༄༅། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་དང་རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་ལེའུ་ཉེར་བདུན་པ་བཞུགས་སོ།།
(ལེའུ་དང་པོ་དང་བཅུ་གསུམ་བར་ནི། གཤམ་གྱི་རོ་སྒྲུང་བསྡུས་པ་ལེའུ་བཅུ་གསུམ་ཅན་དང་མཚུངས་
པས་དེས་འཐུས་པར་བྱས་ལ། ལེའུ་བཅུ་བཞི་པ་ནས་ཉེར་དྲུག་པའི་བར་ཕྱོགས་བསྒྲིགས་ཞུས་ཡོད།)
ལེའུ་བཅུ་གསུམ་གྱི་འཕྲོར་བླ་ཐབས་སུ་བསྣན་པ་འགའ་རེ་འདུག་པ་བྲིས་པ་ལ། ཡང་བདེ་སྤྱོད་བཟང་པོས་བསིལ་བའི་ཚལ་གྱི་ (ཤོག་ ༡༣༥) དུར་ཁྲོད་དེར་ཕྱིན་ལུགས་སྔར་བཞིན་བྱས་ཏེ་རོ་ཁུར་ཡོང་བ་ལ། རོ་ན་རེ།
ཉི་མ་རིང་བ་ཕུལ་ཕྱིར་དུ་གོ་རྒྱུ་བཟང་པོའི་སྒྲུང་སྨྲས་དགོས་ཟེར་བ་ལ། རྒྱལ་པོས་ཅང་མི་སྨྲས་སོ། །རོ་ན་རེ། ཁྱོད་སྒྲུང་གཏོང་ན་མགོ་ཁུག་ཁུག་གྱིས། ངས་གཏོང་དགོས་ན་རྐྱེན་རྐྱེན་གྱིས་ཟེར་བས། རྒྱལ་པོས་རྐྱེན་རྐྱེན་བྱུང་བས། སྔོན་དང་པོ་ཙ་ན། རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་ཞིག་ཏུ་ཕུ་ནུ་གཉིས་ཡོད་དེ། ཕུ་བོ་ནི། ནོར་ལོངས་སྤྱོད་ཅི་ཡང་མེད་པ་ཞིག་ཡིན་པས་གཞན་ལ་རྩིས་མེད་དུ་རྩྭ་དང་ཤིང་ཚོང་ལ་སྲོག་འཚོ་བ་ཙམ་གྱིས་གནས་སོ། །ནུ་བོ་ནི་འབྱོར་པ་ཆེ་བ་སྟོབས་དང་ལྡན་པ་ཕྱུག་པོ་ཞིག་ཡིན་རུང་། གཅེན་ལ་ངན་ཞིང་མིག་སེར་བས་ཅིས་ཀྱང་ཕན་འདོགས་མི་བྱེད་པ་ཞིག་གོ།
ནམ་ཞིག་ནུ་བོ་དེས་ཡུལ་མི་རྣམས་འདུས་ནས་དགའ་སྟོན་བཟང་པོ་ཞིག་བགྱིས་པ་ན། ཕུ་བོའི་བསམ་པ་ངའི་གཅུང་གིས་སྔོན་ཆད་ང་ལ་བཟའ་བཏུང་ (ཤོག་ ༡༣༦) སོགས་ཀྱི་ཕན་འདོགས་མི་བྱེད་རུང་། ད་དུང་བཟའ་བཏུང་སྣ་ཚོགས་ཀྱིས་ཡུལ་མི་རྣམས་ཚིམས་པར་བྱས་པའི་དགའ་སྟོན་བཟང་པོ་ལ་ངེས་པར་བོས་ཡོང་སྙམ་ཡང་ཆང་ལྷག་ཙམ་གྱི་ཡང་སྐལ་བ་མ་བྱིན་པས། ཆུང་མ་ན་རེ། ཁྱོ་ཁྱོད་འདི་ལྟར་འདུག་པ་ལས་ཤི་ན་དྲག་སྟེ། ཁྱོད་ཀྱི་ནུ་བོས་རྒྱུན་དུ་ཕན་པ་མ་བྱས་ཀྱང་བཟང་ངན་ཚོ་འདུས་པའི་སྟོན་མོའི་བགོ་སྐལ་བྱིན་དགོས་པ་ལས། དེ་ཡང་ཆད་གདའ་ཡེ་ཟེར། ཁོས་དེ་ཅིས་ཀྱང་བདེན་ཏེ་ད་ལྟ་ཉིད་དུ་འཆིའོ་ཟེར་ནས་སྟ་རེ་དང་ཐག་པ་ཞིག་ཁྱེར་ཏེ་གཤེད་དུ་སོང་ནས་རི་མང་པོ་འདས་པས་ནགས་འཐུག་པོ་ཞིག་གི་ཕུ་ན་ཕྱིན་པ་ལ། ལུང་སྟོང་དེར་སྟག་དང་སེངྒེ་སོགས་གཅན་གཟན་མང་པོས་གང་བར་འདུག་པ་དེའི་ཡ་གིར་ཕྱིན་པས། བྲག་ཆེན་པོ་ཤིན་ཏུ་མཐོན་པོ་ཞིག་གི་རྩར་གླུ་གར་རོལ་མོའི་སྒྲ་དང་བཅས་པར་དཔའ་བོ་མཁའ་འགྲོ་མང་པོ་ནམ་མཁའ་གང་བ་ཙམ་ཕེབས་ (ཤོག་ ༡༣༧) འདུག་གོ།
ཁྲོམ་ཚོགས་དེ་དག་གི་ནང་ནས་གཤོག་པ་ཅན་གྱི་མཁའ་འགྲོ་མ་ཞིག་འཕུར་སོང་ནས་བྲག་ཕུག་གཅིག་གི་ནང་ནས་ཕད་བུ་ཞིག་ཁྱེར་འོང་ནས་ཐམས་ཅད་ཀྱི་དབུས་ན་དེའི་ཁ་ཕྱེ་ནས་དེ་ལས་ལྕགས་ཀྱི་ཐོ་བ་གཅིག་བླངས་ཏེ། ཕུད་བུ་དེ་ལ་བསྣུན་པས་བཟའ་བཏུང་སྣ་ཚོགས་དང་། གོས་དང་ནོར་རྫས་སོགས་ཅི་དགོས་ཐམས་ཅད་དེའི་ནང་ནས་ཕྱུངས་པས། ཚོགས་འཁོར་ཆེན་པོའི་སྟོན་མོ་བྱས་པ་དང་། ཡང་བསྣུན་པས་དེའི་ནང་ནས་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་དང་། ཅོད་པན་དོ་ཤལ་ལ་སོགས་པའི་རྒྱན་ཆས་སྣ་ཚོགས་ཕྱུངས་ཏེ། མཁའ་འགྲོ་མ་རྣམས་ཀྱིས་ལུས་བརྒྱན་ཏེ། གླུ་གར་སོགས་རྣམ་པ་དུ་མའི་གླུ་དབྱངས་ཀྱི་ང་རོ་བྱས་པ་དང་། སྣ་ཚོགས་པའི་གར་ཆམ་བྱས་ཏེ་ནམ་མཁའ་ལ་སོང་ངོ་། །སྔར་གྱི་གཤོག་པ་ཅན་གྱི་ཌཱ་ཀི་དེས་ཕད་བུ་དེ་སྔར་གྱི་བྲག་ཕུག་དེར་མི་བཞག་ནས། གླུ་དབྱངས་ཀྱི་སྒྲ་སྒྲོགས་བཞིན་དུ་ (ཤོག་ ༡༣༨) སླར་ནམ་མཁའ་ལ་སོང་ངོ་།།
མི་དེས་དཔའ་བོ་མཁའ་འགྲོ་མང་པོ་ཚོགས་འདུ་བྱས་པའི་སར་ཕྱིན་ཏེ་བལྟས་པས་ཅི་ཡང་མི་འདུག་གོ །དེ་ནས་བྲག་ཕུག་ཏུ་སྦས་པའི་ཕད་བུ་དེ་མཐོང་ནས་ལེན་མི་ནུས་པས། དེར་ཤིང་མང་པོ་སྟ་རེས་བཅད་ནས་ཐག་པས་འདྲེད་འོངས་ཏེ་ཐེམ་སྐས་མཐོ་པོ་ཞིག་བགྱིས་ལ། དེའི་སྟེང་ནས་འཛེགས་ཕྱིན་པས་ཕད་བུ་བླངས་སོ། །ཕད་བུའི་ནང་གི་ཐོ་བ་ཐོགས་ཏེ་ཅི་འདོད་པའི་ཟས་ཤོག་ཅིག་ཟེར་ནས་བསྣུན་པས་ཅི་འདོད་པའི་བཟའ་བཏུང་སྣ་ཚོགས་པ་བྱུང་བ་དེས་ཚིམ་པར་བྱས་ཏེ། ཕད་བུ་ཐོ་བ་ཁྱེར་ཏེ་ཁྱིམ་དུ་འོངས་པ་དང་། ཁོའི་ཆུང་མ་དེས་ངའི་ཁྱོ་ཤི་འདུག་སྙམ་ཡོད་པས། ཁྱེད་གློ་བུར་དུ་བྱུང་བ་མཐོང་སྟེ་སླར་ཆེས་ངུས་པས། ཁྱོ་ན་རེ། ཁྱོད་ངའི་ཕྱིར་དུ་མ་ངུ་ཤིག །ངེད་ཅག་གཉིས་ལ་ཚེ་འདིར་སྲོག་འཚོ་བའི་དངོས་པོ་ངོ་མཚར་བ་ཞིག་ངས་ཁྱེར་བྱུང་ཟེར་ནས་ཆུང་མའི་ལག་ཏུ་ཕད་བུ་སྤྲད་པས། ཕད་བུའི་ཁ་ཕྱེ་ནས་ (ཤོག་ ༡༣༩) བལྟས་པས། དེའི་ནང་ནས་དངོས་པོ་ཅི་འདོད་པ་དེ་སྙེད་བླངས་ཆོག་པ་མཐོང་སྟེ། སྔར་གྱི་རྩྭ་ཤིང་ཚོང་པ་བཞག་ནས་བདེ་སྐྱེད་ཀྱིས་གནས་པར་གྱུར་ཏེ། དེའི་ཚེ་ཡུལ་གྱི་མི་ཐམས་ཅད་ཀྱིས་དོགས་པ་ཟོས་ཏེ་སྨྲས་པ། ཁྱོ་དེ་གློ་བུར་དུ་ཅི་བྱས་པའི་མཐུས་འདི་ལྟར་བྱུང་ཞེས་གླེང་འདུག་པ་ལ། ནུ་བོའི་ཆུང་མ་ན་རེ། ཁྱེད་ཀྱི་གཅེན་དེས་ངེད་ཀྱི་མཛོད་ནས་ནོར་རྫས་སོགས་བརྐུས་པས་ཕྱུག་པོར་གྱུར་པ་གོར་མ་ཆག་གོ་ཟེར་བས། ནུ་བོས་ཆུང་མའི་ཟེར་ལུགས་དེ་བདེན་པར་འདུག་སྙམ་སྟེ། ཕུ་བོ་ཁྱེར་ཤོག་བྱས་ནས་བྱུང་བ་ལ། ཁྱེད་ལ་འདི་འདྲའི་ནོར་རྫས་སུས་བྱིན་གང་ནས་རྙེད་ཅེས་དྲིས་པས། ཁྱོད་ངེད་ཀྱི་ནོར་རྫས་བརྐུས་སོ། །དེ་དག་ང་ལ་བྱིན་ན་རྒྱལ་པོ་ལ་ཞུས་ཡེ། ང་ལ་ལོ་རྒྱུས་བདེན་པར་ཤོད་ཅིག་བྱས་པས། ཕུ་བོ་ན་རེ། བདག་གིས་ཁྱོད་ཀྱི་མིག་ལ་མི་མཐོང་བའི་ཐག་རིང་སར་སོང་ནས་ཤིའོ་སྙམ་སྟེ་བྲག་ཆེན་པོ་དང་ལྡན་པའི་རིའི་རྩར་ཕྱིན་ (ཤོག་ ༡༤༠) པས། ཕད་བུ་དང་ཐོ་བ་གཉིས་རྙེད་ཅེས་པ་སོགས་སྔར་གྱི་བྱེད་ལུགས་ཞིབ་ཏུ་རྒྱས་པར་སྨྲས་པས། ས་དེ་གར་ཡོད་ང་ལ་སྟོན་ཅིག་ཟེར། ས་དེ་བསྟན་པས། ནུ་བོ་དེ་ཡང་དེ་ཕྱོགས་སུ་ཕུ་བོས་བསྟན་པ་བཞིན་དུ་སྟ་རེ་དང་ཐག་པ་ཁྱེར་ཏེ་ནགས་འཐུག་པོ་དེར་སོང་བས། བྲག་ཆེན་པོ་དེའི་དྲུང་ན་ལྷ་སྲིན་སྡེ་བརྒྱད་ཚོགས་ནས་གྲོས་གླེང་བྱས་འདུག་པ་མཐོང་ངོ་།།
ནམ་ཞིག་ན་རང་ལུས་ཡིབ་མི་ནུས་པ་བྱུང་སྟེ་ཕར་འགྲོ་ཚུར་འགྲོའི་ལམ་ན་ལྷ་སྲིན་སྡེ་བརྒྱད་ཀྱིས་ཁོ་བཟུང་སྟེ་ངེད་ཅག་གི་ཕད་བུ་བརྐུས་པའི་མི་འདི་ཡིན་འདུག །གནད་གཅོད་ནན་པོས་གསོད་དགོས་ཞེས་ཁ་འཆམ་པ་ལ། དེ་དག་གི་ནང་ནས་འདྲེ་ཞིག་ན་རེ། འདི་གསད་པས་ཅི་བྱ། ལུས་ལ་མཚན་མ་ངན་པ་ཞིག་འདུག་སྟེ་མའི་རྩར་འགྲོ་མི་ནུས་པ་ཞིག་ཏུ་གྱུར་ནས་བོར་ཟེར་བ་ལྟར་ཐམས་ཅད་གྲོས་འཆམ་སྟེ། དེའི་སྣ་ནས་འཐེན་ཏེ་རྒྱབ་ནས་མདུད་པ་དགུར་བརྒྱབ་ཟེར་ལྷ་སྲིན་སྡེ་བརྒྱད་སྣ་མདུད་བརྒྱད་ (ཤོག་ ༡༤༡) བརྒྱབ་རྐང་པ་གཅིག་པའི་འདྲེ་ཞིག་འདུག་པ་དེས་སྣ་མདུད་གཅིག་བརྒྱབ་པས་མདུད་པ་དགུ་བརྒྱབ་ནས་བཞག་གོ།
དེ་ནས་དེ་དག་མི་སྣང་བར་སོང་བ་དང་། མི་དེས་ནུབ་མོར་སྣ་ས་ལ་འདྲེད་ནས་རང་གི་ཁྱིམ་དུ་བྱུང་བས་ཆུང་མས་སྣ་མཐོང་སྟེ་འཇིགས་སྐྲག་ནས་བྲོས་སོང་བ་ལ། ཁོས་ང་ལས་མ་བྲོས་ཤིག་དང་། སྔར་གྱི་ཁྱོ་ནི་ང་ཡིན་གྱིས། བདག་ལ་ཅུང་ཟད་ངན་པ་འདི་འདྲ་ཞིག་བྱུང་འདུག་པས། ལན་གཅིག་ཙམ་སྲོག་སྐྱོབ་བྱ་ཡི། དེ་རྗེས་ཤི་ན་དགའ་ཟེར་བས། ཆུང་མ་བྱུང་སྟེ་གཞན་ཚོ་དྲེད་ན་ནད་དྲག་པོས་ཐེབས་ཡོད་ཟེར་གྱིན་འདུག་གོ །ནམ་ཞིག་དེའི་ཉེ་བའི་བྲག་ཕུག་གཅིག་ན་བླ་མ་བྱ་བཏང་བ་ཞིག་ཡོད་པ་དེ་གདན་འདྲེན་བྱས་ནས་དབང་རྗེས་གནང་ནོད་དེ་མཆིའོ་ཟེར་ཏེ། བླ་མ་དེ་གདན་དྲངས་པས། ཁོས་སྣ་མ་ཐེག་པར་གསང་མལ་དུ་འདུག་པར། བླ་མས། ཁྱོད་ཅིས་ཉེས་བདག་ལ་སྟོན་ཅིག་གསུངས། ཁྱོད་ལ་བསྟན་པའི་ཐབས་མེད། ཁྱེད་ལས་ཆོས་ཉན་ནས་ཤིའོ་ཟེར་བས། བླ་ (ཤོག་ ༡༤༢) མས་སྐྱོན་མེད་སྟོན་ཅིག་གསུངས། ཁོས་སྣ་བསྟན་པས་བླ་མ་དངངས་སྐྲག་ནས་བྲོས་སོ།།
སླར་ཡང་ཞུ་བ་འབུལ་ཏེ་བླ་མ་ནང་དུ་སྤྱན་དྲངས་ནས་ཡོན་དབུལ་ཏེ་སྔར་གྱི་ལོ་རྒྱུས་ཞིབ་ཏུ་རྒྱས་པར་བཤད་ལ། དེའི་སྣ་མདུད་དཀྲོལ་བའི་ཐབས་ཤིག་བླ་མ་ལ་ནུས་ཟེར་བས། བདག་ལ་ཐབས་མེད་ཆོས་ཀྱི་ནང་དུ་ལྟས་ཡེ་གྲོལ་ཐབས་ཡོད་པའང་སྲིད། གལ་ཏེ་དེའི་ནང་ན་དེ་མེད་ན་ཁྱོད་ད་ལན་ཤི་འདུག་གསུངས། ཁོས་སང་ཉིན་བར་དུ་བཀའ་བཞིན་འཚལ་ལོ་གྲོལ་ཐབས་མཁྱེན་པར་མཛོད་ཟེར། དེ་ནས་བླ་མས་རང་གནས་སུ་སོང་། སང་ཞོགས་ལོག་ནས་གསུང་བ། ཁྱོད་ཀྱི་གཅེན་གྱིས་བརྐུས་པའི་ཕད་བུ་དང་ལྕགས་ཀྱི་ཐོ་བ་གཉིས་ཀྱིས་འདི་མ་དཀྲོལ་ན་གཞན་དཀྲོལ་ཐབས་ཆོས་ཀྱི་ནང་ན་མི་འདུག་ཅེས་བཀའ་གནང་བས། ཆུང་མ་སོང་སྟེ་ཕུ་བོ་ཁྱེར་ཐོག་ཟེར་ནས་བྱུང་བ་དང་། བྱས་ནས་རྙེད་པའི་ཕད་བུ་ཐོ་བ་གཉིས་ཁྱེར་ཤོག་ཟེར། ཕུ་བོ་ན་རེ། དེ་གཉིས་ཁོས་འཕྲོག་འདུག་པས་མི་ (ཤོག་ ༡༤༣) རུང་ཟེར། མི་འཕྲོག་པའི་དམ་བཅའ་བྱས་སོ།།
དེ་ནས་ཕུ་བོས་ཐོ་བ་སྐེ་རགས་ལ་བཏགས་ནས་བྱུང་སྟེ། ནུ་བོ་ལ་ཁྱོད་ལ་ཉེས་པ་ཇི་ལྟར་བྱས་པས། ཁོ་ན་རེ། སྣ་བསྟན་ཏེ་བདག་འདི་འདྲའི་སྡུག་བསྔལ་བྱུང་ལ། ཁྱོད་ལ་ཅི་འདོད་པའི་དངོས་གྲུབ་ཡིད་བཞིན་གྲུབ་པ་བྱུང་བས། ཐོ་བ་འདིས་ངའི་སྣ་ལ་བསྣུན་ཏེ་མདུད་པ་དཀྲོལ་བར་གྱུར་ནས་སྡུག་བསྔལ་ལས་ཐར་བར་བགྱིས་ན། ངའི་ཞིང་དང་མཛོད་ཀྱི་ནོར་རྫས་ཀྱི་ཕྱེད་ལེན་ཞིག་ཟེར། ཕུ་བོས་ཁྱོད་ཀྱི་ཚིག་བདེན་པར་འདུག་ན་མཐེལ་རྩེ་བརྟན་པའི་ཤོག་ཡིག་ལེན་དགོས་ཟེར། དེར་ཤོག་ཡིག་ལ་མདུད་པ་དགུ་ཚང་མ་དཀྲོལ་བར་གྱུར་ན་ཞིང་དང་ནོར་རྫས་ཀྱི་ཕྱེད་ལེན་ཟེར་བའི་ཤོག་ཡིག་དེ། ཕུ་བོས་ལག་ཏུ་བཟུང་འདུག་ནས་ཐོ་བ་འཕྱར་ཏེ་སྣ་བརྒྱད་ཀྱི་མདུད་པ་དཀྲོལ་ཤིག་ཅེས་རེ་རེ་བསྣུན་པས་རེ་རེ་དཀྲོལ་བར་གྱུར་ལ། མདུད་པ་གཅིག་ལུས་རྒྱུ་དེ་སྐབས་ནུ་བོའི་ཆུང་མས་ངེད་ཅག་ཞིང་དང་ནོར་རྫས་མནོག་ཆུང་ངུ་གཞན་ལ་སྟེར་བ་མི་རིགས་མདུད་པ་དཀྲོལ་བ་ཡང་སླའི། (ཤོག་ ༡༤༤) མདུད་པ་གཅིག་ལུས་པ་དེ་མ་དཀྲོལ་ཞིག་ཟེར་ནས། ཕུ་བོས་ཤོག་ཡིག་ཡོད་པ་འདི་གོ་མ་ཆོད་ཟེར་ཏེ་ཐོ་བ་ཁྱེར་ནས་ཕྱིར་བྲོས་པ་དང་། མནའ་མས་མདུད་པ་གཅིག་ལུས་པ་མ་དཀྲོལ་ན་མི་རུང་ཟེར་ནས། ཞང་པོའི་ཕྱི་བཞིན་བསྙེགས་ཏེ་ཞང་པོའི་སྒོ་རྩར་སླེབས་ཙམ་སྐེ་རགས་ལ་བཏགས་པའི་ཐོ་བ་ཕྱུངས་བླངས་ནས་ཚུར་བྲོས་པས། ཕུ་བོས་ཐོ་བ་འཕྲོག་སོང་ཟེར་ཏེ་མནའ་མའི་ཕྱི་བཞིན་བསྙེགས་པས་བཟུང་ལ་ཁད་པ་དང་། ཆུང་མ་ཁྱིམ་ལ་ཞུགས་པ་དང་། སྡེ་བརྒྱད་ཀྱི་མདུད་པ་དཀྲོལ་ཤོག་ཅེས་སྔར་བཞིན་དུ་བསྣུན་པས། མོས་ཚད་མི་ཤེས་པར་ཁྱོའི་དཔྲལ་བར་བརྒྱབ་དྲགས་པས་ཀླད་པ་གས་ཏེ་ཤིའོ། །སྔར་གྱི་ཞིང་དང་ནོར་རྫས་ཆུང་མ་སོགས་ཕུ་བོའི་ལག་ཏུ་ཚུད་དོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་ཕུ་ནུ་གཉིས་ལ་ཆུང་མ་དེས་དཀྲུགས་པས་ཕུང་བ་ལ་ཞེས་སྨྲས། རྒྱལ་པོ་སྐལ་ཆད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ལ་མི་སྡོད་ཟེར་ཏེ་ནམ་མཁའ་ལ་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ (ཤོག་ ༡༤༥) ལས་ཕུ་ནུ་གཉིས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་འཕགས་པའི་ཡུལ་ན་རྒྱལ་པོ་ཞིག་ལ་སྲས་དཔལ་ལྡན་ཞེས་པ་ཞིག་ཡོད། ནམ་ཞིག་རྒྱལ་པོས། རང་གི་སྲས་དང་བློན་པོའི་བུ་གཉིས་ལ་ཁྱེད་གཉིས་རྒྱ་གར་རྡོ་རྗེ་གདན་ལ་ཕྱིན་ནས་ཆོས་སློབ་གཉེར་ཡོན་ཏན་བསླབས་ནས་མཁས་པར་གྱུར་ཡོང་ཞེས་གསེར་དུམ་མཉམ་རེ་སྩལ་ནས་དེ་གཉིས་དེར་སླེབས་ནས། བླ་མ་སོ་སོ་ལ་ཡོན་ཕུལ་ཏེ་ལོ་བཅུ་གཉིས་ཀྱི་ཡུན་དུ་ཆོས་བསླབས་ནས། བློན་པོའི་བུས། རྒྱལ་བུ་ལ་ད་དུང་ངེད་ཅག་གཉིས་རང་ཡུལ་དུ་ལོག་ཟེར་ནས། རང་རང་གི་སློབ་དཔོན་ལ་ཞུས་པས་གནང་བ་ཐོབ་སྟེ། དེ་ནས་བྱུང་ནས་ཡོང་བ་ལས་ནི་ཐག་རིང་ཆུ་དཀོན་པས་ཆུ་བཙལ་བས་མ་རྙེད་པར་ཉམ་ཐག་ནས་ཤི་ལ་ཁད་པས་ཉལ་འདུག་པའི་ཚེ་ན། བྱ་རོག་གིས་ཨངྒ་རྒན་ཞེས་པའི་སྒྲ་བསྒྲགས་པས། དེ་གསན་ཏེ་རྒྱལ་བུས་དེ་ལྟ་ངེད་གཉིས་འགྲོ་དགོས་ཏེ་ཆུ་རྙེད་པར་ (ཤོག་ ༡༤༦) འགྱུར་རོ་ཟེར་བས། བློན་པོའི་བུས་ངེད་ལ་ཆུ་གང་ནས་རྙེད་བྱས་པས། རྒྱལ་བུ་ན་རེ། ད་ཅིའི་བྱ་རོག་གི་སྐད་ལ་བརྟག་ན་འདི་ལྟར་སྨྲས་པ་ཞིག་ཡིན་ངེས་ཏེ། འདི་ནས་ལྷོ་ཕྱོགས་སུ་སོང་ནས་གོམ་པ་ལྔ་བརྒྱ་ཙམ་གྱི་སར་ཕྱིན་ན། དེར་རོ་མངར་བ་དྭངས་ཤིང་བསིལ་བའི་ཆུ་བཟང་པོ་ཞིག་ཡོད། ད་ལྟ་ཁྱེད་ཅག་དེར་སོང་ཞིག་ཅེས་པའི་བརྡ་ཡིན་ཟེར། དེ་ནས་གོམ་པ་ལྔ་བརྒྱ་ཙམ་གྱི་སར་ཕྱིན་པས། ཆུ་མིག་གཅིག་དང་ཕྲད་དེ་གཉིས་ཀས་ཚིམ་པར་འཐུངས་ནས་ཆུ་ཅུང་ཟད་ཅིག་ལོན་ཏེ་སོང་ངོ་།།
དེའི་ཚེ་བློན་པོའི་བུའི་བསམ་པ། རྒྱས་པོས་སློབ་གཉེར་གྱི་རྒྱགས་ཕྱིར་ངེད་གཉིས་ལ་གསེར་མཉམ་པར་བྱིན་པ་ལ། རྒྱལ་བུ་འདི་འདྲའི་མཁས་པར་གྱུར་ཀྱང་། ངས་འདིའི་ཚོད་ཙམ་དུ་མ་བསླབས་པ་རེ་ངོ་ཚ་སྙམ་སྟེ། རྒྱལ་བུ་ལ་འགྲན་པའི་ངན་སེམས་སྐྱེས་ནས་སྨྲས་པ། ངེད་གཉིས་དོ་ནུབ་རི་ཆེན་པོ་ཞིག་ལ་འཛེགས་ནས་ཕུ་འདིར་ཉལ་དགོས། ཐང་ལ་ཉལ་འདུག་ན་རྐུ་འཕྲོག་བྱུང་བའི་དོགས་པ་ཡོད་ཅེས། (ཤོག་ ༡༤༧) ནགས་འཐུག་པོ་ཡོད་པའི་རི་ལ་སོང་ནས་གྲོགས་རྒྱལ་བུ་བསད་པའི་ཚེ་ཁོས་ཨ་བར་སེ་གེ་ཞེས་སྨྲས་ནས་འདས་སོ།།
དེ་ནས་བློན་པོའི་བུས་རང་གི་ཡུལ་དུ་ཉེ་བ་ན། རྒྱལ་བློན་འཁོར་བཅས་ཀྱིས་དེར་བསུ་བ་བྱུང་ནས་རྒྱལ་བུ་མི་འདུག་པས། དེ་དག་གིས་རྒྱལ་བུ་གར་བྱོན་དྲིས་པ་ན་ཚེའི་དུས་བྱས་སོ་ཞེས་སྨྲས་པས། རྒྱལ་པོ་མྱ་ངན་ཆེན་པོས་ནོན་ཏེ་ངའི་བརྒྱ་ཕྲག་དུ་མའི་གྲོང་ཁྱེར་དང་མངའ་ཐང་སྟོབས་འབྱོར་ཐམས་ཅད་ལ་བདག་པོ་མེད་པར་གྱུར་ཟེར་ཏེ། ཐུགས་ཐོན་པ་ལྟ་བུའི་སེམས་ཀྱི་སྡུག་བསྔལ་གྱིས་ཤིན་ཏུ་མནར་ཞིང་ཡིད་ཆད་ཆེན་པོས་ཕོ་བྲང་དུ་ཕྱིན་ནས། རྒྱལ་པོའི་བསམ་པ། ངའི་བུ་ཤི་ཚེ་ཁ་ཆེམས་གཅིག་གསུངས་བྱུང་ལས་ཆེ་སྙམ་སྟེ། བློན་པོའི་བུ་ལ་དྲིས་པས། ཁོས་སྨྲས་པ། གློ་བུར་ནད་དྲག་པོས་ཐེབས་ནས་ཅི་ཡང་མི་སྨྲ། སྲོག་ཆད་པའི་སྒྲ་ཨ་པར་སེ་གེ་ཞེས་བརྗོད་བྱས་པས། རྒྱས་པོས་ཚིག་འདི་ལ་དོན་ཞིག་འདུག་སྙམ་སྟེ། ཡུལ་གྱི་མི་ཆེན་པོ་ (ཤོག་ ༡༤༨) རྣམས་ལ་དྲིལ་བསྒྲགས་ནས་པཎྜི་ཏ་སྔགས་པ་སྒྲ་མཁན་མོ་སྟོན་ལྷ་རྗེ་སྟོན་པ་ཐམས་ཅད་འདུས་པར་བྱས་ནས་ཨ་བར་སེ་གེ་ཞེས་པའི་དོན་ཇི་ལྟར་ཡིན་ཞེས་དྲིས་པས། ཐམས་ཅད་ཀྱིས་མ་ཤེས་སོ། །དེ་ནས་རྒྱལ་པོས། ལར་ནི་ངའི་སྙིང་དང་འདྲ་བའི་བུ་གཅིག་གི་ཚིག་ཞིག་མ་གྲོལ་བ་འདི་ཡ་མ་བརླ། དེས་ན་ད་གཟོད་ཞག་བདུན་དུ་གླེགས་བམ་རྣམས་བཀླགས་པས་ཚིག་འདིའི་དོན་གྲོལ་ནས་ང་ལ་སྨྲོས་ཤིག །གལ་ཏེ་གཅིག་ཀྱང་མ་ཤེས་མ་སྨྲས་ན། ཁྱོད་ཚོ་བྲེ་མོན་ཞིག་ཏུ་བཅུག་ནས་བསད་པར་བྱའོ་ཞེས་བསྒོས་ནས། མཁས་པ་བློ་ལྡན་གྱི་མི་སྟོང་ཕྲག་གཅིག་ཁང་པ་ཆེན་པོ་གཅིག་ཏུ་གཞུག་འདུག་པས། ཞག་དྲུག་གི་རིང་དུ་མ་རྙེད་པའི་སང་ཉིན་ན་ངེས་པར་ཤི་བའི་དུས་ལ་བབ་བོ་ཞེས་པ་ལས་ཉི་ཟླ་ལ་སྐྱབས་འཚོལ། འགའ་ཞིག་གིས་ལྷ་ཁང་ལ། ལ་ལས་ཕ་མ་སོགས་ཀྱི་མིང་ནས་འབོད་པ་སོགས་ངུ་འབོད་སྨྲེ་སྔགས་འདོན་ནས་སེམས་ཁོང་དུ་ཆུད་དོ།།
དེ་དག་གི་ནང་ནས་ (ཤོག་ ༡༤༩) བཙུན་ཆུང་ཞིག་ཁང་སྟེང་ནས་ལྷུང་ཤི་འདོད་ཀྱིས་ཕྱིར་ཐོན་པས་མ་ཤི་བར་གསང་སྟེ་བྲོས་སོང་ནས་ནགས་ཚལ་ཞིག་ཏུ་ཕྱིན་ལ་ཤིང་གཅིག་གི་རྩ་བར་ཡིབ་བསྡད་འདུག་པས། ཤིང་གི་རྩེ་མོར་བུ་མོ་ཆུང་ངུ་ཞིག་ངུ་བས། མས་བུ་མོ་མ་ངུས་ཤིག །སང་རྒྱལ་པོས་མི་སྟོང་པོ་བསད་པའི་ཤ་ཁྲག་ངེད་ཅག་ལས་གཞན་སུས་ཟོ་ཟེར་བས། བུ་མོ་ན་རེ། མི་སྟོང་པོ་དེ་ཅིའི་ཕྱིར་བསད་པ་ཡིན་བྱས་པས། ཕ་ན་རེ། ཨ་བར་སེ་གེ་ཞེས་པའི་ཚིག་གི་དོན་མ་ཤེས་པ་ལ་རྒྱུ་མཚན་གྱིས་བསད་པ་ཡིན་འདུག་གོ་ཟེར། དེའི་དོན་ཇི་ལྟར་ཡིན་བྱས་པས། ཕ་ན་རེ། ཚིག་དེའི་དོན་ནི་བླ་བར་གདའ་ཡེ་ཟེར་ནས། ལར་བདག་གི་སྙིང་དང་འདྲ་བའི་གྲོགས་པོ་དེ་བདག་ནགས་འཐུག་པོ་ཞིག་ཏུ་ཁྲིད་ནས་སླེབས་ (ཤོག་ ༡༥༠) ཙམ་དུ་ངའི་སྐེ་རྐང་པས་མནན་ཏེ་རྣ་བ་བཟུང་ནས་རལ་གྲི་རྣོན་པོས་སྐེ་བཅད་དེ་བསད་དོ་ཞེས་པའི་བརྡ་ཞིག་ཡིན་ཟེར་བ་དེ། ཤིང་གི་རྩ་བར་བསྡད་པའི་བཙུན་ཆུང་གིས་ཐོས་ནས། ཁོས་སླར་རྒྱལ་པོའི་ཕོ་བྲང་བརྒྱུད་ནས་བརྒྱུགས་པས་ནམ་ལངས་པ་ན་སྒོའི་དྲུང་དུ་ཕྱིན་ཏེ་རྔ་ཆེན་བརྡུངས་པས། སྒོ་སྲུང་རྣམས་ཀྱིས་ཁྱོད་ཅི་ཡིན་ཟེར། ང་ནི་བློ་ལྡན་རྣམས་ཀྱི་ཟླ་གྲོགས་ལགས། ང་དེ་དག་གི་སར་ཕྱིན་ཏུ་བཅུག་ཅིག་ཟེར་བས། དེ་དག་གིས་ཁང་པའི་ནང་ལ་ཤིན་ཏུ་འཇིགས་ཤིང་དངངས་པའི་གྲོགས་པོ་རྣམས་ཀྱི་དྲུང་དུ་ཁྲིད་བྱུང་ནས། གྲོགས་པོ་རྣམས་ལ་ཚིག་དེའི་དོན་ངས་བཤད་ནུས་ཀྱིས་ཁྱེད་རྣམས་མ་འཇིགས་ཟེར་བ་དང་། དེ་ནས་རྒྱལ་པོས་ཐམས་ཅད་ཁྱེར་ནས་དྲིས་པས། བཙུན་ཆུང་དེས་སྔར་གྱི་ཇི་ལྟ་བ་བཞིན་དུ་བཤད་པས། བློན་པོའི་བུ་དེས་ཅང་མི་སྨྲ་བར་འདུག་གོ།
དེའི་ཚེ་རྒྱལ་པོས་བློན་པོའི་བུ་ལ། ངའི་བུའི་རུས་པ་སྟོན་ཅིག་གསུངས་ནས་རུས་པ་ཁྱེར་འོངས་ཏེ་མཆོད་རྟེན་བཞེངས་ (ཤོག་ ༡༥༡) པ་དང་། བློན་པོའི་བུ་བསད་ནས། དེའི་ཕ་བློན་པོ་ལས་དམའ་ཕབ་བོ། །མཁས་པ་བློ་ལྡན་གྱི་མི་སྟོང་པོ་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་རིག་པའི་གནས་ལ་མཁས་པར་གྱུར་པའི་རྒྱལ་པོའི་སྲས་དེ་བསད་པ་རེས་ཕངས་ཞེས་སྨྲས། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ལ་མི་སྡོད་ཟེར་ཏེ་ཤོར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རྒྱལ་བློན་གྱི་བུ་གཉིས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་དུ་རྒྱལ་པོ་ཆེན་པོ་ཟླ་བ་གྲགས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ཡང་སྟོབས་དང་ལྡན་པ་མངའ་ཐང་ཆེ་བ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ། གྲོང་ཁྱེར་སུམ་སྟོང་ལྔ་བརྒྱའི་མངའ་བདག་ཏུ་གྱུར་པ་ཞིག་གོ །དེ་ལ་བདེ་ལྡན་མ་ལ་སོགས་པའི་བཙུན་མོ་བརྒྱ་དང་རྩ་བརྒྱད་ཡོད་པ་ལས། བཙུན་མོ་བདེ་ལྡན་མ་ལས་སྲས་ཉི་ཟླ་ (ཤོག་ ༡༥༢) ཞེས་བྱ་བ་འཁྲུངས་ནས། རིང་པོར་མ་ལོན་པར་བཙུན་མོ་དེ་འདས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོས་དཔུང་ཚོགས་ཡན་ལག་གཞི་ལྡན་ལ་སོགས་པའི་འཁོར་མང་པོ་བཅས་སྐྱེད་མོས་ཚལ་དུ་སྐྱོ་སངས་ལ་བྱོན་པའི་སྲང་བར་གྱི་གྲོང་ཁྱེར་མངའ་འབངས་རྣམས་ཀྱིས་བསང་བརྔན་ཐེབས་ཏེ་རྒྱལ་པོ་འཁོར་བཅས་གདན་འདྲེན་པས་བྱོན་པ་ལ་གྲོང་ཁྱེར་དེའི་སྟེང་ན་བུ་མོ་ཟོ་མདོག་ལེགས་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་ཞིག་ཡོད་པ་མཐོང་ནས། རྒྱལ་པོས་དེ་ཚུར་ཁྱེར་ཤོག་ཅེས་བསྒོས་ནས་ཁྱེར་བྱུང་བས་དེ་དགའ་སྟོན་གྱི་ཚལ་དུ་ཁྲིད་སོང་སྟེ། སླར་ཡང་ཕོ་བྲང་དུ་བཀུག་འོངས་པས། དེ་ལ་བཙུན་མ་ཐམས་ཅད་ཀྱི་མཆོག་ཏུ་བྱེད་ཅིང་མཉེས་གཤིན་བྱམས་པར་གནས་སོ།།
དེ་ལ་མང་འབངས་ཐམས་ཅད་ཀྱིས་བཙུན་མོ་དེ་ལུས་མདོག་སོགས་བཟང་ཡང་རིགས་ངན་གྱི་བུ་མོ་ཡིན་པས་རྒྱལ་པོ་ལ་མི་འོས་ཞེས་འུར་གྱིས་གླེང་བཞིན་པའི་སྐབས་ཤིག་ན། རྒྱལ་པོ་དེའི་ (ཤོག་ ༡༥༣) མེ་ཏོག་གི་ཀུན་དགའ་ར་བ་ཞིག་བསྲུང་བའི་མི་ཞིག་གིས། ར་བ་དེའི་ཚལ་ཇི་ལྟར་གྱུར་པ་ལྟ་སྐོར་ལ་ཕྱིན་པས། ར་བའི་ནང་དུ་ཕག་རྒོད་གཅིག་འོངས་ལ་མེ་ཏོག་ཚལ་གྱི་རྩ་བ་བྲུས་འདུག་པ་མཐོང་སྟེ། མི་དེས་རྒྱལ་པོའི་ཁྲིམས་ལས་འཇིགས་ཏེ་མདའ་གཞུ་ཐོགས་ནས་ཕོག་རྒོད་དེ་དེད་དེད་དུ་སོང་བས་ཕག་རྒོད་ཐང་ཆད་ནས་ཟིན་ལ་ཁད་ཙ་ན། དེར་གླ་བ་ཞིག་རྒྱང་ཐོན་པས། ཕག་རྒོད་རྙེད་བླའི་གླ་བ་བསད་ནས་པགས་པ་དང་རྩི་མ་གྷི་གཉིས་ཀྱང་བླངས་ན་དགའ་སྙམ་སྟེ། དེ་དེད་དེད་དུ་སོང་བས་ཟིན་ཁད་ཙ་ན། དེར་ཤ་བ་གཅིག་ཀྱང་ཐོན་པས། དེ་མཐོང་ནས་འདིའི་ཤ་ཆེ་འདུག་སྙམ་སྟེ་དེའི་ཕྱི་བཞིན་བསྙེགས་ཏེ་དེད་པས་ནགས་འཐུག་པོ་ཞིག་ཏུ་ཤོར་རོ། །རང་གིས་ཀྱང་དེར་འཐོམས་འཁྱམས་སོང་བའི་ཡ་གིར་རྩ་ཤིང་ལོ་ཐོག་ཕུན་སུམ་ཚོགས་པ་ཡིད་དུ་འོང་བ་ཞིག་འདུག་པ་དེ་ན་ཆུ་མིག་དང་དེའི་ཉེ་འཁོར་ན་ཨ་མྲ་ལ་སོགས་པའི་བཅའ་བ་བཟང་པོ་ཡོད་པའི་ཤིང་སྣ་ (ཤོག་ ༡༥༤) ཚོགས་པ་ཡང་མཐོང་། ཆུ་མིག་དེའི་འགྲམ་ན་ཆུ་ལེན་བུམ་པའི་རྗེས་དང་། བྱིས་པ་གཅིག་གི་རྐང་རྗེས་ཀྱང་འདུག་པ་མཐོང་ནས། ཉེ་འཁོར་ཞིག་ན་འདུག་པའི་མི་ཞིག་ངེས་པར་ཡོད་དགོས་སྙམ་སྟེ། རྩྭའི་ནང་དུ་ཡིབ་བསྡད་པས། སང་ནངས་པར་ལག་ན་ཆུ་ལེན་བུམ་པ་ཐོགས་པའི་བུ་མོ་ཡིད་དུ་འོང་བ་ལྟ་བས་མི་ངོམས་པ་ཞིག་བྱུང་ནས། ཆུ་མིག་ལ་ལུས་ཁྲུས་བྱས་ལ་ཆུ་ལེན་ཏེ་སོང་བར། མི་དེས་བུ་མོ་ལ་སྨྲས་པ། ང་ནི་འཐོམས་པའི་མི་ཞིག་འདུག་པས་བདག་ལ་ལམ་སྟོན་ཅིག་ཟེར། བུ་མོ་དེས་འདིར་ལམ་མི་འདུག །ཅེས་བྲོས་སོང་བའི་ཕྱི་བཞིན་ཕྱིན་པས། ཤིང་མཐོན་པོ་ཞིག་གི་རྩར་མེ་ཏོག་རྩི་ཤིང་གང་གི་སྤྱིལ་པོ་ཞིག་ན་དྲང་སྲོང་ཆེན་པོ་བགྲེས་པོ་ཞིག་བསྡད་འདུག་པ་དེ་ལ། བུ་མོ་དེ་སྡེར་མ་གང་བའི་ཆུ་ཕུལ་བས་ཁྲུས་བྱས་ལ། དེ་ནས་བུ་མོ་དེས་ཤིང་རྩེར་སོང་སྟེ་སྡེ་མ་ཤིང་ཐོག་གིས་གང་བ་ཕུལ་བས། དྲང་སྲོང་བགྲེས་པོ་ལ་ཕུལ་ནས་རང་གིས་གསོལ་ཏེ་ལྷག་མ་བུ་མོ་དང་མི་དེ་ (ཤོག་ ༡༥༥) གཉིས་ལ་སྩལ། བུ་མོ་དེ་ཡང་རང་གི་རྩྭའི་སྤྱིལ་པོར་གཞུག་ནས་བསམ་གཏན་སྒོམ་འདུག་གོ།
དེ་ནས་དྲང་སྲོང་ལ་ཞུ་བ། ང་ནི་རང་གི་ཡུལ་ནས་རི་དྭགས་བསྙེགས་སུ་དེད་ནས་ནགས་ཁྲོད་འདིར་ཕྱིར་སླེབས་པས། མགོ་བོ་འཁོར་བས་འཐོམས་ནས་ལམ་མ་རྙེད་དོ། །དྲང་སྲོང་ཆེན་པོ་བདག་ལ་ལམ་སྟོན་དུ་གསོལ་ཞེས་ཞུས་པས། དྲང་སྲོང་གིས་ཅུང་ཟད་ཅིག་བརྡ་བྱས་ནས་ཅང་མི་སྨྲ་བའི་རྗེས་སུ། མོ་ཁྱེད་སྡིག་པ་ཆེ་བ་ཞིག་འདུག་པས་ངའི་དྲུང་དུ་འོང་མི་རུང་སྟེ། ངའི་ཆོས་ལ་བར་ཆད་འོང་འདུག་གོ །ང་འདིར་བསྡད་པ་མི་སུ་ལའང་མ་སྨྲོས་ཤིག་གསུངས། རྩྭ་ཀུ་ཤ་གཅིག་བྱིན་ཏེ། འདི་ཐོགས་ནས་སོང་ན་འགྲོ་ལམ་མ་ནོར་བ་དང་གཅན་གཟན་གྱི་གནོད་པ་མི་འབྱུང་གསུང་ངོ་།།
མི་དེས་ལམ་ལ་གཞུག་ཡོང་བས་ཡང་བས་པ་བུ་མོ་འདི་ངེད་ཅག་གི་རྒྱལ་པོའི་བཙུན་མོར་བཀུག་ན་འཐད་དོ་སྙམ་སྟེ། སླར་ལོག་ནས་དྲང་སྲོང་ལ་སྨྲས་པ། རྩྭ་ཀུ་ཤ་གཅིག་པུས་འདི་དོར་ན་ངས་ (ཤོག་ ༡༥༦) ཡུལ་དུ་སླེབས་མི་ནུས་པས། ད་དུང་ཡང་རྩྭ་ཀུ་ཤ་གཅིག་གནང་བར་གསོལ་ཞུས་པས། དྲང་སོང་གིས་སླར་ཡང་རྩྭ་ཀུ་ཤ་གཅིག་གནང་ངོ་། །དེ་ནས་མི་དེས་རང་གི་ཁྱིམ་དུ་བྱུང་། མདའ་གཞུ་བཞག་ནས། རྒྱལ་པོའི་དྲུང་དུ་ཕྱིན་པས། སྒོ་པས་སྒོ་མ་ཕྱེ་བས། དེར་མི་དེས་སྒྲ་ཆེན་པོས་འོ་འདོད་འབོད་པ་ལ། རྒྱལ་པོས་འདི་ཅི་ཡིན་དྲིས་པས། མི་ཞིག་རི་དྭགས་བསྙེགས་སུ་སོང་ནས་ལོང་བ་རྒྱལ་པོ་ལ་གཏམ་གསོལ་དུ་བྱུང་འདུག་ཞུས་པས། རྒྱལ་པོས་མི་དེ་མ་བཀག་པར་ཚུར་བཏང་། ངེད་ཅག་ཁྱིམ་ན་འདུག་པས་ཅི་ཤེས། ཁོས་ཡུལ་ཐག་རིང་ན་སོང་བས་ངོ་མཚར་བའི་གཏམ་ཞིག་ཡོད་འདུག་གསུངས་ནས། སྐུ་དྲུང་ན་ཕྱིན་པས། རྒྱལ་པོ་གཙོ་བྱས་ནས་བཙུན་མོ་ཐམས་ཅད་ལྷན་ཅིག་ཏུ་བཞུགས་པ་ལ། མི་ཁྱོད་སྨྲ་དགེས་པའི་གཏམ་དེ་ཡང་སྨྲོས་ཤིག་གསུངས། མི་དེ་ན་རེ། སྒོ་བརྒྱ་བཀག་ན་སྒོ་གཅིག་ཕྱེ། བུག་བརྒྱ་བཀག་ན་བུག་གཅིག་ཕྱེ། ཆུ་མིག་བརྒྱའི་ཆུ་ཕལ་པའི་ཁྲུས་བྱེད་ (ཤོག་ ༡༥༧) སྤངས་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་གཅིག་གི་ཁྲུས་གྱིས་ཤིག་ཅེས་བརྡའི་ཚིག་གིས་སྨྲས་པས། རྒྱལ་པོས་དེ་གོ་ནས་བཙུན་མོ་བརྒྱ་རྩ་བརྒྱད་ཕྱིར་ཐོན་པ་དང་། གསང་ནས་དྲིས་པས། ནགས་འཐུག་པོ་ཞིག་ན་དཀའ་ཐུབ་མཛད་པའི་དྲང་སྲོང་བགྲེས་པོ་གཅིག་བཞུགས་པ་དེ་ལ་ན་ཆུང་གཞོན་ནུ་མ་ཤིན་ཏུ་སྡུག་པ་ཡིད་དུ་འོང་བ་ཞིག་འདུག་ཅེས་སྔར་གྱི་ལོ་རྒྱུས་རྒྱས་པར་ཞིབ་ཏུ་སྨྲས་པས། རྒྱལ་པོས་དགའ་ནས་དེ་བཀུག་པའི་ཐབས་ཅི་ཡོད་བཀའ་སྩལ་པས། མི་དེ་ན་རེ། ཡུལ་ཐག་རིང་གཅན་གཟན་སོགས་ཀྱི་འཇིགས་པ་ཆེ་བས་བྱོན་པར་དཀའ་མོད། འོན་ཀྱང་རྒྱལ་པོས་གླང་པོ་ཆེ་གཅིག་ཆིབས་ལ་བྱོན་ཅིག །ངེད་ཅག་གཉིས་ཙམ་ཕྱིན་ན་ལེན་བཏུབ་འདུག་གོ་ཞེས་བསྙད་ནས། རྒྱལ་པོས་གླང་ཆེན་ཞོན་ལ་མི་དེས་རྒྱལ་པོའི་སྐུ་ནས་བཟུང་སྟེ་རྩྭ་ཀུ་ཤ་ཞིག་ལག་ན་ཐོགས་ཏེ་ཕྱིན་པས། སྔར་གྱི་ཆུ་མིག་རྩར་སླེབས་པ་དང་། མི་དེས་གླང་པོ་ཁྲིད་ནས་སྦེད་སར་འགྲོ། (ཤོག་ ༡༥༨) རྒྱལ་པོས་ཆུ་མིག་གི་རྩར་རྩྭ་ཤིང་གིས་བཀབ་ནས་ཉལ་འདུག་པ་ལ། ན་ཆུང་གཞོན་ནུ་མ་དེས་སྔར་བཞིན་ཆུ་ལེན་སོང་བར། རྒྱལ་པོས་གཞོན་ནུ་མ་གང་ནས་འོང་ང་ལ་བརྗོད་ཅིག་བྱས་པས། བུ་མོས་ཅུང་མི་སྨྲ་བར་བྲོས་སོང་ངོ་། །རྒྱལ་པོས་དེའི་རྐང་རྗེས་བསྙེགས་ཏེ། དྲང་སྲོང་ལ་ཁྲུས་ཆས་དང་ཤིང་ཐོག་ཕུལ་བ་སོགས་བྱས་པས་ཕ་ཁབ་རྒྱལ་པོ་དང་བུ་མོ་གཉིས་ལ་གནང་།
དེ་ནས་རྒྱལ་པོ་ན་རེ། ང་ནི་གྲོང་ཁྱེར་སུམ་སྟོང་ལྔ་བརྒྱའི་བདག་པོ་ཞིག་བྱེད་ཀྱང་བཙུན་མོ་འདས་པས་དྲང་སྲོང་ཆེན་པོ་བྱེད་ཀྱི་བུ་མོ་གཟུགས་མཛེས་པ་ལྟ་ན་སྡུག་པ་འདི་ངའི་གྲོགས་ལ་དགྱེས་བཞིན་དུ་གནང་བར་མཛོད་ཅིག་བྱས་པས། དྲང་སྲོང་ན་རེ། རྒྱལ་པོ་ཆེན་པོ། འདི་ནི་མིའི་བུ་མོ་མ་ཡིན་གྱིས། རི་དྭགས་ཤ་མོ་ཞིག་ལས་བྱུང་བ་ཡིན། ང་ལན་ངས་ནི་དགེ་བསྙེན་གྱི་ཁྲིམས་བསྐུར་བ་ཡིན། འདི་ཁྱོད་ཀྱི་མ་ལོན་ཞིག །གལ་ཏེ་བླངས་ན་མིའི་དྲི་མ་མནམས་ན་སྙིང་སྐྲག་སྟེ་འཆི་བར་འགྱུར་བས། ཁྱོད་ལ་ཕན་མི་ (ཤོག་ ༡༥༩) འདོགས། འདིའི་སྡོམ་པ་མ་ཤིག་ཅེས་བཀའ་སྩལ་པས། རྒྱལ་པོ་ན་རེ། འདི་ང་ལ་གནང་དགོས་ཏེ། གལ་སྲིད་མ་བྱིན་ན་ངས་རང་ཁྱིམ་དུ་མི་འགྲོ་བར་འདི་ཁོ་ནར་འདུག །དེའི་ཚེ་བདག་ཚོལ་བའི་མི་མང་པོ་འདིར་འོངས་ནས་དྲང་སྲོང་ཆེན་པོའི་ཐུགས་དམ་གྱི་ཉམས་མྱོང་ལ་བར་ཆད་ཆེན་པོ་མང་དུ་འབྱུང་བར་འགྱུར་རོ་བྱས་པས། དེ་ནས་དྲང་སྲོང་གིས་བུ་མོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་རྒྱལ་པོ་འདིའི་གྲོགས་ལ་འཇིག་རྟེན་གྱིས་ཤིག །གལ་ཏེ་མ་འགྲོ་ན་ངའི་བསམ་གཏན་ལ་ཉེས་པ་བྱུང་གསུངས་པས། བུ་མོས་མཉན་ཏེ། ང་ནི་རི་དྭགས་ལས་སྐྱེས་པས་འཇིག་རྟེན་པའི་མིའི་བྱ་བ་བྱེད་མི་ནུས་བྱས་པས། རྒྱལ་པོ་ན་རེ། དེ་ལྟ་ན་མཁར་ཆེན་པོ་ལེགས་པ་ཞིག་གསར་དུ་བྱས་ལ། དེའི་ནང་དུ་མཁར་སྤེ་ཆུང་བ་ཞིག་བརྩིགས་ནས་དེའི་ནང་བཞུགས་ན་འཇིག་རྟེན་པ་དང་གང་ནས་འདྲེས་བྱས་པས། དྲང་སྲོང་འདི་སྐད་ཅེས་བཀའ་སྩལ་པ། རྒྱལ་པོ་ཁྱེད་ཀྱིས་བུ་མོ་འདིའི་ཉམས་མྱོང་མི་ (ཤོག་ ༡༦༠) ཆད་པར་བྱོས་ཤིག་ཅེས་གསུངས། རྒྱལ་པོས་བཀའ་བཞིན་འཚལ་ལོ་ཟེར་ནས་བུ་མོ་བཀུག་པར་ཐག་ཆོད་པའི་རྗེས་སུ། དྲང་སྲོང་གིས་བུ་མོ་ལ་ཁ་ཏ་རྣམ་པ་མང་པོས་བསླབས་ནས། ཤེལ་ཕྲེང་བརྒྱ་རྩ་བརྒྱད་རྒྱལ་པོས་མ་མཐོང་བར་བྱིན་ཏེ། ཕྲེང་བ་འདི་ཁྱོད་རང་མ་གཏོགས་སུ་ལ་ཡང་མི་མཐོང་བར་འཆང་ལ་ལུས་ཀྱི་སྲུང་མ་ཡིན་གྱིས་ཞེས་བསྒོས། བཞད་གད་རྩེད་མོ་སོགས་ལ་མ་ཡེངས་པར་དགེ་བའི་བྱ་བ་ལ་འབད་པར་བྱོས་ཤིག་གསུངས་ནས་རྒྱལ་པོ་ལ་བྱིན་ནོ། །དེ་ནས་འགྲོ་བའི་ཚེ་དྲང་སྲོང་གིས་ཕྱི་ནས་བལྟས་པ་ན་བུ་མོ་ཕྱི་མིག་མ་བལྟ་བར་སོང་བས། སྲིད་པའི་ལུས་མཐོང་ཆེར་བྱས་ཏེ་ཕྱིར་ང་ལ་མི་བལྟ་བར་སོང་ངོ་ཞེས་མི་དགའ་བ་ཆེན་པོས་ཡིད་ཆད་ནས་ཐུགས་ཁྲོས་ཏེ་ཕྱིར་ལོག་ནས་རང་གི་སྤྱིལ་པོར་བཞུགས་འདུག་གོ།
དེ་ནས་རྒྱལ་པོས་འབྲོག་དགོན་པར་སྤེ་མཁར་ཆེན་པོ་གསར་དུ་བརྩིགས་པའི་ནང་དུ་བཙུན་མོ་བཞུགས་ནས་དྲང་སྲོང་གི་ཉི་མའི་མདོག་ཅེས་མིང་གྲགས་སོ། །(ཤོག་ ༡༦༡) དེ་ནས་རིགས་ངན་གྱི་བཙུན་མོས་རྒྱལ་པོའི་བཙུན་མོ་བཟང་བར་ཐག་ཆོད་པ་སྔ་བས་ངན་སེམས་སྐྱེས་ཏེ། བཙུན་མོ་ཉི་མའི་མདོག་ལ་ངས་ཅི་ནས་ཀྱང་སྨ་ཕབ་པར་བྱའོ་སྙམ་ནས། རོལ་མོ་མཁན་རྣམས་བོས་ཏེ། ཛམ་ག་ཏེ་ཞེས་བྱ་བའི་བུད་མེད་གཅིག་ཡོད་པ་དེ་ལ་འདི་ལྟར་བསྒོས་ཏེ། ཁྱེད་ཀྱིས་རྒྱལ་པོའི་དྲུང་ན་ཉིན་ཐག་ཐོག་ཏུ་གླུ་གར་རོལ་མོའི་རྩེད་མོ་བཟང་པོ་གྱིས་ཤིག་དང་། དེ་ནས་རྒྱལ་པོ་ལ་བཙུན་མོ་ཉི་མའི་མདོག་མཐོང་བར་སྨོན་པས་བདག་ལ་མཐོང་བའི་སྐལ་བ་གནང་བར་ཞུ་ཞེས་གསོལ་ཅིག །དེའི་ཚེ་རྒྱལ་པོས་ཇི་སྐད་གསུངས་པ་ཁྱེད་ཀྱིས་ང་ལ་ཇི་བཞིན་བརྗོད་ཅིག་ཅེས་སྨྲས་སོ།།
དེ་ནས་ཛམ་ག་ཏེ་རྒྱལ་པོའི་དྲུང་དུ་ཕྱིན་ཏེ། རོལ་མོ་རྣམ་པ་དང་པོའི་རྩེད་མོ་བརྩེས་པ་རྒྱས་པར་ཕུལ་ནས། རྒྱལ་པོ་ལ་ཞུ་བ། ཀྱེ་མ་རྒྱལ་པོ་ཆེན་པོ་ཁྱེད་ཀྱི་བཙུན་མོ་དམ་པ་ལ་ངས་མཇལ་བའི་སྐལ་བ་ཞུ་ཞེས་གསོལ་བས། ཁྱོད་མཇལ་བར་མི་རུང་གསུངས། སླར་ནན་ཏན་ཆེན་པོས་ནུས་པས། འོ་ན་མི་གཞན་མི་ (ཤོག་ ༡༦༢) འགྲོ་བར་ཁྱོད་གཅིག་པུས་མཇལ་གསུངས། ཛམ་ག་ཏེ་ཕྱིན་ཏེ་བཙུན་མོ་ལ་མཇལ་ནས་གླུ་དང་རོལ་མོ་ལ་སོགས་པའི་རྩེད་མོ་སྣ་ཚོགས་གཟིགས་སུ་བཅུག་སྟེ། ཇི་ལྟར་སྨྲས་པ་ཤེས་པའི་ཕྱིར་དུ་བློ་བ་ཉེ་བའི་རྣམ་པས་བསླུ་འབྲིད་མང་པོ་བྱས་ཏེ། ཕན་ཚུན་གཏམ་བཟང་པོ་མང་དུ་སྨྲས་ཏེ། ཕྱིར་ལོག་ནས་རིགས་ངན་བཙུན་མོ་ལ་རྒྱས་པར་བརྗོད་པས། རིགས་ངན་བཙུན་མོས་འཇིག་རྟེན་ན་ཅི་སྙེད་པའི་རྫས་ངན་པ་མནོལ་གྲིབ་སོགས་རོ་བརྒྱའི་དྲི་ངན་མང་པོ་སྦྱར་ཏེ། དེ་རྣམས་ཛམ་ག་ཏེ་ལ་བྱིན་ཏེ་བཏང་ནས་འདི་བཙུན་མོ་དེའི་རྩར་སྲེགས་ལ་དུ་བས་བདུགས་ཤིག་ཟེར། དེས་དེར་བསྲེགས་པས་མཆེད་པའི་ཉེས་པ་མ་བྱུང་བ་ལ། རིགས་ངན་བཙུན་མོ་ལ་དེ་དེས་མནོལ་བར་མི་འགྱུར་བས་ཉེས་པ་མ་བྱུང་བྱས་པས། རིགས་ངན་བཙུན་མོ་དེ་དེས་མི་གྲིབ་ན་དེའི་ལུས་ལ་སྲུང་བ་ཞིག་ངེས་པར་ཡོད་དགོས། དེ་ཁྱོད་ཀྱིས་ཐབས་བཟང་པོས་མཐོང་ནས་ང་ལ་སྨྲོས་ཤིག་ཟེར། ཛམ་ག་ཏེ་ (ཤོག་ ༡༦༣) སླར་བཙུན་མོའི་དྲུང་དུ་ཕྱིན་ཏེ། ཀྱེ་མ་རིགས་བཟང་པོའི་བུ་མོ་ཁྱེད་ལ་སྲུང་བ་བཟང་བ་ཞིག་ཡོད་དགོས། དེ་བདག་ལ་མཐོང་བའི་སྐལ་བ་གནང་བར་ཞུ་བྱས་པས། བཙུན་མོས་ང་ལ་དེ་འདྲ་བ་མི་འདུག་ཟེར། སླར་ཡང་ནན་ཏན་ཆེན་པོས་ཆེས་ཆེར་བསྙད་པས། གསང་ཐབས་མེད་པར་སོང་ནས་ཡབ་དྲང་སྲོང་གི་བསླབ་བྱ་ལས་འདས་ཏེ་ཤེལ་ཕྲེང་བརྒྱད་རྩ་བརྒྱད་ཛམ་ག་ཏེ་ལ་མཐོང་དུ་བཅུག་གོ །ཛམ་ག་ཏེ་དེ་མཐོང་ནས་དོ་གལ་ཆེན་པོར་བྱས་ཏེ་མགོ་བོ་ལ་བཞག་སྐེ་ལ་བཏགས་ཨམ་ཕྲག་ཏུ་བཅུག་སྟེ་སྙིང་ལ་བྱིན་རླབས་བྱས་ཏེ། ཕྲེང་བ་དེ་ནི་ཆེ་ཆུང་དང་གྲངས་ཇི་སྙེད་དང་བརྒྱུས་ཐག་གི་ཕྲ་སྦོམ་སོགས་བློ་ལ་ངེས་པོ་ཞིག་བྱས་ཏེ། སླར་བཙུན་མོ་ལ་དྲངས་སོ།།
ཛམ་ག་ཏེ་ཕྱིར་ལོག་སྟེ་རིགས་ངན་གྱི་བཙུན་མོ་ལ་དེ་ལྟ་བུའི་སྲུང་བ་ཞིག་འདུག་བྱས་པས། དེ་བྲལ་བའི་ཐབས་ཅི་ཡོད་ཟེར་བས། ཛམ་ག་ཏེ་ངས་བྱ་ཟེར་ནས། ཚོང་བཀྲ་བ་ཆེན་པོའི་ (ཤོག་ ༡༦༤) ཚོགས་ལ་ཕྱིན་ཏེ། བཙུན་མོའི་ཤེལ་ཕྲེང་གི་ཆེ་ཆུང་མང་ཉུང་གི་གྲངས་བརྒྱུས་ཐག་སྦོམ་ཕྲ་སོགས་ཇི་ལྟར་ཡིན་པ་ཇི་བཞིན་གྱི་ཤེལ་ཕྲེང་བླངས་ནས་ཨམ་ཕྲག་ཏུ་བཅུག་ལ་བཙུན་མོ་ཉི་མའི་མདོག་གི་རྩར་ཕྱིན་ཏེ། རོལ་མོ་སོགས་རྩེད་མོ་མང་པོ་བརྩེས་པ་ཕུལ་བའི་བར་སྐབས་ཤིག་ཏུ་མདང་ང་ལ་རྨི་ལམ་བཟང་པོ་ཞིག་རྨིས་ཏེ། དེ་ནི་ཁ་སང་ཁྱེད་ཀྱི་རྟེན་བཟང་པོ་ལ་བྱིན་རླབས་ཞུས་པའི་མཐུ་རེད། ད་དུང་ཡང་རྟེན་དེ་མི་ལ་མི་མཐོང་བར་ང་ལ་གནང་བར་ཞུ་ཞེས་སྨྲས་པས། བཙུན་མོ་ཉི་མའི་མདོག་གིས་རྟེན་གྱི་ནང་ནས་ཤེལ་ཕྲེང་བླངས་ཏེ། ཛམ་ག་ཏེ་ལ་བྱིན་པས། དེ་བླངས་ལ་མགོ་བོར་བཞག །བྱད་བཞིན་གྱི་འགྲམ་གཉིས་ལ་རེག །མགྲིན་པ་ལ་བཏུག །ཨམ་ཕྲག་ཏུ་བཅུག་ནས་སྙིང་ལ་རེག་སྐབས་ནས་ཤེལ་ཕྲེང་མོས་བརྗེས་ཏེ། གྲངས་འདྲེན་ནས་ཚང་མར་ཡོད་ཟེར་ནས་བཙུན་མོ་ལ་དྲངས་སོ། །བཙུན་མོས་དེ་རུ་ཤེས་པར་བླངས་ནས་རྟེན་གྱི་ནང་དུ་གཞག་གོ །དེའི་ནངས་པར་ཡང་སྟོང་སྟེ་རྫས་ངན་པ་བསྲེགས་པས་ (ཤོག་ ༡༦༥) བཙུན་མོ་ལ་གྲིབ་ཕོག་སྟེ་བརྒྱལ་ནས་ཉི་མ་ཤར་བའི་བར་དྲན་པ་མེད་པར་ཉལ་འདུག་པ་ལ། དེ་རྗེས་དབང་པོ་ལ་གྲིབ་ཕོག་པས་མིག་གིས་མཐོང་སྣང་ངན་པ་དང་། རྣ་བ་འོན་པར་སོང་ངོ་། །རྒྱལ་པོ་ལའང་གྲིབ་ཕོག་གོ།
དེ་ནས་ནམ་ཞིག་ན་རྒྱལ་པོ་དེའི་གླང་པོ་ཆེ་སྟོབས་དང་ལྡན་པ་དེ་ཛམ་ག་ཏེས་རལ་གྲིས་སྐེ་བཅད་ནས་གླང་པོ་ཆེའི་མགོ་བོ་དེ་མཁར་སྤེ་གསར་པའི་སྒོ་དྲུང་དུ་བཞག །བཙུན་མོ་ཉི་མའི་མདོག་གི་ཁ་ལ་གླང་པོ་ཆེའི་ཁྲག་བྱུགས་པས། དེའི་ནངས་པར་ཉི་མ་ཤར་བ་དང་རྒྱལ་པོ་མནལ་སད་ནས་བཞེངས་ཏེ་གླང་པོ་ཆེ་ཤི་བ་གཟིགས་ཏེ་བཙུན་མོ་ཉི་མའི་མདོག་དྲུང་དུ་བྱོན་པས་བཙུན་མོའི་ཁ་ལ་ཁྲག་འདུག་པ་ང་རྩར་རལ་གྲི་འདུག་པ་གཟིགས་ནས་དེའི་སྙམ་དུ་བསམ་པ། ངས་འདི་རི་ཆེན་པོ་ཞིག་ནས་རྙེད་པ་ཡིན་འདུག །འདི་ནི་བདུད་ཀྱི་རིགས་ཀྱི་བུད་མེད་ཅིག་ཡིན་པ་རེད་དེ། ངའི་སྙིང་དང་འདྲ་བའི་གླང་པོ་ཆེ་འདིས་བསད་འདུག་པས། ད་དུང་ངས་འདི་བསད་པ་ལས་འོས་མེད་སྙམ་སྟེ། རལ་ (ཤོག་ ༡༦༦) གྲི་འཕྱར་བས། རྒྱལ་པོ་དེའི་དྲུང་ན་མིའི་ངག་སྨྲས་པའི་ནེ་ཙོ་ཞིག་ཡོད་པ་དེ། རྒྱལ་པོའི་རྩར་འཕུར་སླེབས་ནས་སྨྲས་པ།
རྒྱལ་པོ་རྒྱལ་པོ་ཁྱོད་ཉིད་ནི། །བྱ་བ་ཐམས་ཅད་བརྟག་སྟེ་བྱས། །
མ་བརྟག་བྱ་བ་བྱེད་གྱུར་ན། །རྫི་དང་བྱ་རོག་གཏམ་རྒྱུད་སོམས། །
བྱས་པས། འཕྱར་བའི་རལ་གྲི་བཏང་ནས་དེ་འདྲ་བ་ཅི་ཡིན་ཁྱོད་སྨྲོས་ཤིག་གསུངས། ནེ་ཙོ་ན་རེ། རྒྱལ་པོ་ཁྱོད་ལེགས་པར་ཉོན་ཅིག །སྔོན་དང་པོ་ཙ་ན་ཁྱིམ་མཚེས་གཞན་གྱི་མ་ཧེ་འཚོ་བའི་མི་ཞིག་མ་ཧེ་མང་པོ་བོར་ནས་འཚོལ་མ་རྙེད་ནས་འབྲོག་དགོན་པའི་ལུང་སྟོང་ཞིག་ཚད་པས་གདུངས་པའི་ཉམ་ཐག་སྟེ་ཆུ་བཙལ་ཡང་མ་རྙེད་པར་སྐོམ་པའི་སྡུག་བསྔལ་གྱིས་མནར་བཞིན་དུ་སོང་བ་ལས། ལན་གཅིག་བྲག་མཐོན་པོའི་སྟེང་ནས་བྱུང་བའི་ཙནྡན་གྱི་སྡོང་པོའི་ཡལ་ག་ཞིག་ནས་ཆུ་ཐིགས་ལྷུང་བ་མཐོང་སྟེ། ཤིང་གི་འདབ་མ་ཞིག་གིས་བཟེད་བླངས་ནས་འཐུང་བར་བྱ་རོག་ཅིག་འཕུར་སླེབས་ཏེ་གཤོག་གིས་རྒྱབ་ལ་ཆུ་དེ་བོ་བར་བཏད་དོ། ལན་གསུམ་ (ཤོག་ ༡༦༧) གྱི་བར་དེ་ལྟར་བྱས་པས། དེ་རྗེས་དབྱུག་པ་ཞིག་ཐོགས་ཏེ་སྔར་བཞིན་བྱ་རོག་གཤོག་རྒྱབ་ཁར་དབྱུག་པས་བྱ་རོག་བསྣུན་ཏེ་བསད་དོ།།
དེ་ནས་མི་དེས་བྲག་སྟེང་དུ་འཛེགས་ཏེ་ཐོན་པས་སྦྲུལ་གདུག་ཅན་ཆེན་པོ་ཞིག་ཚད་པས་གདུངས་ནས་ཙནྡན་གྱི་སྡོང་པོ་དེར་འཁྲིས་ཏེ་མགོ་བོ་ཤིང་གི་རྩེ་མོར་འདབ་མས་ཐུམས་ནས་ཉལ་བའི་མཇུག་མ་ནས་ཤིན་ཏུ་དུག་ཅན་གྱི་ཆུ་ལྷུང་འདུག་པ་དེ་མཐོང་བས། ཀྱེ་མ་ཤིན་ཏུ་དྲིན་ཆེ་བའི་བྱ་རོག་དེ་དུས་བསད་དོ་ཞེས་མི་དགའ་བ་ཆེན་པོས་ཡིད་ཆད་དོ། །ཀྱེ་མ་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་བྱ་ཡང་དེ་དང་འདྲ་བ་ཡིན་པས་ཕྱིས་འགྱོད་ཏ་རེ་ཞེས་སྨྲས་པས། དེའི་ཚེ་རྒྱལ་པོའི་གླང་པོ་ཆེའི་ཤ་ཁྲག་སོགས་སྦེད་སར་བསྐྱལ་ཏེ་གསར་སྤེ་མཁར་དག་པར་བྱས་པ་དང་། བཙུན་མོ་ཉི་མའི་མདོག་མནལ་བསད་དོ། །དེ་ནས་ཛམ་ག་ཏེ་བྱ་བ་དེས་གནོད་པ་མ་བྱུང་ངོ་སྙམ་སྟེ། ནུབ་མོ་ཕྱི་མར་རྒྱལ་པོ་དེའི་ཁྱུག་མཆོག་རྟ་ཅང་ཤེས་གཅིག་ཡོད་པ་དེ་ཡང་ཛམ་ག་ཏེས་ (ཤོག་ ༡༦༨) བསད་དེ་མགོ་བོ་བཅད་ནས་བཙུན་མོ་ཉི་མའི་མདོག་གི་རྩར་བཞག་ཁ་ལ་ཁྲག་བྱུགས་པས། ནངས་པར་རྒྱལ་པོས་མནལ་སད་བལྟས་པས། རྟ་དེའི་ཁྲག་མཐོང་ནས་རལ་གྲི་ཕྱུངས་ནས་ཐོགས་ཏེ་བཙུན་མོར་རྒྱག་ཁར། ཡང་ནེ་ཙོས་འཕུར་བྱུང་ནས་རྒྱལ་པོ་ལ་ཚིགས་སུ་བཅད་པས་སྨྲས་པ།
ཀྱེ་མ་རྒྱལ་པོ་བྱ་བ་ཀུན། །བརྟག་དཔྱད་བྱས་ཏེ་མཛོད་པར་མཛོད། །
མ་བརྟག་མ་དཔྱད་བྱེད་གྱུར་ན། །མོ་དང་སྲེ་མོང་གཏམ་རྒྱུད་སོམས། །
བྱས་པས། རྒྱལ་པོས་རལ་གྲི་བཞག་ནས། དེའི་ལོ་རྒྱུས་སྨྲོས་ཤིག་གསུངས། ནེ་ཙོ་ན་རེ། སྔོན་དང་པོ་ཙ་ན། རྒན་མོ་ཞིག་ལ་ཁྱེའུ་གཅིག་ཡོད། ཁྱེའུ་དེ་སྲེ་མོང་གཅིག་གིས་བསྲུང་དུ་བཅུག་ནས། རྒན་མོ་རང་གི་ཆུ་དང་བུད་ཤིང་སོགས་ལ་འགྲོ་འོང་གི་འདུག་པ་ལས། ཉིན་གཅིག་ཁྱེའུ་མནལ་དུ་བཅུག་ནས་ཆུ་ལེན་དུ་སོང་ནས་ཕྱིར་འོང་བ་ལ། སྲེ་མོང་གིས་བསུ་བྱུང་སྟེ་ཁ་ལ་ཁྲག་ཅུང་ཟད་ (ཤོག་ ༡༦༩) ཅིག་འབྱར་བས་རྒན་མོའི་མདུན་ན་སྒྲ་སྒྲོག་ཅིང་ཕར་ཚུར་རྒྱུག་པ་ན། རྒན་མོས་སྲེ་མོང་ངན་པ་འདིས་ངའི་བུ་བསད་ནས་ཟོས་སྙམ་སྟེ། ཁྲོས་ནས་སྲེ་མོང་གི་མགོ་ལ་གཟར་གྱིས་རྒྱབ་བསྣུན་ཏེ་བསད་ནས། ཁྱིམ་དུ་ཡོང་ནས་བལྟས་པས་ཁྱེའུའི་མགོ་བོར་སྦྲུལ་གདུག་པ་ཅན་ཞིག་བུ་ཟ་བར་ཡོང་བ་དེ་སྲི་མོང་གིས་བསད་ནས་དུམ་བུ་དུམ་བུར་བཅད་པ་མཐོང་བས། རྒན་མོ་དེས་དྲིན་ཅན་དེ་ངས་བསད་པ་དེ་རེས་ཕངས་ཞེས་འགྱོད་པ་ཆེན་པོས་ཡི་ཆད་དེ། ཀྱེ་མ་རྒྱལ་པོ་ཡང་དེ་འདྲ་བར་ཕྱིས་འགྱོད་པར་གྱུར་ཏ་རེ་བྱས་པས། རྒྱལ་པོས་དེ་གསན་ཏེ་ཕན་བཏགས་པ་བསད་འདུག་གོ་སྙམ་སྟེ། རྟ་ཅང་ཤེས་དེའི་ཤ་དང་རུས་པ་སྦེད་སར་བསྐྱལ་ལོ།།
ཡང་ཛམ་ག་ཏེས་དེས་ཀྱང་གནོད་པ་མ་བྱུང་ངོ་སྙམ་སྟེ། ནུབ་ཕྱི་མར་སྲས་ཉི་ཟླ་ཞེས་བྱ་བ་དེ་བསད་ནས་དེའི་རོ་བཙུན་མོ་ཉི་མའི་མདོག་གི་རྩར་བཞག །ཁ་ལ་ཁྲག་བྱུགས་ཏེ་བཏང་ངོ་། །དེའི་ནངས་པར་རྒྱལ་པོ་མནལ་བསད་ནས་ (ཤོག་ ༡༧༠) བལྟས། སྲས་གཅིག་པུའི་རོ་དང་བཙུན་མོའི་ཁ་ལ་ཁྲག་འདུག་པ་མཐོང་སྟེ་མ་བཟོད་པར་ཤིན་ཏུ་ཁྲོས་ནས་རལ་གྲི་མྱུར་བར་ཕྱུངས་ཏེ་བཙུན་མོར་དྲག་ཏུ་རྒྱག་པར་བརྩམས་པའི་ཚེ། ནེ་ཙོ་ན་རེ།
ཀྱེ་མ་རྒྱལ་པོ་བྱ་བ་ཀུན། །སོ་སོར་བརྟགས་པས་མཁྱེན་ཏེ་བྱོས། །
སོ་སོར་བརྟགས་པས་མི་བྱེད་ན། །ས་བདག་ནེ་ཙོའི་གཏམ་རྒྱུད་འདྲ། །
བྱས་པས། རྒྱལ་པོ་ཤིན་ཏུ་ཁྲོས་པས་ནེ་ཙོ་ངན་པ་ཁྱོད་གཏམ་མང་པོ་མ་སྨྲོས་ཤིག་ཅེས་རལ་གྲི་གཡུགས་པས་ནེ་ཙོའི་མགོ་བོ་བཅད་དོ། །བཙུན་མོ་ཉི་མའི་མདོག་ད་ལྟ་ཉིད་དུ་བསད་པར་བྱའོ་སྙམ་སྟེ། གོས་རྣམས་དཀྲོལ་བས་བཙུན་མོའི་ལུས་དཔེ་བྱད་བཟང་པོས་བརྒྱན་པས་ལག་གཏུགས་ཏེ་བསད་པར་མི་ནུས་པ་ལ། བློན་པོ་ཀུན་ལ་དྲིལ་བསྒྲགས་པས་འདུས་པའི་ཚེ། རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་པ། བདུད་མོ་ངན་པ་འདིས་ནི་རྒྱལ་སྲིད་བཟུང་རྒྱུའི་སྲས་གཅིག་པུ་བསད་དོ། །ངས་ད་དུང་འདི་བསད་པར་བྱ་གསུངས་པས། བློན་པོ་ཐམས་ (ཤོག་ ༡༧༡) ཅད་ཅང་མི་སྨྲ་བར་འདུག་པ་ལ། དེ་དག་གི་ནང་ནས་བློན་བ་དཀའ་ཕྲེང་ཅན་ཞེས་བྱ་བའི་བློན་པོ་ན་རེ། བཙུན་མོ་འདི་རྒྱལ་པོ་རང་གིས་བསད་པར་མི་འོས་ཏེ། བཙུན་མོ་འགའ་རེས་ཚན་པ་ཉེས་པ་བྱུང་ན། རྒྱལ་པོ་གང་གིས་ཀྱང་རང་གིས་ལག་པ་བདར་ཏེ་བསད་པ་སྔོན་དུ་བྱུང་བ་མ་ཐོས་སོ། །དེ་བས་ན་བཙུན་མོ་ཉི་མའི་མདོག་འདི་བཤན་པའི་ལག་ཏུ་གཏད་དེ། དུར་ཁྲོད་ཀྱི་སར་ཁྲིད་སོང་ནས་བསད་པ་རིགས་སོ་བྱས་པས། དེ་ཚེ་གཏམ་དེ་གྲོས་འཆམ་ནས། རྔ་བོ་ཆེ་བརྡུངས་ཏེ་མངའ་འབངས་ཀྱི་མི་ཆེན་པོ་ཐམས་ཅད་འདུས་ནས། བཙུན་མོ་ཉི་མའི་མདོག་གི་གོས་ཕུད་དེ་གཅེར་བུར་བཤན་པ་གསུམ་གྱི་ལག་ཏུ་སྤྲད་དེ་འཚེར་མ་ཅན་གྱི་ཤིང་གིས་བརྡེག་འཚོག་བྱེད་བཞིན་དུ་ཕོ་བྲང་གི་ཕྱི་རོལ་ཏུ་ཐོན་ཏེ་དུར་ཁྲོད་ཀྱི་ནང་དུ་ཁྱེར་སོང་ནས་དེར་འདི་སོད་ཅིག་ཅེས་བསྒོས་པ་ལྟར་དེ་དག་སོང་བ་ན། བཤན་པ་གསུམ་གྱི་ནང་ནས་གཅིག་ན་རེ། འདི་ཁྱེད་གཉིས་གསོད་ཅིག །བསད་པའི་བྱ་དགའ་ངེད་གསུམ་ (ཤོག་ ༡༧༢) ལ་བྱིན་པའི་རང་གི་སྐལ་ཁྱེད་གཉིས་ལོན་ཅིག་ཟེར་ནས་ལོགས་ཤིག་ཏུ་སོང་ནས་བསྡད། ཅིག་ཤོས་གཉིས་ཀྱིས་ཁྲིད་སོང་བ་ལས། དེའི་གཅིག་ན་རེ། འདི་ལ་ངས་ལག་གཏུག་མི་ནུས་པས། ངའི་སྐལ་བ་ཡང་ཁྱོད་ཀྱིས་ལོན་ཅིག །ང་འདིར་བསྡད་ཟེར། བཤན་པ་གཅིག་པུ་དེ་དུར་ཁྲོད་དུ་ཁྱེར་བྱུང་སྟེ་ལག་གཏུག་མི་ནུས་པས་མ་བསད་པར་བཞག་པ་ལ། བཙུན་མོ་ཉི་མའི་མདོག་ན་རེ། ཁྱེད་ཀྱིས་ང་ད་ལྟ་གསོད་ཅིག །མ་བསད་ན་རྒྱལ་པོས་ཁྱེད་ཅག་རྣམས་ལ་ཁྲིམས་ཕོག་སྟེ་གསད་པར་འགྱུར་རོ་ཟེར། བཙུན་མོ་ཉི་མའི་མདོག་སྐྱོ་བ་ཚད་མེད་དུ་གཞན་གྱི་སྲོག་མ་བཅད་པར་སྲོག་གཅོད་སྤོང་བའི་བསམ་གཏན་བསྒོམས་པའི་མཐུས། བཤན་པས་ལག་གཏུགས་ཏེ་གསོད་པར་མི་ནུས་པས། ཡན་ལག་བཞི་བརྐྱངས་ཏེ། ཕུར་བུ་བཏབ་ནས་བཞག་སྟེ། གཅན་གཟན་རྣམས་ཟ་བར་འགྱུར་རོ་ཟེར་ཏེ་སོང་། དེའི་མཚན་མོར་དེའི་ཕྱོགས་ཀྱི་གཅན་གཟན་ཐམས་ཅད་དེར་འདུས་ཏེ། སོ་གཏུགས་ཏེ་ཟ་མི་ (ཤོག་ ༡༧༣) ནུས་པ་ན། བཙུན་མོ་དེ་གྲང་བས་ཉེན་པས་གཅན་གཟན་རྣམས་བྱ་སྐོར་ཉལ་འདུག་པ་བཤན་པས་མཐོང་སྟེ། དེའི་ནངས་པ་བཤན་པ་གསུམ་བཙུན་མོའི་དྲུང་དུ་སླེབས་ནས། ཁྱོད་ལ་གཅན་གཟན་རྣམས་ཀྱང་གཏུགས་ཏེ་ཟ་མི་ནུས་པ་ལ། ངེད་གསུམ་གཏུགས་ཏེ་གསོད་མི་ནུས་པ་ལྟ་ཅི་སྨོས། ད་གཟོད་ངེད་ཅག་བཙུན་མོ་བསད་དོ་བྱས་ནས་རང་ཡུལ་དུ་འགྲོ་ཡེ། ཁྱོད་ས་ཐག་རིང་ཞིག་ན་སོང་ཞིག་བྱས་པས། དེ་གསུམ་ལ་མི་རྟག་པའི་ཆོས་མང་དུ་བསྟན་ནས་སོང་ངོ་། །བཤན་པ་དེ་གསུམ་ཕྱིར་ལོག་འོང་ནས་ངེད་ཅག་གིས་བཙུན་མོ་ཉི་མའི་མདོག་བསད་དོ་ཞེས་སྒྲ་བསྒྲགས་པར་བྱས་སོ།།
དེ་ནས་བཙུན་མོ་ཉི་མའི་མདོག་རང་གི་ཡུལ་དུ་ཕྱིར་སླེབས་པས། ཡབ་དྲང་སྲོང་གི་རྩྭའི་སྤྱིལ་བུ་ནི་བཤིག་སོང་། ཤིང་ཐོག་གི་སྡོང་པོ་ནི་སྐམས་སོང་། དྲང་སྲོང་ཁོ་རང་གིས་ནི་རོ་མ་བཞག་པར་གཤེགས་སོང་བ་འདུག་གོ །གོས་གཅིག་དུམ་བུ་གཏུབས་ནས་བཞག་པ་མ་གཏོགས་ཡོ་བྱད་ཅི་ཡང་མི་ (ཤོག་ ༡༧༤) འདུག་གོ །བཙུན་མོས་གོས་ཀྱི་དུམ་བུ་འདི་མཐོང་སྟེ་ཁྱད་པར་དུ་སེམས་གདུང་ཡིད་མུག་ནས་སྔར་དྲང་སྲོང་གི་བསླབ་བྱ་གནང་བའི་གསུང་ལས་འགལ་བས་འདི་འདྲའི་སྡུག་བསྔལ་མྱོང་ངོ་སྙམ་སྟེ། གོས་ཀྱི་དུམ་བུ་དེ་ལ་ཕྱག་མང་དུ་བཙལ་ནས་ཅི་བྱའི་སྡིག་ལྟུང་མཐོལ་བཤགས་བྱས་སོ།།
དེར་ཞག་འགའ་རེ་སོང་བའི་རྗེས་སུ་ནུབ་གཅིག་གི་རྨི་ལམ་དུ་མི་དཀར་པོ་གཅིག་འོངས་ནས་འདི་སྐད་སྨྲས་པ། ཁྱོད་ཀྱིས་དམ་ཚིག་ལས་འདས་པས་འདི་འདྲའི་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་མྱོང་ངོ་། །ད་དུང་རབ་ཏུ་བྱུང་བའི་ཚུལ་གྱིས་སྐྱེ་དགུ་ལ་ཆོས་ཀྱི་གཏམ་སྦྱིན་ཅིག །ཚུལ་ཁྲིམས་ཆུང་བ་ཞིག་བསྲུངས་ན་སྐྱེ་བ་ཕྱི་མར་ཡབ་དྲང་སྲོང་དང་མཇལ་བར་འགྱུར་རོ་བྱས་པས། དེ་ནས་ཕྱོགས་ཐམས་ཅད་ཀྱི་ཡུལ་དུ་སོང་ནས་ཆོས་སྟོན་པས། ཐམས་ཅད་ཀྱིས་དད་གུས་བྱས་ཏེ་བསྙེན་བཀུར་བྱེད་པས། རབ་བྱུང་མ་ཞེས་གྲགས་སོ།།
དེ་ལྟར་སོང་བ་ལས་སྔར་གྱི་རྒྱལ་པོའི་ཕོ་བྲང་གི་ཉེ་ལོགས་ (ཤོག་ ༡༧༥) ཤིག་ཏུ་སླེབས་ནས་སྐྱེ་བོ་ཀུན་ལ་ཡིག་དྲུག་དང་ཕྱིན་དྲུག་གི་གདམས་ངག་སྟོན་ཏེ་ཆོས་ལ་བསྐུལ་བཞིན་བྱོན་པ་ལ། ཉིན་གཅིག་ལ་སྔར་གྱི་རྒྱལ་པོའི་ཛམ་ག་ཏེ་བྱུང་ནས་མི་གཞན་ལས་གསང་སྟེ་རབ་བྱུང་མ་ལ་འདི་སྐད་སྨྲས་པ། དོ་ནུབ་མི་རྣམས་ཀུན་གཉིད་དུ་སོང་བའི་རྗེས་སུ་ངའི་ཁྱིམ་ངན་པ་ཞིག་ཏུ་གཤེགས་སུ་གསོལ་ལོ་བྱས་པས། གནང་ནས་ནུབ་མོར་བྱོན་པའི་ཁྱིམ་ཕུགས་ན་ཁྲི་ཆོས་ཏེ་དེའི་སྟེང་དུ་བཞུགས་སུ་གསོལ་ཏེ་བཟའ་བཏུང་ཕུལ་ལ། སྡིག་པ་བཤགས་པའི་སྐད་ཀྱིས་བཤགས་སོ་ཞེས་བརྗོད་ནས། རྒྱལ་པོ་འདིའི་བཙུན་མོ་ཉི་མའི་མདོག་ཅེས་པ་དེ་ངས་གསད་དོ། །གླང་པོ་ཆེ་རྟ་ཅང་ཤེས་སྲས་ཉི་ཟླ་ཞེས་པའི་རྒྱལ་བུ་དེ་དག་ངས་བསད་དོ།།
བདེན་པར་སྨྲས་པའི་ནེ་ཙོ་ཡང་ངས་བསད་པས་དེ་དག་ལ་སོགས་པའི་སྡིག་པ་ང་ལ་སྡིག་པར་མ་གྱུར་ཅིག །རབ་བྱུང་མ་ཁྱེད་ཀྱི་མདུན་དུ་དེ་དག་ཐམས་ཅད་ལ་འགྱོད་པ་ཆེན་པོས་འཆགས་སོ་ཞེས་འགྱོད་ནས་དེ་སྐད་བརྗོད་ལ། ཀྱེ་མ་ (ཤོག་ ༡༧༦) བདག་ལ་ཚེས་བཅོ་ལྔ་གནམ་གང་ཚེས་བརྒྱད་གསུམ་གྱི་ཉིན་དུ་བསྲུང་བའི་སྡོམ་པ་གནང་བར་ཞུ་ཞེས་གསོལ་བས། རབ་བྱུང་མ་འདི་སྐད་ཅེས་བཀའ་སྩལ་པ། ཁྱོད་ཀྱི་སྡིག་པ་ནི་ཤིན་ཏུ་ཆེ་བ་ཡིན་པས་ད་དུང་སླར་ཡང་བཤགས་སྡོམ་གྱིས་ཤིག་གསུངས་པས། དེ་ལྟར་དཀར་བར་འདུག་ན་ནངས་པར་བདག་ལ་ལག་ལེན་བྱས་པའི་ཆོས་གཅིག་གནང་བར་ཞུ་ཞེས་གསོལ་བས། གནང་ནས་དེའི་ནངས་པར་ཛམ་ག་ཏེས་གདན་འདྲེན་པའི་གྲོང་ལ་བྱོན་པའི་ལམ་ཁར་རྒྱལ་པོའི་བློན་པོ་དཀར་ཕྲེང་ཞེས་པ་འཁོར་མང་པོས་བསྐོར་ནས་སོང་བ་དེས་རབ་བྱུང་མ་མཐོང་ནས་སྨྲས་པ། བུ་མོ་དེ་ངེད་ཀྱི་རྒྱལ་པོའི་བཙུན་མོ་ཉི་མའི་མདོག་འདྲ་བ་ཞིག་འདུག་ཅེས་ཟེར་ནས། ངས་བསུ་དགོས་སྙམ་སྟེ་ཚུར་ལོག་ནས་རབ་བྱུང་མ་ཁྱོད་ངེད་ཀྱི་རྒྱལ་པོའི་སྔོན་གྱི་བཙུན་མི་ཉི་མའི་མདོག་འདྲ་བ་ཞིག་འདུག་ལ་ཁྱེད་དེ་ཡིན་ནམ། བདག་ལ་བདེན་པ་མ་གསང་བར་བརྗོད་ཅིག་ (ཤོག་ ༡༧༧) བྱས་པས། ང་ནི་དེ་མ་ཡིན་མོད། འོན་ཀྱང་གལ་ཏེ་ཡིན་པར་གྱུར་ན། ཀྱེ་བློན་པོ་དཀར་ཕྲེང་ཁྱོད། ངའི་སྤྱོད་པ་འདི་འདྲ་ཞིག་ཏུ་གྱུར་ནས་ཡོད་པར་འདུག་གོ་ཞེས་སུ་གང་ལ་ཡང་མ་སྨྲོས་ཤིག་ཅེས་གཏམ་ཤོར་རོ། །བློན་པོ་ན་རེ། བཙུན་མོ་དེའི་འགྲམ་གཡས་ན་ཨུཏྤལའི་དཔེ་བྱད་ཡོད་འདུག་ལ། ཁྱོད་ལ་ཡང་དཔེ་བྱད་དེ་རེད་བྱས་པས། རབ་བྱུང་མས་བཀའ་སྩལ་པ། དེ་ལྟ་བུའི་གྲུང་པོས་རྟོག་དཔྱོད་བྱེད་ན། མཚན་དགུང་ལ་ཛམ་ག་ཏེའི་གྲོང་ལ་ངས་ཕེབས་འདུག་གོ །
དེའི་ཚེ་ཁྱོད་ཀྱིས་འཇབ་ནས་ཕྱིན་ཏེ་དེའི་བཤགས་པ་བྱེད་པ་ཉོན་ཅིག་ཅེས་གསུངས་པས། བློན་པོ་དེས་རྒྱལ་པོའི་དྲུང་དུ་ཕྱིན་ཏེ། རྒྱལ་པོ་དང་བཅས་པར་ཛམ་ག་ཏེའི་སྒོར་ལྷགས་འདུག་པས། ཛམ་ག་ཏེས། རབ་བྱུང་མ་ལ་ཁྲི་ཆོས་ལ་བཞུགས་སུ་གསོལ། བཟའ་བཏུང་ཕུལ་ནས་ཕྱག་བཙལ་ཏེ། ཀྱེ་མ་ཀྱེ་ཧུད་བདག་ནི་རིགས་ངན་བཙུན་མོའི་ཕྱིར་དུ་རྒྱལ་ (ཤོག་ ༡༧༨) སྲིད་སྟོང་པར་གྱུར་ཏོ། །ཞེས་ངུ་བའི་ངག་གིས། ངས་བཙུན་མོ་ཉི་མའི་མདོག་ལ་གྲིབ་ཕོག་ཕྱིར་དུ་རྫས་ངན་པ་བསྲེགས་པའི་དྲིས་བདུགས་པས་མི་ཐུབ་པར། དེའི་ཤེལ་ཕྲེང་ཐབས་ཀྱིས་བརྐུས་ནས་བླངས་པའི་རྗེས་སུ་རྫས་ངན་བསྲེགས་པའི་དུད་པས་ཡབ་ཡུམ་གཉིས་ཀ་ལ་གྲིབ་ཕོག་པའི་མཐུས་རྒྱལ་པོ་དང་བཙུན་མོ་གཉིས་བྱེས་སུ་ཕོ་བྲང་གསར་པ་བཞེངས་ནས་མཉེས་གཤིན་བདེ་སྐྱིད་ཀྱིས་བཞུགས་པ་ལ། གླང་པོ་རྟ་སྲས་སོགས་ཀྱང་ངས་བསད་དོ། །ངའི་བྱ་བྱེད་ནི་དེ་ལྟར་ཡིན་ལགས་སོ། །ད་དུང་ངས་བཙུན་མོ་ཉི་མའི་མདོག་གི་ཤེལ་ཕྲེང་ཁྱེད་ལ་འབུལ་བར་བྱའོ་ཞེས་ཟེར་ནས་ཕུལ་ལོ། །དེའི་ཚེ་རྒྱལ་པོས་ཆེར་ཁྲོ་ནས་དང་ལེན་དུ་བཟོད་མི་ནུས་པར་རལ་གྲི་མྱུར་བར་ཕྱུངས་ཏེ་ཐོགས་ནས་སྒོ་ནང་དུ་མཆོངས་བྱུང་ནས་ཛམ་ག་ཏེ་དྲག་པོར་རྒྱབ་ལ་དུམ་བུ་དུམ་བུར་བཅད་དོ། །དེ་ནས་རྒྱལ་པོས་སྔར་གྱི་བྱ་བྱེད་ལ་འགྱོད་ནས། ད་གཟོད་ངའི་བཙུན་མོ་བྱོས་ཤིག་བྱས་པས། སྲིད་པའི་མཐའ་མ་ཟད་ (ཤོག་ ༡༧༩) པའི་འདི་ལྟ་བུ་ཞིག་ཏུ་གྱུར་རོ་ཞེས་གསུངས་ནས་མ་ཉན་ཏོ། །རྒྱལ་པོ་ཕོ་བྲང་དུ་ཕྱིར་ལོག་བྱོན་ཏེ། རིགས་ངན་བཙུན་མོ་དེ་ཡང་བསད་དོ། །དེ་ནས་རྒྱལ་པོས་རྒྱལ་སྲིད་སྤངས་ཏེ་ཆོས་ལ་བཞུགས་པས། ཚེ་འདི་ལ་བྱང་ཆུབ་མངོན་དུ་བྱས་པར་གྲགས་སོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་ཛམ་ག་ཏེའི་སྡིག་པ་རེས་ཆེ་བ་ལ་ཞེས་སྨྲས། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ལ་མི་སྡོད་ཟེར་ཏེ་སོང་ངོ་། །ངོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བཙུན་མོ་ཉི་མའི་མདོག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་བྱང་ཕྱོགས་གྲོང་ཁྱེར་ལྔ་སྟོང་ཞེས་པའི་ཡུལ་གྲུ་གཅིག་ན་རྒན་རྒོན་ཕོ་མོ་གཉིས་ཡོད་པ་དེ་ལ་བུ་དང་བུ་མོ་ནི་མེད། བ་མོ་དགུ་ལས་གཞན་ནོར་ལོངས་སྤྱོད་ཅི་ཡང་མི་འདུག་པ་ཞིག་ཡོད་དོ། །ཨ་མི་ནི་ཤ་ལ་འདོད་ཆེ་བས་བ་མོ་ལས་གང་བྱུང་བའི་བེའུ་ཀུན་བསད་དེ་ཟོས་པ་ཡིན་ལ། ཨ་ལྕི་ནི་ (ཤོག་ ༡༨༠) འོ་མ་དཀྲུགས་སྦུབས་བྱས་མར་བླངས་ཏེ་ཟོས་པ་ཞིག་ཡིན་ནོ།།
ནམ་ཞིག་ན་ཨ་མི་ན་རེ། བ་མོ་དགུ་ལས་གཅིག་ནི་གསོད་པར་བྱེད་དེ་ཟ་བར་བྱའོ། དགུ་བརྒྱད་ཅེས་པའི་གྲངས་སུ་གང་གིས་དབྱེ་བར་བྱེད་དེ། མི་གཞན་གྱིས་བརྒྱད་པ་འདི་མཐོང་ན་ཡང་ལར་བརྒྱད་དགུའི་བ་ལང་འདུག་གོ་ཞེས་ཟེར་དུ་འོང་བ་ལས་གཞན་དུ་ཅི་བརྗོད་ཟེར་ནས་བ་མོ་གཅིག་བཀུམ་སྟེ་ཟོས་སོ། །དེའི་ཤ་ཟོས་ཟད་ནས་ཡང་བདུན་གྱི་གྲངས་གང་གིས་དབྱེ་ཟེར་བ་སོགས་ནས་གཉིས་ཀྱི་བར་དུ་དེ་ལྟར་ཟོས་པས། བ་མོ་གཅིག་པུ་ལུས་སོ། །དེའི་ཚེ་ཨ་མི་མ་བཟོད་པར་བ་མོ་གཅིག་པུ་དེ་གང་དུ་སོང་བར་ཁྲིད་དུ་བྱུང་བ་ལས། ནམ་ཞིག་ཨ་མི་ནི་ར་རོ་ནས་ཉལ་འདུག་པས། བ་མོ་ཁྱིམ་དུ་བཞག་ནས་ཆུ་ལེན་དུ་སོང་རྗེས་སུ་ཨ་མི་ལངས་ཏེ་བ་མོ་བཀུམ་པས། །ཨ་ལྕིས་དེ་མཐོང་ནས་ངུ་འབོད་ཀྱི་མྱ་ངན་བྱས་ཏེ་ཚེ་འདི་ལ་གང་གིས་སྲོག་འཚོ་བར་བྱས། བ་མོ་གཅིག་པུ་འདི་ནི་ངའི་གོ་སྐལ་དུ་ལུས་པའི་བ་དེ་ཡང་ (ཤོག་ ༡༨༡) ཁྱོད་ཀྱིས་བསད་དེ་ཟོས་སོ་ཟེར་ནས་ཕྱི་རོལ་ཏུ་བྲོས་སོང་བ་ལ། ཨ་མིས་བ་མོ་དེའི་ནུ་མ་བཅད་ནས་ཨ་ལྕིའི་མདུན་དུ་ཕྱིན་ཏེ་བྱིན་པས། རྒན་མོས་དེ་ཁྱེར་ནས་མྱ་ངན་ཆེན་པོས་འབྲོག་དགོན་པའི་ལུང་སྟོང་ཞིག་ཏུ་ཕྱིན་པ་ལས་བྲག་ཆེན་པོའི་ཕུག་སྦུབས་སུ་སླེབས་ཏེ། དཀོན་མཆོག་གསུམ་དང་འཇིག་རྟེན་པའི་ལྷ་དང་ས་བདག་ཚོ་ལ། ཚིགས་སུ་བཅས་པ་བརྗོད་དེ་འདི་སྐད་དུ་སྨྲས་པ།
སྲིད་པའི་ཟས་སྐལ་ཨ་མིས་ཆད། །ད་དུང་རྒན་མོས་ཅི་དང་ཅི། །
ཟ་བའི་བགོ་སྐལ་དཀོན་མཆོག་གསུམ། །གཙོ་བྱས་ལྷ་དང་ས་བདག་ཀུན། །
གང་གིས་གང་ལ་ཇི་བཞིན་དུ། །སྩོལ་བར་བདག་གིས་གསོལ་བ་འདེབས། །
ཞེས་བརྗོད་ནས་བ་མོའི་ནུ་མ་བྲག་ལ་བརྒྱབ་པས་ནུ་མ་ཚུར་ལེན་མི་ནུས་པ་ན་ནུ་མ་བཞོས་པས་འོ་མ་བྱུང་ངོ་། །འོ་མ་དེ་བསྲུབས་པས་མར་བླངས་ཏེ། མར་ཡང་ཆེས་མང་པོར་གྱུར་ཏོ།།
ནམ་ཞིག་ན་ད་ནི་ཨ་མི་ལྟོགས་གྲིར་འཆི་ངེས་སྙམ་སྟེ། རྐྱལ་པ་གང་བའི་མར་ཞིག་ཁྱེར་ཡོང་བ་ཁང་པའི་སྟེང་དུ་འཛེགས་ཏེ་སྟེང་བུག་ནས་བལྟས་པས། ཨ་མིས་ཤིང་ (ཤོག་ ༡༨༢) གི་ཐུར་མས་ཐལ་བ་རུམ་བླངས་ནས་ཟ་ཕོར་པ་བཅུག་སྟེ། འདི་དེ་རིང་ཟ། འདི་ནི་སང་ཉིན་ཟ་ཞེས་སྨྲས་བཞིན་བསྡད། དེ་ནས་ཁང་པའི་སྟེང་གི་དཀར་ཁུང་ནས་འཕངས་ནས་བྲོས་སོང་བས། ཨ་མིའི་བསམ་པར་འདི་འདྲ་བ་ཞིག་ང་ལ་ལྷ་ཀླུ་གང་གིས་ཀྱང་མི་བྱིན། ངའི་དྲིན་ཅན་རྒན་མོས་བྱིན་འདུག་པར་ངེས་པས། དོ་ནུབ་ཁ་བ་བབས་ན་དེའི་རྗེས་གཅོད་ནས་འགྲོ་བར་བྱའོ་སྙམ་སྟེ། དེ་ནས་ཁ་བ་བབས་པས་རྗེས་གཅོད་ནས་སོང་བས་བྲག་ཕུག་སྦུབས་སུ་ཕྱིན་ཏེ། ཨ་ལྕིས་ཆེས་ཆེར་བསགས་པའི་མར་རྣམས་མཐོང་ལ། ཕར་བཙལ་བས་བྲག་ལ་ནུ་མ་མཐོང་སྟེ། གྲིས་བཅད་ནས་ཟོས་སོ། །དེའི་རྗེས་སུ་ཨ་ལྕི་ཡིད་མུག་སྟེ་བྲོས་སོང་བའི་ཕྱིས་སུ་ཨ་མིས་རྒན་མོས་མར་རྣམས་ཁུར་ནས་རང་ཁྱིམ་དུ་སླེབས་ཏེ་ཟོས་སོ། །ཨ་ལྕི་བྲོས་སོང་ནས་མི་དང་རི་དྭགས་དང་བ་ལང་སོགས་ཉམས་དགའ་བག་ཕེབས་སུ་བདེ་སྐྱིད་ཀྱི་ཡུལ་ཆེན་པོ་ཞིག་ཏུ་ཕྱིན་པས། དེར་བ་མེན་ཚན་པ་ཞིག་འདུག་གོ །རྒན་མོ་དེས་བ་མེན་དེ་རྣམས་ཀྱི་རྩར་ཕྱིན་པས་དེ་དག་མ་ (ཤོག་ ༡༨༣) བྲོས་པས་ཁ་སྣ་ནས་བཟུང་བས་ཀྱང་མ་བྲོས་པར་གནས་པ་ལ། བཞོས་ནས་འོ་མ་བསྲུབས་པས་མར་ཆེན་བསགས་སོ།།
ནམ་ཞིག་ན་རྒན་མོས་མར་རྐྱལ་ཁྱེར་ནས་ཨ་མི་ལ་བསྐུར་ཕྱིར་སྔར་བཞིན་ཕྱིན་ཏེ་བལྟས་པས། ཐལ་བ་ཟ་ཕོར་དུ་བཅུག་སྟེ། དེ་རིང་སང་ཉིན་ཕྱེ་འདུག་པ་མཐོང་སྟེ་མཐོང་ཀ་ནས་མར་རྐྱལ་པ་འཕངས་ནས་བྲོས་སོང་ངོ་། །དེའི་ནུབ་མོར་ཁ་བ་བབས་པས་རྗེས་བསྙེགས་ནས་སོང་བས་བ་མེན་བཞོ་བའི་གནས་སུ་ཕྱིན་ཏེ་བ་མེན་མཐོང་ནས་གྲི་ཕྱུངས་ཏེ་གསོད་དུ་བརྒྱུགས་པས་བ་མེན་རྣམས་བྲོས་སོང་ངོ་། །ཨ་ལྕི་ཡང་མྱ་ངན་གྱིས་གདུངས་ཏེ་བྲོས་སོང་བ་དང་། ཨ་མིས་མར་རྐྱལ་རྣམས་ཁུར་དུ་ཁྱེར་ཏེ་རང་ཁྱིམ་དུ་བྱུང་ངོ་། །ཨ་ལྕི་བྲོས་སོང་བ་ལས་རི་ཆེན་པོ་གཅིག་གི་སུལ་གྱི་ཕུག་སྦུབས་སུ་ཕྱིན་པས། ཤས་གང་བར་འདུག་པའི་ཤ་ནས་རང་གི་ནུས་ཚོད་ཀྱིས་བཙོས་ནས་ཡིབ་ས་མ་རྙེད་པར་གདན་ལ་གཏིང་བའི་རྩྭའི་འོག་ཏུ་བཅུག་ནས་ཉལ་ལོ། །བྲག་ཕུག་སྦུབས་དེ་ནི་དེ་ཕྱོགས་ཀྱི་གཅན་གཟན་ཐམས་ཅད་འདུས་པའི་ས་ཡིན་ (ཤོག་ ༡༨༤) ཞིང་། དེ་རྣམས་གཞན་དུ་ཕྱིན་པའི་སྐབས་ན་གནས་དེ་རི་བོང་ཞིག་གིས་མེལ་ཚེ་སོ་བལྟ་བྱས་འདུག་པ་ལས། རི་བོང་གིས་རང་གིས་ཟས་འཚོལ་དུ་མཆིས་པའི་བར་སྐབས་སུ་ཨ་ལྕི་བྱུང་འདུག་པ་ལས། དེ་ནས་དེའི་དགོང་མོར་སེང་གེ་དང་སྟག་དང་དོམ་སོགས་ལྷགས་ནས་དེར་ཉལ་འདུག་པའི་རྗེས་སུ་རི་བོང་གིས་གདན་འོག་རྩྭ་སྤུངས་འགུལ་བས། རི་བོང་ན་རེ། ཨ་པ་ཞང་པོ་སྟག་ངའི་འོག་ཏུ་རྩྭ་ཞིག་སྤུངས་ནས་འགུལ་བ་དེ་ཅི་ཞིག་ལགས་བྱས་པས། སྟག་ན་རེ། འདིར་ཅི་ཡོད་པ་ཁྱོད་ཀྱིས་ཁྱིམ་སྲུང་བས་མ་ཤེས་པ་ཅི་ཡིན། འོན་ཀྱང་ནམ་ལངས་མཐོང་བར་བྱ་ཟེར་ནས་ཐོ་རངས་རྩྭའི་འོག་ནས་རྒན་མོ་ཕྱུངས་ཏེ་སྟག་གིས་ཁྲོས་ཏེ་ཁྱུར་མིད་བྱས་སོ། །གཅན་གཟན་རྣམས་ཀྱིས་རྒན་མོ་མེད་པས་ཅི་ལ་ཕན་ཟེར། རི་བོང་གིས་རྒན་མོ་དེ་མེད་པར་བྱས་པ་ལས་རྒན་མོ་ཁྱིམ་སྲུང་དུ་བསྡད་ན་དྲག་ཟེར། གྲོས་འདི་ལ་འཆམ་ནས་སྟག་གིས་རྒན་མོ་སླར་བསྐྱུགས་བྱུང་སྟེ། ཁྱིམ་གྱི་སྲུང་བར་བཞག་ (ཤོག་ ༡༨༥) པར་བསྒོས་སོ།།
ནམ་ཞིག་རྒན་མོས་རི་དྭགས་ཀྱི་ཟུག་ཤ་ཁྱེར་ཏེ་ཨ་མི་ལ་བསྐུར་ཕྱིར་སྔར་བཞིན་ཕྱིན་ཏེ་བལྟས་པས། ཨ་མིས་སྔར་ལྟར་ཐལ་བ་བགོ་འདུག་པ་མཐོང་ནས། ཟུག་ཤ་འཕངས་ཏེ་བྲོས་ཕྱིན་ཏོ། །ཨ་མིས་དེ་མཐོང་ནས་འདི་ངའི་དྲིན་ཅན་རྒན་མོ་མ་གཏོགས་ལྷ་ཀླུ་གང་གིས་བྱིན་པར་གྱུར་སྙམ་སྟེ། ནུབ་མོ་དེར་ཁ་བ་བབས་པས་རྒན་མོའི་རྗེས་གཅོད་ནས་སོང་བས་གཅན་གཟན་གྱི་བྲག་ཕུག་སྦུགས་སུ་སླེབས་པས། རྒན་མོས་ཨ་མི་ཁྱོད་འདིར་ཅིའི་ཕྱིར་ཡོང་། འདིར་ནི་གཅན་གཟན་མ་རུངས་པ་འདུས་པའི་ས་ཡིན་པས། འདི་དག་གིས་ངེད་གཉིས་ངེས་པར་ཟ་བར་འགྱུར་རོ། །ཞེས་སྨྲས་ནས་ད་ལྟ་ཉིད་དུ་ཕྱིར་ལོག་ཅིག་བྱས་པས། ཨ་མི་ན་རེ། ཁྱོད་ད་བར་དུ་མ་ཟོས་ན་ང་ཅི་ལ་ཟ་ཟེར་ནས་མ་ཉན་པས། ཐབས་གཏུགས་ནས་རྩྭའི་འོག་ཏུ་སྦས་ཏེ་བཞག་གོ །དགོང་མོར་གཅན་གཟན་རྣམས་ལྷགས་ནས་ཉལ་འདུག་པ་ལ། རི་བོང་གིས་འདིར་ཅི་བྱུང་འདུག་པ་ (ཤོག་ ༡༨༦) བལྟས་ཟེར། ཐོ་རངས་བལྟས་པས་ཨ་མི་འདུག་པ་མཐོང་ནས། གཅན་གཟན་རྣམས་ཀྱིས་འདིས་མགོ་དྲངས་པའི་ལན་གྱིས་མི་མང་བ་འདུས་པས་རྔོན་པ་ཡང་བྱུང་བས་ངེད་ལ་གནོད་པ་བྱུང་བས་མི་རུང་ངོ་། །ཞེས་ཁ་འཆམ་ནས་རྒན་རྒོན་ཕོ་མོ་གཉིས་ཟོས་ཏེ། རང་རང་གིས་དགའ་བའི་སར་གྱེས་སོང་ངོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་ཨ་ལྕི་དེས་གྲོགས་ངན་པ་ཡེ་མ་སྤངས་པས་རེས་ཕུང་བ་ལ་ཞེས་སྨྲས། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་བས་སརྦ་ལ་མི་སྡོད་ཟེར་ཏེ་ཤོར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རྒན་རྒོན་ཕོ་མོའི་ལེའུ་སྟེ་བཅུ་བདུན་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་གྲུ་ཞིག་ན། མི་ཕྱུག་པོ་གཅིག་ལ་བུ་ཤིན་ཏུ་གླེན་པ་ཞིག་ཡོད་དེ། དེ་ལ་ཆུང་མ་གྲུང་པོ་ཞིག་བསུས་ནས་ནོར་ལོངས་སྤྱོད་ཀྱི་འབྱོར་པ་ཆེན་པོར་བྱས་ཏེ་ཕ་མ་གཉིས་ཚེའི་དུས་བྱས་ (ཤོག་ ༡༨༧) སོ། །བུ་དེ་ནི་ཤིན་ཏུ་གཏི་མུག་པ་ལེ་ལོ་ཆེ་བས་ཁྱིམ་གྱི་ཕྱི་རོལ་ཏུ་མ་བྱུང་བ་དང་། སྐེ་རགས་ཀྱང་མ་དཀྲིས་པར་ཁྱིམ་ཁོ་མར་རྒྱུན་དུ་ཉལ་འདུག་པ་ཞིག་གོ།
ནམ་ཞིག་ན་ཁུལ་དེར་ཚོང་པ་འདུས་ནས་ལོག་སོང་བའི་རྗེས་སུ་ཆུང་མས་ཚོང་པའི་ཤུལ་བྱ་རྒོད་ཀྱི་གཤོག་སྦུབས་ཤིང་བླངས་ཁྱིམ་དུ་བྱུང་ནས། ཁྱོ་ལ་སྨྲས་པ། ཁྱོད་ཚོང་པ་མ་བྱས་ཀྱང་ཕྱི་ནང་དུ་འགྲོ་འོང་བྱེད་ན་ཀ་ཅ་བདོག་པ་ཅིའི་ཕྱིར་མ་རྙེད། མི་ཕོ་སྐྱེས་ལ་རྙེད་པའི་གྲོགས་པོ་ནི་བྱེས་སུ་ཡོད་སྐད། ངེད་གཉིས་ཕས་བསགས་པའི་ནོར་ཟད་ན་ཅིས་སྲོག་འཚོ་བར་བྱེད། དེ་བས་ན་ཕྱི་རོལ་ཏུ་བྱུང་དུ་ཐང་ཞིག་ལ་མཆིས་ཤིག་བྱས་པས། ཁྱིམ་བདག་གིས་ཚིག་དེ་དང་དུ་བླངས་ཏེ་ཕྱིར་སོང་བས་བྱ་རྒོད་ཀྱི་སྒྲོ་ཉག་མ་གཉིས་རྙེད་ནས་ཆེས་དགའ་སྟེ་ཁྱིམ་དུ་ཁྱེར་འོངས་ནས་ཁྱོད་ཀྱིས་ཟེར་བ་བདེན་པར་འདུག་སྟེ་འདི་འདྲ་བ་རྙེད་བྱུང་། ནངས་པར་ངས་ཚོང་ལ་བྱེས་སུ་འགྲོ་ཡེ། ང་ལ་ཁྱོད་ཀྱིས་རྒྱགས་ཕྱེའི་ཟས་ལེགས་པར་སྡོགས་ (ཤོག་ ༡༨༨) ཤིག་བྱས་པས། ཆུང་མའི་བསམ་པ་འདི་ལ་ཆེར་ཡིད་བརྟན་མི་རུང་ངོ་སྙམ་སྟེ། བོང་བུ་གཅིག་ལ་འབྲས་ཁལ་བཀལ་ནས་ཁོ་རང་གི་རྒྱགས་ལོགས་སུ་བྱིན་ཏེ་འབྲས་དེ་ཚོང་ཞིག་ཟེར་ཏེ་བཏང་ངོ་།།
ཁོས་ཞོགས་དཀར་བོང་ཁལ་དེད་སོང་བས། ཐང་ཆེན་པོ་ཞིག་གི་ཕྱོགས་སུ་ཕྱིན་པ་དེར་ཆོམ་རྐུན་མང་པོ་འགྲུལ་མཆིས་པའི་ཅོང་རོང་བྲག་ཅིག་ཏུ་སླེབས་ནས་བྲག་ཕུག་གི་འགག་མདོ་ན་བོང་བུ་བཞག་སྟེ་ཕུག་གི་ཡ་གིར་འཛེགས་ཐོན་འདུག་ནས་རྒྱགས་ཀྱི་ཟས་རྣམས་ཟ་བཞིན་བསྡད་པ་ལ། ཚོང་པ་མང་པོ་ཞིག་དེར་བྱུང་ནས་བྲག་ཕུག་གི་ཡ་གི་དེར་ཚོང་ཟོང་སྤུངས་རྩིགས་ལ་འགག་མདོ་ན་ཚོང་པ་རྣམས་རང་ཉིད་བསྡད་ལ་ཐམས་ཅད་ཆོམ་རྐུན་ལས་འཇིགས་ཡོད་དོ། །དེར་མི་གླེན་པ་དེས་རྒྱགས་ཟོས་ཏེ་ཆེར་འགྲངས་པས་འཕྱེན་བཏང་བ་ལ་འཕོངས་ནི་ཚོང་པ་ཐམས་ཅད་བསྡད་པའི་ཐད་སོར་བྲག་གས་པའི་གསེབ་མང་པོ་འདུག་པས་བྲག་ཕུག་ཐམས་ཅད་ལ་ཁྱབ་པའི་སྒྲ་ཆེན་པོ་ཞིག་བསྒྲགས་སོ།།
(ཤོག་ ༡༨༩) ཚོང་པ་ཀུན་དགྲ་བོ་བྱུང་ངོ་ཟེར་ཏེ་ཟོང་རྣམས་དོར་ནས་བྲོས་སོང་ངོ་། །ནངས་པར་སྔ་ལ་ལངས་ཏེ་ཟོང་དེ་རྣམས་འདྲེན་པའི་མི་མེད་པ་ཤེས་ཏེ། དེ་ཐམས་ཅད་ཁལ་བཀལ་ནས་རང་ཁྱིམ་དུ་བྱུང་ངོ་། །ཁྱོད་ཀྱིས་ཅི་བྱེད་ནས་དེ་རྣམས་ཁྱེར་བྱུང་དྲིས་པས། དེས་ནི་ཐང་ཆེན་པོ་ཞིག་གི་ཉེ་ལོགས་སུ་ཇག་རྐུན་མང་པོ་འགྲོ་འོང་བྱེད་པའི་ས་ཅོང་རོང་གི་བྲག་ཆེན་པོ་ཞིག་ཏུ་ཕྱིན་ཏེ་བྲག་ཕུག་གི་འགག་མདོར་བོང་བུ་བཞག་ལ་བྲག་ཕུག་དེའི་ཡ་གིར་བསྡད་འདུག་པ་ལ། དགོང་མོར་དགྲ་ཇག་ཆོམ་རྐུན་མང་པོ་དེར་བྱུང་ནས་ཀ་ཅ་རྣམས་ཡ་གིར་བཞག་ལ་དེ་དག་བྲག་ཕུག་ཏུ་གནས་པས། ངས་ཡ་གི་དེ་ནས་སྐད་ཆེན་པོ་བརྒྱབ་པས་དེ་དག་ཆེས་ཆེར་འཇིགས་ནས་རྐུས་པའི་ཀ་ཅ་རྣམས་དོར་ལ་བྲོས་པ་ལ་འདྲེན་པའི་མི་མེད་པས་ངས་ཁྱེར་བྱུང་བྱས་པས། ཡུལ་དེའི་སྐྱེ་བོ་ཀུན་གྱིས་ཧ་ལས་ཏེ། འདི་ནི་འདི་འདྲའི་མཐུ་སྟོབས་ཆེ་བའི་མི་ཞིག་འདུག་པ་རེད་དེ། དེ་ཙམ་གྱིས་དགྲ་བོ་ཆོམས་ནས་ཀ་ཅའི་གྲོག་པ་འདི་འདྲ་མང་པོ་ཞིག་ (ཤོག་ ༡༩༠) རྙེད་བྱུང་སྐད།
ཆུང་མའི་བསམ་པ་འདི་ལ་དེ་ལྟར་བྱས་ཏེ་བླངས་བྱུང་བའི་མཐུ་མི་འདུག་པ་དེ་བས། འདི་ཇི་ལྟར་བྱས་ཏེ་ཁྱེར་བ་ཐབས་ཀྱིས་ཤེས་པར་བྱའོ་སྙམ་པའི་སྐབས་ནས། ཁྱོ་ན་རེ། ངས་ད་དུང་རི་དྭགས་བཤོར་དུ་མཆི་བྱས་པས། མོ་ན་རེ། དེ་ལྟར་སོང་ན་ཁྱོད་ཀྱིས་མི་ངན་པ་དང་མ་མཇལ་བར་སོང་དགོས་ཟེར། ང་ལ་མི་ཐུབ་པ་ཅི་ཡང་མེད་པས་གང་དང་འཕྲད་ཀྱང་མི་འཇིགས་བྱས་པས། ཆུང་མ་ན་རེ། ཁྱོད་ལས་ལྷག་པའི་མཐུ་སྟོབས་ཅན་འཇིགས་སུ་རུང་བའི་དཔའ་བོ་ཞེས་པ་གཅིག་ཡོད། ཁྱོད་ཀྱིས་དེ་མི་ཐུབ། དེས་ཁྱོད་གསོད་པར་འགྱུར་རོ་ཟེར། ང་ལ་སྐྱོན་མེད་ཟེར་ནས་རྟ་བཟང་པོ་ཞོན་པ་འཁོར་གསུམ་བཏགས་ལ་སོང་ངོ་།།
དེའི་རྗེས་ཆུང་མས་རྟ་བཟང་པོ་ཞིག་བཞོན་ལ་མི་ཕོའི་གོས་གྱོན་རལ་གྲི་བཏགས་ཏེ། ཁྱོ་ལ་མ་ཤེས་པར་དེའི་སྔོན་དུ་སོང་སྟེ། ལན་ཅིག་ཚེ་ཐང་ཞིག་ན་མཐོང་སྟེ། རང་གི་ཆུང་མར་མ་ཤེས་པར་སླར་ཕྱིར་བྲོས་པས། མོས་ (ཤོག་ ༡༩༡) ཕྱི་བཞིན་དེད་ནས་བཟུང་ལ་རང་གིས་སྒྲ་མ་བྱུང་བར་རལ་གྲི་ཕྱུངས་ཏེ་འཕྱར་ནས་གསོད་པར་བརྩམས་པ་ལ། འཁོར་གསུམ་དང་རྟ་ལས་བབས་ཏེ་བྱིན་ནས་སྲོག་སྐྱོབས་ཞུ་ཟེར། མོས་རྟ་ལས་ཕབ་སྟེ་ཁྱོ་དེ་སར་ལྷུང་ལ་ཉལ་བར་བྱས་ཏེ་མནན་ནས། ཁྱོད་ཀྱིས་ང་མ་བཀུམ་ཞིག་བཞོན་པའི་རྟ་དང་བཏགས་པའི་སག་ཐག་མདའ་གཞུ་ཐམས་ཅད་ལོན་པར་ཞུ་ཞེས་མང་དུ་གསོལ་བ་བཏབ་པ་ལ། འོ་ན་ཁྱོད་ཀྱིས་ངའི་མཚན་མ་ལ་ཁ་རེག་ཅིག །དེ་ལྟར་བྱས་ན་ངས་ཁྱོད་མ་བཀུམ་པར་བཏང་གིས་བྱས་པས། ཁྱེད་ཀྱི་ཅི་གསུངས་པ་ལྟར་འཚལ་ལོ་ཟེར་ཏེ། མོས་དོར་མ་ཕུད་ནས་མཚན་མ་ལ་འོ་བྱེད་དུ་བཅུག་ནས་བཏང་ངོ་།།
མོས་དེའི་རྟ་བཞོན་ལ་འཁོར་གསུམ་བཏགས་ནས་འགྲོ་ཁར། ཁྱོས་དྲིས་པ། ཁྱོད་འཇིགས་སུ་རུང་བའི་དཔའ་བོ་ཞེས་པ་ཞིག་ཨེ་ཡིན་བྱས་པས། མོས་ང་ནི་དེ་ཡིན་ཟེར་ནས་རང་ཁྱིམ་དུ་སོང་ངོ་། །ཁྱོ་ནི་དེ་རྗེས་ནས་ནུབ་མོར་བྱུང་བས། མོས་སག་ཐག་མདའ་གཞུ་རྣམས་ག་རེ་བྱས་པས། དེ་རིང་ངས་འཇིགས་ (ཤོག་ ༡༩༢) སུ་རུང་བའི་དཔའ་བོ་དང་འཕྲད་ནས་ཉིན་ཐག་ཐོག་འཛིང་པས་སྟོབས་ཞན་པར་འགྱུར་བའི་ཕྱིར་དེས་རྟ་དང་འཁོར་གསུམ་ཁྱེར་ནས་སོང་ངོ་ཟེར། དེ་ནས་ཆུང་མས་ནས་རྔོད་ནས་ཟས་བྱིན་ཏེ། ཁྱེད་གཉིས་ཇི་ལྟར་གསོད་དུ་འཛིང་པའི་ཚུལ་ཀུན་ང་ལ་ཇི་བཞིན་བརྗོད་ཅིག་བྱས་པས། ཟས་ལ་འགྲངས་པའི་རྗེས་སུ། སྨ་ར་ཨག་ཚོམ་མེད་པ་མ་གཏོགས་ཁྱོད་ཀྱི་ཕ་དང་འདྲ་བ་ཞིག་འདུག །ཡང་འཇིགས་སུ་རུང་བའི་དཔའ་བོ་ཞེས་བྱ་བའི་མི་དེ་ལ་གསང་གནས་གཉིས་ཡོད་པ་མ་ཡིན་ནམ་བྱས་པས། མོས་བཞད་གད་ཤོར་རོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་སྔོན་གྱི་དུས་ན་ཕོ་མོའི་དབྱེ་བ་མ་ཤེས་པའི་མི་ཞིག་འདུག་པ་རེད་དེ་ཞེས་སྨྲས་པས། རྒྱལ་པོ་སྐལ་ཆད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ལ་མི་སྡོད་ཟེར་ཏེ་ནམ་མཁར་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་ཕྱུག་པོའི་བུ་གླེན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་བྱང་ཕྱོགས་ན་ (ཤོག་ ༡༩༣) གྲོང་ཁྱེར་ཞིག་ཏུ་གསང་སྔགས་པ་ཕ་བུ་གཉིས་ཡོད་དེ། དེ་གཉིས་ལ་ནོར་ལོངས་སྤྱོད་མི་འདུག་པས་ཤིང་ཚོང་ནས་སྲོག་འཚོ་བ་བྱས་སོ། །ནམ་ཞིག་ན་རི་ཆེན་པོ་གཅིག་གི་རྩེར་ཤིང་ཁུར་དུ་སོང་བས་དེའི་རྩེ་མོར་ཤིང་དུམ་འགའ་འདུག་པ་དེའི་ནང་དུ་ཕྱིན་པས། དེར་ཤིང་མེད་པའི་ས་གཞི་ཧར་བ་ཞིག་ཏུ་ངལ་སོས་སུ་སྡོད་སྐབས་ཕ་ན་རེ། ངས་སྔ་ནས་གསང་སྔགས་པའི་མིང་འཆང་ཡང་ནོར་ལོངས་སྤྱོད་མེད་པ་ཡིན་ལ། གལ་ཏེ་ང་ཤི་ན་ངའི་རོ་ས་གཞི་འདི་ན་ཁུར་དུ་ཁྱེར་ཏེ་བཞག་པར་བྱ། ངེད་ཀྱི་དབུལ་བར་གྱུར་པའི་རྒྱུ་ནི་ངས་པའི་རོ་ས་ངན་པར་བཞག་པས་ལན་འདུག །ངའི་རོ་འདིར་གནས་སུ་བཅུག་ན་ཁྱོད་ལ་ཁ་རྗེ་དབང་ཐང་ཆེ་བར་འགྱུར་ཏེ། འཇིག་རྟེན་འདི་ལ་འབྲས་བུ་ཆེ་བར་འབྱུང་བའི་ཕྱིར་རོ། །འབྲས་བུ་འབྱུང་ལ་རྣམ་སྨིན་གྱི་གནས་སྐབས་ཀྱི་འབྲས་བུ་ནི་རུས་པ་བཏབ་པའི་ས་ལ་རག་ལས་སོ། །ངའི་རུས་པ་འདིར་བཞག་ན་ཁྱོད་ཀྱིས་རྒྱལ་པོའི་སྟོབས་འབྱོར་ཇི་སྙེད་པ་དེ་སྙེད་དུ་འགྱུར་རོ་ཞེས་ཟེར་ (ཤོག་ ༡༩༤) ནས། ཤིང་ཁུར་ཚོང་པ་བྱས་པས། ནམ་ཞིག་ན་བུས། ཕའི་ཆོས་ལ་སློབ་གཉེར་བྱེད་པས་མ་བསླབས་ནས། རེའུ་ཐགས་པས་འཐག་དཀའ་བར་གྱུར། དེ་ནས་དུམ་ཞིག་སོང་བས་ཕ་འདས་པས། རོ་ཁུར་ཏེ་ཕས་བསྟན་པའི་སར་བསྐྱལ་ལོ།།
ཕའི་ཡོན་ཏན་གྱི་ཆོས་རྣམས་མ་བསླབས་པས། གྲོང་ཁྱེར་གྱི་འཐག་ཐགས་ནས་སྲོག་འཚོ་བར་བྱེད་དོ། །ལན་གཅིག་ན་རི་ཆེན་པོ་ཞིག་གི་སྟེང་དུ་ཟས་ལྡན་གྱི་གྲོང་ཁྱེར་ལ་ཕྱིན་ཏེ་རེའུ་ཐགས་པས་རྙེད་པའི་སྐུད་པ་བསགས་ཏེ། ཚུར་ཐོན་ཏེ་ཡོང་བའི་ལམ་ཁར་སྐུད་པ་འཐུད་དེ་ནགས་ཁྲོད་དུ་སྐུད་པ་ཚོ་འཐགས་སུ་བསྡད་པ་ལ། ལྟོགས་སྐོམ་ནས་ཆུ་ཞིག་འཐུང་ངོ་སྙམ་པའི་སྐབས་ན་ཀ་ལན་ཏ་ཀ་ཞིག་རེའུ་ཐགས་པའི་ཁྲི་སྟེང་དུ་སྡོད་པ་རེའུ་ཐག་པའི་ཤིང་གིས་བསྣུན་ཏེ་བསད་པ་ལ་ཤ་མེ་ལ་བསྲེགས་པའི་ཚེ། སྔོན་ཕས་བསྟན་པའི་ས་དྲན་ནས། ཕས་ས་གཞི་འདིར་ངའི་རུས་པ་བཞག་ན་ཁྱོད་ཕྱུག་པོར་ (ཤོག་ ༡༩༥) འགྱུར་རོ་བྱས་པས། དེ་ནི་རྫུན་པར་འདུག་གོ །ད་ལན་རེའུ་ཐགས་པའི་བྱ་བ་འདི་ནི་འཇིག་རྟེན་ན་དམན་ཤོས་ཀྱི་ལས་ཡིན་ནོ། །དེ་རིང་ནས་རེའུའི་འཐག་ཐགས་པ་དོར་བར་བྱའོ་སྙམ་སྟེ་འཐག་ཁྲི་འཐག་ཤིང་རྣམས་བསྲེགས་སོ།།
དེ་ནས་རྒྱ་གར་གྱི་རྒྱལ་པོའི་སྲས་མོ་སློང་བླངས་ཏེ་རྒྱལ་པོའི་མག་པར་འགྱུར་དགོས་སྙམ་དུ་བསམས་ནས། རྒྱལ་པོའི་ཕོ་བྲང་ལ་ཉེ་བར་སོང་བའི་རྗེས་སུ། རྒྱལ་པོའི་ཕོ་བྲང་གི་ཉེ་ལོགས་ན་རི་ཆེན་པོ་ཞིག་ཡོད་པ་དེར་ཕྱིན་ཏེ་བསྡད་པ་ལ། རྒྱལ་པོའི་སྤེ་མཁར་ནས་བྱ་ཁྱུང་ཀ་རུ་ཏེའི་མདོས་ཤིག་བྱུང་སྟེ་རི་ཆེན་པོ་དེར་དོར་འདུག་པས། ཁོས་མདོས་དེའི་སྐོར་ཆ་གཏོར་མ་ལས་ཟོས་ལ། རྫོངས་ཆའི་དངོས་པོར་བཏགས་པའི་དར་ཟབ་ལས་ཕྲག་ལྷམ་གང་བར་བླངས་ཏེ། རྒྱལ་པོའི་ཕོ་བྲང་ལ་ཕྱིན་ཏེ་སྒོ་ཕྱེ་བྱས་པས། སྒོ་སྲུང་རྣམས་ཀྱིས་མ་ཕྱེ་བ་ལ་རྒྱལ་པོའི་ཁྲིམས་ཀྱི་རྔ་བོ་ཆེ་བརྡུངས་པས། རྒྱལ་པོས་འདི་ཅི་ཡིན་དྲིས་པས། སྒོ་པས་མི་ངན་པ་ཞིག་རྒྱལ་པོ་ལ་གཏམ་ཞུ་རྒྱུར་འདུག་ (ཤོག་ ༡༩༦) ཞུས་བྱས་པས། རྒྱལ་པོས། མི་དེ་བར་ཆད་མེད་པར་ཚུར་ཤོག་གསུངས་ནས་དྲུང་དུ་ཕྱིན་པས། མི་ཁྱོད་ཅིའི་ཕྱིར་བྱུང་། དགོས་པ་ཅི་འདུག་གསུངས། མི་དེ་ན་རེ། རྒྱལ་པོ་ཁྱོད་ཀྱི་བུ་མོ་སློང་བླངས་ཏེ་མག་པར་འགྱུར་དུ་འོངས་བྱས་པས། སྐུ་དྲུང་གི་བློན་པོ་རྣམས་ངན་པ་འདི་ལ་ཁྲིམས་ཕོག་སྟེ་གསོད་དགོས་ཞུས་པས། རྒྱལ་པོས། མི་འདི་མ་གསོད་ཅིག །འདི་ལ་ཉེས་པ་མེད། རྒྱལ་པོའི་བུ་མི་ལྟོགས་ཀྱི་བུ་ཡང་བླངས། མི་ལྟོགས་ཀྱི་བུ་མོ་རྒྱལ་པོ་ཡང་བླང་ངོ་།།
དེ་ཕྱི་རོལ་ཏུ་མ་ཐོན་འདིར་འདུག་ཏུ་བཅུག་གསུངས། བཙུན་མོས་རྒྱལ་པོའི་དྲུང་དུ་བྱུང་བ་ལ། རྒྱལ་པོས་མི་འདི་ངེད་ཀྱི་བུ་མོ་སློང་དུ་ཡོང་འདུག་གསུངས། བཙུན་མོ་ཆེར་ཁྲོས་ཏེ་འདི་ནི་སྨྱོན་པའི་མི་ཞིག་རེད་དེ། ད་ལྟ་ཉིད་དུ་གསོད་ཅིག་ཟེར། རྒྱལ་པོས་འདི་མ་གསོད་ཉེས་པ་མེད་གསུངས། དེའི་ཚེ་སྲས་མོ་ཡང་རྒྱལ་པོའི་དྲུང་དུ་འོངས་པས། རྒྱལ་པོས་རྩེད་མོའི་ཚུལ་གྱིས་བུ་མོ་ལ། མི་འདི་ཁྱོད་དང་སྟེག་པར་ཡོང་བ་ཡིན། ཁྱོད་འདི་ལ་མཆིས་ (ཤོག་ ༡༩༧) ཤིག་གསུངས་པས། བུ་མོ་ངུས་པས། མ་ངུས་ཤིག །འདི་ནི་ངའི་རྩེད་མོ་ཡིན་མོད། འོན་ཀྱང་ཁྱོད་འདི་ལ་མ་སོང་ན་ཕྱིས་སུ་མི་ཇི་འདྲ་ཞིག་ལ་མཆིས། བུ་མོ་ལ་ཕ་མའི་ཚུལ་འཛིན་པའི་སྐལ་བ་དཀའ་མོ་ཞིག་རེད་གསུངས་པས། བུ་མོ་ན་རེ། ངས་དར་ཟབ་ཀྱིས་ལྷམ་གྱིས་ཏེ་གྱོན་པའི་མི་ཞིག་ལ་མཆིས་ཟེར་བས། འོ་ན་མི་དེའི་ལྷམ་ཕུད་དེ་ལྟོས་ཤིག་གསུངས། མི་དེའི་ལྷམ་དཀྲོལ་ཏེ་བལྟས་པས་ལྷམ་ནང་ནས་དར་ཟབ་མང་པོ་བྱུང་བས། ཐམས་ཅད་ཀྱིས་དེ་ལ་ཧས་ལས་ཏེ་ཅང་མི་སྨྲ་བར་འདུག་གོ །རྒྱལ་པོས་མི་འདི་ཕལ་པ་མ་ཡིན་ནོ་གསུངས་ཏེ་རེ་ཞིག་བསྡད་དུ་བཅུག་གོ།
དེ་ནས་བཙུན་མོའི་བསམ་པ། མི་འདི་འདིར་རིང་དུ་བསྡད་ན་ངའི་བུ་མོ་ལེན་དོགས་ཡོད་པས། འདི་ལ་ཐབས་བྱས་ཏེ་བསད་པར་བྱའོ་སྙམ་སྟེ། དྲིས་པ་མི་ཁྱོད་ཀྱིས་རྒྱལ་པོའི་སྲས་མོ་རྐྱེན་གང་གིས་ལེན། ནོར་འབུལ་ལམ། སྟོང་འབུལ་བྱས་པས། མི་དེ་ན་རེ། བདག་ལ་ནོར་མི་འདུག །རྒྱལ་པོ་ཡབ་ཡུམ་ལ་རང་གི་མཐུ་སྟོབས་ཕུལ་ནས་ལེན་ཞེས་སྨྲས་པའི་སྐབས་ན། (ཤོག་ ༡༩༨) མུ་སྟེགས་པའི་རྒྱལ་པོ་ཞིག་གིས་རྒྱལ་པོ་ལ་དམག་དྲངས་ཏེ་འོང་བའི་གཏམ་ཐོས་པས། བཙུན་མོས། མི་དེ་ལ་ཁྱོད་ཀྱི་དམག་ཆེན་པོ་འདི་ཕྱིར་ཟློག་ཐུབ་ན་ངེད་ཀྱི་བུ་མོ་བྱིན་ནོ་བྱས་པས། དེ་བཞིན་དུ་བགྱིའོ། །བདག་ལ་རྟ་བཟང་པོ། གོ་ཁྲབ། མདའ་གཞུ་བྱིན་ཅིག་ཟེར། བཙུན་མོས་དེ་དག་འཆམ་ནས། མདའ་གཞུང་གོ་ཁྲབ་བྱིན། ཁ་ཤིན་ཏུ་སྲ་བའི་རྟ་ལ་སྐྱོན་དུ་བཅུག །ཁོ་རང་ལ་ཆང་གར་མ་བྱིན་ཏེ་རང་གི་དམག་ལ་བཏང་ངོ་།།
དེ་ནས་རང་གི་དམག་གི་ནང་ནས་ཚུར་བྱིན་ཏེ་ད་དུང་གཡུལ་འགྱེད་པའི་དུས་ལ་བབས་པས་ཁྱོད་སོང་ཞིག་ཟེར་ཏེ། མུ་སྟེགས་རྒྱལ་པོའི་དམག་དཔུང་གི་བསྔུན་ནས་ཆོས་ཆོས་སུ་བཏང་ངོ་། །རྟའི་ཁ་ཕྱིར་འཐེན་མི་ཐུབ་པར་ནགས་ཁྲོད་ཅིག་ཏུ་ཁྱེར་བརྒྱུགས་ལ་འཆི་བ་ངན་པས་འགུམ་པར་འགྱུར་རོ་སྙམ་སྟེ་ཤིང་ཆེན་པོ་གཅིག་གི་ཡལ་ག་ལ་འཇུས་པས་ཤིང་དེའི་རྩ་བ་ནས་དྲུངས་ཕྱུངས་པ་ཐོགས་ཏེ་ཕ་རོལ་པོའི་དམག་མི་མང་པོ་རྒྱོབ་གསོད་བཏང་ངོ་། །དམག་ལྷག་མ་རྣམས་ཀྱིས་འདི་ནི་མི་ཕལ་པ་མ་ཡིན་ (ཤོག་ ༡༩༩) གྱིས་སྤྲུལ་པའི་མི་ཞིག་ཡིན་ཟེར་ནས་ཕྱིར་ལོག་ཏུ་བྲོས་སོང་ངོ་།།
ཤུལ་ནས་གོ་ཁྲབ་མདའ་གཞུ་ཞོན་པ་རྣམས་འདུས་ནས་ཚུར་ཁྱེར་ཏེ་རྒྱལ་པོ་ལ་ཕུལ་བས། རྒྱལ་པོ་ཆེས་དགའ་ནས་བུ་མོ་བྱིན་ནོ་གསུངས་པ་ལ། བཙུན་མོ་མ་ཉན་ཏེ། ཡང་མཐུ་སྟོབས་ཕུལ་ཞིག་བྱས་པས། སྟོབས་གང་ཞིག་ཕུལ་ཟེར། བཙུན་མོས་ངེད་ཀྱི་རི་ལ་ལུས་ཁྲུ་གང་དགུའི་ཚོད་ཀྱི་ཝ་སྐྱེས་མིང་ཆགས་པའི་ལྷ་ཞིག་ཆོ་རིས་ཁྲ་བོ་ཞིག་ཡོད། དེ་བསད་ནས་པགས་པ་ཁྱེར་འོང་ནས་ཕུལ་ཞིག་ཟེར། དེ་བཞིན་དུ་བགྱིའོ་ཟེར་ནས་མདའ་གཞུ་ཐོགས་ཁྱི་ཁྲིད་རྒྱགས་བླངས་རྟ་ལ་བཞོན་ཏེ་སོང་བས། ཉིན་མང་པོར་ཝ་སྐྱེས་འཚོལ་བས་མ་རྙེད་པར་ཚུར་ལོག་ཕོ་བྲང་དུ་ལོག་ནས་ཡོང་བའི་སྐབས་ཤིག་ན་གཞུ་སྟོར་བར་ཤེས་ཏེ། ཝ་སྐྱེས་མ་རྙེད་པའི་ཁར་གཞུ་སྟོར་བ་འཚོལ་བར་སོང་བས། ལ་ཞིག་གི་སྟེང་དུ་བསྟོར་འདུག་ཡོད་པའི་སར་གཞུ་ལུས་པ་མཐོང་ནས། དེར་མ་སླེབས་ཙམ་ནས་འཚོལ་བས་མ་རྙེད་པའི་ཝ་སྐྱེས་རོས་གཞུ་དེ་ཡི་རྒྱུས་སོས་བཅད་སྨེལ་བས་གཞུ་ཡིས་ཝ་སྐྱེས་ (ཤོག་ ༢༠༠) དེ་ཡི་དཔྲལ་བར་བརྒྱབ་པ་ཕོག་པས་ཤིའོ། །ཝ་དེའི་པགས་པ་ཁྱེར་ནས་ཕུལ་བས་རྒྱལ་པོ་ཡབ་ཡུམ་གྱིས། ཡང་སྟོབས་བྱིན་ཅིག་དེ་རྗེས་ཁྱོད་ལ་བུ་མོ་ངེས་པར་བྱིན་བྱས་པས། སྟོབས་གང་ཞིག་བྱིན་ཟེར། བྱང་ཕྱོགས་མོད་གལ་གྱི་ཡུལ་དུ་རྟ་བཞོན་པའི་བཙན་བདུན་ཡོད། དེ་དག་བསད་དེ་ཆས་རྣམས་ཁྱེར་ཤོག་བྱས་པས། བུ་མོས་དེ་ལ་རྒྱགས་བཟང་པོ་བསྡོགས་ཏེ། སྤྲུལ་པའི་ཟན་ཕྱེ་ནག་པོ་དུམ་པོ་བདུན་དང་། དཀར་པོ་དུམ་བུ་བདུན་བྱིན། རྟ་ཅང་ཤེས་བསྐྱོན་དུ་བཅུག་ནས་བཏང་ངོ་།།
ཁོས་ཞག་བདུན་བར་དུ་ཉིན་རེ་ལ་ཟན་ནག་དུམ་པོ་རེ་ཟོས་ཀྱིན་དུ་སོང་ནས་མོད་གལ་གྱི་ཡུལ་གྲུ་དེར་སླེབས་སོ། །དེར་ཐང་ཆེན་པོ་ཞིག་གི་དཀྱིལ་གྱི་སྤོ་མཐོའི་སྟེང་དུ་ཕེབས་ཏེ། དུམ་པོ་ཟན་དཀར་པོ་འདོན་ནས་མཐོང་སྟེ། འདི་དག་ལས་མདོག་ནག་པོ་ཞིག་ཟ་བར་བྱའོ་སྙམ་སྟེ། དུམ་པོ་བདུན་གྱི་གང་ཡང་བཤིག་པར་མི་ནུས་ཙམ་ན་མོད་གལ་གྱི་བཙན་རྟ་པ་བདུན་དེད་ཉེ་བར་ཡོང་བས། ཁོས་དེ་དག་མཐོང་ནས་སླར་དེར་ཟན་ (ཤོག་ ༢༠༡) རྣམས་དོར་ཏེ་བྲོས་སོང་བས། དེ་དག་ཕྱི་བཞིན་དེད་པ་ལ། གཅིག་གིས་ན་རེ། འདི་དེད་པས་ཅི་བྱ་རྒྱགས་ཆས་རྣམས་ལོན་ཟེར་ཏེ། ཕྱིར་ལོག་སྟེ་རང་གི་གནས་སུ་སླེབས་ཏེ་ ཟན་གོང་དུམ་པོ་བདུན་རེ་རེ་ཟོས་པས་བདུན་ཁ་ལ་དུག་བསྲེས་པས་བཙན་བདུན་པོ་དུག་གིས་ཤིའོ། །མི་དེས་ཕྱིར་ལོག་བྱུང་སྟེ་རྟ་བདུན་སག་ཐག་མདའ་གཞུ་རྣམས་ཁྱེར་ནས་རྒྱལ་པོ་ལ་ཕུལ། རྒྱལ་པོ་རབ་ཏུ་དགའ་ནས་བུ་མོ་བྱིན་ཏེ། རྒྱལ་པོ་རང་འདྲ་བའི་གདན་བཤམས་ལ་མི་ཆེན་པོ་རྣམས་འདུས་ཏེ་དགའ་སྟོན་བཟང་བར་བྱས། མངའ་འབངས་རྣམས་ཕྱེད་མར་བགོས་ནས་བྱིན། རྒྱལ་པོས་དེ་ནས་བཟུང་སྟེ་སྙིང་དང་འདྲ་བར་གཅེས་པར་ཕངས་པ་དང་ཆེས་མཉེས་བཞིན་བྱམས་པར་གྱུར་ཏོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་ཕ་གསང་སྔགས་པ་དེས་ས་བཟང་པོ་རྙེད་པས། བུ་དེ་འདྲ་བར་གྱུར་པ་རེས་དགའ་བ་ལ་ཞེས་སྨྲས། རྒྱལ་པོ་སྐལ་ཆད་ཀྱི་ཁ་ནས་གཏམ་བྱུང་། ངས་སརྦ་ལ་མི་སྡོད་ཟེར་ཏེ་ནམ་མཁར་ལྡིང་སོང་ངོ་། །རོ་དངོས་ (ཤོག་ ༢༠༢) གྲུབ་ཅན་གྱི་སྒྲུང་ལས་གསང་སྔགས་ཕ་བུའི་ལེའུ་སྟེ་བཅུ་དགུ་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་བྱང་ཕྱོགས་ན་གངས་རི་ཆེན་པོ་ཞིག་ལ་སེངྒེའི་རྫོང་གཅིག་ཏུ་སེངྒེ་མོ་ཞིག་ལ་ཕྲུ་གུ་བྱུང་ངོ་། །དེ་ལ་ལར་ཟ་རྒྱུ་ཅི་ཡང་མ་རྙེད་ནས་ཕྲུ་གུ་ཟ་བར་བརྩམས་པས་སེམས་སྤངས་ཏེ་ཟ་མི་ནུས་པར་རི་ཐང་མཚམས་སུ་ཟས་འཚོལ་དུ་ཕྱིན་པས། དེར་བ་ལང་མ་ཧེའི་ཁྱུ་མང་པོ་འདུག་པ་དེ་དག་གིས་སེངྒེའི་དྲི་སྣོམ་ནས་བྲོས་སོང་བ་ལ། བེའུ་བྱུང་མ་ཐག་པའི་མ་ཧེ་གཅིག་མ་བྲོས་པར་ལུས་འདུག་པ་མཐོང་སྟེ། སེངྒེ་དེས་ལྟོགས་གྲིར་ཆེས་པས་མ་བཟོད་པར་རྒྱུགས་མཆོངས་ཏེ་མ་ཧེ་དེ་བཟུང་ནས་ཁྲག་འཇིབ་ལ་ཤ་རུས་ཁྱེར་སོང་བས། བེའུས་དེའི་ཕྱི་བཞིན་འབྲངས་ནས་སོང་བས་རྫོང་དེར་སླེབས། སེངྒེས་ཁྲག་འཐུང་ལ་སྨྱོས་ནས་ཉལ་བ་ལ། སེང་ཕྲུག་དང་མ་ཧེའི་བེའུ་གཉིས་ཀས་སེངྒེའི་ནུ་མ་འཇིབ་བོ། །དེ་ནས་སེངྒེ་སྨྱོས་པར་གྱུར་པས་གཉིས་ (ཤོག་ ༢༠༣) ཀ་ལ་རང་གི་ཕྲུ་གུ་ཡིན་སྙམ་སྟེ་འོ་མས་འཚོའོ།།
ནམ་ཞིག་ན་སེངྒེའི་སྲོ་བྲག་ཏུ་རི་དྭགས་ཀྱི་རུས་པ་ཟུག་ཐེབས་ནས་ནད་མ་ཐེག་པར་འཆི་ལ་ཁད་པ་ན། བུ་གཉིས་ལ་ཁ་ཆེམས་འདི་སྐད་ཅེས་སྨྲས་པ། ཁྱོད་གཉིས་ནང་ཕན་ཚུན་བྱམས་པར་འགྲོགས་ནས་གནས་པར་བྱ། དགྲ་བོ་བྱུང་ན་སྟོབས་གཅིག་ཏུ་བྱོས་ཤིག །ངན་སེམས་ཅན་གཞན་སུ་གང་གིས་དབྱེ་བའི་གཏམ་གང་ལ་ཡང་མ་ཉོན་ཅིག །ཅེས་བཅོལ་ནས་མ་དེ་ཤིའོ། །དེ་ནས་སེངྒེས་ནགས་ཁྲོད་དུ་སོང་། ཁྱུ་མཆོག་གིས་རིའི་སུལ་དུ་སོང་ངོ་། །དེ་ནས་ཆུ་འཐུང་བའི་ཚེ་ན་ལྷན་ཅིག་ཏུ་འཐུང་ལ། རྩེད་མོ་བརྩེས་པས་ལྷན་ཅིག་ཏུ་གནས། དེ་རྗེས་རང་རང་གི་གནས་སུ་སོང་སྟེ་རེས་མོ་དེ་ལྟར་བྱམས་པར་གནས་པ་ལས། རེ་ཞིག་ན་སེངྒེས་རི་དྭགས་བསད་ནས་ཟོས་པའི་ཕྱིར་བཞིན་འབྲངས་ནས་ཤ་རྣམས་ལས་ཟོས་པའི་ཝ་གཅིག་ཡོད་པ་དེས། ནམ་ཞིག་ན་སེངྒེ་ཁྱུ་མཆོག་གཉིས་ལྷན་ཅིག་ཆུ་འཐུང་ནས་རྩེད་པ་མཐོང་སྟེ། ཝ་དེ་ཡང་བསམ་པ་ངས་སེངྒེའི་ཕ་ཕབ་ཟོ་ཡོད་པ་ལ་ད་དུང་མ་ཧེ་འདི་བྱུང་ (ཤོག་ ༢༠༤) བས་ཤ་ཟོས་རོགས་ན་ང་ལ་ལུས་རྒྱུ་མ་བྱུང་བས། འདི་གཉིས་ལ་ཕན་ཚུན་དཀྲུགས་ནས་དབྱེ་བར་བྱེད། ཕྲ་མའི་ཚིག་འདི་སྐད་སྨྲས་པར་བྱའོ་སྙམ་སྟེ། གཅིག་ལ་སེངྒེས་རི་དྭགས་གཅིག་བཟུང་ནས་ཤ་བཟོས་ཏེ་ཉལ་འདུག་པའི་རྩར་ཝ་བྱུང་ནས་ཤ་ལྷག་མི་ཟ་བར་མཇུག་མ་སྨ་ཕབ། ཝ་ན་རེ། ཤ་དེ་ཟ་བས་ཅི་བྱ། ཁྱོད་ལ་དགྲ་བོ་ཡོད་འདུག་པ་ལ། ངའི་ཞང་པོ་ཁྱོད་ལ་རང་གི་སེམས་ཆེར་གདུང་ངོ་ཟེར། སེངྒེས་ང་ལ་དགྲ་བོ་ཅི་ཡང་མེད། ཁྱོད་ཀྱིས་ཤ་ལྷག་ཁ་རོག་ཟོས་ཤིག་ཟེར། ཝ་ན་རེ། ངའི་ཞང་པོ་ཁྱོད་ཀྱིས་བདག་གིས་ཚིག་མ་ཉན་ན་ཕྱིས་སུ་འགྱོད་པར་འགྱུར་ཏ་རེ་ཟེར་ནས་ཉལ་ལོ།།
འོ་ན་ང་ལ་དགྲ་བོ་གང་འདུག་དྲིས་པས། ཕ་གི་ན་མ་ཧེ་གཅིག་ཡོད་པ་དེས་སེངྒེ་དེ་སྔོན་ངས་མ་བཀུམ་མོ། །དེའི་ཤ་འཁོན་དུ་ད་དུང་ངས་སེངྒེ་གསོད་ཅེས་སྨྲས་ཡོད་ཟེར། སེངྒེས་ངེད་གཉིས་ཕུ་ནུ་གཉིས་ཡིན་པས། དེས་ད་དུང་ང་ལ་གནོད་པ་བྱེད་པའི་དོགས་ (ཤོག་ ༢༠༥) པ་མེད་ཟེར། ཝ་ན་རེ། ཁྱོད་མ་ཤེས་ཏེ་དེའི་མ་ཁྱོད་ཀྱི་མས་བསད་པ་བདེན་པས་ཤེས་དགོས་ཟེར། སེངྒེས་ཝ་འདི་ངའི་ཞང་པོ་ཡིན་པས་ང་ལ་གློ་བ་ཉེ་བར་ངེས་སྙམ་སྟེ། ཁོས་ང་ལ་ཇི་ལྟར་བྱས་ཏེ་གསད་པ་བདག་ལ་སྨྲོས་ཤིག་ཟེར། ཝ་ན་རེ། མ་ཧེ་དེ་སང་སྔ་བར་ལངས་ཏེ་རྭ་གཉིས་ཀྱིས་ས་བྲུས་ཀློག་བྱེད། ལུས་རྙོང་བྱེད། མཇུག་མ་བཏེགས་པར་བྱེད་ལ་བུས་སྒྲ་བྱུང་ཞིང་བརྗིད་ཆེ་བར་འདུག་ན་དེས་ཁྱོད་གསོད་པའི་རྟགས་ཡིན་ཟེར། དེ་ལ་སེངྒེ་ངན་སེམས་སྐྱེས་དེ་འོ་ན་ངས་བག་ཟོན་བགྱི་ཟེར། དེ་ནས་ཡང་མ་ཧེ་རིའི་སུལ་ན་རྩྭ་ཟོས་ནས་འགྲངས་ཏེ་ཉལ་བ་ལ། དེའི་རྩར་ཝ་བྱུང་སྟེ། མཇུག་མ་སར་ཕབ། རྣ་བ་བརྐྱང་། གཏོང་ནས་ངུས་ཀྱིན་བསྡད་པས། ཝ་ཁྱོད་ལ་ཉེས་པ་ཅི་བྱུང་ཞེས་དྲིས་པས། ངའི་ཚ་བོ་ཁྱོད་ལ་དགྲ་བོ་ཡོད་འདུག་པས། ཁྱོད་ཀྱི་ཞང་པོ་ངས་སེམས་སྡུག་པས་ངུས་སོ་བྱས་པས། ང་ལ་དགྲ་བོ་སུ་ཡང་མེད་པས་ང་གང་གིས་ཀྱང་མི་ཐུབ་པ་ལ་ཁྱོད་སྡུག་མི་དགོས་ཟེར། ཝ་ན་རེ། རི་འདིའི་རྒྱབ་ (ཤོག་ ༢༠༦) ན་སེངྒེ་གཅིག་ཡོད་འདུག་པ་དེས་སྔོན་ངའི་མས་མ་ཧེ་དེའི་མ་ཟོས། ད་དུང་ངས་ཁོ་རང་ཟ་བའི་དུས་ལ་བབ་བོ་ཞེས་སྨྲས་ཡོད་ཟེར། ངེད་གཉིས་ཕུ་ནུ་གཉིས་ཡིན་པས་དེ་འདྲའི་དོགས་པ་མེད། ད་གཟོད་ང་ལ་དགྲ་བོའི་སེམས་མ་སྐྱེད་པར་ཁ་རོག་འདུག་ཅིག་ཟེར། ཝ་ན་རེ། ད་ལྟ་ཁྱོད་ངའི་ཚིག་མ་ཉན་ན་ཕྱིས་འགྱོད་པར་གྱུར་ཏ་རེ་ཟེར་ཏེ་ཉལ་ལོ།།
མ་ཧེས་འདི་ནི་ངའི་ཞང་པོ་གོ་ཆོད་པ་ཞིག་ཡིན་པས་གློ་བ་ཉེ་སྙམ་སྟེ། འོ་ན་སེངྒེས་ང་ལ་ཅིའི་ཚུལ་གྱིས་གསོད་པ་ང་ལ་སྨྲོས་ཤིག་ཟེར། སང་སྔ་བར་ལངས་ཏེ་ལུས་བྱ་རྙོང་བྱེད་རལ་པ་གྱེན་དུ་བརྫེས་པར་བྱེད། སྦར་མོས་ས་བྲད་པར་བྱེད་དེ་གཟི་བརྗིད་ཆེ་བར་བྱེད་ན་ཁོས་ཁྱོད་གསོད་པའི་རྟགས་ཡིན་ཟེར། དེ་ལ་ང་སེམས་འཆང་སྟེ་འོ་ན་ངས་བག་ཟོན་བགྱི་ཟེར། སང་སྔ་བར་ལངས་ཏེ་ཕན་ཚུན་བལྟས་པས་ཝས་ཇི་སྐད་ཟེར་བ་ལྟར་མཐོང་ནས་གཉིས་ཀ་ཁྲོ་སེམས་སྐྱེས་ཏེ། ཉི་མ་ཤར་བ་དང་གཉིས་ཀ་ལྷན་ཅིག་ཆུ་འཐུང་དུ་ཕྱིན་པས་གཉིས་ཀའི་བྱེད་ལུགས་དེ་ནི་སྔར་ནས་རང་རང་གི་དཔའ་བོའི་ཚུལ་ཡིན་ཡང་ (ཤོག་ ༢༠༧) གཅིག་གིས་གཅིག་ལ་སྐྱོན་རྟོགས་མི་བྱེད་པས་ཕན་ཚུན་གྱི་རང་བཞིན་མ་ཤེས་པ་ལ། ཝའི་ཕྲ་མའི་ཚིག་ཉན་ཏེ་སེངྒེས་མཆོངས་བྱུང་སྟེ་མ་ཧེའི་སྐེ་ནས་འཆང་བཟུང་བ་ན། མ་ཧེས་སེངྒེའི་ལྟོ་བ་རྭས་བརྡུངས་ཏེ་ཕིགས་པས་སེངྒེ་མ་ཧེ་གཉིས་མཉམ་དུ་ཤི་བ་ན། ནམ་མཁའ་ནས་སྒྲ་བྱུང་བ།
གྲོགས་ངན་བསྟན་པར་མ་བྱོས་ཤིག །གལ་ཏེ་གྲོགས་ངན་བསྟེན་བྱེད་ན། །
སེངྒེ་དང་ནི་བ་ལང་གཉིས། །ཝ་ངན་དབྱེ་བའི་ངང་ཚུལ་ལྟོས། །
ཞེས་སོ། །བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་མཉེས་གཤིན་བྱམས་པའི་གཅེན་གཅུང་གཉིས་ཝ་ངན་པས་དབྱེ་བ་རེས་ཕངས་ཞེས་སྨྲས། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ལ་མི་སྡོད་ཟེར་ནམ་མཁར་ལྡིང་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་སེངྒེ་བ་ལང་གཉིས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།
༈ ཡང་སྔར་བཞིན་ཡོང་བ་ལ་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་བྱང་ཕྱོགས་ཀྱི་བལ་པོའི་ཡུལ་ན་ལུང་པ་གསེར་མདོག་ཅེས་པ་ཡོད་ (ཤོག་ ༢༠༨) དོ། །དེར་རྒན་རྒོན་ཕོ་མོ་ཕྱུག་པོ་གཉིས་ལ་བུ་མེད་ཀྱང་བུ་མོ་གཅིག་པུ་ཡོད་དོ། །དེ་ནས་དེ་གཉིས་ཀྱིས་ངེད་གཉིས་རྒས་འཁོགས་པའི་ཕྱིར་བྱ་བྱེད་མི་ནུས་པ་བྱུང་འདུག་པས་བུ་མོ་དེ་མག་པ་བཟང་པོ་ལ་བྱིན་ཏེ། ནོར་ལོངས་སྤྱོད་ཕྱུག་རྣམས་ཀྱི་བྱ་བྱེད་དེ་དམ་པར་བྱའོ་སྙམ་སྟེ། རྐུན་པོ་རྒན་རྒོན་ཕོ་མོ་གཉིས་ལ་ཁྱེའུ་ཞིག་བཙས་པ་ཐོས་ནས་དེ་གཉིས་བོས་ཏེ་ཁྱོད་གཉིས་ཀྱི་ཁྱེའུ་ལ་བུ་མོ་འདི་བྱིན་ཏེ། ཁྱེའུ་དེ་ངེད་ཀྱི་མག་པར་གྱུར་དུ་བྱོས་ཤིག་ཟེར་ཏེ། རྐུན་པོ་ཕོ་མོ་གཉིས་ལ་ནོར་གྱི་དངོས་པོ་མང་པོ་བྱིན་ཏེ་རང་ཁྱིམ་དུ་ལོག་བཅུག་གོ།
ནམ་ཞིག་དུས་ལ་བབས་པ་ན་རྐུན་པོའི་བུས་ཕྱུག་པོའི་སར་ཕྱིན་ཏེ་བཟའ་མི་བྱས་པ་ལས། རེ་ཞིག་ན་ཆུང་མ་དང་ལྷན་ཅིག་ཕ་མ་དང་མཉམ་དུ་སོང་བས། ཕ་མ་གཉིས་མ་རྙེད་ནས་མི་འཕྲད་ཚད་ཐམས་ཅད་ལ་འདྲི་བཞིན་རྩད་གཅོད་དུ་སོང་བ་ལས། ཡུལ་ཞིག་ན་རྒྱལ་པོས་དབུལ་པོའི་མི་ཐམས་ཅད་འདུས་ཏེ་རང་རང་གི་གང་ལ་དགའ་བའི་བདོག་པ་བྱིན་ལ་འབྲུའི་ཆང་འཐོང་བར་བྱ་སྟེ་དེ་དག་གིས་ (ཤོག་ ༢༠༩) རྒྱལ་པོས་བདོག་པ་ཅི་བྱིན་པ་རྣམས་ཁྱེར་ཏེ་གྱེས་སོང་བ་མཐོང་སྟེ། རྐུན་པོའི་བུས་ཆུང་མ་ལ་སྨྲས་པ། འཇིག་རྟེན་འདི་ན་ཕྱུག་པོར་གྱུར་ན་ནོར་རྫས་འཆང་བར་མི་ནུས། ཕྱུག་རྣམས་འཚོ་བར་དཀའ་བས་མི་ནུས། རྒྱལ་པོ་ལ་ཁྲལ་མ་འབུལ་བའི་ཉེས་པ་ཡོད། དེ་ལས་སྤྲང་པོ་བྱས་ཏེ་ཐམས་ཅད་ལས་སློང་ལ་ཅི་འདོད་པ་ཟོས་པར་བྱེད་ན་དགྲ་ཇག་ཆོམ་རྐུན་ལས་མི་འཇིགས་པས། ནོར་རྣམས་འཆང་བའི་སྡུག་བསྔལ་མེད་པ་འདི་ལྟ་བུ་སྤྲང་པོའི་སློང་བ་ཟ་བ་དེ་ནི་བདེ་སྐྱིད་མ་ཡིན་ནམ་ཨང་། ཁྱོད་ཀྱི་ཕ་མ་གཉིས་ཤི་ན་ཁྱིམ་ཕྱུགས་རྣམས་ངེད་གཉིས་པོ་དམ་པར་གྱུར། མཐར་ཟད་པར་འགྱུར་རོ། །ཀྱེ་ཆུང་མ་ཨང་། དེ་བས་ན་མི་འཛད་པའི་ཟས་བླངས་ཏེ་ཟ་བར་བྱའོ་ཟེར་ཏེ། གྲོང་མང་པོར་སོང་ནས་སློང་བའི་ཟས་ཟོས་ཀྱིན་འཁྱམས་པའི་སྐབས་ན་ཆུང་མར་བུ་མོ་བཙས་སོ། །
དེའི་ཚེ་ཆུང་མ་ན་རེ། ངའི་ཕ་མ་ཕྱུག་པོ་ཞིག་ཡིན་པས། ད་དུང་ངེད་ཅག་དེར་ཕྱིན་ཏེ་བསྡད་ན་རིགས་ཏེ། དེ་ (ཤོག་ ༢༡༠) ལྟ་མིན་པར་སློང་ཟས་སུ་འགྲོ་ཚེ་བུ་མོ་འདི་ཁུར་ན་མ་ཐེག་པའི་སྡུག་བསྔལ་དཀའ། བྱེས་སུ་བོར་བ་མི་རིགས་སོ་ཟེར། ཁྱོ་ན་རེ། འབྲོག་དགོན་པའི་ཡུལ་དེར་སྐྱེ་བོ་རྣམས་ལ་ཆང་མི་འདུག་པས་ངས་བསྡད་མི་བཟོད་དོ་ཟེར། མོ་ན་རེ། དེ་ལ་སྐྱོན་མེད་དེ། ཕ་མ་ལས་ཞོན་པ་ཞིག་བླངས་ཏེ་དེ་ལ་བུ་མོ་འདི་སྐྱོན་ལ་ཟས་སློང་དུ་མཆིའོ་ཟེར་བ་ཁ་འཆམ་ནས། ལུང་པ་གསེར་མདོག་གི་ཐུར་དུ་སོང་སྟེ་དེར་ཕྱིན་པས་ཕ་མ་གཉིས་ཤི་སོང་། ནོར་ཕྱུགས་ཅང་མ་རྙེད་པར་ཕྱིར་ལོག་ཏུ་སློང་སྟེ་ཡོང་བ་ལ། རི་ཆེན་པོ་ཞིག་གི་རྩེ་མོར་རྩྭ་ཕུང་བཅུག་པར་བལ་འབྱར་བ་མཐོང་སྟེ། གཉིས་ཀ་གྲོས་བྱས་པ། འདི་བླངས་ལ་འདི་འདྲ་ཞིག་ཀྱང་བསགས་ནས་དེས་སྣམ་བུ་ཞིག་འཐག་པར་བྱའོ། །རི་མཐོན་པོའི་སྟེང་དུ་འཛེགས་ཐོན་ཏེ་གྲོང་མང་པོ་བལྟ་བར་བྱའོ། །དེ་དག་མཐོང་ནས་ཀྱང་མི་ཀུན་ལས་ནས་དང་འབྲས་སློང་བར་བྱའོ། །དེ་དག་བསླངས་པ་ཟོས་ཀྱིན་སྣམ་བུ་ཐག་བཏགས་པས་བོང་བུ་གཅིག་ཉོས་པ་དེ་ལ་བུ་མོ་འདི་བསྐྱོན་དུ་བཅུག་ན་ངེད་ཅག་ (ཤོག་ ༢༡༡) རེ་སྐྱིད་པ་ལ་ཞེས་གླེང་ངོ་།།
མོ་ན་རེ། ཉོས་པ་ལས་བོང་བུ་མོ་འཕྲད་ན་དགའ་སྟེ། དེ་ལས་རྟེའུ་སྐྱེས་ན་གཉིས་སུ་འགྱུར་རོ་ཟེར། ཁྱོ་ན་རེ། དེ་རིགས་ཏེ་བོང་བུ་མོ་བླངས་ན་གཉིས་སུ་འགྱུར་བ་བདེན་ནོ་ཟེར། བུ་མོ་ན་རེ། གལ་ཏེ་བོང་བུ་དེ་ལས་རྟེའུ་བྱུང་ན་དེ་ངས་ཞོན་ཏེ་སྤྲང་པོར་འགྲོ་ཟེར་བས། མས་ཁྱོད་རྟེའུའི་འཚང་ར་མ་བཅགས་ཤིག་ཟེར་དེ་དབྱུག་པས་བུ་མོའི་མགོ་བོར་བརྒྱབ་པས་བུ་མོ་ཤིའོ། །མོའི་ཕ་མ་གཉིས་མག་པ་བུ་མོ་གཉིས་ལ་ཁྱིམ་བརྩིགས་ནས་བདོག་པ་ཐམས་ཅད་སྤྲད་དེ་བྱ་བྱེད་བཅོལ་བ་དེ་གཉིས་སོང་ནས་མ་སླེབས་པ་ལ་གཞན་དོ་དམ་པར་མེད་པས། ལུག་ཁྲི་ཕྲག་རྣམས་ཅེ་སྤྱང་དང་འཕར་བ་རྣམས་ཀྱིས་ཟོས་པས་ཟད། དེའི་ནང་ནས་ལུ་གུ་གཅིག་པུ་ལུས་པ་དེས་བུག་པ་ཞིག་ལ་བཅུག་སྟེ། ཉིན་པར་བུག་ཏུ་གནས་ལ། མཚན་མོར་བུག་པ་ནས་ཐོན་ཏེ་རྩྭ་ཟོས་བཞིན་འདུག་གོ།
ནམ་ཞིག་ན་བུག་པའི་འགྲམ་དུ་རྩྭ་ཕུང་ཞིག་གི་རྩར་རི་བོང་ཞིག་བྱུང་ནས་རྗེས་ཤིག་འདུག་པ་མཐོང་སྟེ་བུག་པ་ (ཤོག་ ༢༡༢) འདིའི་ནང་དུ་སྲོག་ཆགས་ཅི་རེད་སྙམ་པ་ཙམ་ནས། ལུ་གུ་ཐོན་པས། རི་བོང་ཁྱོད་གང་གི་སུ་ཡིན་དྲིས་པས། ལུ་གུ་ན་རེ། མི་ཕྱུག་པོ་ཞིག་གི་ལུག་མང་པོ་ལས་ལུས་པ་ལུ་གུ་ང་གཅིག་པུ་འདུག་གོ་ཟེར། ཁྱོད་ཀྱི་བདག་པོ་གང་དུ་སོང་དྲིས་པས། ལུ་གུ་ན་རེ། བདག་པོ་བུ་མོའི་ཕྱིར་དུ་ནི། །སེམས་ནི་མྱ་ངན་བྱེད་བཞིན་ཤི །ལུག་རྣམས་ཁྲི་ཕྲག་ཅེ་སྤྱང་དང་། །འཕར་བས་ཟོས་ཟད་ད་ལམ་ན། །དེ་ལས་ལྟེས་ལུས་ཁོ་བོས་ནི། །མུན་ནག་བུག་པ་གཅིག་ཏུ་སྡོད། །དེང་ནས་བཟུང་སྟེ་རི་བོང་ཁྱོད། །བདག་གི་དཔུང་གཉེན་གྱུར་དུ་གསོལ། །ཞེས་ཚིགས་སུ་བཅད་པ་སྨྲས་པས། རི་བོང་ན་རེ། ཁྱོད་ཀྱིས་བུག་འདིར་གཅིག་པུ་རུ། །འདུག་པས་སྲོག་འཚོ་ཇི་དགའ་བྱེད། །ང་ཡིས་ཚ་བོ་ལུག་ཁྱུ་ཡི། །ནང་དུ་ཁྲིད་དེ་འདྲེས་རོགས་བགྱི། །ཟེར་བས། ལུ་གུ་ན་རེ། ཀྱེ་མ་ཞང་པོ་རི་བོང་ཁྱོད། །གདུག་ཅན་ཅེ་སྤྱང་ཟོ་ཕྱིར་དུ། །འོངས་ནས་མཐོ་སྟོབས་ཅི་བྱེད་ཀྱང་། །ང་ཡི་སྲོག་སྐྱོབ་མི་ནུས་ (ཤོག་ ༢༡༣) སོ། །བྱས་པས། རི་བོང་གིས། སྐྱོན་མེད་ངས་ཁྱོད་རང་ལུག་གི་ནང་དུ་སྐྱེལ་བར་བྱ་ཟེར་ཏེ། ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང་། ཁྲིད་དུ་སོང་བའི་ལམ་ཁར་སྐུད་པ་བཀལ་བའི་འཕང་ལོ་ཞིག་འདུག་པ་རྙེད་དེ། ལུ་གུ་ལ་འདི་ལོན་ཟེར་ཏེ་བླང་དུ་བཅུག །ཡང་སོང་བ་ལས་ལྷན་པ་སེར་པོ་དུམ་རེ་ལོན་དུ་བཅུག །ཡང་སོང་བ་ལས་ཤོག་དྲིལ་ཆུང་ངུ་ཡིག་བྲིས་ཅན་ཡང་ཁྱེར་ལ་སོང་བ་ལས། ཅེ་སྤྱང་གཅིག་ཐུག་འཕྲད་པ་མཐོང་སྟེ། རི་བོང་ན་རེ། ངའི་ཁྲི་ཁྱེར་ལ་ཤོག །དེའི་སྟེང་དུ་ངའི་གདན་སེར་པོ་ཐིངས་ཤིག །ཚེས་བཅོ་ལྔའི་ཟླ་བའི་ཉིན་ང་ལ་བསྐུར་བའི་སྤྲིངས་ཡིག་ཁྱེར་ཤོག །ཅེས་སྐད་གསང་མཐོན་པོས་སྨྲས་ནས། ཁྲིའི་སྟེང་དུ་རི་བོང་བཞུགས་ལ། ལུ་གུས་ཤོག་དྲིལ་ཕུལ་བས། རི་བོང་གིས། ཡིག་འཕྲིན་ཤོག་དྲིལ་ཕྱེ་ནས་བལྟས་ཏེ། ལྷ་ཡི་དབང་པོས་བཀའ་སྩལ་པའི་སྤྲིངས་ཡིག་ནི། །སྐལ་ལྡན་ཕོ་ཉའི་རི་བོང་ལ། །བྱིན་རྒྱུའི་སྤྲིངས་ཡིག་འདི་སྐད་དུ། །གདུག་ཅན་ཅེ་སྤྱང་སྟོང་ཕྲག་གི ། (ཤོག་ ༢༡༤) པགས་པ་བཤུས་ནས་ཁྱེར་ཤོག་ཅིག །ཁྱོད་ཀྱིས་མྱུར་བར་ཁྲི་ལས་ནི། །བབས་ཏེ་པགས་པ་བཤུས་པར་བྱོས། །ཞེས་སྤྲིངས་ཡིག་སྐད་དྲག་པོ་ཆེན་པོས་བརྗོད་དེ། རྣ་བ་གཉིས་བརྗེས་སེང་ངེ་བསྡད་པས། ཅེ་སྤྱང་དེ་ཕྱི་མིག་མི་བལྟ་བར་བྲོས་ལོག་སོང་ངོ་།།
དེའི་རྗེས་ལུ་གུ་དེ་ཁྲིད་བྱུང་ནས་བལ་པོའི་ལུག་གི་ནང་དུ་ཁྱུ་དང་འདྲེས་པར་བཏང་ངོ་། །དེ་ནས་བཟུང་སྟེ་ད་ལྟའི་བར་དུ་བལ་པོའི་མི་རྣམས་ཀྱི་ལུག་ལ་རི་བོང་གིས་བྱ་ར་བྱེད་པའི་ཚུལ་དེ་ཡིན་ནོ། །བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་བློ་དང་ལྡན་པའི་རི་བོང་ཡིན་འདུག་ན་ཞེས་སྨྲས། རྒྱལ་པོ་སྐལ་ཆད་ཀྱི་ཁ་ནས་གཏམ་བྱུང་། ངས་སརྦ་ལ་མི་སྡོད་ཟེར་ཏེ་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བློ་ལྡན་རི་བོང་གི་ལེའུ་སྟེ་ཉེར་གཅིག་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་ཤར་ཕྱོགས་སུ། རྒྱལ་པོ་ཞིག་ཡོད་པ་དེ་རྒྱལ་པོའི་ཕོ་བྲང་ཁོ་ནས་བཞུགས་པ་ལས་གཞན་དུ་མ་བྱོན་པ་དང་། མི་གང་ (ཤོག་ ༢༡༥) ལ་ཡང་མི་མཐོང་བར་འདུག་གོ །ནམ་ཞིག་ཉིན་གུང་ན་མངའ་འབངས་ལས་ཁྱེའུ་བཟང་བ་ཞིག་ཁྱེར་ནས་གཙུག་ཕུད་བཞར་བར་བྱས་ཏེ་མོད་ལ་བསད་དོ། །དེ་ནས་བཟུང་སྟེ་སྐྲ་བཞར་བ་རེས་མི་རེ་བསད་ནས་ལོ་མང་སོང་བ་ལ། ཉིན་གཅིག་རྒན་མོ་ཞིག་གི་ཁྱེའུ་གཅིག་པུ་ཡོད་པ་དེ་ལ་ཕོག་པས། རྒན་མོས་ངའི་བུ་གཅིག་པུ་གསོད་པའི་དུས་ལ་བབ་བོ་ཞེས་ཡིད་མུག་ནས། བུ་ལ་གོས་བཟང་པོ་གྱོན། རང་གི་ནུ་མའི་འོ་མས་རྩམ་པ་སྤྲུལ་ནས་གོང་བུར་བྱས་ཏེ་ཨམ་ཕྲག་ཏུ་བཅུག་ལ། འདི་རྒྱལ་པོའི་གཙུག་ཕུད་བཞར་བ་ན་ཆུང་ཆུང་ཟ་བར་བྱ་སྟེ་སོ་མང་རྒྱོབ་ཅིག །རྒྱལ་པོས་ཁྱོད་མི་གསོད་པའང་སྲིད་ཅེས་བཅོལ་ནས། ཁྱེའུས་རྒྱལ་པོའི་དྲུང་དུ་ཕྱིན་ཏེ། གསེར་གྱི་སོ་མང་གིས་སྐྲ་བཞར་བ་ལ་རྒྱལ་པོའི་རྣ་བ་བོང་བུའི་རྣ་བ་ཇི་བཞིན་འདུག་པ་མཐོང་ངོ་།།
དེའི་ཚེ་ཟས་གོང་ལས་ཅུང་ཞིག་ཟོས་པས། རྒྱལ་པོས་ཁྱོད་ཀྱི་འདི་ཅི་ཡིན་དྲིས་པས། འབྲས་ཀྱི་ཟན་ཞེས་ཞུས་པས། རྒྱལ་པོས་ང་ལ་བྱིན་ཅིག་ (ཤོག་ ༢༡༦) གསུངས། ཟན་གྱི་གོང་བུ་ཞིག་ཕུལ་བས། དེ་བཞེས་ནས་དྲི་རོ་ཤིན་ཏུ་ཞིམ་པ་འདི་ཅིའི་རྐྱེན་ཡིན་གསུངས། ཁྱེའུ་ན་རེ། ངའི་མས་རང་གི་ནུ་མའི་འོ་མས་སྤྲུལ་ཏེ་བྱིན་པ་ལགས་ཞུས་པས། རྒྱལ་པོའི་བསམ་པ། ཁྱེའུ་འདི་གསོད་དུ་མི་རུང་བར་འགྱུར་ཏེ། ངེད་གཉིས་མ་གཅིག་གི་འོ་མ་འཐུངས་པས་ཉེ་འབྲེལ་ཅན་ཉེས་པ་མེད་པར་གསོད་པའི་ཚུལ་གང་ནས་རེད་སྙམ་སྟེ། ཁྱེའུ་ལ་གསུངས་པ་ངའི་རྣ་བ་འདི་འདྲའི་ལན་གྱིས་འདི་མཐོང་ཚད་མོད་ལ་བསད་པ་ཡིན་པ་ལ་ད་དུང་ངས་ཁྱོད་མི་གསོད་དེ། མ་གཅིག་གི་འོ་མ་འཐུངས་པས་ཁྱེད་ཀྱིས་ཀྱང་ང་ལ་བོང་བུའི་རྣ་བ་ཡོད་པར་མི་གཞན་ལ་མི་སྨོས་ཤིག་གསུངས་པས། ཀྱེ་རྒྱལ་པོ། ངས་མི་གང་ལའང་མི་སྨྲའོ། །འོ་ན་མ་ལའང་མི་སྨྲོས་ཤིག །གལ་ཏེ་མི་ལ་སྨྲས་ན་ངས་ཁྱེད་གསོད་ངེས་ཏེ་ཁྱོད་ལས་གཞན་པའི་མི་གང་ལ་ཡང་མ་ཤེས་པས་བག་ཡོད་པར་བྱོས་ཤིག །ཅེས་བསྒོས་ནས་བཏང་ངོ་།།
ཁྱེའུ་དེ་རང་ཁྱིམ་དུ་བྱུང་ལ། དེ་རྗེས་ཀྱི་སྐྲ་བཞར་བའི་མི་སྔ་མ་ (ཤོག་ ༢༡༧) བཞིན་དུ་བསད་པས། ཐམས་ཅད་ཀྱིས་རྒན་མོའི་བུ་སེམས་ཀྱི་སྡུག་བསྔལ་མེད་པར་བདེ་སྐྱིད་ཀྱིས་གནས་སོ་ཞེས་ཡ་མཚན་པར་བྱེད་དོ། །ཐམས་ཅད་ཀྱིས་ཁྱོད་ཇི་ལྟར་བྱས་པས་མ་ཤི་བར་བྱུང་ཞེས་དྲིས་པ་ལ། མ་གཙོ་བྱས་པ་ཀུན་ལ་ཅི་ཡང་མ་སྨྲས་སོ། །རྒྱལ་པོའི་རྣ་བ་ནི་གཞན་ལས་ལྷག་པར་གྱུར་པའི་ཚུལ་གཞན་གང་ལའང་ཅི་ཡང་མི་སྨྲ་ཡང་སེམས་ཁོང་དུ་བརྣགས་པས་ན། ཁྱེའུ་དེ་ནད་དྲག་པོ་ཆེན་པོས་ཐེབས་ནས་སྨན་དང་། རིམ་གྲོའི་ཆོས་སྐོར་ཅི་བྱས་ཀྱང་ཕན་མ་བཏགས་པར་ཤི་ལ་ཁད་པ་ན་ལྷ་རྗེ་ཞིག་གདན་དྲངས་ནས་རྩ་བསྟན་པས། ལྷ་རྗེ་ན་རེ། ཁྱོད་ལ་སེམས་ཀྱི་ནད་ལས་གཞན་གྱི་ནད་མི་འདུག་པས། སྨན་འཐུང་བས་ཕན་མི་འདོགས། སེམས་ལ་བརྣགས་པ་ཁ་ལ་ཐོན་ཏེ་སྨྲོས་ཤིག་བྱས་པས། ཐམས་ཅད་ཀྱིས་ཁ་མཐུན་པར་གཏམ་ཡོད་ན་ད་ལྟ་ཉིད་དུ་བརྗོད། འཆི་བ་ལ་མི་སྨྲ་ན་ཕྱིས་སུ་གང་གི་ཚེ་བརྗོད་ཟེར་བར། ཁྱེའུ་དེ་མི་འདུག་ཟེར་ནས་མི་སྨྲ། (ཤོག་ ༢༡༨) ལན་གཅིག་ན་མས་ནན་ཏན་གྱིས་དྲིས་པས། མ་ལ་བརྗོད་རྒྱུའི་གཏམ་ཞིག་ཡོད་མོད། འོན་ཀྱང་གལ་ཏེ་སྨྲས་ན་རྒྱལ་པོའི་ཆད་པ་ཕོག་ཟེར། མས་འོ་ན་མི་མེད་པའི་དགོན་པར་སོང་སྟེ། ས་རྡོ་ཤིང་གི་ཕུག་པ་ཞིག་ལ་སྨྲས་ན་སོས་སོ། །བྱས་པས། ཁྱེའུ་གསང་སྟེ་སོང་ལ་བྱི་བའི་བུག་པར་ཁ་གཏད་ནས་ངེད་ཀྱི་རྒྱལ་པོ་ནི་བོང་བུའི་རྣ་བ་ཅན་ཡིན་ནོ་ཞེས་འོ་འདོད་འབོད་པས་སྨྲས་སོ། །དེ་ནས་བཟུང་སྟེ་ཁྱེའུ་དེ་ན་བ་དྲག་གོ །བུག་པ་དེའི་བྱི་བས་དེས་ཁོའི་གཏམ་ཐོས་ནས་བུག་པའི་ནང་གི་སྒྲ་ཕྱིར་ཐོན་པས་རླུང་དང་འདྲིས་ནས་རྒྱལ་པོའི་རྣ་བ་ལ་གསན་ཏོ།།
དེ་ནས་གཏམ་འདི་ཁྱེའུ་དེས་སྨྲས་པ་ཡིན་སྙམ་སྟེ། ཕོ་ཉ་བཏང་བས་ཁྱེའུ་དེ་རྒྱལ་པོའི་དྲུང་དུ་བཀུག་ལ། རྒྱལ་པོས་བཀའ་སྩལ་པ། ངས་ཁྱོད་ལ་མི་གཞན་ལ་མི་སྨྲ་བར་བསྒོས་པ་ཡིན་འདུག །ད་དུང་ཁྱོད་ཀྱི་ལས་ཁྲིད་པས་དེ་འདྲའི་གཏམ་སྨྲས་སམ་ཞེས་དྲིས་པས། ཁྱེའུ་ན་རེ། ང་རང་གིས་ (ཤོག་ ༢༡༩) མི་གང་ལའང་རྡུལ་ཕྲན་ཙམ་དུ་ཡང་བརྗོད་པ་མ་ལགས་སོ། །ཟེར། ཁྱོད་མི་ཞིག་ལ་ངེས་པར་སྨྲས་པ་ཡིན་ཏེ། སྨྲས་པའི་སྒྲ་ནི་ངས་གསན་པར་གྱུར་ཏོ། །མི་སྨྲ་ན་ང་ལ་གང་ནས་ཉན་པར་གྱུར་བྱས་པས། ཁྱེའུ་ན་རེ། ཁྱིམ་དུ་མཆིས་ནས་བདག་ནད་དྲག་པོས་ཐེབས་ལ་སྨན་བཅོས་ཅི་བྱེད་མ་ཕན་པའང་འདི་མི་གཞན་ལ་མི་སྨྲ་བའི་ལན་ཏེ། ཉེ་དུ་ཡིན་མིན་ཐམས་ཅད་ཀྱིས་ཁྱོད་མ་ཤི་བ་ཅི་ཡིན་ཞེས་ནན་གྱིས་དྲིས་ཀྱང་མི་སྨྲའི་དུག་སེམས་ལ་བཞུགས་པའི་རྐྱེན་དུ་ཤེས་ཀྱང་མི་བརྗོད་པར་འཆི་ལ་ཁད་ཚེ། ལྷ་རྗེར་རྩ་བསྟན་ནས་ལུང་བསྟན་པ་སོགས་སྔར་བྱུང་བཞིན་རྒྱས་པར་ཞུས་ནས། བྱི་བའི་བུག་པར་སྨྲས་པ་ལས་གཞན་སུ་གང་ལའང་མ་བརྗོད་དོ། །
གལ་ཏེ་ཁྱེད་ཀྱིས་གསན་པ་བདེན་ན་གཏམ་ངན་དེ་རླུང་ལས་གཞན་གང་གིས་བརྗོད་བྱས་པས། དེར་རྒྱལ་པོས། ངས་ཀྱང་རླུང་དང་འདྲེས་པ་ཉན་པ་ཡིན་གསུངས་ནས། བུ་ཁྱོད་བསད་པས་ཅི་བྱ། ད་དུང་ (ཤོག་ ༢༢༠) ངའི་རྣ་བ་གཞན་དང་འཕྲད་རུང་བའི་ཐབས་ཁྱོད་ལ་ཡོད་དགོས་གསུངས་པས། ཁྱེའུ་ན་རེ། ཀྱེ་མ་རྒྱལ་པོ་ཆེན་པོས་ངའི་ཚིག་ཉན་ན་བདག་ལ་ཐབས་གཅིག་འདུག་ཟེར། རྒྱལ་པོས་ཐབས་དེ་ང་ལ་བརྗོད་ཅིག་ངས་གསན་ནོ། །ཁྱེའུ་ན་རེ། ཀྱེ་མ་རྒྱལ་པོ་ཆེན་པོ་དབུ་ལ་ཞྭ་ཞིག་གསར་དུ་བཟོས་ལ། དེའི་ལོགས་གཉིས་སུ་རྣ་བ་སྦེད་པའི་རྭ་ཅན་གྱི་ཞྭ་གྱོན། སྐུ་དྲུང་པ་རྣམས་ལའང་དེ་འདྲའི་ཞྭ་མ་གྱོན་དུ་བཅུག་པས་བྲིད་ན་རིགས་སོ་བྱས་པས། དེ་དགོངས་པར་སོང་སྟེ་ཞྭ་གསར་བཟོས་ནས་ཉིན་བཟང་བར་གྱོན་ལ་རྒྱལ་པོ་ཁྲི་ལ་བཞུགས་མངའ་འབངས་ཀུན་འདུས་ཞྭ་གསར་དེ་ཚོས་ཡ་མཚན་དུ་བསྔགས་ཏེ་ཀུན་ལ་གྲགས་སོ།།
དེ་ནས་བཟུང་སྟེ་ཐམས་ཅད་རྒྱལ་པོ་མཐོང་ཡང་བོང་བུའི་རྣ་བ་ཅན་དུ་ཀུན་གྱིས་མ་ཤེས་པར་མི་ཆེན་པོའི་རྒྱན་དུ་སྨྲས་ཏེ་ཞྭ་ཅན་ཞེས་གྲགས་སོ། །དེང་སང་ཡང་ཤཱ་ཡན་ཕུའི་རྒྱལ་པོའི་དྲུང་པ་བཅའ་ས་ཅན་ལ་དེ་འདྲའི་ཞྭ་ཡོད་པའང་དེ་ཡིན་ནོ། །རྒན་མོའི་བུ་དེས་ཁྱིམ་འཛིན་ཏེ་ (ཤོག་ ༢༢༡) བློན་པོར་གྱུར་པས་མི་གསོད་པའི་ཚུལ་ཡང་དེ་ནས་ཆད་དོ། །དེར་ཐམས་ཅད་ཀྱིས་བདེ་ཞིང་སྐྱིད་དོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་རྒྱལ་པོ་གཅིག་པུའི་རྣ་བ་གསང་ཆེན་འཆི་རྒྱུའི་དེ་འདྲའི་མི་མང་པོའི་སྲོག་སྐྱོབ་རྒན་མོའི་བུ་དེ་བློ་གྲོས་བཟང་པོ་ཡིན་ནོ། །ཞེས་སྨྲས་པ། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ལ་མི་སྡོད་ཟེར་ཏེ་ཤོར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རྒྱལ་པོ་བོང་བུའི་རྣ་བ་ཅན་གྱི་ལེའུ་སྟེ་ཉེར་གཉིས་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་ནུབ་ཕྱོགས་སུ། ཁ་ཆེའི་ཡུལ་དུ་ཨ་མི་ཨ་ལྕི་གཉིས་ལ་ཤིན་ཏུ་གླེན་པའི་བུ་གཅིག་ཡོད་དེ། ཕ་མ་གཉིས་ཀྱི་བསམ་པ། ངེད་ཀྱི་བུ་འདི་ཆེས་ཤིན་ཏུ་གཏི་མུག་པ་ཡིན་པས། སྲོག་འཚོ་བར་བྱེད་མི་ནུས་ཏེ། འདི་ལ་ཕྱུག་པོའི་བུ་མོ་བསུས་ནས་བཟའ་མི་བྱའོ་སྙམ་སྟེ་དེ་ལྟར་བྱས་ཏེ་ཕ་མ་གཉིས་ཤིའོ། །བུ་དེ་ཟ་འཐུང་མ་གཏོགས་པ་ཅི་ཡང་མི་ཤེས་པས་ཟས་ (ཤོག་ ༢༢༢) ཟད་རྗེས་ཞིང་ས་ཡང་བཙོང་ནས་ཟོས་པས་ཟད་དེ་ཟ་རྒྱུ་མེད་པ་ན། ཆུང་མ་ན་རེ། ངེད་གཉིས་ད་གཟོད་ཟ་རྒྱུ་ཅི་ཡང་མེད་པས་འདིར་བསྡད་ཀྱིན་ལྟོགས་གྲིར་འཆི་བར་འགྱུར། ངའི་ཕ་མ་ལ་སྐྱེས་གཅིག་རྙེད་པ་ཁྱེར་ཏེ་ཕྱིན་ན་ངེད་གཉིས་ལ་སྲོག་འཚོ་བའི་བདོག་པ་བྱིན་པར་ཐག་ཆོད་ཟེར་ནས། སྐྱེས་སུ་བྱིན་རྒྱུ་མ་རྙེད་པས། ཁོ་ལ་སྨྲས་པ། ཁྱོད་ཉ་གཅིག་བྱིན་པ་སྲིད། དེ་བྱུང་ན་དེ་སྐྱེས་སུ་ཁྱེར་སོང་ཟེར། ཁྱོ་ཡང་དེ་བཞིན་དུ་ཉ་པ་ཅན་དུ་སོང་སྟེ་ཕན་བཏགས་པས་ཉ་གསོན་པོ་གཅིག་བྱིན། ཆུང་མས་ཉ་དེ་སྡེར་མ་ཞིག་གི་ནང་དུ་བཞག་ལ་ཁྱོའི་ལག་ཏུ་བཟུང་བར་བྱེད། ཁྱོད་ངའི་ཕྱི་བཞིན་ཡོང་བར་བྱ། ངས་སྔར་འགྲོ་ཟེར་ནས་སོང་བས། ཁྱིམ་ཨ་མས་ངེད་ཀྱི་བུ་མོ་བྱུང་ཟེར་ནས་དགའ་ནས་བསྔུན་བསུས་ནས་འོངས་པ་ལ། མོ་དེས་ངའི་ཕྱི་བཞིན་ཡོང་མཆི་དེའི་མདུན་ནས་ཀྱང་བསུ་བ་བྱ་ཟེར་བ་ལྟར། ཕར་སོང་བས་ཉེ་བར་མ་བྱུང་། ཡུན་རིང་སོང་རྗེས་བསུས་ཕྱིན་པས། མག་པ་གླེན་པ་དེས་ཆུ་བརྒལ་བ་ན་ཉ་དེ་ཆུ་ (ཤོག་ ༢༢༣) ལ་དོར་བས་གོས་ཕུད་དེ་གཅེར་བུར་ཆུ་ནང་དུ་ཉ་མི་མཐོང་བཞིན་དུ་དེད་སོང་བར་འདུག །གཉེན་བཤེས་རྣམས་ཀྱིས་འདི་དེད་པས་ཅི་བྱ། ད་དུང་ངེད་ཀྱི་ཁྱིམ་དུ་མཆི་ཟེར་བས། མ་ཉན་པར་ངའི་བསྐུར་བའི་དམར་གསོལ་ཡིན་ཟེར་ཏེ། ཡང་དེད་པ་ལ་ཆུ་རྙོག་མར་སོང་བས་ཅི་ཡང་མི་མཐོང་ངོ་། །སྒྱུག་མོ་ཡང་བྱུང་ནས་ངེད་ཀྱི་ཁྱིམ་ལ་དེང་ཟེར་བས། དམར་གསོལ་མི་འདུག་པས་མི་རུང་ཟེར་ཏེ་མ་ཉན་ནོ། །ཐམས་ཅད་ཀྱི་ཆུ་དེའི་ནང་དུ་བཙལ་བས་རྡོ་མ་གཏོགས་ཅི་ཡང་མི་འདུག་པ་ལ། དེར་ཁྱོད་ཀྱི་དམར་གསོལ་གྱི་རྣམ་པ་ཇི་ལྟར་ཡོད་དྲིས་བྱས། ཉའི་རྣམ་པ་བརྗོད་རྒྱུ་མ་རྙེད་པར་ཚ་བོ་ཞིག་གི་མགོ་བོ་ནས་བཟུང་སྟེ་འདི་འདྲ་ཞིག་ཡིན་ཞེས་བསྙད་པས། སྒྱུག་མོས་གཙོ་བྱས་པའི་ཆུང་མའི་ཉེ་འབྲེལ་ཚོས་འདི་འདྲའི་གླེན་པའི་མི་ཡོད་འདུག་ན། ཞེས་སྐྱེངས་བཞིན་དུ་ཁྱིམ་དུ་བྱུང་ནས། བུ་མོ་ལས་དེ་ཅི་ཡིན་དྲིས་པས་ཉ་ཡིན་ཟེར། དེར་ཉེ་འབྲེལ་ཚོས་འདི་གཉིས་ཇི་དགའ་སྲོག་འཚོ་བར་བྱེད་ཟེར་ཏེ། དེང་ཕྱིན་ཆད་ (ཤོག་ ༢༢༤) ངེད་ཅག་གི་རྩར་མི་འོངས་ཤིག །ངེད་ཀྱི་སྙན་གྲགས་ཕུང་བར་འགྱུར་རོ། །ཟེར་ཏེ་བདོག་པ་མི་བྱིན་པར་ཕར་སྐྲད་དོ།།
དེར་ཆུང་མས་ཉེ་དུ་རྣམས་སུན་ཕྱུང་བས། མི་གཞན་རྣམས་ཀྱི་གྲོང་དུ་ཕྱིན་ཏེ་རས་ཐགས་པས་སྲོག་འཚོ་བར་བྱེད་པ་ལ། ཁྱོ་ལའང་བསླབ་བྱ་ཁ་ཏ་མང་པོས་བྱ་བྱེད་སྦྱོང་བར་བྱས་པས་སྤྱང་པོར་སོང་སྟེ་ཚོང་པ་བྱས་པས་བདོག་པ་ཐན་ཐུན་རྙེད། ཆུང་མ་དེ་ལ་མུ་ཏིག་འགའ་རེ་ཡང་འདུག །ཚོང་པ་ལེགས་པར་བྱས་པས་རྟ་གཅིག་ཀྱང་རྙེད་འདུག །དེ་ནས་ཁྱིམ་བདག་ན་རེ། ཆུང་མ་ཁྱེད་ཀྱི་ཉེ་དུ་རྣམས་ངེད་ཅག་གཉིས་མི་བརྩིས་གནས་ནས་ཀྱང་བསྐྲད་པ་ཡིན། ད་གཟོད་དེ་དག་ལས་ཤ་འཁོན་ཞིག་བླང་བར་བྱའོ་ཟེར་ནས། མུ་ཏིག་ཁྱེར། རྟ་ལ་བཞོན་ཏེ་ཕྱིན་པས། ཞང་པོ་རྣམས་སྒོར་བསུས་ནས་ཁྱིམ་དུ་ཕེབས་པས། ཁོས་རྟ་མགོ་ལ་ཞྭ་ཐུམ་གྱོན་ཏེ་བཏང་བས། དེ་དག་གིས་ཁྱོད་རྟ་ལ་རྩྭ་བྱིན་ཟེར་བས། ངའི་རྟ་རྩྭ་མ་ཟོས་ཟེར་ཏེ། བཟའ་ཟོས་ཆང་འཐུང་ནས་ཕྱིར་ (ཤོག་ ༢༢༥) ཐོན་ཏེ་རྟའི་རྩར་ཕྱིན་ཏེ་གཤང་བཏང་བ་ཁྱེར་ལ་མུ་ཏིག་གསང་ནས་འདྲེས་ཏེ་སྣོད་གཅིག་ཏུ་བཅུག་ལ་འཆང་ངོ་། །དེའི་ཚེ་ཞང་པོ་རྣམས་ཀྱི་འདི་ཁྱོད་ཀྱི་ཅི་ཡིན་དྲིས་པས། འདི་ངའི་རྟ་ནོར་བུ་ཅན་ཡིན་ནོ། །འདིའི་གཤང་ནས་རིན་པོ་ཆེ་བྱུང་ངོ་། །འདི་འདྲ་ཡིན་པ་མི་གཞན་ལ་མི་སྨྲོས་ཤིག་ཟེར། དེ་དག་བལྟ་བར་བྱ་ཟེར་ཏེ་བལྟས་པས། གཤང་དང་མུ་ཏིག་འདྲེས་པ་མཐོང་ནས་འདི་ཡང་ངེད་ལ་བྱིན་ཟེར་བས་མ་ཉན་པ་ལ། རྣམ་པ་དུ་མའི་ནོར་རྫས་ཆེས་མང་པོ་བྱིན་པ་ལ་ཚོང་པས་བླངས་ཏེ། མག་པ་ལ་ཕར་ཞང་པོས་དྲིས་པ་རྟ་འདི་ཇི་ལྟར་བྱས་ན་རིན་ཆེན་བྱུང་ཟེར། ཞག་བདུན་བར་དུ་རྩྭ་ཆུ་མ་བྱིན་ཅིག །འབྲུ་ཅུང་ཞིག་བྱིན་ན་དེ་བྱུང་ངོ་། །དེ་རྗེས་མང་དུ་བྱིན་ན་མུ་ཏིག་མང་པོ་བྱུང་ངོ་ཟེར་ཏེ་ལོགས་སོང་ངོ་།།
དེ་དག་ཞག་བདུན་བར་དུ་ཆུ་མ་བྱིན་པར་ཚིག་གུ་ཙམ་བྱིན་པས་རྟ་ཤིའོ། །དེ་རྗེས་འབྲིད་པར་ཤེས་ཏེ་མག་པ་རྩད་གཅོད་ནས་རྙེད་དེ་ལག་གཉིས་རྒྱབ་ཏུ་ཁྲེས་ནས་ཁྱེར་བའི་ལམ་ཁར་གྲོང་བརྡལ་ཞིག་ཏུ་ཕྱིན་པས་ (ཤོག་ ༢༢༦) མོག་ཤིང་གཅིག་ལ་བཅིངས་ཏེ་བཞག་ནས། དེ་དག་གྲོང་དེ་ལ་ཆང་འཐུང་དུ་སོང་བའི་རྗེས་སུ་མི་དེའི་དྲུང་དུ་རི་དྭགས་ལྟ་བུའི་རྒུར་པོ་མི་ཞིག་གིས་ཕག་བཅུ་དེད་འོང་ནས་ཤིང་ལ་བཅིངས་པའི་མི་མཐོང་སྟེ། ཁྱོད་ཅི་བྱེད་མཁན་གྱི་མི་ལགས་དྲིས་པས། ང་ནི་ལྷ་རྗེའི་མི་ཡིན་ལ། མི་སྒུར་པོ་ཤིང་འདི་ལ་བཅིངས་ན་དྲང་པོར་གྱུར་རོ། །བྱས་པས། མི་སྒུར་པོ་ན་ཏེ། འོ་ན་ངའི་འཚང་རེ་འཐེན་ལ་དྲང་པོར་སློང་ཟེར། དེས་རུང་ཟེར་ཏེ། ངའི་བཅིངས་པ་དཀྲོལ་བྱས་ནས་མི་སྒུར་པོ་དེ་ཤིང་ལ་བཅིངས་ཏེ་བཞག་ལ། བདག་འདིར་འོང་བར་དུ་ཁྱེད་སྐད་མ་བསྒྲགས། ངས་ཁྱོད་ཀྱི་ཕག་རྣམས་བྱ་ར་བྱས་ཟེར་ཏེ། ཕག་རྣམས་ཁྱེར་ནས་རང་ཁྱིམ་དུ་ལོག་སོང་ངོ་།།
ཞང་པོ་རྣམས་བྱུང་ནས་སྔར་གྱི་མག་པ་ཡིན་སྙམ་དུ་འཁྲུལ་ནས་ཤིང་དེའི་དྲུང་དུ་གཏིང་ཤིན་ཏུ་ཟབ་པའི་ཁྲོན་པ་ཞིག་འདུག་པ་དེར་དོར་ནས་དེ་དག་ཀྱང་རང་ཁྱིམ་དུ་སླེབས་རྗེས། མག་པས་རང་ཁྱིམ་དུ་གྲོག་པ་ཆེན་པོ་བཅས་ཕྱིན་པའི་ (ཤོག་ ༢༢༧) གཏམ་ཐོས་ནས་དེ་བརྫུན་པ་སྟེ། གལ་ཏེ་བདེན་ན་མི་དེ་འཕྲུལ་ཅན་ཆེ་བ་ཞིག་ཡིན་སྙམ་ནས་སོང་སྟེ་མཐོང་ནས། ཁྱོད་ཇི་ལྟར་ཐོན་ཞེས་དྲིས་པས། ཁྱེད་ང་ལ་དགྲ་བོར་གྱུར་ཏེ་བདག་ཆུ་ལ་དོར་བ་ཡིན་ནའང་། ཆུའི་ནང་དུ་ཀླུའི་རྒྱལ་པོ་རྣམས་དགའ་སྟོན་བྱེད་ཀྱིན་འདུག །ང་མཐོང་ནས་ཡར་འཇིག་རྟེན་གྱི་བྲམ་ཟེ་ཞིག་ལ་ཅི་འདོད་པ་བྱིན་ཞེས་བཀའ་སྩལ་ཏོ། །དེར་བདག་ལ་གྲོགས་མེད་པས་ཕྱུགས་མང་པོའི་མཐའ་ནས་ཕག་བཅུ་ཙམ་དེད་འོང་ལ། དེང་ཕྱིན་ཆད་ཀླུ་རྒྱལ་ངའི་དྲུང་དུ་ཕད་བུ་ཞིག་ལ་རྡོ་བཅུག་སྟེ་ཁྱེར་ཤོག་དེ་དང་མཉམ་པའི་རིན་ཆེན་བྱིན་ནོ། །ཞེས་ཀྱང་བཀའ་སྩལ་བ་ཡིན་པས། ད་བཟོད་ངས་ཞག་བདུན་སོང་ནས་འདོད་དོ་བྱས་པས། གཏམ་དེ་དག་ཚོས་ཐོས་ནས། ཞང་པོ་རྣམས་ཀྱིས་རེའུའི་ཕད་བུའི་ནང་དུ་རྡོ་བཅུག་སྟེ་ཁུར་ཁྲེས་ནས་བདུན་གྱི་སྔོན་དུ་ད་ལྟ་ཉིད་དུ་དགའ་སྙམ་སྟེ་རེ་རེས་ཁྲོན་པ་དེར་འཆོངས་ཀྱིན་ཐམས་ཅད་ཤིའོ། །དེ་དག་གི་ཁང་ཁྱིམ་ས་ (ཤོག་ ༢༢༨) གཞི་རྣམས་མག་པ་དང་བུ་མོ་གཉིས་བདག་པོར་གྱུར་རོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་སེམས་པ་མང་པོའི་མི་གླེན་པ་ལ་སེམས་པ་གཅིག་པའི་མི་གྲུང་པོ་བསླུས་པར་གྱུར་པ་ཡ་མཚན་ཆེ། ཞེས་སྨྲས། རྒྱལ་པོ་སྐལ་ཆད་ཀྱི་ཁ་ནས་གཏམ་བྱུང་། ངས་སརྦ་ལ་མི་སྡོད་ཟེར་ཏེ་ནམ་མཁར་ལྡིང་སོང་ངོ་། །ངོ་དངོས་གྲུབ་ཅན་གྱི་སྒྲུང་ལས་ཁྱེའུ་གླེན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་པོ་ཞིག་ལ་ཁྱེའུ་ཆུང་བ་ཡོད་དོ། །ཁྱེའུ་དེ་འཆི་བའི་དུས་ལ་བབས་པའི་སྔོན་དུ་ནད་དྲག་པོས་ཐེབས་ཏེ། སྨན་བཅོས་རིམ་གྲོ་ཅི་བྱས་ཀྱང་ཕན་མི་བཏགས་པར་འཆི་ལ་ཁད་པར་འདུག་གོ །དེ་ལ་ནད་ཕོག་པའི་གནོད་བྱེད་མཁན་ནི་ཡུལ་ཀུན་ནས་སྐོར་མཁན་ཞིག་མིའི་པགས་པའི་རྐྱལ་པ་ཁུར་བ་དེས་འཐོ་འཚམ་པར་བྱེད་པ་ཡིན་ (ཤོག་ ༢༢༩) ནོ།།
དེ་གང་གིས་ཀྱང་མ་ཤེས་པར་འདུག་གོ །གྲོང་ཁྱེར་དེར་མི་ཞིག་གིས་ནས་ཀྱི་འབྲུ་བཏབ་ཀྱི་བུ་ལོན་བསྐྱིན་པ་འདེད་ལོན་པའི་ཕྱིར་དུ་མཚན་མོར་གྲི་ཐོགས་ཏེ་སོང་བའི་སྐབས་ལམ་ཁར་འདྲེ་གནས་སྐོར་མཁན་དེ་འཕྲད་པས། མི་དེས་གྲི་མགོ་བོར་གྱེན་ལ་བསྣུན་པར་བྱེད་པ་ལ། འདྲེ་ན་རེ། ཁྱོད་ཅི་ཡིན་བདག་ལ་གནོད་པ་མ་བྱེད་ཅིག །ངེད་གཉིས་འགྲོགས་པར་འགྱུར་རོ། །ཁྱོད་ལ་ཅི་དགོས་ཀྱི་དངོས་པོ་ཇི་སྙེད་པ་ངས་བྱིན་གྱིས་ཟེར་ནས། ཁྱོད་ཀྱི་མིང་གང་ཡིན་ཞེས་དྲིས་པས། མི་དེས་ངའི་མིང་གྲི་ཁུར་བུ་ལོན་མཁན་ཟེར། འདྲེ་ཁྱོད་ཀྱི་མིང་གང་ཡིན་དྲིས་པས། འདྲེ་ངའི་མིང་མི་ལྤགས་ཀྱི་རྐྱལ་པ་ཁུར་བའི་སྐོར་མཁན་ཟེར། སྐོར་མཁན་ན་རེ། ཁྱོད་གྲི་དེར་བཞག་ལ་ལུས་འདིར་ཤོག་བྱས་པས། གྲི་བཞག་ལུས་ཕྱིན་པས་རྐྱལ་པའི་ནང་ནས་དར་ཟབ་ཐོན་ཏེ་མི་དེ་ལ་བྱིན་ནས་དེང་ཕྱིན་ཆད་གྲི་བཞག་སྟེ། ངའི་དྲུང་དུ་འོང་ན་ཅི་དགོས་པ་ངས་བྱིན་ནོ། །
ངས་ (ཤོག་ ༢༣༠) གྲི་དེ་ལ་འཇིགས་སོ་ཟེར། མི་དེ་ན་རེ། ད་དུང་ངེད་གཉིས་ཕུ་ནུ་གཉིས་སུ་གྱུར་ལ། ཁྱོད་ཀྱི་གནས་ས་གང་ན་འདུག་བདག་ལ་བརྗོད་ཅིག་བྱས་པས། འདྲེ་ན་རེ། ངའི་འདུག་ས་ནམ་མཁའ་ལ་ཡོད་ཟེར། མི་དེ་ན་རེ། ཁྱོད་ཅི་ལས་སྐྲག་དྲིས་པས། ངས་སྟོན་དུས་སུ་ནས་སྨིན་ཏེ་སྙེ་མ་གང་ནས་མིག་འབྲས་ལྟར་ཧྲིག་གི་འདུག་པ་དེ་ལས་འཇིགས། ཁྱོད་ཀྱི་གྲི་ལས་ཀྱང་འཇིགས། དེ་ལས་གཞན་གང་ལས་ཀྱང་མི་གྲོས་པ་མཆིས་པར་ནུས་སོ་ཟེར་ནས། ཁྱོད་ཅི་ལ་སྐྲག་དྲིས་པས། མི་དེ་ན་རེ། ངས་ཁྱོས་ཀྱིས་ཁུར་བའི་རྐྱལ་པ་ལས་འཇིགས་ཟེར་ནས། ཁྱོད་རྐྱལ་པ་དེ་བོར་ཅིག །ངས་གྲི་དེ་བོར་བར་བྱ། དེ་རྗེས་ངེད་གཉིས་གྲོགས་སུ་རུང་ངོ་ཟེར། སྐོར་མཁན་ན་རེ། ངས་རྐྱལ་པ་འདི་མ་བོར་ཏེ། ཐམས་ཅད་ལ་ནད་ཕོག་སྟེ་སྲོག་དབུགས་ལེན་པ་ནི་འདི་གཅིག་པུའི་མཐུ་ཡིན། ངས་འདི་བོར་ཙ་ན། ལུས་སྲོག་ཅི་ཡིས་འཚོ་བར་བྱེད་ཟེར། དེར་མི་དེས་རྭ་སྣོད་ཅིག་གི་ནང་ནས་ཀྱིས་གང་ནས་ (ཤོག་ ༢༣༡) ཞབས་ཕྲུག་སྟེ་འདྲེ་ལ་བྱིན་པས། འདྲེས་དེ་ཁྱེར་ནས་རང་གནས་སུ་ལོག་གོ །དེའི་ཕྱི་བཞིན་མི་དེས་མར་མེ་བཏེགས་པས་ནས་ཟག་དོར་བའི་རྗེས་གཅོད་ཕྱིན་པས་བྲག་ཕུག་གི་ཁ་ཁྱེར་ལ་འདྲེ་དེ་བསྡད། ཕུག་ན་བུ་མོ་གཅིག་ངས་བྲུ་བ་ཚ་ཞེས་ངུས་པས། དེར་ཕ་དེས་བུ་མོ་པང་དུ་བླངས་ནས་མ་ངུས་ཤིག །ངས་དེ་རིང་གི་རིང་དུ་མི་ངན་པ་ཞིག་དང་མཛའ་གྲོགས་སུ་གྱུར་དགོས་བྱུང་སྟེ་མི་ཁོམ་པར་དུས་འདས་སོ། །འོན་ཀྱང་སང་ནངས་པར་རྒྱལ་པོའི་བུའི་གླུད་ལ་ཕྱུགས་མང་པོ་གསོད་པར་འགྱུར་རོ། །ཁྱེའུ་གནོད་པ་ནི་ང་ཡིན་པས། ཕྱུགས་དེའི་ཤ་ཁྲག་རྣམས་ངས་ཁྱེར་འོང་ནས་ཁྱོད་ལ་བྱིན་ནོ་བྱས་པས། བུ་མོ་ན་རེ། ཨེ་མ་ཧོ། རྒྱལ་བུ་དེའི་ནད་ཅི་ཡིན། དེ་ལ་ཕན་པ་ཅི་ཡོད་ཟེར། ཕ་ན་རེ། བུ་དེ་ལ་ངས་འཐོ་འཚམ་པས་ཕན་པ་མ་རྙེད་པར་འཆིའོ་བྱས་པས། བུ་མོ་ན་རེ། ཨེ་ཧོ། ངའི་འཚོ་ཐབས་ཅི་ཡིན་ཟེར། ཕ་ན་རེ། ཨ་ཕ་དེའི་བཅོས་ཐབས་ནི། (ཤོག་ ༢༣༢) བ་གླང་དམར་པོའི་ཁྲག་དྲོན་མོ་གཏར་བླངས་ཏེ་ནང་དུ་ཚྭ་བཅུག་ན་ལྦུ་བ་བྱུང་ངོ་། །དེའི་སྟེང་དུ་རྒྱལ་བུའི་རྣ་བ་གཡས་པ་ཐོགས་ནས་ཆ་ལང་རྔ་བསྣུན། དུང་གླིང་བུ་སོགས་འབུད་པའི་སྒྲ་བསྒྲགས་ན་དབྱར་གྱི་དུས་བྱུང་ངོ་སྙམ་སྟེ། ཚང་རྫོང་རྣ་བའི་ཕྱི་རོལ་ཏུ་དོར། ཕྲུ་གུ་ཁྱེར་ཐོན་བྱུང་ནས་ཁྲག་གི་ལྦུ་བ་ལ་མེ་ཏོག་སྙམ་དུ་མཐོང་ནས་སོང་ན་རྒྱལ་བུ་འཚོ་ཐབས་ནི་དེ་ཡིན་ནོ་ཟེར་རོ།།
དེར་མི་དེས་དེ་དག་སྲོང་སར་ཉན་རྣ་བྱས་ཏེ་ཐོས་ནས། ཚུར་ལོག་སྟེ་རྒྱལ་པོའི་དྲུང་དུ་ཕྱིན་ཏེ་སྨྲས་པ། ཀྱེ་མ་རྒྱལ་པོ་ཆེན་པོ། ཁྱེད་ཀྱི་ངས་འཚོ་བར་བྱེད་དོ་བྱས་པས། རྒྱལ་པོ་དགྱེས་ནས་སྲས་དེ་མི་དེ་ལ་བསྟན་པ་དང་། མི་དེས་འདྲེས་ཟེར་བ་ལྟར་བྱས་པས། རྒྱལ་བུ་ན་བ་དྲག་གོ །དེ་ནས་རྒྱལ་པོས་མི་དེ་ལ་གཏང་རག་གི་ཡོན་ཆེས་མང་བ་བྱིན་ནོ། །དེ་ནས་མི་དེ་དང་འདྲེ་དེ་གཉིས་མཇལ་བས། འདྲེ་དེས་རྐྱལ་པའི་ནང་ནས་ཟས་བཟང་པོ་ཐོན་ཏེ་མི་དེ་ལ་བྱིན་ནས། གྲོགས་ (ཤོག་ ༢༣༣) པོ་ཁྱོད་ཀྱིས་ངའི་རྐྱལ་པ་འདི་བཅང་བར་བྱ། ངས་མི་གཅིག་ལ་གནོད་པ་བྱེད་བྱུང་ཟེར་ནས་སོང་བའི་རྗེས་སུ། མི་དེས་རྐྱལ་པ་ཁྱེར་ནས་ནས་སྨིན་པའི་ཁོངས་སུ་ཡིབ་བོ། །དེ་ནས་འདྲེ་བྱུང་སྟེ་ནས་སྨིན་པ་དེའི་མཐའ་སྐོར་དུ་དེང་ནས་འབོད་པས་སྐད་མ་བྱུང་ངོ་། །འདྲེ་དེས་ཞིང་དེའི་མཐའ་སྐོར་དུ་ཟས་བཟང་པོ་ཆེས་མང་པོ་བཞག་ནས་མི་དགའ་ཡིད་མུག་ནས་རང་གནས་སུ་ལོག་གོ །དེ་ནས་མི་དེས་རྐྱལ་པ་གྲིའི་ནང་དུ་བཅུག །ཁ་ཁྱེར་ལ་མེ་ཏོག་ཅིག་བཏབ་སྟེ། རང་ཁྱིམ་དུ་བྱུང་ངོ་། །དེ་ནས་བཟུང་སྟེ་འདྲེ་སྐོར་མཁན་གྱི་ནད་རྣམས་ལ་རྐྱལ་པ་དེ་མགོ་བོ་ལ་གྱོན་ནས་བླངས་ནད་སོས་པར་གྱུར་རོ། །མི་དེས་ནད་པ་ཅན་མང་པོ་སོས་པས་ཅི་དགོས་ཀྱི་དངོས་པོ་ནོར་ལོངས་སྤྱོད་ཆེས་མང་བར་གྱུར་ཏོ།།
དེ་ནས་མི་དེ་འཆི་བའི་དུས་ལ་བབས་པ་ན། ང་ལ་བུ་མེད་པས་བྱིན་རྒྱུ་མ་རྙེད་པར་འདིར་བཞག་ན། འདྲེ་དེས་ཁྱེར་ནས་མཐོ་འཚམ་བྱེད་པས་མི་རུང་སྙམ་སྟེ། དུམ་བུ་དུམ་བུར་ (ཤོག་ ༢༣༤) གཏུབས་ཏེ་ཆུ་ལ་དོར་རོ། །དེ་ནས་འདྲེ་དེས་རྒྱ་མཚོ་ཆེན་པོར་སོང་སྟེ་སླེབས་ཁར་དེས་ཤེས་ནས་ཕྱིར་ལོག་བྱུང་ནས་རྐྱལ་པ་དུམ་དུམ་དུ་གྱུར་པ་འདུས་བླངས་ཏེ་མིའི་རྒྱུས་ཀྱིས་བཅོམ་ནས། ཡང་མི་རྣམས་ལ་མཐོ་འཚམ་པས་ནད་ཀྱི་ཟུག་རྔུ་འགྱེད་དེ། རྐྱལ་པ་དེ་མེ་ལ་བསྲེགས་ན་མི་རྣམས་ཚེ་རིང་བར་གྱུར་པ་དང་། ཚེ་ཚད་རྫོགས་པས་འཆི་བ་ལས་དུས་མིན་གྱིས་མི་འཆི་བ་ཡིན་པ་ལ། ཆུ་ལ་དོར་བས་ཚེ་ལ་བར་ཆད་དུ་གྱུར་པ་སླར་བྱུང་བ་ཡང་དེ་ཡིས་ལན་ནོ། །བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས་རྐྱལ་པ་དེ་མེ་ལ་བསྲེགས་པ་ཅི་ཙུག་ན་ཨང་ཞེས་སྨྲས། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ལ་མི་སྡོད་ཟེར་ཏེ་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རྐྱལ་པ་ཁུར་བའི་གནས་སྐོར་མཁན་འདྲེ་དང་གྲི་ཁུར་བའི་བུ་ལོན་དེད་མཁན་མི་གཉིས་ཀྱི་ལེའུ་སྟེ་ཉེར་བཞི་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་ (ཤོག་ ༢༣༥) རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་ལྷོ་ཕྱོགས་སུ། མ་ལ་ཡ་ཞེས་བྱ་བའི་རིའི་རྩར་ནོར་མང་ཞེས་པའི་མི་ཕྱུག་པོ་ཞིག་ཡོད་དེ། མི་དེ་ལ་བ་མོ་སྟོང་ཕྲག་གཅིག་འདུག །དེ་དག་གི་ནང་དུ་རྭ་དྲུག་པའི་བ་གཅིག་ཡོད་པ་དེ་སྟོར་རོ། །མི་དེས་བ་མོ་དེ་ཤིན་ཏུ་གཅེས་པ་ཡིན་པས་དེ་མ་རྙེད་ན་བ་མོ་གཞན་གྱིས་ཅི་བྱ་སྙམ་སྟེ། གླང་རྒོད་ཅིག་ལ་བསྐྱོན་ནས་རྩད་གཅོད་ཆེན་པོས་འཚོལ་བས་མ་རྙེད་པར། རི་མ་ལ་ཡའི་བྲག་ཆུ་མིག་གཅིག་གི་རྩར་གཉིད་ལོག་ལངས་ཏེ། རི་ཆེན་པོ་དེར་བསང་གསོལ་ཀ་བཏབ་སྟེ། ངའི་རྭ་དྲུག་པའི་བ་མོ་ཞིག་སྟོར་བ་བཙལ་བས་མ་རྙེད་དོ། །དོ་ནུབ་བདག་ལ་རྨི་ལམ་བཟང་པོ་སྩལ་ཏུ་གསོལ་ཞེས་གསོལ་བ་བཏབ་ནས་ཉལ་ལོ། །དེ་ལ་རྨི་ལམ་ན་ཆུ་མིག་དེའི་བདག་པོ་ཀླུའི་རྒྱལ་པོ་ཡིན། དེས་ཕ་གི་ན་མེ་པ་ཞེས་པའི་བཙན་ཡོད། ཀླུའི་རྒྱལ་པོས་བཙན་དེ་བཀུག་ནས་སྨྲས་པ། མི་འདིས་ཐེབས་པའི་བསང་ནི་འདི་ལྟ་བུའི་ཞིམ་པོ་ཅི་ཞིག་ཡིན། །(ཤོག་ ༢༣༦) ངེད་གཉིས་འདི་ལ་དངོས་གྲུབ་ཅིག་སྦྱིན་པར་བྱ་གྲོས་འཆམ་ནས། མི་དེ་ལ་གཉིས་ཀས་མོ་བཏབ་པའི་སྐུད་པ་གོན་ཏེ་བཞག་གོ །སང་ནངས་པར་སད་ནས་མོ་བསྟན་པས་རི་འདིའི་ཤར་ཕྱོགས་ན་ཡོད་ཟེར་བ་བྱུང་བས་བ་མོ་རྙེད་ནས་ཁྱེར་སོང་ངོ་།།
དེང་ནས་བརྩམས་ཏེ་ཐམས་ཅད་ཀྱིས་མོ་བཏབ་པས་ནོར་བ་མ་བྱུང་བའི་ཕྱིར་ན་མོ་སྟོན་མངོན་ཤེས་ཅན་ཞེས་གྲགས་སོ། །ཐམས་ཅད་ཀྱིས་ཧ་ལས་ཏེ་འདི་འདྲའི་ལུང་བསྟན་དུ་གསལ་བའི་མོ་སྟོན་དུ་གྱུར་ན། ཁྱོད་ཅི་ལས་བྱས་པས། རྭ་དྲུག་པའི་བ་མོ་སྟོར་བ་མ་རྙེད་པར། མ་ལ་ཡའི་རིའི་ཆུ་མིག་རྩར་ཉལ་བ་སོགས་རྒྱས་པར་བསྙད་པས། དེར་མི་ཕྱུག་པོ་ཞིག་ལ་ཁྱེའུ་གསུམ་ཡོད་པ་ཞིག་འདུག །མི་ཕྱུག་པོ་དེས་རྣམ་པ་དུ་མའི་ཟས་རྣམས་ཁལ་བཀལ་ཁྱེར་ཏེ་བྲག་གི་ཆུ་མིག་རྩར་ཕྱིན་ལ་སྔར་གྱི་མི་བཞིན་དུ་བསང་བརྔན་ཐེབས་ཏེ། རི་མ་ལ་ཡ་ཁྱེད་ཀྱིས་ང་ལ་མངོན་ཤེས་གསལ་བའི་ལོ་སྩལ་ཏུ་གསོལ་ཟེར་ནས། ཉལ་འདུག་པའི་རྨི་ (ཤོག་ ༢༣༧) ལམ་ན་ཀླུའི་རྒྱལ་པོས། བཙན་བཀུག་ནས་འདི་ལ་མོ་བཏབ་ལུགས་ཤིག་ཕོབ་ཅིག་བྱས་པས། བཙན་དེས་མིའི་རྩར་བྱུང་ནས་ཕོ་མཚན་བླངས་ཏེ། མོ་རུ་གྱུར་སོང་ངོ་། །དེ་ནས་མི་དེས་ངོ་ཚ་སྟེ་ཡུལ་གཞན་དུ་ཕྱིན་ཏེ་སྤྲང་པོར་སོང་བ་ན། སྤྲང་པོ་ཞིག་གིས་ཆུང་མར་བླངས་ཏེ་བུ་མོ་གསུམ་བྱུང་ངོ་། །དེའི་ཚེ་མི་དེས་སྨྲས་པ། ངས་གཞོན་ནུའི་དུས་ན་ཕོར་གྱུར་ཏེ་ཁྱེའུ་གསུམ་གྱི་ཕར་གྱུར། ད་ལྟ་མོར་གྱུར་ཏེ་བུ་མོ་གསུམ་གྱི་མར་གྱུར་པ་འདི་རིས་སྡུག་བསྔལ་ཆེ་བ་ལ་ཟེར་རོ།།
ཡང་ནམ་ཞིག་ན་མགོ་ལ་ལྦ་བ་ཅན་གྱི་མི་ཞིག་གིས། ཆུ་མིག་དེར་ཕྱིན་ཏེ། ཁྲུས་བྱས་ཏེ་བསང་བརྔན་ཐེབས་ལ། རི་མ་ལ་ཡ་ཁྱོད་ཀྱིས་ངའི་ལྦ་བ་ཁྱེར་བའི་དངོས་གྲུབ་སྩལ་ཏུ་གསོལ་བྱས་པས། ཉལ་བའི་རྨི་ལམ་ན་ཀླུའི་རྒྱལ་པོས། བཙན་བཀུག་ནས། ཀྱེ་མ་བཙན་ཁྱོད་ཤ་གཉེར་ན་ཤ་ལྷག་འདི་སྦྱིན་པར་བྱ་བྱས་པས། བཙན་དེས་ཁོའི་རྩར་བྱུང་ (ཤོག་ ༢༣༨) ནས་ལྦ་བ་དེ་བཅད་ནས་ཁྱེར་སོང་ངོ་། །སང་སྔར་བར་མི་དེ་དགའ་ནས་ཁྱིམ་དུ་བྱུང་སྟེ་དགའ་སྟོན་བྱེད་པ་ལ། ཐམས་ཅད་ཧ་ལས་ཏེ་མགོ་གཉིས་ལྡན་འདྲ་བ་ཞིག་ཡིན་པ་ལ། འདི་ཇི་ལྟར་བྱས་ནས་མེད་པར་སོང་དྲིས་པས། སྔར་གྱི་བྱེད་ལུགས་སྨྲས་སོ།།
ཡང་དེ་ལས་གཞན་པའི་མགོ་ལ་ལྦ་བ་ཡོད་པ་དེས་སྔར་བཞིན་དུ་བསང་བརྔན་ཐེབས་ལ་གསོལ་བ་བཏབ་སྟེ་ཉལ་བའི་རྨི་ལམ་དུ་ཀླུ་དབང་གིས་བཙན་བཀུག་ནས་ཁྱོད་ལ་ཤ་ལྷག་སྦྱིན་པར་བྱ་བྱས་པས། བཙན་གྱིས་སྔར་གྱི་ལྦ་བ་ཁྱེར་བྱུང་སྟེ། ཤ་མནམ་པ་འདི་ཟ་ན་གྲིབ་ཕོག་པས་ང་མི་ཟ་ཟེར་ཏེ་མགོའི་ལོགས་གཅིག་ཤོས་ལ་འབྱར་བཞག་སྟེ་སོང་ངོ་། །སང་ནངས་པར་མགོ་བོ་མ་ཐེག་པར། མགོ་བོ་གསུམ་ལྡན་ལྟར་གྱུར་ཏེ་སེམས་སྐྱོ་ནས་ཁྱིམ་དུ་དེང་ངོ་། །དེར་སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་དུ་ཉེ་བར་སླེབས་པ་ན་རྒྱལ་པོ་བདེ་སྤྱོད་བཟང་པོས་ཕྱིས་ཀྱི་མི་གཉིས་རེས་ཕངས་པ་ལ་ཞེས་སྨྲས། རྒྱལ་པོ་ལས་ཟད་ (ཤོག་ ༢༣༩) ཀྱི་ཁ་ནས་གཏམ་བྱུང་། སརྦ་ལ་མི་སྡོད་ཟེར་ཏེ་ནམ་མཁར་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རི་མ་ལ་ཡ་ལས་མི་བཞིས་དངོས་གྲུབ་བླངས་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།
༈ ཡང་སྔར་བཞིན་སོང་བ་ལས་རོས་སྒྲུང་སྨྲས་པ། སྔོན་དང་པོ་ཙ་ན། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་ལ་ཁྲི་ཕྲག་སུམ་ཅུའི་གྲོང་བརྡལ་ཡོད། གླུ་གར་མཁན་ཀ་ལ་པིང་ཀ་དང་། ལྕེ་བདེ་བ་སྨྲ་མཁན་ནེ་ཙོ་གཉིས་ཡོད། དེ་གཉིས་སྲུང་མཁན་གྱི་མི་གཅིག་ཀྱང་ཡོད། སྲུང་མཁན་དེས་པིང་ཀའི་ནེ་ཙོ་གཉིས་ཉིན་རེ་བཞིན་དུ་མཐུ་ཡིས་རྒྱལ་པོའི་དྲུང་དུ་ཁྱེར་ཕྱིན་ཏེ། པིང་ཀས་གླུ་དབྱངས་གར་གྱི་རྩེད་མོ་བརྩེས་པ་འབུལ། ནེ་ཙོས་ལྕེ་བདེ་བ་བཟང་པོའི་གཏམ་གླེང་བ་འབུལ་བར་བྱས་ཏེ་བསྙད་འདུག་གོ།
ནམ་ཞིག་ན་མི་གཅིག་བྱུང་ནས། རྒྱལ་པོའི་མདུན་དུ་གླུ་དབྱངས་ཀྱི་རྩེད་མོ་བརྩེས་པས། རྒྱལ་པོ་དགྱེས་ནས་བྱ་དགའི་བདོག་པ་མང་པོ་བྱིན་ (ཤོག་ ༢༤༠) པ་ལ། མི་དེས་ན་རེ། ངེད་སང་ན་རྒྱལ་པོ་ང་ལས་གཅེས་པར་དགྱེས་པའི་མི་མི་འདུག་བྱས་པས། པིང་ཀ་ནེ་ཙོ་གཉིས་སྲུང་བའི་མི་ན་རེ། ཀྱེ་མ་ཁྱོད་ལས་ཀ་ལ་པིང་ཀ་ནེ་ཙོ་གཉིས་ལ་ལྷག་པར་དགྱེས་པ་ཡིན་ཞེས་ཕན་ཚུན་བསྙོན་བཙུགས་ནས་མ་འཆམ་པར། སང་ཉིན་རྒྱལ་པོའི་དྲུང་དུ་གླུ་ལེན་མཁན་མིས་གླུ་ལེན་པ་དང་། ཀ་ལ་པིང་ཀའི་གླུ་གར་ལ་རྒྱལ་པོས་མ་བརྩིས་པར། མི་དེའི་གླུ་ལེན་ལ་དགྱེས་ནས་བཞུགས་པས། སྲུང་མཁན་མི་དེས། གླུ་ལེན་མཁན་མི་ལ་བསྙོན་བཙུགས་པ་ཕམ་པས་ངོ་ཚ་སྟེ། ཁྱིམ་དུ་བྱུང་ནས་ཀ་ལ་པིང་ཀ་ཕྱི་རོལ་ཏུ་བཏང་བས། བྱ་རོག་གཅིག་བྱུང་སྟེ་པིང་ཀ་ཁྱེར་ནས་བྲག་གཅིག་གི་སྟེང་དུ་ཟ་བར་བརྩམས་པ་ན། ཀ་ལ་པིང་ཀ་ན་རེ། ཀྱེ་མ་བྱ་རོགས་ཁྱོད་ཀྱིས་ང་བཟས་ན། ཆུ་ཡིས་ཁྲུས་དེ་ཤོས་ཤིག་བྱས་པས། བྱ་རོག་བདེན་སྙམ་སྟེ། ཁྱོད་ཀྱི་མིང་ཅི་ཡིན་དྲིས་པས་ (ཤོག་ ༢༤༡) པིང་ཀ་ན་རེ། ངའི་མིང་སེམས་དཔའ་ཞེས་སྨྲས། བྱ་རོག་གིས་དེ་ཁྱེར་སོང་ནས་བྲག་ཕུག་ནས་ཐོན་འབབ་པའི་ཆུ་ལ་བཏང་བས། པིང་ཀ་བྲག་ཕུག་ཏུ་གཞུག་སོང་བ་ལ། བྱ་རོག་གིས་སེམས་དཔའ་ཞེས་འབོད་པས། པིང་ཀ་ན་རེ། ང་ནི་བློ་ལྡན་མ་ཡིན་ན་རིན་ཆེན་སྲོག་ལས་དེའུ་བྲལ་ལོ། །སེམས་ཀྱི་དཔའ་བོ་འཇོག་པ་ནི་དཀོན་མཆོག་གསུམ་དང་འདྲ་བ་ཡིན་ནོ། །ཟེར་ཏེ་བྲག་ཕུག་གི་བུག་པར་བྲོས་སོང་ངོ་།།
སྔར་གྱི་སྲུང་མཁན་མི་བྱུང་ནས་བུག་པ་དེ་བྲུས་སློག་བྱེད་པ་ན། པིང་ཀ་ན་རེ། ཁྱོད་ཆུ་མིག་འདིའི་ཕུ་ནས་མ་བྲུས་ཤིག །འདི་ནི་རྒྱལ་པོས་ང་ལ་ནང་བྱིན་ཚུད་པའི་བགོ་སྐལ་དུ་བརྩིགས་པ་ཡིན་པས། མི་ཁྱོད་དེ་དང་འདི་ལ་བྲུས་སློག་བྱས་ན་སྡུག་བསྔལ་བར་འགྱུར་རོ། །ཁྱོད་ལ་ཕྱིས་སུ་དངོས་གྲུབ་ཅིག་བསྐུར་རོ་ཟེར་ནས། མི་ཁྱོད་ལེགས་པར་ཉོན་ཅིག །ངས་སྨྲ་བར་བྱའོ། །(ཤོག་ ༢༤༢) ང་ནི་དུང་དཀར་འབུད་མཁན་ཀླུ་དབང་གི་བུ་མོ་ཡིན་ཡང་། མི་དབང་གི་སྲས་མོས་ཁྲུས་བྱས་པ་ལ་མཇལ་དུ་ཡོང་བ་ལ་དེས་ང་ལ་གསེར་གྱི་གཟར་ཐུས་རུམ་ནས་བླངས་སོ་ཟེར་རོ། །དེར་མི་དེ་ཕྱིར་ལོག་བྱུང་བས། ནེ་ཙོ་ནི་ཁྲས་ཁྱེར་སོང་འདུག །དེའི་ཚེ་རྒྱལ་པོ་ཁྲོས་ཏེ་མི་དེ་བཀུག་ནས་ཆད་པས་བཅད་དེ། འདི་གསོད་ཅིག་ཅེས་བསྒོས་པས། དེར་རྒྱལ་པོའི་བློན་པོ་བཟང་པོ་ཞིག་ན་རེ། མི་དེ་བསད་ན་ཕྱིས་སུ་ངེད་ལ་གླུ་གར་མཁན་སྲུང་བ་པོ་མི་འོང་ངོ་། །དེ་ལས་མཐིལ་ཟད་དུ་བཏང་ན་རིགས་སོ་བྱས་པས། ཚིག་དེ་ལ་འཆམ་ནས་མི་གསུམ་གྱིས་མཐིལ་ཟད་དུ་འཁྱམས་པར། མཛོ་ཕོ་གཅིག་ལ་རྒྱགས་ཁལ་ཏེ་རྡོའི་ལྷམ་གྱོན་དུ་བཅུག་སྟེ། ལྷམ་འདིའི་མཐིལ་མ་ཟད་བར་དུ་ཚུར་མི་འོང་ཟེར་ཏེ་སྐད་དོ།།
དེ་ནས་ཟུང་ཟད་སོང་བ་ལས་མི་དེ་ན་རེ། ང་ནི་གཅིག་ཏུ་སྡུག་བསྔལ་བ་ཡིན་པ་ལ། བདག་དང་མཉམ་པར་ཁྱེད་གསུམ་ཅི་ལ་སྡུག ། (ཤོག་ ༢༤༣) དེའི་ཕྱིར་རྡོའི་ལྷམ་འདི་ལ་ཆུ་ཐོར་རེ་རྡོ་རྩུབ་པར་བརྡར་ན་སྲབ་ཅིང་ཟད་པར་འགྱུར་རོ། །ཟེར་ཏེ་བརྡར་བས་མཐིལ་ཟད་དེ་ཕིགས་སོ། །དེར་མི་གསུམ་ཁྱིམ་དུ་སོང་། མི་དེས་མཛོ་ཁྲིད་དེ། ཆུ་ཀླུང་ཆེན་པོ་ཞིག་གི་འགྲམ་དུ་ཕྱིན་ཏེ་མཛོ་བསད་ནས་ཟོས་པས། ཤ་ཟོས་ཟད་པའི་ཕྱིས་སུ་རྭས་རྩ་བ་བྲུས་ཏེ་ཟོས་ཀྱིན་འདུག་པ་ལ། བྱ་ཁྱུང་གཅིག་སྦྲུལ་དཀར་པོ་བཟུང་ལ་ལྡིང་བ་མཐོང་ནས། མི་དེ་སྐེ་རགས་དཀྲོལ་ལ་ཁར་བཟུང་སྟེ་མགྱོགས་པར་རྒྱུགས་བཞིན་པ་ན་ངའི་ཁ་ལ་མེ་འབར་རོ། །ཟེར་ཏེ་ཁར་བཟུང་བའི་སྐེ་རགས་ཁྱར་ཏེ་ས་ལ་དོར་བས། བྱ་ཁྱུང་ཡང་ཁར་བཟུང་བའི་སྦྲུལ་སྟོར་བ་ལ། སྦྲུལ་དེ་ཁྱེར་ལ་ཕྱིར་ལོག་སྟེ་རྩྭ་དུམ་ཞིག་གི་ནང་ལ་ཞྭས་གཡོགས་ཏེ་བཞག་གོ །དེ་ནས་ཆུ་ཀླུང་དེའི་ནང་ནས་ཀླུ་རྒྱལ་མང་པོ་རྟ་བཞོན་ཏེ་མཐར་ཐོན་བྱུང་སྟེ་འཚོལ་བས་མ་རྙེད་དེ། །རྟ་དཀར་བཞོན་གོས་དཀར་གྱོན་པའི་མི་དཀར་པོ་གཅིག་ཏུ་གྱུར་ཏེ་འོང་ལ། མི་དེ་ལ་ན་རེ། (ཤོག་ ༢༤༤) ང་ནི་དུང་དཀར་འབུད་མཁན་ཀླུའི་རྒྱལ་པོ་ཡིན་ནོ། །ཁྱེའུ་སྟོར་བ་མ་རྙེད། མི་ཁྱོད་མཐོང་ངམ་ཨང་ཞེས་དྲིས་པས། མི་དེ་ན་ཏེ། ཁྱོད་ཀྱི་བུ་ཅི་འདྲ་ཡིན་བྱས་པས། ངའི་བུ་སྦྲུལ་དཀར་པོ་ཡིན་འདུག་ཟེར། འོ་ན་སྦྲུལ་དཀར་པོ་ཞིག་བྱ་ཁྱུང་གིས་ཁྱེར་ནས་ཟོ་ཁར་ངས་ཚུར་བླངས་སོ་ཟེར་ནས་བུ་དེ་ཐོན་བྱིན་པས། ཀླུ་རྒྱལ་དགྱེས་ནས་བུ་ཡང་ཁྱེར། མི་རང་གི་ཆིབས་སུ་བསྐྱོན་རོགས་བྱས་ཏེ་ཕོ་བྲང་དུ་སླེབས་ནས། བུ་རྙེད་པས་ཀླུ་ཀུན་འདུས་ནས་དགའ་སྟོན་བྱས་སོ།།
དེ་ནས་མི་དེ་བསྡད་མ་ཐུབ་པར་ངས་ད་དུང་ཁྱིམ་དུ་མཆི་ཞེས་བསྙད་པས། དུང་དཀར་འབུད་མཁན་ཀླུའི་རྒྱལ་པོ་ན་རེ། ཁྱོད་ང་ལ་དྲིན་ཆེ་བ་ཡིན་ཏེ། སྔར་ངའི་བུ་མོ་རྙེད། ད་ལྟ་ངའི་བུ་རྙེད་བྱིན། ད་དུང་ངས་ཁྱོད་ལ་གཏང་རག་བྱའོ་ཟེར་ནས། མི་དེ་ལ་ཁྱི་མོ་དམར་མོ་གཅིག །ཁུག་པ་ཁྲ་བོ་གཅིག །དབྱུག་པ་ཁྲུ་གང་པ་གཅིག་བྱིན་ཏེ། སྐྱེལ་ཐུང་བྱས་ཏེ་ཆུའི་མཐར་ཐོན་ཏེ། ཟས་ནོར་གང་ (ཤོག་ ༢༤༥) དགོས་བྱུང་ན་དབྱུག་པ་འདིས་ཁུག་ཁྲ་འདི་བསྣུན་ན་ཅི་དགོས་རྣམ་པ་ཐམས་ཅད་འབྱུང་ངོ་། །ཁྱོད་འཛམ་བུ་གླིང་འདིའི་བདག་པོར་གྱུར་པའི་བུ་བཞི་ལྡན་དུ་འགྱུར་རོ། །ཞེས་ཟེར་ནས་སོང་། རྗེས་སུ་ཁྱི་ཁྲིད་ནས་སོང་སྟེ་ནུབ་མོར་ཁྱི་མོ་དེ་བུ་མོར་གྱུར་པས་ཆུང་མར་བྱས་ལ། ཉིན་མོར་ཁྱིའི་པགས་པ་གྱོན་པའི་རྣམ་པས་གནས་སོ།།
ནམ་ཞིག་ན་ཁྱོས་ཕྱིར་སོང་བའི་རྗེས་སུ། ཁྱིའི་པགས་པ་བཞག་ནས་ཤིན་ཏུ་སྡུག་པའི་མཛེས་མར་གྱུར་ཏེ། ཆུར་བཅུག་ཏུ་སོང་བའི་ཕྱིས་སུ་ཁྱོ་བྱུང་སྟེ་ཁྱི་པགས་བསྲེགས་སོ། །བུ་མོ་འོངས་ནས་ཁྱོ་ལ་ན་རེ། ད་དུང་ཁྱོད་ཀྱིས་ང་འཆང་དུ་བླངས་པར་མི་ནུས་སོ། །ཟེར་ཏེ་ངུས་ལ་མྱ་ངན་པ་ལྟ་བུའི་གཏམ་སྨྲས་སོ།།
ཡང་ནམ་ཞིག་ན་བུ་མོ་དེ་ཆུ་ལ་ཁྲུས་ཆེད་དུ་ཆུར་བཅུག་པ་ལས་སྐྲའི་དུམ་ཞིག་ཆད་དེ་ཆུ་ལ་སོང་ངོ་། །ཆུ་ཀླུང་དེའི་མདའ་ན་རྒྱལ་པོ་སྐྲ་མཁན་མོ་ཆུ་ལེན་དུ་བྱུང་སྟེ། དེའི་གཟར་བུ་ལ་སྐྲ་ཐོགས་པས་སྐྲ་མཁན་མོ་དེས་ (ཤོག་ ༢༤༦) སྐྲ་དེ་མཐོང་ནས། རྟོགས་པ་བྱེད་པས། སྐྲ་དེ་ཁ་དོག་ལྔ་ལྡན་ཡིན་ལ་རིན་ཆེན་སྣ་བདུན་ཚང་བར་ཡོད་པ་རེད་དོ། །སྐྲ་མཁན་མོ་དེས། སྐྲ་དེ་རྒྱལ་པོ་ལ་ཕུལ་བས། རྒྱལ་པོ་འདི་སྐད་དུ་བཀའ་སྩལ་པ། ཆུ་ཀླུང་འདིའི་ཕུ་ན་སྐྲ་འདིའི་བདག་པོ་བུ་མོ་ལེགས་པ་ཞིག་ཡོད་འདུག་གོ །བུ་མོ་དེ་ཁྱེད་རྣམས་ཀྱི་མཐུ་ཡིས་ཚུར་ཁྱེར་ཤོག་ཅེས་བསྒོས་ཏེ་དམག་དཔུང་བཏང་ངོ་། །དེ་དག་དེར་སླེབས་པར་ཉེ་བ་ན། བུ་མོ་དེ་དམག་མིས་མཐོང་སྟེ་ཁྱོ་ལ་སྨྲས་པ། ཀྱེ་མ་ད་དུང་ང་གཉིས་ལྷན་ཅིག་མཆིས་པར་མ་གྱུར་རོ། །འདི་ལ་ཐབས་ཀྱིས་སྒྲུབ་པར་བྱའོ། །དེ་ནས་དེའི་ནང་དུ་ཉི་མོའི་ཆར་མདོ་ནི། སྦྲུལ་ཟླའི་ཚེས་བཅོ་ལྔའི་ཉིན་པར་ངས་ཕོ་བྲང་གི་ཁྱམས་ལྡིང་གི་སྟེང་དུ་ཐོན་པར་བྱའོ། །ཁྱོད་ཀྱིས་སྐྱ་ཀའི་པགས་པས་སློག་བགྱིས་པ་གྱོན་ཏེ་བྱུང་ལ་ངའི་འོག་ཏུ་གླུ་གར་གྱི་རྩེད་མོ་བརྩེས་པ་ན་ཐབས་ཀྱང་ངས་ཤེས་ཞེས་སྨྲས་པའི་སྐབས་སུ། དམག་དཔུང་ (ཤོག་ ༢༤༧) རྣམས་བྱུང་སྟེ་ཁྱེར་ལ་རྒྱལ་པོ་ལ་ཕུལ་ལོ། །དེ་ནས་མི་དེ་ཆུང་མས་བཅོལ་བ་བཞིན་སྐྱ་ཀ་གལ་གྱིས་བསད་དེ་པགས་པ་སློག་བགྱིས་ནས་གྱོན་པས། སྐྱ་ཀའི་ཀློག་ཅན་དུ་གྲགས་སོ།།
དེ་ནས་ལོ་ཕྱི་མའི་སྦྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་རྒྱལ་པོ་དང་བཙུན་མོ་གཉིས་ཕོ་བྲང་གི་སྟེང་དུ་ཐོན་འདུག་གོ །མི་དེ་སྐྱ་ཀའི་ཤུབས་གྱོན་ཏེ་བྱུང་ལ། རྩེད་མོ་གླུ་གར་བྱེད་པ་ན། བཙུན་མོས་དེ་མཐོང་ནས་འཛུམ་དམུལ་བཞད་དོ། །དེར་རྒྱལ་པོས་བཙུན་མོ་ལ་སྨྲས་པ། ང་ལ་ལོའི་བར་དུ་རྣམ་པ་སྣ་ཚོགས་བྱས་ཀྱང་ཁྱོད་མ་བཞད་པ་ལ། མི་ངན་འདི་རྩེད་མོ་བརྩེས་པ་ཙམ་ལ་ཅིའི་ཕྱིར་བཞད་ཅེས་དྲིས་པས། བཙུན་མོ་ན་རེ། ཤུབས་དེ་མི་ངན་པ་འདིས་གྱོན་པ་ལ་ངས་འདི་སྙེད་ཙམ་དུ་བཞད་གད་བྱེད་ན། རྒྱལ་པོ་ཁྱོད་གྱོན་ན། བདག་ཇི་སྙེད་དུ་བཞད་གད་ཤོར་ན་བྱས་པས། རྒྱལ་པོ་གཏམ་དེ་བསྔགས་ནས། མི་དེ་ཐག་པས་སྟེང་དུ་ (ཤོག་ ༢༤༨) འཐེན་ཁྱེར་འོང་ལ་ཤུབས་དེ་རྒྱལ་པོས་གྱོན་ཏེ་འོག་ཏུ་བབས་བྱུང་ངོ་། །དེར་མི་དེ་རྒྱལ་པོའི་ཁྲི་ལ་བཞུགས་ནས། འདི་སྐད་དུ་དྲིལ་བསྒྲགས་ཏེ། ཕྱི་རོལ་ནས་སྤུ་རེས་ལོག་པའི་གོས་གྱོན་པའི་མི་ཞིག་ང་ནི་རྒྱལ་པོ་ཡིན་ནོ་ཞེས་འོངས་ན་ཁྱི་བཏང་སྟེ་ཚུར་མི་འོང་ཞིག་ཅེས་བསྒོས་ཏེ་བཀའ་བཏང་ངོ་། །དེར་རྒྱལ་པོས་ཤུབས་ཅན་གྱི་མི་ཞིག །ང་ནི་རྒྱལ་པོ་ཡིན་ཞེས་འོངས་པ་ལ་ཁྱི་བཏང་སྟེ་དེ་མ་ཐག་ཏུ་བསད་དོ།།
དེ་ནས་རྒྱལ་པོ་གསར་པ་དེ་ལ་སྲས་བཞི་སྐྱེས་སོ། །དེ་དག་གི་སྲས་ཕུ་བོ་ནི་ཉིན་གཅིག་ལ། ལྷ་མི་སྟོང་གི་སྐད་ཀྱིས། ཆོས་བསྒྱུར་ནས་གཙུག་ལག་ཁང་ཁྲི་ཕྲག་བཞེངས་བཅུག་སྟེ་རྒྱ་གར་གྱི་ཆོས་ཀྱི་རྒྱལ་པོ་ཞེས་གྲགས་སོ། །དེའི་གཅུང་ནི་ཤིན་ཏུ་དར་པོ་མཐུ་སྟོབས་ཆེན་པོ་དང་ལྡན་པ་མི་བཞིས་དུས་གཅིག་ཏུ་མངའ་འབངས་པ་ན་གཞན་དུ་མི་ལྟུང་བར་འཛིན་ཐུབ་པའི་དབང་བཙན་པ་མོང་གལ་གྱི་རྒྱལ་པོ་གྲགས་སོ། །དེའི་གཅུང་ནི་བ་སྤུའི་བུ་ག་གཅིག་ནས་དམག་དཔུང་ཁྲི་ཕྲག་སྤྲུལ་པའི་དམག་གི་དཔོན་པོ་གེ་སར་རྒྱལ་པོ་ཞེས་གྲགས་ (ཤོག་ ༢༤༩) སོ། །དེའི་གཅུང་ནི་ཉིན་གཅིག་ལ་ཕྱོགས་བཞིར་དེད་དཔོན་བཞི་བཏང་སྟེ། རྒྱ་མཚོ་ལས་ནོར་བུ་རིན་པོ་ཆེ་བླངས་བྱུང་མཁན་ནོར་ལོངས་སྤྱོད་ཆེས་ཤིན་ཏུ་མང་པོ་ཅན་གྱི་སྟག་གཟིག་རྒྱལ་པོ་ཞེས་གྲགས་སོ།།
དེའི་ཚེ་ན་འཛམ་བུ་གླིང་གི་འཇིག་རྟེན་ཤིན་ཏུ་རྒྱས་པར་གྱུར་ཏོ། །དེའི་དུས་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་དུ་རོ་དངོས་གྲུབ་ཅན་ཁུར་དུ་ཁྱེར་བྱུང་བ་ཡིན་ནོ། །རྒྱ་གར་ལྷོ་ཕྱོགས་ཀྱི་དཀྱིལ་གྱི་རིན་པོ་ཆེ་ན་བསིལ་བའི་ཚལ་ཞེས་པའི་སྤེ་མཁར་གྱི་དུར་ཁྲོད་ན་རོ་དངོས་གྲུབ་ཅན་དུ་གྲགས་པ་དེ། ད་ལྟའི་བར་དུ་ཡང་ཡོད་དོ། །དེ་འདིར་བྱུང་བའི་རྗེས་སུ་མི་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་འཕེལ་ཞིང་། བསྟན་འགྲོའི་བྱ་བ་ཡང་ཕྱོགས་ཐམས་ཅད་དུ་རྒྱས་པར་གྱུར་ཏེ། ཚེ་བསོད་ལེགས་ (ཤོག་ ༢༥༠) ཚོགས་འཕེལ་ཞིང་རྒྱས་པའི་བཀྲ་ཤིས་ཤོག །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་སྐྱ་ཀའི་སློག་ཅན་གྱིས། རྒྱལ་པོར་གྱུར་ཏེ་ཀླུ་དབང་གི་བུ་མོ་དང་འདུས་པ་ལས། བུ་ཁྱད་པར་ཅན་བཞི་བྱུང་བའི་ལེའུ་སྟེ་ཉེར་དྲུག་པའོ།། །།
(ལེའུ་ཉེར་བདུན་པ་ནི། བཀའ་གདམས་བུ་ཆོས་ནང་དུ་ཡོད་པའི་ཐེམ་སྐས་བཅུ་གསུམ་རྣམས་ལེའུ་གཅིག་ཏུ་
བརྩིས་ནས་བཀོད་འདུག་པས། ཐེམ་སྐས་བཅུ་གསུམ་རྣམས་ནི་ཇོ་བོ་རྗེས་མཛད་པའི་འབྲོམ་སྟོན་
རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་ལ་སོང་། ཇོ་བོའི་གསུང་འབུམ་ནང་ཟུར་དུ་
ཕྱོགས་བསྒྲིགས་ཞུས་ཡོད་པས། དེས་འཐུས་པར་བྱས་ཏེ་འདིར་
རོ་སྒྲུང་གི་ཁོངས་སུ་མི་དགོས་པ་བྱས་སོ།།)
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་རོ་སྒྲུང་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༡ ནས་ ༢༣༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།