༄༅། །བདེ་བ་ཆེན་པོའི་སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།།[1]
༄༅། །བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ཕྱག་འཚལ་ལོ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་སྟེང་གི་ཆ། །སངས་རྒྱས་ཞིང་ཁམས་རྣམ་དག་བདེ་བ་ཅན། །སྨོན་ལམ་ཕུན་ཚོགས་ཡོངས་གྲུབ་རྒྱལ་བའི་མཆོག །སྲས་བཅས་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །རིན་ཆེན་ས་གཞི་མཉམ་ཡངས་མཐའ་བྲལ་བ། །
རྒྱ་མཚོ་རི་ཀློང་གླིང་གཞན་ཐ་དད་མེད། །གསལ་ཞིང་འོད་འབར་བདེ་ཞིང་ཉམས་དགའ་བ། །རྣམ་དག་རྒྱལ་བའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་སྣ་ཚོགས་ལས་གྲུབ་ལྗོན་པས་བརྒྱན། །སྤོས་ཆུ་ཀླུང་འབེབས་རིན་ཆེན་པདྨོས་གང་། །དྲི་ཞིམ་ངད་ལྡན་མེ་ཏོག་འབྲས་བུས་བརྒྱན། །དཔལ་གྱི་ཞིང་རབ་དེ་རུ་སྐྱེ་བར་ཤོག །སྤྲུལ་པའི་བྱ་ཚོགས་སྙན་པའི་ཆོས་སྒྲ་སྒྲོགས། །བདེ་རླུང་གཡོ་བས་མེ་ཏོག་ཆར་ཆེན་འབེབས། །བཀོད་ལེགས་མཉམ་ཞིང་རབ་བཀྲ་ཡིད་འོང་ལྡན། །ཕུན་ཚོགས་འབྱོར་ལྡན་ཞིང་དེར་སྐྱེ་བར་ཤོག །
ཤིང་དང་རླུང་ཆུ་པདྨོ་ཐམས་ཅད་ལ། །ཡིད་འོང་གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས། །དགའ་བདེ་སྤེལ་བའི་འདོད་ཡོན་མཆོད་སྤྲིན་འབྱུང་། །འདོད་རྒུ་ལྷུན་གྲུབ་ཞིང་དེར་སྐྱེ་བར་ཤོག །ཐམས་ཅད་ལས་ཀྱང་སྣ་ཚོགས་འོད་རབ་འཕྲོ། །དེ་ལས་མཚན་དཔེས་རབ་བརྒྱན་རྒྱལ་བའི་སྐུ། །མཁའ་དབྱིངས་གདངས་འཁྲིགས་ཟབ་ཡང་ཆོས་སྟོན་པ། །ཆོས་དབྱིངས་རྣམ་དག་ཞིང་དེར་སྐྱེ་བར་ཤོག །ངན་སོང་ལྷ་མི་མི་ཁོམ་མིང་ཡང་མེད། །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཉོན་མོངས་ནད་དང་སྡུག་བསྔལ་ཅུང་ཟད་མེད། །ཉེས་སྐྱོན་ཀུན་བྲལ་ཞིང་དེར་སྐྱེ་བར་ཤོག །ལྷ་མིའི་མིང་ཙམ་ལུས་འབྱོར་ཐ་དད་མེད། །ཐམས་ཅད་གཅིག་པར་གསེར་མདོག་མཚན་དཔེས་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཆགས་པ་མེད། །ཡོན་ཏན་ཀུན་རྫོགས་ཞིང་དེར་སྐྱེ་བར་ཤོག །གནས་དང་རྫས་དང་ལུས་ལ་བདག་འཛིན་བྲལ། །ཡིད་ལ་དྲན་པས་གང་དགོས་འདོད་རྒུ་འབྱུང་། །ཀུན་ཀྱང་ཐེག་མཆོག་ཟབ་མོའི་ཆོས་ལ་སྤྱོད། །ཐེག་ཆེན་ཡོངས་རྫོགས་ཞིང་དེར་སྐྱེ་བར་ཤོག །རྫུ་འཕྲུལ་སྟོབས་ཀྱིས་མཐའ་ཡས་ཞིང་རྣམས་བགྲོད། །མཆོད་སྤྲིན་རྒྱ་མཚོ་ལག་པའི་མཐིལ་ནས་འབྱུང་། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་སྨིན་གྲོལ་མཛད། །སྤྲུལ་སྐུའི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །རིན་ཆེན་པདྨོ་རྣམ་པར་སྣང་ཞེས་བྱ། །བྱང་ཆུབ་ཤིང་མཆོག་སྟོང་དང་དྲུག་བརྒྱ་པ། །མེ་ཏོག་འབྲས་བུ་རྒྱན་ཕྲེང་དུ་མས་བརྒྱན། །དེ་མཐོང་ཡོན་ཏན་སྣ་ཚོགས་ཐོབ་པར་ཤོག །རིན་ཆེན་ས་གཞི་མེ་ཏོག་དུ་མས་བརྒྱན། །དེ་དབུས་པདྨ་གེ་སར་སྡོང་པོའི་ཚོགས། །དག་གསལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན། །པདྨའི་གདན་མཆོག་དེ་འདྲ་མཐོང་བར་ཤོག །དེ་སྟེང་རྒྱལ་བ་མགོན་པོ་འོད་དཔག་མེད། །གཡས་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །གཡོན་ན་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །གྲངས་མེད་སེམས་དཔས་བསྐོར་བ་མཐོང་བར་ཤོག །འོད་ནི་དཔག་མེད་གཟི་བརྗིད་དཔག་མེད་དང་། །སྐུ་ཚེ་དཔག་མེད་དགེ་འདུན་དཔག་མེད་དང་། །བྱང་ཆུབ་སེམས་དཔས་བསྐོར་ཞིང་མཛེས་གྱུར་པ། །རྒྱལ་མཆོག་དེ་འདྲའི་དྲུང་དུ་སྐྱེ་བར་ཤོག །ཞིང་དེར་པདྨོ་མཆོག་ལ་སྐྱེས་ནས་ཀྱང་། །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་དང་། །སྔོན་གནས་དྲན་དང་བློ་གྲོས་མཁས་མཆོག་དང་། །རྫུ་འཕྲུལ་མཆོག་གིས་སྟོབས་ཀྱང་འཐོབ་པར་ཤོག །བདག་གིས་མགོན་མཛད་རྒྱལ་བ་འཇིག་རྟེན་མགོན། །རྫོགས་པའི་སངས་རྒྱས་མཆོག་དེ་མཐོང་ནས་ཀྱང་། །གུས་དང་བཅས་པས་ཟབ་ཡངས་(ཐེག་ཆེན་གྱི།)ཆོས་ཐོབ་ནས། །སྐད་ཅིག་དེ་ལ་ས་བཅུ་ཡོངས་རྫོགས་ཤོག །བདེ་ཆེན་འོད་དཔག་མེད་ཀྱི་ལུང་བསྟན་ནས། །སངས་རྒྱས་བྱེ་བ་མང་ལ་མཆོད་པར་བགྱི། །རྫུ་འཕྲུལ་སྟོབས་ཀྱི་ཞིང་མང་སོང་ནས་ནི། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་སྨིན་གྲོལ་ཤོག །སྣོད་ཀྱི་འཇིག་རྟེན་བདེ་སྐྱིད་བསམ་མི་ཁྱབ། །བཅུད་ཀྱི་སེམས་ཅན་བདེ་ཚོགས་བསམ་མི་ཁྱབ། །རྒྱལ་བ་སྲས་བཅས་བདེ་སྤྲུལ་བསམ་མི་ཁྱབ། །ཞིང་མཆོག་བསམ་མི་ཁྱབ་དེར་སྐྱེ་བར་ཤོག །འཆི་བའི་ཚེ་ན་རྒྱལ་བ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་ནས་རབ་དགའ་བ། །ཏིང་འཛིན་མི་རྗེད་དྲན་པས་འཆི་འཕོས་ནས། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །བདེ་ཆེན་དཔའ་བོ་དཔའ་མོའི་ཚོགས་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་བ་དན་རོལ་མོའི་སྒྲ། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་རབ་བསུས་ནས། །མཁའ་ལ་སྤྱོད་པའི་ཞིང་དེར་ཁྲིད་པར་ཤོག །དགེ་སློང་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཞེས། །དྲན་དང་བློ་གྲོས་རྟོགས་པ་དང་ལྡན་པ། །ཤེས་རབ་བརྩོན་འགྲུས་རྒྱ་ཆེ་རབ་དགའ་བ། །དེ་ཡི་སྨོན་ལམ་ཇི་བཞིན་བདག་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པ་ཆེན་པོ་དང་། །ཆོས་དབྱིངས་རང་བཞིན་རྣམ་དག་བྱིན་རླབས་དང་། །ཆོས་ཅན་རྒྱུ་འབྲས་དྲི་མེད་ནུས་མཐུ་དང་། །ལྷག་བསམ་བྱང་སེམས་སྨོན་ལམ་རྣམ་དག་དང་། །དགེ་བ་བསགས་དང་བསོགས་འགྱུར་ཀུན་གྱིས་མཐུས། །སྨོན་ལམ་འདི་བཏབ་ངེས་པར་འགྲུབ་གྱུར་ཅིག །ཅེས་པའི་སྨོན་ལམ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བདེ་སྨོན་ཕྱོགས་བསྒྲིགས། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༡༤༧ ནས་ ༡༥༡ བར་བཞུགས་པ་ལས་བཏུས་ཤིང་། བདེ་སྨོན་འདི་ཉིད་ཀྱི་དཔེ་རྙིང་བྲིས་མ་དང་། ཤིང་དཔར་སོགས་མང་དུ་སྣང་ངོ་།།
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༣ ནས་ ༡༡༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།