ཕྱོགས་སྒྲིག་པའི་སྔོན་གླེང་།
དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པར་གྲགས་པའི་བསྟན་བཅོས་ལས། བསྟན་འགྱུར་དུ་བཞུགས་པ་རྣམས་གོང་དུ་བསྟན་འགྱུར་གྱི་སྒྲིག་རིམ་ལྟར་ཕྱོགས་བསྒྲིགས་ཞུས་ཟིན་པ་ལྟར་དང་། གཞན་ཡང་རྒྱལ་བའི་བསྟན་འགྱུར་དུ་མ་འཁོད་པའི་ཁོངས་སུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་གསོ་རིག་གི་བསྟན་བཅོས་རྣམས་གླེགས་བམ་གཉིས་དང་།
གཞན་ཡང་རོ་སྒྲུང་གི་རིགས་རྣམས་གླེགས་བམ་གཅིག་བཅས་སྡེ་ཚན་སོ་སོར་ཕྱེ་སྟེ་ཕྱོགས་བསྒྲིགས་ཞུས་ཡོད། འདིར་དེ་འཕྲོས་གཙོ་བོ་གསང་སྔགས་ཀྱི་བསྟན་བཅོས་དང་། སྨོན་ལམ་གྱི་རིགས། གཞན་ཡང་གསར་དུ་བསྒྱུར་བའི་དབུ་མའི་བསྟན་བཅོས་དང་། ཆོས་ཡང་དག་པར་བསྡུས་པ་བཅས་བསྟན་བཅོས་ཐོར་བུར་བཞུགས་པའི་རིགས་རྣམས་གླེགས་བམ་འདིར་ཕྱོགས་གཅིག་ཏུ་བསྒྲིགས་ཡོད།
དེ་ཡང་གླེགས་བམ་འདིར་ཕྱོགས་བསྒྲིགས་ཞུས་པའི་བསྟན་བཅོས་རྣམས་ནི། ༡༽ ཉག་བླ་པདྨ་བདུད་འདུལ་གྱི་གཏེར་ཆོས་སྐོར། པོད་ ༼༣༽ དབང་ཆེན། ཤིང་དཔར་ཤོག་གྲངས་ ༡ ནས་ ༣ན༢ བར་བཞུགས་པའི་དབང་ཆེན་གསང་སྒྲུབ་ཀླུ་སྒྲུབ་སྙིང་པོའི་ཐུགས་དམ་བཞུགས་སོའི་མཐའ་ཅན་དང་། མཇུག་བྱང་ལས། རྒྱལ་བའི་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཐུགས་དམ་འདི༔ བཞུགས་ཡུལ་ཧེ་ཆེན་བརྡལ་ནས་བོད་དུ་བསྒྱུར༔ སློབ་མ་རྒྱལ་བ་མཆོག་དབྱངས་ཉིད་ལ་གདམས༔ མཆིམས་ཕུ་བྲག་དམར་གནས་སུ་གྲུབ་པ་ཐོབ༔ དེ་བཞིན་དབང་ཆེན་བསྒྲུབ་ལ་བརྩོན་པར་མཛོད༔ མ་འོངས་དོན་དུ་སྦས་ཡུལ་གཏེར་ལ་སྦས༔ ཨོ་རྒྱན་ཐུགས་སྲས་དགོངས་ཀློང་རྡོལ་བའི་དུས༔ ལུང་ཟིན་ཆོས་བདག་རྣམས་དང་འཕྲད་པར་ཤོག༔ འཕྲད་ནས་སྲིད་གསུམ་སྒྲོལ་བའི་དོན་བྱེད་ཤོག །ཅེས་བྱུང་བ་འདི་དང་།
༢༽ སྒྲུབ་ཐབས་ཀུན་བཏུས། པོད། ༼ཏ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༥༩ན༡ ནས་ ༢༦༡ན༣ བར་བཞུགས་པའི་དཔལ་ཡེ་ཤེས་མགོན་པོའི་ཐུགས་སྒྲུབ། དེ་ཡང་བསྟན་བཅོས་དེ་ཉིད་ཀྱི་མཇུག་བྱང་ལས། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང་། ལོ་ཙཱ་བ་ཙ་མི་ཆེན་པོས་སྦྱར་བའོ། །སྒྲུབ་ཐབས་རྒྱ་མཚོ་ཡང་ཡོད་ཅེས་མཛད་བྱང་དང་། འགྱུར་བྱང་གཉིས་ཀ་གསལ་བར་བྱུང་ངོ་།།
༣༽ རིན་ཆེན་གཏེར་མཛོད་ཆེན་མོ། པོད། ༼༣༢༽ སྟག་ཤམ་འོད་མཆོག །ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༦བ༣ བར་བཞུགས་པའི་འོད་དཔག་མེད་ཀྱི་སྒྲུབ་ཐབས་པདྨའི་སྡོང་པོ་རྗེས་གནང་དང་བཅས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོའི་མཐའ་ཅན། མཇུག་བྱང་ལས། ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་གསལ་ལོ།།
༤༽ གདམས་ངག་མཛོད། བླ་སྒྲུབ། པོད། ༼ཐ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༦ན༦ བར་ཤོག་བུ་དྲུག་ཅན་བཞུགས་པའི་བླ་མ་གསང་བར་སྒྲུབ་པ་སྟེ། མཛད་བྱང་ལས། བླ་མ་གསང་བར་སྒྲུབ་པ་ཀླུ་སྒྲུབ་སྙིང་པོས་མཛད་པའོ། །པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་བསྒྱུར་བའོ། །ཞེས་གསལ་ལོ།།
༥༽ རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ། ༼ཆ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༤ ན༣ བར་བཞུགས་པའི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་དྲུང་ཐོབ། བསྟན་བཅོས་ཀྱི་མཇུག་མཐར། ཕྱག་རྒྱ་ཆེན་པོ་རྣལ་དུ་བསྟན་པ་མཆོད་རྟེན་གྱི་དྲུང་དུ་ཐོབ་པ་འདི་ནི། བླ་མ་གོང་མ་རྣམས་ཀྱི་ཡི་གེ་མི་གསལ་བ་གསལ་བར་བྱ་བའི་ཕྱིར། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས། དཔལ་ས་སྐྱའི་དགོན་པ་ནས་རྒྱང་གྲགས་གཉིས་ཤར་ཕྱོགས་སུ་འཕགས་པའི་སར་བྲིས་པ་ཡིན་ནོ། །ས་མཱསྟ་མི་ཏི། །ཞེས་བྱུང་བས་དཔྱད་དགོས་པར་སྣང་ངོ་།།
༦༽ ས་སྐྱ་བཀའ་འབུམ། པོད་ ༼ཉ༽ གྲགས་རྒྱན་གསུམ་པ། འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༢༣བ༣ ནས་ ༢༤ན༡ བར་བཞུགས་པའི་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། མཛད་བྱང་ལས། འདི་ཁ་ཅིག་ནཱ་གཱ་རྫུ་ནས་མཛད་ཅེས་ཀྱང་གྲགས་སོ། །ཞེས་བྱུང་བས་དཔྱད་དགོས་སོ།།
༧༽ སྒྲུབ་ཐབས་ཀུན་བཏུས། པོད། ༼ཀ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༦བ༡ ནས་ ༡༦ན༦ བར་ཤོག་ངོས་གཅིག་ཅན་བཞུགས་པ་སྒྲོལ་མའི་སྒྲིབ་ཤིང་གི་ཡི་གེ་སྟེ། མཛད་བྱང་ལས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ལོ་ཙཱ་བ་བ་རིས་བསྒྱུར་བའོ། །ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་གསལ་བར་བྱུང་ངོ་།།
༨༽ བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༡༩༩༠ ལོར་པར་སྐྲུན་བྱས་པའི་དེབ་གཟུགས་ཤོག་གྲངས་ ༡༥-༡༦ བར་བཞུགས་པའི་གསེར་འགྱུར་ལས་ཚོགས་ལས་ཀླུ་སྒྲུབ་ལུགས་དང་། ༩༽ བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༡༩༩༠ ལོར་པར་སྐྲུན་བྱས་པའི་དེབ་གཟུགས་ཤོག་གྲངས་ ༢༡༢-༢༡༨ བར་བཞུགས་པའི་ཀླུ་སྒྲུབ་ཀྱིས་གདམས་པའི་གསེར་བསྒྱུར་སྣ་ཚོགས་གཉིས། འདི་ཉིད་ཀླུ་སྒྲུབ་ཀྱིས་མཛད་མིན་གསལ་ཁ་དེ་ཙམ་མ་མཆིས་པས་མ་འོངས་པར་དཔྱད་དགོས་པར་སྣང་ངོ་།།
༡༠༽ འཛམ་གླིང་སྤྱི་བསང་། དེ་ཡང་མཁས་གྲུབ་ཀརྨ་ཆགས་མེད་ (1613-1678) ཀྱི་གསུང་འབུམ། པོད་ ༼ཅ༽ བྲིས་མ་ཤོག་གྲངས་ ༡ ལས། ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་འཛམ་གླིང་སྤྱི་བསང་ཡོངས་སུ་གྲགས་པ་དེ་བཞུགས་སོ། །འདིའི་སྟོད་ཆ་ནི་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་གཞུང་ཡང་ཡིན། ཞེས་བྱུང་ངོ་།།
༡༡༽ བླ་མ་དང་འཇམ་དཔལ་ཞི་ཁྲོ་དབྱེར་མེད་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་གཏེར་མཛོད། པོད། ༼༡༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡ན༡ ནས་ ༤ན༣ བར་ཤོག་བུ་བཞི་ཅན་ནང་གི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཉི་མ་ཟླ་བ་ཁྲུས་གསོལ། མཛད་བྱང་ལས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་ཁྲུས་འདི་ནི་ས་མ་ཡ་རྒྱ༔རྒྱ༔རྒྱ༔ཟབ་ཨྠི། ཞེས་བྱུང་ངོ་།།
༡༢༽ གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་དུ་བཞུགས་པའི་དཔེ་དཀོན་ཕྱོགས་བསྡུས་དང་པོ། པོད། ༼༤༨༽ པ་ ༼ཚི༽ ཤོག་གྲངས་ ༡ན༡ ནས་ ༢བ༨ བར་བྲིས་མ་མཚོན་ཅན་ཤོག་བུ་གཉིས་བཞུགས་པའི་ཨ་ཙ་རའི་ཆར་ཆོག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། མཛད་བྱང་ལས། ཨ་ཙ་ར་སྔོན་པོའི་ཆར་ཆོག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་གསལ་ལོ།།
༡༣༽ སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུའི་གདོན་ཁྲོལ། དབུ་ཅན་བྲིས་མ། དཔེ་ཐུང་ཤོག་གྲངས་ ༡ན༡ ནས་ ༥བ༦ བར་བཞུགས་པའི་ཀླུའི་གདོན་ཁྲོལ། དེ་ཡང་བསྟན་བཅོས་ཀྱི་དབུར། སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུའི་གདོན་ཁྲོལ་གྱི་ཆོ་ག །ཞེས་དང་། མཛད་བྱང་ལས་ཀྱང་། ཞེས་པ་འདི་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུ་ཡི་གདོན་གྲོལ་རྫོགས་སོ། །བླ་མ་རྡོ་རྗེ་གདན་པ་ནས་བརྒྱུད་པའི་བྱིན་རླབས་ཤིན་ཏུ་ཆེའོ། །ཞེས་བྱུང་ངོ་།།
༡༤༽ སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་སོགས། པོད། ༼༡༽ སོག་ཡུལ། དབུ་ཅན་བྲིས་མ་ཤོག་གྲངས་ ༡ན༡ ནས་ ༣ན༢ བར་དཔེ་ཐུང་ཤོག་བུ་གསུམ་ཅན་བཞུགས་པའི་འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པའི་གཉེན་པོ་ཀླུ་མདོས། ཞེས་བྱུང་ཡང་མཛད་བྱང་མི་གསལ་ཞིང་། ཐོག་མའི་མཆོད་བརྗོད་ལས། འཕགས་པ་དྲེགས་པ་འདུལ་བྱེད་ཀླུ་སྒྲུབ་སྙིང་པོ་ལ་ཕྱག་འཚལ་ལོ། །ཞེས་བྱུང་བས་དཔྱད་དགོས་སོ།།
༡༥༽ སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གཙང་མ་ཀླུ་འབུམ་སོགས། པོད། ༼༡༽ སོག་ཡུལ་རྒྱལ་ཡོངས་དཔེ་མཛོད། དཔེ་ཐུང་དབུ་ཅན་བྲིས་མ། ཤོག་གྲངས་ ༡ན༡ ནས་ ༢༡ན༥ བར་ཤོག་བུ་ ༢༢ ཅན་བཞུགས་པའི་གཙང་མ་ཀླུ་འབུམ། མཇུག་བྱང་ལས། ལྷོ་བྲག་ཁོང་ཐིང་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་འགྲོ་བ་སེམས་ཅན་ལ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། ཀླུ་དང་གཉན་དང་ས་བདག་དར་བར་གཟིགས་ནས། བྲག་དམར་སེངྒེའི་རྫོང་ལ་ཚངས་པ་ཀླུ་གཉན་གནས་ནས། ཀླུ་རྒྱལ་སོགས་མ་མེད་དང་གྲོས་བྱས་ནས་གཏོང་བའོ། །གཙང་མ་ཀླུ་འབུམ་འདི་ལྷོ་བྲག་གི་ལྷ་གོར་སྟོན་པར་གཏད། དེ་ནས་གཙང་གི་ཁྲོ་ཚང་སྟོན་པ་ལ་གཏད། དེས་བསྟོད་ལུངས་ཀྱི་ཐེ་སྟོན་པ་ལ་གཏད། གཙང་མ་ཀླུ་འབུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །ཞེས་བྱུང་བས་དཔྱད་གཞིར་སྣང་ངོ་།།
༡༦༽ གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ། སྐུ་འབུམ་ཤིང་དཔར། ཤོག་གྲངས་ ༡ན༡ ནས་ ༦བ༣ བར་བཞུགས་པའི་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ་སྟེ། དེ་ལ། ཀ༽ གཙང་མ་ཀླུ་འབུམ་དཀར་པོ་དང་། ཁ༽ གཙང་མ་ཀླུ་འབུམ་ནག་པོ། ག༽ གཙང་མ་ཀླུ་འབུམ་ཁྲ་བོ་བཅས་ཀླུ་འབུམ་དཀར་ནག་ཁྲ་གསུམ་བཞུགས་པ་ལས། གསུམ་གའི་མཇུག་བྱང་ལས། ཕོ་བྲང་ཁྲི་སྟེང་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་དུས་སྙིགས་མའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཀླུ་དང་ས་བདག་གི་ཟ་ཁ་དར་བར་གཟིགས་ནས་བྲག་དམར་སེངྒེ་རྫོང་གི་ཕོ་བྲང་དུ་ཀླུ་རྒྱལ་སོགས་མ་མེད་དང་གྲོས་བྱས་ནས་སྦྱར། ཕྱིས་སྙི་ལམ་སྒང་དུ་འཕགས་པ་ཀླུ་སྒྲུབ་ཨཱརྱའི་ཆ་བྱད་བྱས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་དངོས་སུ་གདམས་པའོ། །གཙང་མ་ཀླུ་འབུམ་ཁྲ་བོ་ཞེས་བྱ་བའི་གཟུངས་ལེ་ཚན་གསུམ་པ་རྫོགས་སོ། །ཞེས་བྱུང་བས་དཔྱད་དགོས་སོ།།
༡༧༽ སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། ༼ཀཿཐོག༽ པོད། ༨༠ རྒྱུད་དོན། ༼ཝུ༽ དབུ་ཅན་དཔེ་ཐུང་། ཤོག་གྲངས་ ༡ན༡ ནས་ ༡༤ན༥ བར་ཤོག་གྲངས་ ༡༤ ཅན་བཞུགས་པའི་གཡུའི་ཐང་མ་སྐས་དགུ། མཛད་བྱང་ལས། གཡུའི་ཐང་མ་སྐས་དགུ་རྫོགས་སོ། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །བི་མ་ལས་འཕན་ཡུལ་དུ་ཛྙཱ་ན་ལ་གཏད། ཅེས་བྱུང་ངོ་།།
༡༨༽ སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། པོད། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༩ ལོར་པར་སྐྲུན་བྱས་པའི་འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤བ༡ ནས་ ༦ན༤ བར་བཞུགས་པའི་སྨོན་ལམ་ཉི་ཤུ་པ།
༡༩༽ བདེ་སྨོན་ཕྱོགས་བསྒྲིགས། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༧ ལོར་པར་སྐྲུན་བྱས་པའི་དེབ་གཟུགས་ཤོག་གྲངས་ ༡༤༧ ནས་ ༡༥༡ བར་བཞུགས་པའི་བདེ་བ་ཆེན་པོའི་སྨོན་ལམ། མཛད་བྱང་ལས། ཅེས་པའི་སྨོན་ལམ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །ཞེས་བྱུང་ངོ་།།
༢༠༽ བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༤ ལོར་པར་སྐྲུན་བྱས་པའི་དེབ་གཟུགས་ཤོག་གྲངས་ ༧༢༠ ནས་ ༧༢༢ བར་བཞུགས་པའི་རྒྱུ་འབྲས་སྨོན་ལམ་མམ་ཡོངས་གྲགས་སྨོན་ལམ་ཐེམ་སྐས་མ།
༢༡༽ འོད་དཔག་མེད་ཀྱི་སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དབུ་མེད་བྲིས་མ། ཤོག་གྲངས་ ༡ ནས་ ༥ བར་བཞུགས་པ་སྟེ། མཛད་བྱང་ལས། ཅེས་པའི་སྨོན་ལམ་འདི་ཉིད་ཀླུ་སྒྲུབ་ཀྱིས་མཛད་པའོ། །ཞེས་བྱུང་ངོ་།།
༢༢༽ ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་གསུང་འབུམ། པོད། ༼༤༽ བྲིས་མ། ཤོག་གྲངས་ ༡༠༣༨ ནས་ ༡༠༤༡ བར་བཞུགས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་གྱི་སྤྱི་དོན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་དངོས་ཀྱི་མ་ཡིག་མ་རྙེད་པས། བསྟན་བཅོས་དེ་ཉིད་ཀྱི་བརྗོད་བྱ་སོགས་སྤྱི་དོན་སྐོར་ངོ་སྤྲོད་མཚམས་སྦྱོར་དུ་འདི་ཉིད་བཀོད་པའོ།།
༢༣༽ སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་པ་འདི་ཉིད། ཕྱི་ལོ་ ༩༨༠ ཐམ་པའི་ལོ་ལ་རྒྱའི་ལོ་ཙཱ་བ་ཧྲི་ཧོས་ཞེས་པས་སཾ་སྐྲི་ཏའི་སྐད་ལས་རྒྱ་ཡིག་ཏུ་ཐོག་མར་བསྒྱུར་ཅིང་། ཕྱི་ལོ་ ༡༩༩༧ ལོར་སཾ་སྐྲི་ཏའི་སྐད་ལ་མཁས་པའི་རྒྱ་རིགས་མཁས་པ་ཝུ་པེ་ཧོས་ཞེས་པས་སླར་ཡང་མ་དཔེ་དང་དག་གཏུགས་བྱས་ནས་འགྱུར་བཅོས་བྱས་ཏེ་རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་པའི་རྩོམ་དེབ་ཏུ་བཀོད་པ་དེ་ལ་གཞིར་བྱས་ནས། ཨ་ལགས་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་གྱིས་ཕྱི་ལོ་ ༢༠༠༣ ལོར་རྒྱའི་སྐད་ལས་བོད་ཡིག་ཏུ་གསར་དུ་བསྒྱུར་བའི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ།
༢༤༽ ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཏུན་ཧོང་ཡིག་ཆའི་ (IOL Tib J 595) གྲལ་དུ་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཚིགས་བཅད་འདི་ཉིད་བསྟན་འགྱུར་དུ་མི་སྣང་ (Ye 2019: 342) ལ། འདི་དང་འདིའི་འགྲེལ་པ་གཉིས་རྒྱ་ནག་སྐད་དུ་ལོ་ཙཱ་བ་ཤེས་རབ་སྲེད་ཅེས་པས་བསྒྱུར་བ་ལས་བོད་སྐད་དུ་བསྒྱུར་བར་སྣང་བ།
༢༥༽ ཆོས་ཡང་དག་པར་བསྡུས་པ། ཕྱི་ལོ་ ༡༩༨༨ ལོར་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་དང་། རྒྱ་གར་གྱི་པཎྜི་ཏ་ཇཱནཀཱི་པྲ་སཱད་དཱིཝེདཱིའི་ལྷན་དུ་ལེགས་སྦྱར་ནས་བོད་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཡང་དག་པ་བསྡུས་པ་ཆོས་ཀྱི་རྣམ་གྲངས་བསྟན་པའི་གཞུང་མདོ་བསྟན་དུ་མའི་ཁུངས་དང་བཅས་པ་སྦྱར་ཏེ་གསར་དུ་བསྒྱུར་བ་བཅས། མདོར་ན། བསྟན་བཅོས་ཐོར་བུ་སྣ་ཚོགས་ཞལ་གྲངས་ ༢༥ རྙེད་སོན་བྱུང་བ་རྣམས་གལ་ཆེའི་དཔྱད་གཞིར་བསམས་ནས་ཕྱོགས་གཅིག་ཏུ་ལེགས་བསྒྲིགས་ཞུས་པ་བཅས། གུས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༧ དགེ་བར།། །།
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ I ནས་ VIII བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།