གསང་བའི་བདག་པོས་བདེ་བྱེད་མཁའ་འགྲོ་མ་ལ་གནང་བའི་མཛེ་བཅོས་དོན་པ།

༄༅། །གསང་བའི་བདག་པོས་བདེ་བྱེད་མཁའ་འགྲོ་མ་ལ་གནང་བའི་མཛེ་བཅོས་དོན་པ་བཞུགས་སོ།།
ན་མོ་གུ་རུ། གསང་བའི་བདག་པོས་བདེ་བྱེད་མཁའ་འགྲོ་མ་ལ་གསུངས་པའོ། ནད་བརྟག་པ་བཅོས་པའི་ཐབས་འདི་ལ་དང་པོ་བརྟག་པ་དང་། ནད་གདོན་སྦྱོང་བ་དང་། རྒྱུན་དུ་གསོ་སྨན་དང་། འཐོར་བུ་གསོ་ཐབས་དང་། ཐ་མ་ལོག་ནོན་བསྟན་པ་དང་ལྔའོ། །རྐུ་[ཀུ]རེ་རྐྱལ་ཀར་ཞུག་[ཞུགས]ན་སྔོན་དུ་ན་ཚ་མེད་པར་ཁ་ཡོ་གློ་བུར་དུ་མིག་སླེ་བ། ལུས་པོ་འཁུམས་པའོ། །

ཞི་ཆོག་བྱ་བསྙེན་པ་སྤང་། ཡ་སྟག་[ཡས་སྟགས]རྔན་པ་འདོད་པའི་ན་ཚ་གཅིག་ཏུ་མི་སྟོད་[སྡོད]པར། ལུས་པོ་ཀུན་ཏུ་འཕོ། རེས་ཟུག་གཟེར་ཤ་རོ་མེད་པར་གཟེར་འཕོ། ཆུ་གཏོར་ཀླུ་གཏོར་གཏང་། ཀླུ་བརྒྱད་ལ་སོགས་བྱ། སྔགས་སྤང་མི་གསང་[གཙང]མནོལ་གྱིས་ཞུག་[ཞུགས]པ་ནི། ཤུ་བ་འབྲུམ་བུ་ཐོར་བུ་དང་། འགོ་[མགོ]ལུས་དཔྲལ་བ་ལྗི་[ལྕི]བ་དང་། དང་ཀ་མི་བདེ་ཤེས་པ་ལྕིག[ལྕི]། ནུས་པ་ཅན་གྱི་ཁྲུས་ཆུ་གཤུང་ཆོག་དགོས། གདུག་པའི་བསད་སེམས་བཅས་ན། ལུས་ལ་ཤ་རོ་དང་། རྨ་དང་ཤ་འདོམ་པ་དང་། ན་ཚ་འཁྱུག །ཤ་འགུལ། ཤ་འཕྲིག་ལ་སོགས་པ་འདུག་ཕལ་དུ་པ་གཅིག་ཏུ་སྡོད། དེ་ལ་ཡས་སྟག་[སྟགས]མི་སྦྱིན། སྔགས་དང་རྟེན་འབྲེལ་ལས་ལ་འབད་པའོ། །མཆིན་པའི་ནད་མིག་ལ་འཆར། གློ་བའི་ནད་སྣ་ལ་འཆར། སྙིང་གི་རྟག་[རྟགས]ལྕེ། མཚེར་པའི་རྟག་[རྟགས]མཆུ། མཁལ་མའི་རྟག་[རྟགས]རྣ་བར་འཆར། རྟག་[རྟགས]དེ་རྣམས་བྱུང་ན་ཉན་[ཉེན]ཆེ་བས་སྔགས་མི་བྱ་སྨན་གྱིས་བཅོས། ཤ་དང་པགས་པ་འགུལ་བ། སྤུའི་འཇུག་པ་འདྲ་བ། གླང་ཤུ་དང་ཟ་བ་དང་། སྲོག་ཆག་[ཆགས]འགུལ་སྙམ་པ། ཚ་ཚག་ཟ་ཚག །རྩ་སྦྲིད་པ་གཡའ་བ། འཁྱུག་པ། སྐྲ་གསེབ་ན་སྦུར་མ་ཡོད་སྙམ་པ། སྲོག་ཆག་[ཆགས]ཡོད་སྙམ་པ་དང་། མེ་ཉི་མའི་འོད་མི་བཟོད། དུ་བ་སེར་བུ་མིག་ལ་སྡོད། མིག་ཆུ་སྣ་ཆུ་རྒྱུན་དུ་འཛག །རྩ་འཕྲིག་ཡན་ལག་རིང་[རེངས]། རྩ་རབ་རབ་བྱེད་པ་རྣམས་བཟློག་པར་སླ།
སྨན་གྱིས་ཆོག་གོ །རུས་པའི་གཏིང་ནས་ན། ཐིག་ལེ་ཀོར་ལེ་[ཀོ་ལེར]ན། སྦྲིད་ཅིང་བེར་བ། ལུས་པོ་སྦོམ་པ་སྙམ་བྱེད་པ་གོང་བས་རྐང་། ལུས་ཀྱི་གཉན་པ་ཐམས་ཅད་ལ་ཤ་རོ་དང་། ཤ་རོ་རྨ་རུ་སོང་བ། ཤ་སེར་ཀར་སོང་བ་གསུམ་ནི་ཐུབ་པར་དཀའ། སྨན་ཡུན་དུ་བསྟེན་ན་འཚོ། མེ་དང་ཉི་མ་ཚན་མོས་ཆུ་བུར་འབྱུང་། གླང་ཤུ་བ་[བས]ལྡག་འདྲ་བ་ལ་མཐའ་མཐོ་དཀྱིལ་དམའ་ན་སླ། ཤ་མདོག་མ་འགྱུར་བ་སྤུ་བྱི་སེན་མོ་བཏབ་ཀྱང་ན་ཚ། དེ་སོས་བུལ། རུས་རོ་དཀའ། ཤ་རོ་འབྲེང་[འབྲིང]སྐྱེ་རོ་སླང་། གདོང་དཔྱིའི་ཤ་རོ་དཀའ། ཡན་ལག་དཀའ། ལོ་གསུམ་ཚུན་བཅོས་པས་ཐུབ། དེ་ལས་འདས་ན་སྤང་བར་བྱ། འདོད་པའི་རྟགས་མང་ན་གསོ། མི་འདོད་པའི་རྟགས་མང་ན་སྤང་། ཕྱེད་མར་འདུག་ན་གསོ་ཙམ་བརྟག་པའོ། །ཨྠི།
སྦྱོང་ལ་དན་ད་དུར་བྱིད་ལྕིམ་རྩ་གདོན་ལ་གླ་རྩི་བསྲེ་སྤོས་དཀར། མ་ནུའི་ཐང་ལ་རྟ་བྱ། རྒྱ་ཚ་སུམ་གཉིས་མེ་ལ་ཚ་ལམ་ལེ་འདུལ། མཚལ་ཞོ་གཅིག་ཟར་མའི་ཕྱིས་མེ། བྱང་བ་དྲུག་མ་ཁུ། ཐར་ནུ་ཆང་ལ་བསྲོ་རི་མོ་ཕྱེད་ཀྱི་ཚད། སྤོས་དཀར་ཞོ་ཕྱེད། གླ་བ་ཞོ་ཕྱེད། དོམ་མཁྲིས་མི་ཕག་ནག་ཞོ་ཕྱེད། པི་པི་ལིང་གསུམ། ཕོ་བ་རིལ་གསུམ། དེ་རྣམས་རྩ་སྨན་ནོ། །སྙིང་ཞོ་ཤ་སྙིང་ཁ་འཛིན། ཇུ་[ཅུ]གང་གློ་བ། གུར་རྐུམ[གུམ]་མཆིན་པ། ཀ་ཀོ་ལ་མཚེར་པ། སུག་སྨེལམཁལ་མའི་ཁ་འཛིན། སྤོས་དཀར་རྒྱ་ཚས་རྩ་ནས་འབིག་[འབིགས]པར་བྱེད། མཚལ་ཁྲག་རྣམས་དང་སྙིག་[སྙིགས]འབྱེད། བྱང་ཚས་རྩའི་ནད་རྣམས་བཀྲུ། ཐར་ནུས་ལྷག་མ་སྨན་དུ་བསྒྱུར། མཁྲིས་པས་ཙ་ཀ་མཉེན་པར་བྱེད། སྤོས་དཀར་གནད་དུ་རྡེག་པར་བྱེད། པི་པི་ལིང་གིས་ཟུག་གཟེར་འཇོམས། ཕོ་རིལ་རྩ་སྦུབ་བད་ཀན་སེལ། བུ་རམ་དང་སྦྱར་ལ་ཆང་རྒན་ཁྱོར་གྱིས་དེད། གཏོང་ལུག་[ལུགས]ལ་སོགས་གཞན་དང་མཐུན་སྙིང་ཀ་ན་དུགས་བྱ། བཅད་པའི་དུས་སུ་ཆུ་གཙང་ནང་། ནད་པ་འཁྲུ་སེར་ཐིགས་པ་བསྐྱུར། ཚད་པ་ལ་གི་ཝང་གླ་རྩིའི་ལྗག་བཏང་ཞབས་སུ་འགྲོ། གྲང་བས་འཁྲུ་ན་ཁྱབ་པ་ལུག་གི་ཤ་ཚོ་ཁུ་མཁར་པོ་འབྲས་ཁུས་བཅད་གནས་སོ། །
ཆུ་སེར་རྒྱས་པའི་མི་རྣམས་ལ་ཆུ་སེར་ཞག་གྲང་[གྲངས]མང་དུ་འབབ། རྗེས་ལ་སྨན་བསྟན་ནོ། །ཕྱིའི་ལ་བྱང་བ་བདུན། གཟེ་མ་ར་འགོ[མགོ]། བཅའ་སྒ་དུར་བྱིད་རྒྱ་ཚ། ཟོ་མར་དང་སྦྱར་ལ་སྒྲོག་རུས་ཁུང་བཀྲུས་ལ་ཉི་མས་བསྲོ། སྨན་དེ་འཐུག་སྲབ་གྲི་ལྟག་ཙམ་བྱུག །སྔོན་དུ་ཆང་འཐུང་། རྒྱུ་ཞབ་[ཞབས]བལ་བཙང་། དེའི་སྟེང་དུ་གཟེར་ན་དུགས་བྱ། མ་ཕིག་[ཕིགས]ན་རྒྱ་ཚ་བཏང་། རྩ་སྦྱོང་ལྟོ་སྦྱོང་སྨན་ལ་གུ་གུལ་ནག་པོ། གླ་རྩི་ལོ་བརྒྱད་དྲི་ཆུ་བསྲེ་བ་གདོན་སྦྱོང་། ཨ་རུ་ར་དུ་རྙེད་དང་། སྨན་ཆེན་སྲན་ཙན་[ཙམ]གཅིག །དེའི་སུམ་ཆ་གླ་རྩི། པི་པི་ལིང་ཨ་རུའི་གྲང་[གྲངས]། གུ་གུལ་ནག་པོ། རིལ་བུ་སྲན་མ་ཙམ་གི་ཝང་གི་ཆུ་ནང་དུ་བཏོན་པའོ། །དང་པོ་ཨ་རུ་ར་བཏག[བཏགས]། དེ་ནས་སྨན་ཆེན་བཏགས། དེ་གཉིས་བསྲེས་ལ་ཞིབ་ཏུ་བཏགས། དེ་ནས་དྲི་ཆུས་འདམ་བཏག་[བཏགས]ཉི་མ་གཉིས་གསུམ་བྱ། བྱང་བའི་ཚད་སྣག་ཚ་འདྲ་ནག་ལ་འཚེར། གུ་གུལ་ནག་པོ་དྲི་ཆུས་བཞུ། དྲུངས་[གྲུངས]མ་འདམ་བཏག་[བཏགས]གསེབ་ཏུ་བཏང་། གླ་རྩི་པི་ལིང་གཅོད་ཁར་བཏང་། རིལ་བུ་སྲན་མ་ཙམ་གི་ཝང་གི་ཆུ་ནང་བཏོན། སྦྱོང་གི་རྗེས་ལ་ཉག་བཅུའི་བར་དུ་ཉི་[ཉིན]རེ་རེ་རེ་བཟའ། ནུབ་གཅིག་ཉིན་གཅིག་ཉི་ཤུའི་བར་དུ་བཟའ། དེ་ནས་རྒྱུན་དུ་ནམ། ནང་གཅིག་ཉིན་ཕྱེད་གཅིག་སྲོད་ལ་གཅིག་བཟའ་འོ། །རྒྱུན་དུ་གསོ་བའི་སྨན་ནོ། །སྨན་བསྟན་ཚེ་ཚ་བུད་མེད་རུལ་སོང་[སུངས]སྔོ་རྔད་མེ་ཉི་མ་རིངས་འདུག་སྤང་། སྤྱོད་ལམ་དལ་བར་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། བུ་རམ་སྤང་། སྨན་དང་རྟེན་འབྲེལ་དེ་རྣམས་འཛོམ། མཛེ་ནད་ཐམས་ཅད་སེལ་འགྱུར། ཆུ་སེར་གྱི་སྐམ་ལ་མུ་ཟི་སེར་པོ་ཨ་རུ་གསེར་མདོག་གུ་གུལ། ཕག་ཚིལ་འབྲས་བུ་གསུམ། ཞིབ་ཏུ་བཏག་[བཏགས]ལ་རིལ་བུ་ཞོ་ཕྱེད་ཞོ་གཅིག་ཞོ་གཉིས་པའི་རིལ་བུ་བྱ། སྦྱོང་རྗེས་ལ་ཞག་བདུན་དུ་ཞོ་ཕྱེད་པ་བཏང་། དེ་ནས་བདུན་དུ་ཞོ་གཅིག་པ་བཏང་། དེ་ནས་བདུན་དུ་ཞོ་གཉིས་པ་བཏང་། འདི་ནི་སྣག་[རྣག]མཛེ་ལ་བཏང་ངོ་། །
ནུས་པ་ཅན་གྱི་དྲི་ཆེན་བྲེ་གསུམ། ཁྱི་ལུད་བྲེ་དོ། ཕག་ལུད་བྲེ་གང་། སྤྱང་ཀུའི་བྲུན་ཉི་ཤུ་རྩ་གཅིག །རྫ་སར་པའི་དགེ་སློང་ངམ་བྱིས་པའམ། ནུས་པ་ཅན་གྱི་དྲི་ཆུ་བ་འབྲིའི་མང་དུ་བླུག །ཞག་ཉི་ཤུ་རྩ་གཅིག་མནན། ཁའི་སྦུ་[ལྦུ]སྒྲོས་བཞམ་[གཞམ]། དངས་མ་བཏུང་། བར་གྱི་སྐྱོ་མས་བྱུག །ཞབས་ཀྱི་ཚིགས་མ་སྐམ་ལ་དུད་པས་བདུག་གོ །མཛེ་ལ་སོགས་པའི་ཆུ་སེར་སྐེམ། ཀླུ་ལ་སོགས་པའི་ནད་ཐུབ། ཤ་ལ་སོགས་པ་མེད་པར་འགྱུར། སྦལ་སྦྲུལ་སོགས་བསད་དང་སྐྱུགས་དང་བསྲེག་པ་རྨིས་ན་ཐུབ་བོ། །སྡོང་[ལྡོང]རོས་ཁམ་བུའི་སྙིང་པོ། ཕག་པའི་ཚིལ་བུ་རྙིང་པ། ལན་ཚྭ་སྐྱུར་[སྐྱུ]རུ་ར་རྐང་མར་སྦྲང་དང་སྦྱར་ལ་སྨིན་མ་ལ་བྱུག །ཡང་ན་སྐྱུ་རུ་ར་མར་རྙིང་དང་སྦྱར་ནས་བྱུག་ན་སྐྱེ་བར་འགྱུར་རོ།།  །།
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༡ ནས་ ༡༥༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *