞེས་གསལ་ཡོད་པ་ཀེན་ཇུ་ཀ་ས་ཝ་རའི་ (Kenjiu Kasawara)  དེབ་ནང་བཀོད་ཡོད།

[3] གཞུང་འདིའི་མ་དཔེར་ (रोचनी) ཞེས་གསལ་ཡོད་ཀྱང་སྔགས་ཀྱི་གསུང་རབ་ཕལ་ཆེ་བར་གོང་གསལ་ལྟར་ཡོད་པས་དེ་ལྟར་དུ་བཞག་གོ།

[4] The original text has’Rocani’is found in most of the Tantra tezt.

[5] མིཐིལཱ་སློབ་ཁང་ (मिथिलाविद्यपीठ) ནས་སྤར་འདེབས་བྱས་པའི་དེབ་ནང་ (शीलवती) ཚུལ་ཅན་མ་ཞེས་གསལ་མོད་ཀྱང་གཞུང་འདིའི་མ་དཔེ་རྙིང་པ་ཀེན་ཇུ་ཀ་ས་ཝ་རས་ (Kenjiu Kasawara) ཉམས་ཞིབ་ཕྱོགས་བསྒྲིགས་བྱས་པ་དེ་དང་། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་རྫོགས་པའི་རྣལ་འབྱོར་ཕྲེང་བ་གཉིས་སུ་རིམ་པ་བཞིན་ (शीतवती) བསིལ་བའི་ཚལ་མ་དང་། (महाशीतवती) བསིལ་བའི་ཚལ་ཆེན་མོ་ཞེས་གསལ་ཡོད་པ་ཐད་ཕྱོགས་སུ་བྱས་སོ།།

[6] The Tibetan version coincides with Vaisravana Kubera-Tib. Lusngan, see eight gurdians (4)

[7] གཞུང་འདིའི་རྒྱ་དཔེར་ཁྲོ་བོ་བཅུ་བགྲང་བའི་ཚེ་ (अचरटर्किराजः) ཞེས་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་གཉིས་གཅིག་ཏུ་བགྲང་བ་དང་། ཡང་གཙུག་ཏོར་འཁོར་ལོས་བསྒྱུར་བའི་མཚན་ (उष्णीषः, चक्रवर्ति) གཙུག་ཏོར་དང་། འཁོར་ལོས་སྒྱུར་བ་ཞེས་ལོགས་སུ་ཕྱེ་ནས་བཀོད་འདུག་ཀྱང་། རྫོགས་པ་རྣལ་འབྱོར་གྱི་ཕྲེང་བ་ལེགས་སྦྱར་དང་བོད་དཔེ་གཉིས་ཀར་གོང་གསལ་ལྟར་བཀོད་ཡོད་པ་འཐད་པར་སྣང་ངོ་། །གཞུང་འདིའི་རྒྱ་དཔེ་རྙིང་པའི་ནང་སྐབས་འདིའི་ཚིག་མང་པོ་མཚམས་སྦྱོར་བྱས་ནས་བཀོད་ཡོད་པས། ཕྱིས་ཀྱི་སྤར་འདེབས་ཕྱོགས་སྒྲིག་བྱེད་པོས་མཚམས་སྦྱོར་ཁ་བཀྲལ་ནས་བགྲངས་མོས་ཀྱང་། ཚིག་གི་གཅོད་མཚམས་ལེགས་པར་མ་རྟོགས་པའི་དབང་གིས་ནོར་བ་བྱུང་བ་ལས། འདི་བསྟན་བཅོས་མཛད་པ་པོས་ནོར་བ་ཡིན་པར་ནི་རྣམ་པ་ཐམས་ཅད་དུ་བཟུང་བར་མི་བྱའོ། །ཚུལ་འདི་འདྲ་བ་སྐབས་མང་པོར་ཤེས་པར་བྱའོ།།

[8] གཞུང་འདིའི་ལེགས་སྦྱར་མ་དཔེར་ (सम्भराज) ཞེས་གསལ་ཡང་། གཞུང་གཞན་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ (རྒྱུད་ཕུ་༩༥) དང་། དེའི་ལེགས་སྦྱར་གྱི་རྒྱ་དཔེ་ (निष्पन्नयोगावली पृ  २) ཞེས་པར་གནོད་མཛེས་རྒྱལ་པོའི་སྐད་དོད་ལ་ (सुम्भराज) ཞེས་གསལ་བ་དེ་ཉིད་འཐད་པར་སྣང་ངོ་། །བྱེ་བྲག་རྟོགས་བྱེད་དུ་ (शुम्भ) ཞེས་གསལ་ཡོད།

[9] གཞུང་གཞན་དུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་གྲངས་འདྲེན་བྱེད་པའི་ཚེ། འདིའི་ཚབ་ལ་སྤྱན་རས་གཟིགས་འདྲེན་པར་མཛད་ཡོད།

[10] ལེགས་སྦྱར་མ་དཔེར་གྲངས་འདྲེན་འགོ་བརྗོད་ལ་རྣལ་འབྱོར་མ་དྲུག་ཅེས་གསལ་ཡོད་ཀྱང་། ནང་གསེས་བགྲང་བའི་ཚེ་ལྔ་ལས་མེད་ཅིང་། གྲངས་འདྲེན་གསལ་བའི་གཞུང་གཞན་དུ་ཡང་འདི་ལྟར་རྙེད་སོན་མ་བྱུང་ཞིང་། གཞུང་འདིའི་ཐོག་ཉམས་ཞིབ་ཕྱོགས་སྒྲིག་བྱེད་པོ་ཀན་ཇུ་ལ་ས་ཝ་རས་ (Kenjui Kasawara) དྲུག་ཅེས་པ་ནོར་བ་ཡིན་ཚུལ་གསུངས་འདུག་པས་དཔྱད་པར་བྱའོ།།

[11] གཞུང་འདིའི་ལེགས་སྦྱར་མ་དཔེར་ཡན་ལག་བདུན་པའི་མཆོད་པ་ལ་བླ་ན་མེད་པའི་མཆོད་པ་བདུན་ཞེས་བཀོད་ཡོད་ཀྱང་། ཇོ་བོ་རྗེའི་ལམ་སྒྲོན་དཀའ་འགྲེལ་དུ་མཆོད་པ་ནི་རྣམ་པ་གཉིས་ཏེ། ཟང་ཟིང་གི་མཆོད་པ་དང་སྒྲུབ་པའི་མཆོད་པའོ། །དང་པོ་ལ་དངོས་སུ་གཤམ་པ་དང་། ཡིད་ཀྱིས་སྤྲུལ་པ་གཉིས་སོ། །གཉིས་པ་ལ་སྒྲུབ་པའི་མཆོད་པ་ཉིད་དང་། བླ་ན་མེད་པའི་མཆོད་པའོ། །དང་པོ་ལ་ཡན་ལག་བདུན་པ་ལྟ་བུ་དང་། གཉིས་པ་བླ་ན་མེད་པའི་མཆོད་པ་ལ་གཉིས་ཏེ། དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའོ། །དེ་ལ་དམིགས་པ་དང་བཅས་པ་ནི། འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས། (མདོ་ ཕ) བློ་གྲོས་རྒྱ་མཚོ། གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་བླ་ན་མེད་པ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་མཐར་གྱིས་ཡང་དག་འཕགས་པའི་མདོ་དང་། བ་ཚའི་ཆུ་ཀླུང་གི་མདོ་སོགས་དྲངས་ནས་བླ་ན་མེད་པའི་མཆོད་པ་རྒྱས་པར་བསྟན་ནོ། །གཉིས་པ་དམིགས་པ་མེད་པའི་མཆོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་པར་གསུངས་སོ། །(དབུ་མ་ ༼ཁེ༽ ༢༤༥) དེ་ལྟར་བླ་ན་མེད་པའི་མཆོད་པ་འདི་དག་ཡིན་ན། གོང་གསལ་ཡན་ལག་བདུན་པའི་མཆོད་པ་དེ་དག་ལ་འཁོར་གསུམ་མི་རྟག་པའི་རྒྱས་བཏབ་པ་སོགས་ཀྱི་སྒོ་ནས་བླ་ན་མེད་པའི་མཆོད་པར་འགྱུར་ཚུལ་ཞིག་བཤད་དུ་ཡོད་པ་དང་། དེ་ལ་དགོངས་པ་སོགས་ཡིན་ན་ལས། དེ་མིན་ཇི་ལྟར་ཡིན་དཔྱོད་ལྡན་རྣམས་ཀྱི་དཔྱད་པར་འཚལ་ལོ།།

[12] གཞུང་གཞན་དུ་བགྲངས་པའི་ཡན་ལག་བདུན་གྱི་ནང་ཚན་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་ཡན་ལག་གི་ཚབ་ལ་འདིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་བགྲངས་ཡོད་ཀྱང་། དེ་ལྟར་བགྲངས་པའི་ཁུངས་གཞན་ནི་ངེས་རྙེད་མ་བྱུང་ཞིང་། འདིར་ཡན་ལག་བདུན་གྱི་ནང་ཚན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བགྲང་འདུག་པས། ཡང་ན་དེའི་རྒྱུ་མཚན་གྱིས་གོང་གསལ་གྱི་མཆོད་པ་ཡན་ལག་བདུན་པོ་དེ་དག་བླ་ན་མེད་པའི་མཆོད་པར་འཇོག་པ་མིན་ནམ་དཔྱད་པར་བྱའོ།།

[13] གཞུང་འདིའི་མ་དཔེ་ཁག་གཅིག་གི་ནང་། འདུ་བྱེད་ཐམས་ཅད་བདག་མེད་པ། །ཞེས་གསལ་མོད་ཀྱང་། དེ་ཁྱབ་ཆུང་བས་སྐྱོན་དུ་སྣང་བར་མ་ཟད། གཞུང་འདིའི་མ་དཔེ་རྙིང་པ་ (India office Library Ms) ཞེས་པར་ (निरात्मनः  सर्वधर्माः) ཆོས་ཐམས་ཅད་བདག་མེད་པ། ཞེས་གསལ་ཡོད་པ་ཀ་ས་ཝ་རའི་ (Kasawara) དེབ་ནང་བཀོད་ཡོད་ལ། དེ་བཞིན་དུ་མདོ་རྒྱུད་བསྟན་བཅོས་ཕལ་ཆེ་བའི་ནང་དེ་ལྟར་དུ་གསལ་བས་དེ་ཉིད་འཐད་ཕྱོགས་སུ་བྱས་སོ།།

[14] གཞུང་འདིའི་ལེགས་སྦྱར་མ་དཔེ་དེ་ཚང་མེད།

[15] སྡེ་བཀའ། (དགོངས་འགྲེལ། མདོ་ ༼ཅ༽ ༢༦) དེར་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་གྲངས་འདྲེན་མཛད་ཡོད། སྡེ་བསྟན། (མངོན་པ་ཀུན་བཏུས། སེམས་ཙམ། ༼རི༽ ༡༠༠) དེར་དེ་དག་གི་རྒྱས་བཤད་གསལ་ཡོད། བྱེ་བྲག་རྟོགས་བྱེད། (སྣ་ཚོགས། ༼ཅོ༽ ༢༧) དེར་དམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མིང་ལ་ཞེས་གསལ་བ་ལས་གྲངས་ཚད་ངེས་བཟུང་གི་གསལ་ཁ་མཛད་མེད། གོང་གསལ་གསུང་རབ་ཡན་ལག་དགུའི་གྲངས་འདྲེན་གྱི་ཐོག་གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་གསུམ་བསྣན་ན་གསུང་རབ་ཡན་ལག་བཅུ་གཉིས་སོ།།

[16] Used by Dokpa (nomads) of Tibet for tents and carpets.

[17] གཞུང་འདིའི་མ་དཔེ་ཀན་ཇུ་ས་ཝ་རས། (K. Kasawara) ཕྱོགས་བསྒྲིགས་བྱས་པ་དེར་ཚིག་དེ་མ་ཚང་ཡང་། མིཐིལཱ་སློབ་ཁང་ནས་དཔར་འདེབས་བྱས་པའི་མ་དཔེར་ཚིག་དེ་བོད་དཔེ་བྱེ་བྲག་རྟོགས་བྱེད་ཆེན་མོ་ནས་བླངས་ཏེ་ཁ་བཀང་གྲངས་ཚང་བཟོས་འདུག (སྣ་ཚོགས་ ༼ཅོ༽ ༣)

[18] སྡེ་བཀའ། (ཤེས་རབ་ཁྲི་པ། ༼ག༽ སྨད་ཆ། ༡༤) མངོན་པར་བྱུང་བའི་མདོ། (མདོ་ ༼ས༽ ༡༢) དོན་རྣམ་ངེས། (མདོ་ ༼ས༽ ༡༨༥) རྒྱ་ཆེར་རོལ་པ། (མདོ་ ༼ཁ༽ ༥༧) སྡེ་བསྟན་རྒྱན་སྣང་། (ཤེར་ཕྱིན། ༼ཆ༽ ༣༡༩) བྱང་ས། (སེམས་ཙམ། ༼ཝི༽ ༡༩༣) བྱེ་བྲག་རྟོགས་བྱེད། (སྣ་ཚོགས་ ༼ཅོ༽ ༧) གཞུང་འདི་ནས་བཤད་པའི་མཚན་དང་དཔེ་བྱད་ཀྱི་གྲངས་འདྲེན་དང་། གོང་སྨོས་ཤེས་རབ་ཁྲི་པ་ལ་སོགས་པའི་གཞུང་དེ་དག་ནས་བཤད་པ་གཉིས་ལ་ཚིག་སྣ་རིང་ཐུང་དང་། གོ་རིམ་སྔ་ཕྱི་དང་། གཅིག་ལ་ཡོད་ལ་གཅིག་ཤོས་ལ་མེད་པ་དང་། ཁ་ཕྲལ་བ་དང་ཕྱོགས་གཅིག་ཏུ་བགྲངས་པ་སོགས་ཀྱི་ཁྱད་པར་ཆེས་ཤིན་ཏུ་མང་བས་ཐམས་ཅད་འགོད་ཀྱིས་མི་ལང་ངོ་།།

[19] རྒྱ་ཆེར་རོལ་པ་དང་། དོན་རྣམ་ངེས། བྱང་ས། རྒྱན་སྣང་། བྱེ་བྲག་རྟོགས་བྱེད་སོགས་སུ་ཞབས་ཀྱི་མཐིལ་ཤིན་ཏུ་གནས་པ་ཞེས་གསལ་བ་ལས་ཕྱག་དང་ཞབས་གཉིས་ཀ་ལ་སྦྱར་བ་མི་སྣང་ངོ་།།

[20] གཞུང་འདིར། (जालावनद्धाङ्गुलिपाणिपादतलता) ཕྱག་དང་ཞབས་ཀྱི་སོར་མོའི་མཐིལ་དྲྭ་བས་འབྲེལ་བ་ཉིད་ཅེས་གསལ་ཡང་། རྒྱ་ཆེར་རོལ་པ་དང་། རྒྱན་སྣང་སོགས་སུ་སོར་མོའི་མཐིལ་ཞེས་པའི་ཚིག་མི་གསལ་བས་དེ་ཉིད་འཐད་ཕྱོགས་སུ་བྱས་སོ།།

[21] འདིར་ (हस्तपादतल) ཕྱག་དང་ཞབས་ཀྱི་མཐིལ། ཞེས་གསལ་ཡང་། གཞུང་གཞན་དུ་མཐིལ་ཞེས་པའི་ཚིག་མི་གསལ་བ་ཉིད་འཐད་ཕྱོགས་སུ་བྱས་སོ།།

[22] གཞུང་འདིར་། (शुक्लच्छविता) པགས་པ་དཀར་བ་ཉིད། ཅེས་བཀོད་ཡོད་ཀྱང་། གོང་དུ་པགས་པ་གསེར་མདོག་འདྲ་བ་གསུངས་པ་དང་ཅུང་མི་རན་ཞིང་། གཞུང་གཞན་རྣམས་སུ་གོང་གསལ་ལྟར་གསལ་བ་འཐད་པར་སྣང་ངོ་།།

[23] གཞུང་འདིར། (वर्तैकरोमता) ཞེས་གསལ་ཡང་། རྒྱན་སྣང་སོགས་སུ། (वर्तैकैकरोमता) ཞེས་གསལ་བ་འཐད་པར་སྣང་ངོ་།།

[24] གཞུང་འདིར། (पूर्वान्तकायता) ཞེས་གསལ་ཡང་། གཞུང་གཞན་རྣམས་སུ་ (पूर्वार्धकायता) ཞེས་གསལ་བ་འཐད་པར་སྣང་ངོ་།།

[25] གཞུང་འདིར་ (शुक्लहनुता) འགྲམ་པ་དཀར་བ་ཉིད་དང་། ཅེས་གསལ་མོད་ཀྱང་། གཞུང་གཞན་རྣམས་སུ་ (शुक्लदन्तता) ཚེམས་དཀར་བ་ཉིད། ཅེས་གསལ་བ་ཆེས་འཐད་པར་སྣང་ངོ་།།

[26] གཞུང་གཞན་རྣམས་སུ་གསལ་བའི་ཚངས་པའི་དབྱངས་ཉིད། ཅེས་པ་འདིར་མ་ཚང་ཞིང་། དེའི་ཐད་དུ་འདིར་ (हंसविक्रान्तगामिता) ངང་པའི་སྟབས་སུ་གཤེགས་པ་ཉིད། ཅེས་བཀོད་ཡོད་ཀྱང་འཐད་པར་མི་སྣང་སྟེ། དེ་དཔེ་བྱད་ཀྱི་ནང་དུ་བགྲངས་ཡོད་པས་བཟློས་སྐྱོན་དུ་འགྱུར་སྣང་ངོ་།།

[27] གཞུང་འདིར། (गोपक्ष) ཞེས་གསལ་ཡང་། གཞུང་གཞན་རྣམས་སུ། (गोपक्ष्म) ཞེས་གསལ་བ་འཐད་ཕྱོགས་སུ་བྱས་སོ།།

[28] གཞུང་འདིར་ (छत्राङ्गुलिता) ཞེས་གསལ་ཡོད་ཀྱང་། གཞུང་གཞན་རྣམས་སུ། (वृत्ताङ्गुलिता) ཞེས་གསལ་བ་བཞིན་བཀོད་དོ།།

[29] གཞུང་འདིར། (गम्भीरकुक्षिता) དཀུ་ཟབ་པ་ཉིད། ཅེས་གསལ་མོད་ཀྱང་། གཞུང་གཞན་རྣམས་སུ་དེ་ལྟར་མེད་ཅིང་། (गम्भीरनाभिता)  ལྟེ་བ་ཟབ་པ་ཉིད། ཅེས་གསལ་བ་འཐད་ཕྱོགས་སུ་བྱས་སོ།།

[30] གཞུང་འདིར་རྒྱ་དཔེར།(तिलकगात्रता) ཅེས་གསལ་བས་གནག་བག་ཅེས་པའི་སྐད་དོད། (कालक) ཞེས་པ་ཚང་མེད་པས་རྒྱན་སྣང་སོགས་སུ་གོང་གསལ་ལྟར་ཡོད་པ་འཐད་ཕྱོགས་སུ་བྱས་སོ།།

[31] གཞུང་འདིར་རྒྱ་དཔེར་ (नात्यतवचनता) གསུང་ཧ་ཅང་མི་རིང་བ་ཉིད། ཅེས་གསལ་ཡང་། གཞུང་གཞན་དུ། (नात्यायतवदनता) ཞལ་ཧ་ཅང་མི་རིང་བ་ཉིད་ཅེས་གསལ་བ་འཐད་པར་སྣང་ཞིང་། འདིར། (चन) དང་ (वदन) གཉིས་ནོར་བར་སྣང་ངོ་།།

[32] Momordica monadelpha, a plant a red fruit. A red lip like the fruit of bimba.

[33] གཞུང་གཞན་དུ་  (चित्रपक्ष्मता) ཞེས་གསལ་ཡང་། བོད་བསྒྱུར་སྐད་དོད་དང་བསྟུན་ན་གོང་གསལ་ལྟར་དགོས་པར་སྣང་ངོ་།།

[34] གཞུང་འདིར་ (शुक्लभ्रूकता) སྨིན་མ་དཀར་བ་ཉིད་དང་། ཞེས་གསལ་ཡང་། གཞུང་གཞན་དུ་གོང་གསལ་ལྟར་ཡོད་པ་འཐད་པར་སྣང་ངོ་།།

[35] དཔེ་བྱད་འདི་གཞུང་འདིར་ཆད་པར་སྣང་བས། གཞུང་གཞན་ནས་བླངས་ཏེ་འདིར་བཀོད་དོ།།

[36] གཞུང་འདིར་ (अविम्लान) ཞེས་གསལ་ཞིང་། རྒྱན་སྣང་དུ་ (अपरिम्लान) ཞེས་དང་། དོན་རྣམ་ངེས་དང་བྱེ་བྲག་རྟོགས་བྱེད་དུ་ (सुपरिणत) ཞེས་གསལ་བས། འདིར་ནི་ཕྱི་མ་ལྟར་རོ།།

[37] གཞུང་འདིར་ (चित्रकेशता) ཞེས་གསལ་ཡང་གཞུང་གཞན་དུ་གོང་གསལ་ལྟར་སྣང་བ་འཐད་ཕྱོགས་སུ་བྱས་སོ།།

[38] གཞུང་འདིར་ (गुडाकेशता) ཞེས་གསལ་ཡང་། གཞུང་གཞན་རྣམས་སུ་གོང་གསལ་ལྟར་ཡོད་པ་འདོད་ཕྱོགས་སུ་བྱས་སོ།།

[39] གཞུང་འདིར་ (असंमुणित) ཞེས་གསལ་ཡང་། གཞུང་གཞན་དུ་གོང་གསལ་ལྟར་ཡོད་པ་འཐད་པར་སྣང་ངོ་།།

[40] གཞུང་འདིར་ (श्रीवत्समुक्तिक) ཞེས་གསལ་མོད་ཀྱང་། གཞུང་གཞན་བཞི་དང་མི་མཐུན་ཞིང་། གཞུང་གཞན་རྣམས་སུ་ (श्रीवत्सस्वस्विक) ཞེས་གསལ་བ་འཐད་ཕྱོགས་སུ་བྱས་སོ།།

[41] འདིར་ (लक्षितपाणि) ཞེས་གསལ་ཡང་། རྒྱན་སྣང་དུ་ (ललितपाणि) ཞེས་གསལ་བས་གང་འཐད་དཔྱད་པར་བྱའོ།།

[42] ལྷ་ས་ བཀའ་ (ཆོས་ཡང་དག་པར་བསྡུས་པའི་མདོ། མདོ་ ༼ཛ༽ ༤༢) དེར་འདི་ལྟར་གསུངས་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་རིག་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་གི་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་དང་། ཟག་པ་ཟད་པའི་རིག་པ་སྟེ་རིག་པ་ནི་ཤེས་པ་ཞེས་བྱའོ། །ཞེས་གསལ་ཞིང་། དེ་བཞིན་དུ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་མདོ་རྒྱུད་བསྟན་བཅོས་དུ་མ་ནས་འབྱུང་བའི་ཆོས་ཀྱི་རྣམ་གྲངས་ཤེས་ལྡན་ཡིད་ཀྱི་དགའ་སྟོན་ལས། རིག་པ་གསུམ་ནི། སྔོན་གྱི་མཐའ་རིག་པ། ཕྱི་མའི་མཐའ་རིག་པ། ཟག་པ་ཟད་པ་རིག་པ་བཅས་སོ།། (༼ཇ༽ ༤༧༡) ཞེས་གསུངས་པས་གཞུང་འདི་དང་ཁྱད་ཆེ་ཞིང་། གཞུང་འདིའི་ལེགས་སྦྱར་མ་དཔེར་བཀོད་པའི་ནང་གསེས་ཀྱི་གྲངས་འདྲེན་རྣམས་རྣམ་དབྱེ་དྲུག་པའི་མཐའ་ཅན་དུ་བཀོད་པ་འདི་དང་། གྲངས་འདྲེན་འགོ་བརྗོད་ཀྱི་ལེགས་སྦྱར་གྱི་ཚིག་དོན་སྟོན་ཚུལ་སོགས་ལ་ངེས་པ་འདྲོང་དཀའ་བས་ཇི་ལྟར་ཡིན་ཞིབ་ཏུ་བརྟག་དགོས་པར་སྣང་ངོ་།།

[43] གཞུང་འདིའི་ལེགས་སྦྱར་མ་དཔེར། གང་ཟག་ཡ་བརྒྱད། ཅེས་གསལ་ཡོད་ཀྱང་། གྲངས་འདྲེན་མཛད་སྐབས་ནང་གསེས་རེ་རེ་བཞིན་ཕྱེ་ན་བཅོ་བརྒྱད་ཡོད་ལ། དེ་ལྟར་མ་ཕྱེ་ན་གྲངས་བཅུ་གསུམ་དུ་འགྱུར་སྣང་བས་ཇི་ལྟར་འཐད་དཔྱད་གཞི་ཆེ་ཞིང་། ཕར་ཕྱིན་ནང་གསལ་དགེ་འདུན་ཉི་ཤུའི་དབྱེ་ཚུལ་ལྟར་བྱས་ན་ཡང་གོ་རིམ་མི་མཐུན་པ་དང་། གཅིག་ཤོས་ལ་གསལ་ལ་གཅིག་ཤོས་ལ་མི་གསལ་བ་སོགས་ཀྱི་ཁྱད་པར་ཆེ་ཞིང་། དོན་རྣམ་ངེས་ཀྱི་མདོ་བོད་དཔེར། སྐྱེས་བུ་གང་ཟག་ཡ་བརྒྱད། ཅེས་གསལ་ཡང་། དེའི་ཐད་ཀྱི་ལེགས་སྦྱར་གྱི་མ་དཔེའི་མདོ་ཉིད་དང་། དེའི་བཤད་སྦྱར་གཉིས་ཀར་ (अष्टौ पुरुषद्रलाः) སྐྱེས་བུ་གང་ཟག་བརྒྱད་ཅེས་པ་ལས་ཡ་བརྒྱད་ཅེས་པའི་ཡའི་སྐད་དོད་གསལ་མེད་དོ།།

[44] བདེན་བཞི་ལན་གསུམ་རྣམ་གྲངས་བཅུ་གཉིས་ཀྱི་སྒོ་ནས་བགྲངས་ཚུལ་འདི་བཞིན་གོང་གསལ་ལེགས་སྦྱར་གྱི་མ་དཔེ་གཉིས་ཀར་ཆད་སྐྱོན་དང་། མ་དག་པ་ཡོད་ཚུལ་གཞུང་འདིའི་མ་དཔེ་སྤར་འདེབས་ཕྱོགས་སྒྲིག་བྱེད་པོ་གཉིས་ཀས་མཐུན་པར་གསུངས་པ་དོན་ལ་གནས་པས། འདིར་སྔོན་ལ་མ་དག་པ་ཡོད་པའི་གཞུང་ཚན་དེ་གཉིས་དཔེ་སྔ་རྗེས་གཉིས་སུ་ཇི་ལྟར་གསལ་བ་ལྟར་དཔྱད་གཞིའི་ཚུལ་དུ་རང་སོར་ཀོད་ནས། དེའི་གཤམ་དུ་ཉམས་གསོ་བྱས་པའི་གཞུང་དེ་དག་ཆ་ལག་ཚང་ཞིང་སྤུས་ཁ་དག་པས། དེ་བོད་དཔེ་དང་མཉམ་དུ་བསྐྱར་ཞིབ་དང་འབྲེལ་ཕབ་བསྒྱུར་བྱས་སོ། །སྤྱིར་བདེན་བཞིའི་སྐོར་གསལ་བའི་གཞུང་མང་དུ་མཆིས་ཀྱང་། གཞུང་འདིར་གསལ་བའི་བདེན་བཞིའི་བགྲང་ཚུལ་ནི། བྱེ་བྲག་རྟོགས་བྱེད་དུ་བགྲངས་པ་དང་མཐུན་ཚབ་ཆེ་ཙམ་ལས་བགྲང་ཚུལ་འདི་ཇི་ལྟ་བཞིན་གྱི་བོད་དཔེ་ནི་མ་རྙེད་དོ།།

[45] གཞུང་འདིའི་མ་དཔེར། (सम्भारशीलम्) ཚོགས་ཀྱི་ཚུལ་ཁྲིམས། ཞེས་གསལ་ཡང་། བྱང་ས་སོགས་གཞུང་མང་པོའི་ནང་ (संवरशीलम्) སྡོམ་པའི་ཚུལ་ཁྲིམས། ཞེས་གསལ་བ་འཐད་པར་སྣང་བས་འདིར་ (संवर) དང་ (संभार) ནོར་བར་སྣང་ངོ་།།

[46] གཞུང་འདིའི་ལེགས་སྦྱར་མ་དཔེར། (परोपकारधर्मक्षान्ति) གཞན་ཕན་གྱི་ཆོས་ལ་བཟོད་པ་ཞེས་གསལ་ཡང་། བསླབ་བཏུས་སོགས་གཞུང་མང་པོར་ (परापकारमर्षणक्षन्ति) གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། ཞེས་གསལ་བ་ལེགས་པར་སྣང་། གཞུང་འདིར་ (परोपकारधर्म) དང་ (परापकारमर्ष) གཉིས་ནོར་བ་མིན་ནམ་སྙམ་པའི་དོགས་གཞི་ཆེ་བས་དཔྱད་པར་བྱའོ།།

[47] གཞུང་འདིའི་ལེགས་སྦྱར་མ་དཔེ་གཉིས་ཀར་ཏིང་ངེ་འཛིན་གྱི་སྒྲིབ་པ་དྲུག་གི་ནང་ཚན་རྩོལ་བ་དང་བཅས་པའི་སྐད་དོད་ལ་ (सत्यभोग) བདེན་པར་སྩོལ་བའམ་བདེན་པར་སྤྱོད་པ་ཞེས་བཀོད་ཡོད་ཀྱང་། བསྒོམ་རིམ་སོགས་སུ་མི་རྩོལ་བའི་ལྡོག་ཕྱོགས་རྩོལ་བ་དང་བཅས་པ་ཡིན་པས། དེའི་སྐད་དོད་ལ་ (आभोग) འམ་ (साभोगः) ཞེས་གསལ་བ་འཐད་ཕྱོགས་སུ་བྱས་སོ།།

[48] Is a tree growing on the Southern lower region of Himalayas, having red wood, and the bark which is used for tea. Its saps serves as pffocoal drug.

[49] གཞུང་འདིའི་ལེགས་སྦྱར་མ་དཔེར་བསམ་གཏན་གསུམ་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡོངས་སུ་བསྒོམས་པས་གང་དུ་སྐྱེ་བའི་གནས་དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་གསུམ་ལས་གཉིས་པ་ (अप्रमाणशुभाः) ཚད་མེད་དགེ་ཞེས་པ་མ་ཚང་བས་ཆད་སྐྱོན་ཡོད།

[50] གཞུང་འདིའི་ལེགས་སྦྱར་གྱི་རྒྱ་དཔེ་སྤར་མ་སྔ་རྗེས་གཉིས་ལས་སྔ་མ་ཀ་ས་ཝ་ར་ (Kasawara) ཞེས་པས་ཕྱོགས་བསྒྲིགས་སྤར་སྐྲུན་བྱས་པའི་དེབ་དེར་ (त्रिविधालंघनाः) ཞེས་པའི་གྲངས་འདྲེན་འགོ་བརྗོད་ཀྱི་ཚིག་ཁ་མ་འཕྲལ་བར་མཚམས་སྦྱོར་བྱས་ནས་བཀོད་ཡོད་ཅིང་། དེ་ཉིད་ལ་གཞི་བཅོལ་ནས་དཔར་འདེབས་བྱས་པའི་དེབ་ཕྱི་མ་མིཐིལཱ་ (मिथिला) སློབ་ཁང་ནས་པར་སྐྲུན་བྱས་པ་དེར་མཚམས་སྦྱོར་ཁ་འཕྲལ་ནས་ (त्रिविधा आलंघानाः) ཞེས་བཀོད་ཡོད་ཅིང་། དེ་ལྟར་བྱས་ན་ཀུན་ཏུ་བརྒལ་བ་རྣམ་པ་གསུམ་ཞེས་པར་འགྱུར་མོད་ཀྱང་། དེབ་སྔ་མ་དེ་ཉིད་ཀྱི་ཁ་སྐོང་ལྷན་ཐབས་སུ་ཚིག་ཁ་འཕྲལ་ནས་བཀོད་སྐབས་ (अलंघन) མི་བརྒལ་བ་ཞེས་ཡོད་པ་དེ་གོ་བདེ་ཞིང་། དོན་ལ་རན་ཚབ་ཆེ་བས་འདིར་དེ་ཉིད་འཐད་ཕྱོགས་སུ་བྱས་སོ། །གཞི་རྩའི་དེབ་སྔ་མ་དེའི་གཞུང་དངོས་གཞི་དང་། ཁ་སྐོང་ལྷན་ཐབས་སོགས་ལ་བརྟག་པ་བྱེད་སྐབས་དེབ་དེའི་ནང་མཚམས་སྦྱོར་བྱས་ནས་བཀོད་པའི་ཚིག་ (त्रिविधालंघनाः) ཞེས་པ་དེ་ཉིད་ཁ་འཕྲལ་སྐབས་ (त्रिविधा आलंघना) ཀུན་ཏུ་བརྒལ་བ་རྣམ་པ་གསུམ་ཞེས་པ་དང་། (त्रिविधा अलंघनाः) མི་བརྒལ་བ་རྣམ་པ་གསུམ་ཞེས་དང་། (त्रिविधा लंगनाः) བརྒལ་བ་རྣམ་པ་གསུམ་ཞེས་དོན་སྟོན་ཚུལ་ཁག་གསུམ་དུ་འགྱུར་མོད་ཀྱང་། དངོས་དོན་གང་ཡིན་ཐད་གྲངས་འདྲེན་གྱི་རྣམ་གཞག་གསལ་བའི་གཞུང་མང་པོར་འཚོལ་ཞིབ་བྱས་རུང་དེ་ལྟའི་གྲངས་འདྲེན་ངེས་རྙེད་མ་བྱུང་བས་དཔྱད་གཞི་ཆེ་ཞིང་། འདིར་གཞུང་ཚིག་ཁ་འཕྲལ་ཚུལ་གསུམ་ལས་ཕྱི་མ་མི་འཐད་པ་ནི། དེའི་གྲངས་འདྲེན་ནང་གསེས་གསུམ་པར་ (अनालंघना) ཞེས་བཀོད་ཡོད་པ་དེ་ཉིད་ཀྱིས་རྟོགས་ནུས་ལ། གལ་ཏེ་ (त्रिविधा लंघनाः) ཞེས་པ་འཐད་པའི་དབང་དུ་བྱས་ན། ནང་གསེས་གསུམ་པར་དགག་ཚིག་སྦྱར་བའི་ཚེ་ (अलंघना) ཞེས་འབྱུང་བ་ལས་ (अनालंघना) ཞེས་པ་འབྱུང་ཤེས་དོན་མེད་དོ།།

[51] གོང་གསལ་མཚམས་སྦྱོར་ཁ་འཕྲལ་བའི་བགྲང་ཚུལ་དེ་དག་གང་གི་དབང་དུ་བྱས་ཀྱང་གྲངས་འདྲེན་གྱི་འགོ་བརྗོད་ལ། དཔེར་ན་བགྲང་ཚུལ་གཉིས་པའི་དབང་དུ་བྱས་ན་ (त्रिविधा अलंघनाः) མི་བརྒལ་བ་རྣམ་པ་གསུམ་ཞེས་གསལ་ཡོད་ཀྱང་། ནང་གསེས་གསུམ་པར་  (अनालंघनाः)  མི་བརྒལ་བ་མ་ཡིན་པ་ཞེས་གསལ་བས། མི་བརྒལ་བ་མ་ཡིན་ན་བརྒལ་བར་འགྱུར་སྣང་བས། དེ་མི་བརྒལ་བ་གསུམ་གྱི་ནང་དུ་འདྲེན་པ་ཇི་ལྟར་འཐད་དཔྱད་པར་བྱའོ།།

[52] གཞུང་འདིའི་རྒྱ་དཔེ་སྤར་སྔ་མར་གྲངས་འདྲེན་གྱི་འགོ་བརྗོད་དུ་བྱམས་པ་ཆེན་པོ་རྣམ་པ་གསུམ་ཞེས་གསལ་བ་ལ་ནང་གསེས་གྲངས་འདྲེན་བཀོད་པའི་ཚེ་གོང་གསལ་གྱི་མི་བརྒལ་བ་རྣམ་པ་གསུམ་པོ་དེ་སོར་བཞག་བྱས་ནས་བཀོད་འདུག་པ་ཆེས་མི་འཐད་པར་སྣང་ཞིང་། རྒྱ་དཔེ་སྤར་མ་ཕྱི་མའི་ནང་ (अलंघना) ཞེས་པའི་ཚིག་འགྲམ་དུ་ཤད་གུག་ནང་ (आलम्बन) ཞེས་པ་དཔྱད་གཞི་ལྟ་བུར་བཀོད་ཡོད་པ་རྟོག་ལྡན་ལ་སྐྱེ་བའི་དོགས་པར་སྣང་ཞིང་། དོན་ལ་ཡང་འཐད་པར་སྣང་སྟེ། བློ་གྲོས་མི་ཟད་པའི་མདོར་ (སྡེ་བཀའ་མདོ་ ༼མ༽ ༡༣༢) བྱམས་པ་ཆེན་པོ་གསུམ་ནི། བདེན་པ་ལ་དམིགས་པ། (सत्यालम्बना) ཞེས་སོགས་གསལ་བའི་ཕྱིར་རོ། །དེབ་འདི་དག་གི་རྩ་བའི་ལེགས་སྦྱར་གྱི་མ་དཔེ་རྙིང་སྐྱོན་ཆེ་ཞིང་། མ་གསལ་བའི་དབང་གིས་ཕབ་བཤུས་བྱེད་སྐབས་ (अलंघना) དང་ (आलम्बना) གཉིས་ནོར་བར་མངོན་ནོ།།

[53] བྱེ་བྲག་རྟོགས་བྱེད་དང་ (नितीरण) ངེས་པར་རྟོག་པ་ཞེས་དང་། མངོན་པ་མཛོད་དུ་ (निरूपण) ངེས་པར་རྟོག་པ་ཞེས་གསལ་ཞིང་། གཞུང་དེ་གཉིས་ཀྱི་བོད་དཔེ་མཐུན་པར་སྣང་བས་དེ་ཉིད་འཐད་ཕྱོགས་སུ་བྱས་སོ།།

[54] བྱེ་བྲག་རྟོགས་བྱེད་དུ་དེ་བཞིན་གཤེགས་པ་ཤི་ནས་ཡོད་པ་དང་། ཞེས་སོགས་བཀོད་འདུག་པས། ཤི་ཞེས་པའི་ཚིག་འདི་དེ་བཞིན་གཤེགས་པ་ལ་སྦྱར་ཚེ་ཆེས་མི་སྙན་ཞིང་མི་རན་ལ། གྲོང་ཚིག་ལྟ་བུར་སྣང་བས། དེའི་ཚབ་ལ་དེ་བཞིན་གཤེགས་པ་སྐུ་མྱ་ངན་ལས་འདས་ཕན་ཆད་ཡོད་པ་དང་། ཞེས་སོགས་བཀོད་ན་ཚིག་རན་ཞིང་དོན་ལ་ཡང་མི་འཐད་པ་མེད་པར་སེམས་སོ།།
གཞུང་མང་པོའི་ནང་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཅེས་གསལ་ཡང་། དེ་ཡི་གེའི་དག་ཆ་ལ་བསམ་ཞིབ་ལེགས་པོ་མ་བྱས་ཚེ་གྲོང་ཁྱེར་གྱི་གྲོང་དང་འཁྲུལ་གཞི་ཆེ་ཞིང་། འདིར་བཀོད་པ་ནི་དོན་བསྒྱུར་གྱི་དབང་དུ་བྱས་སོ།།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༥ ནས་ ༡༧༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *