༄༅། །གསེར་འགྱུར་ལས་ཚོགས་ལས་ཀླུ་སྒྲུབ་ལུགས།

༄༅། །གསེར་འགྱུར་ལས་ཚོགས་ལས་ཀླུ་སྒྲུབ་ལུགས།[1]

 

གསེར་འགྱུར་བྱེད་པའི་ལས་ཚོགས། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་འདི་ལ། ལུགས་ཀོང་བཟང་པོ་ཟངས་རག་མེད་པ་སྲང་གང་བཞུགས་པ་ཞུ་བའི་དུས། དེ་ལྕི་ཞིང་སེར་བར་བྱེད་པ་རག་རྡོ་བཟང་པོ་སྲང་གང་ཞིབ་པར་བཏགས་ལ་བཏབ་སྟེ་ལེགས་པར་དཀྲུག་ཅིང་ལན་གཅིག་བཞུ། དེ་ནས་མདོག་ལེགས་པར་བྱེད་པ་ཤུག་པ་ཚེར་མ་ཅན་གྱི་འབྲས་བུ་སྲང་གང་བཏབ་ལ་སྲེས།

གནས་འགྱུར་བར་བྱེད་པ་བོང་ང་དམར་པོའི་རྩ་བ་སྲང་ཕྱེད། རྩི་འདེབས་བྱེད་པ་ལྡོང་རོས་སེར་པོ་ཐུན་གསུམ། འདྲེས་པར་བྱེད་པ་རྣ་བའི་རྭ་སེར་ཧྲོག་བསྲེགས་པ་ཐུན་གསུམ། དེ་རྣམས་ཞིབ་པར་བཏགས་ལ་བཏབ་ནས་དཀྲུག་ཅིང་བསྐོལ། དམར་ལྟེམ་གྱིས་ཞུ་བ་དང་མདོག་འདོམས་པར་བྱེད་པ་ཁ་ཆེ་གུར་གུམ་སྲང་གང་འདེབས་ཤིང་དཀྲུགས། དེ་རྗེས་མཉེན་པར་བྱེད་པ་ལོ་མར་དང་ཚིལ་ཆེན་མཉམ་པར་སྲང་གང་བཏབ། དེ་རྗེས་གུར་གུམ་འབྱོར་བཏབ་པས་མདོག་སེར་ལྷག་གེ་འབྱུང་། དེ་ནས་ངར་གསོད་པར་བྱེད་པ། ཆུ་གྲང་ཕོར་གང་གི་ནང་དུ་དྲི་མ་དག་པར་བྱེད་པ་བུལ་ཏོག་བྱ་བལ་མ་སྦར་བ་གང་བཏབ། འདྲེས་པར་དཀྲུག་པའི་ནང་དུ་ལུགས་ཀོང་ཕུབ་ལ་གསོད་པར་བྱའོ། །གྲང་བ་དང་དུམ་བུར་གཏུབ་ལ། བཞུ་བ་དང་གུར་གུམ་བཏབ་ཅིང་། བུལ་ཆུ་གྲང་མོར་བྱོ་བ་སྔ་མ་ལྟར་ལན་དགུའམ་བཅུ་བྱས་པའི་མཐར་ཆང་བཟང་གར་མའི་ནང་དུ་ལྡོང་རོས་ཞིབ་པར་བཏགས་ལ་བཏབང་པའི་ནང་དུ་བླུགས་པས། དེ་ནི་བརྡུངས་མ་དང་ཐིགས་པོ་གང་ལྟར་བྱས་ཀྱང་གུ་ལང་གི་གསེར་དང་ནོར་བ་འབྱུང་། འདུལ་ན་ཡང་གསེར་དངོས་འདུལ་བ་དང་འདྲ་བ་ཡོང་། འདི་ལག་ལེན་བྱེད་མིས་ཤ་ཆང་བཅུད་ཅན་ཁོང་དུ་གཏོང་དགོས།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༥-༡༦ བར།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡ ནས་ ༣༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *