སྨན་དཔྱད་ཟླ་བའི་རྒྱལ་པོ། (དང་པོ།)

༄༅། །སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ་བཞུགས།།

 

༄༅། །རྒྱ་གར་སྐད་དུ། སོ་མ་རཱ་ཛ་བྷཻ་ཥ་ཛྱ་སཱ་དྷ་ནཱ་མ། བོད་སྐད་དུ། སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །དྲི་དང་ཁ་དོག་རོ་མཆོག་ལྡན། །གཏེར་དང་ནགས་ཚལ་རྣམ་ལྔའི་རི། །ས་དང་མེ་དང་ཆུ་དང་རླུང་། །ནམ་མཁའ་འབྱུང་བ་ལྔ་ཡི་རི། །རླུང་དང་བད་ཀན་མཁྲིས་པ་དང་། །ལྡན་པ་འདུས་པ་སེལ་བའི་རི། །བེ་ཡི་(དབུས་དང་རྣམ་ཤེས་གཟུགས)རི་ལ་ཨ་ཀྵོ་ཏ། །གུ་ཎ་(ལྷོར་ཚོར་བ)ས་དང་ཨ་(ནུབ་འདུ་ཤེས་)བ་རི། །

སི་ཏ་(བྱང་འདུ་བྱེད)ཨ་ཀྵོ་ཏ་(གནས)ལའོ། །ལྷོ་(སྡུད་པ་པོ)ཕྱོགས་ཡུལ་སྐུ་བལྟམས་པའི། །ཀླུ་སྒྲུབ་ཞེས་ནི་གྲགས་པ་ཡིས། །བེ་ཏ་རི་ཡི་རྩེ་(དབུས་ཀྱི)ལ་ནི། །(སྟོན་པ)འཕགས་པ་འཇམ་དཔལ་གཞོན་ནུ་(མཚན་ལོ་ཙཱ་བ་ལྟ་བུ)ནི། །གཞོན་ནུ་ཨུཏྤལ་པོ་ཏི་འཛིན། །ཚངས་པ་(བརྒྱད་ཁྲི་དཔལ་ཚངས་པ)བརྒྱ་བྱིན་ལ་(སྣ་ཚོགས་ལྷ་ཆེན་ཀླུ་དགའ་བོ)སོགས་པས། །འཁོར་རྣམས་ཀྱིས་ནི་བསྐོར་བ་ལ། །ཀེང་རུས་དག་གི་ལྡང་ཚད་བསྟན། །(མགོ་དང་ཡན་ལག་བྱང་ཁོག་བསྟན)ཨ་ཀྵོ་ཏ་ཡི་རི་རྩེ་ལ། །སྔོ་དང་ཙ་ར་ཀ་དང་ནི། །འདོད་པ་སྐྱེས་དང་གཞོན་ནུ་ལ། །ནད་གཞི་ཅི་ལྟར་གནས་པ་(སྙིང་རླུང་གི)བསྟན། །གུ་(ལྷོ)ཎ་ས་ཡི་རྩེ་མོ་ལ། །ལྷ་ཡི་བུ་དང་རྒྱུན་ཤེས་དང་། །ལྷ་ཡི་ཡོན་ཏན་ཐང་གནས་པ། །གནས་པའི་(གནས་དང་ཡུལ་དང་དྲི་བ་དང་)ངོས་དག་གཟུང་བ་བསྟན། །ཨ་བ་(ནུབ)རི་ཡི་རྩེ་མོ་(པར་པ་ཐང་གནས)ལ། །མེ་ཡི་(འཁོར)བདག་དང་ནག་པ་དང་། །འདྲོབ་སྐྱོང་བ་དང་ཀ་ཡ་ལ། །སྨན་དང་དཔྱད་ཀྱི་(ཤིང་དང་རྡོ)རྫུ་འཕྲུལ་(གཏར་སྲེག)བསྟན། །སི་ཏ་(བྱང)ཨ་ཀྵོ་ཏ་ཡི་རྩེ་མོ་ལ། །ཤིང་གི་ལྷ་དང་ལྗང་སྔོན་དང་། །ཟླ་བ་དང་ནི་ཉི་མ་ལ། །ས་དང་ཆུ་(བདུན་པ་སྨན་གྱི་སྦྱོར་བ་བསྟན)དང་ཤིང་དང་སྔོ། །བསྐ་དང་ལན་ཚྭས་(ནད་ཀྱི་གཉེན་པོ)རླུང་ནད་སེལ། །ཁ་དང་མངར་བས་མཁྲིས་པ་འཇོམས། །སྐྱུར་དང་ཚ་བས་བད་ཀན་ནོ། །རླུང་དང་མཁྲིས་པ་བད་ཀན་དང་། །ལྡན་དང་འདུས་པ་སྦྱར་བས་ནད། །སེལ་ཐབས་འཁོར་ལ་བཀའ་སྩལ་ཏོ། །བེ་ཏ་ལ་ཡི་རྩེ་(གནས)མོ་ལ། །འཕགས་པ་འཇམ་དཔལ་གཞོན་ནུ་ནི། །གསེར་མདོག་ལྟ་བུ་སྐུར་སྣང་བས། །ཤེས་རབ་སྙིང་རྗེས་སེམས་ཅན་ལ། །ཕན་ཕྱིར་དྲང་སྲོང་བཞིས་བསྐོར་ནས། །ཞུས་ཏེ་(དྲ་བ་དང་ཚད)ཀེང་རུས་རྣམ་པ་(གནས་ལུགས་དང་རྒྱུ་རྐྱེན)བསྟན། །དང་པོ་ས་ནི་ཐོབ་པ་ཡི། །ཀླུ་སྒྲུབ་དེ་ཡི་བསྟོད་པ་ནི། །མི་འཇིགས་སེང་གེའི་ཁྲི་ལ་བཞུགས། །ཉི་མའི་སྐུ་ལྟར་གཟི་བརྗིད་ཟུག་རྔུ་(ནད་ཀྱི)སེལ། །ཟླ་བ་(བསིལ་བས་ཚད་ནད)ལྟ་བུར་འོད་གསལ་ནད་རྣམས་སེལ། །སྨྲ་བའི་སྐྱེས་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །དེ་ནས་འཕགས་པ་འཇམ་དཔལ་ལ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཞུས་པ། །འཇམ་དཔལ་བཅུད་ཀྱི་སེམས་ཅན་(ཁྱད་པར་ཅན)རྣམས། །ལས་དང་རྒྱུ་ནི་ཅི་ལས་གྲུབ། །ནད་དང་(རྒྱུ་རྐྱེན་ཤེས)སྡུག་བསྔལ་ཅི་ལྟར་(བཤད་ཀྱིས་ཉོན)ཤེས། །ཟུག་རྔུ་དག་ནི་ཅི་ལྟར་བསལ། །དེ་ནས་འཕགས་པ་འཇམ་དཔལ་གྱིས། །འཛུམ་པ་ལན་གསུམ་དུ་མཛད་ནས། །གཟུངས་པ་སྟོན་པས་ལུང་བསྟན་པ། །ཁྱེད་ནི་ཐུགས་རྗེ་ལྡན་པའི་སྐུ། །ཤེས་རབ་ཟབ་མོའི་སྟོབས་ལྡན་པའི། །ཀླུ་སྒྲུབ་ཁྱོད་ལ་བཤད་པར་བྱའོ། །

དེ་ལ་བཅུད་ཀྱི་སེམས་ཅན་ནི། །ལས་(དུག་གསུམ་ལས་བྱུང་བའོ)རྒྱུ་སྣ་ཚོགས་ལས་གྲུབ་པའོ། །འགྲོ་བ་དྲུག་ནི་ཐམས་ཅད་ལ། །ལས་དང་ཉོན་མོངས་དག་དང་ནི། །ཀུན་གཞི་རྣམ་ཤེས་བག་ཆགས་ལས། །གྲུབ་སྟེ་མི་ནི་ཁྱད་པར་འཕགས། །གྲུབ་པའི་ལུས་(བཟང་ངན)ནི་ལས་ཀྱིས་དབང་། །ཕ་མ་གཉིས་(འདོད་ཆགས་ཞེས་སྡང་ལས)ཀྱི་རྐྱེན་བྱས་ནས། །ཞེ་སྡང་(ནུས་པ)ལས་གྲུབ་ས་བོན་དང་། །འདོད་ཆགས་ལས་གྲུབ་མ་ཡི་ཁྲག །གཏི་མུག་ལས་གྲུབ་ལས་ཀྱི་རླུང་། །དབང་སྟེ་(ཞག་བདུན་རྐྱང་བར་མངལ་དུ)ཟླ་བ་བཅུ་ནའོ། །ཕ་རྒན་(དུས་སང་ཆུ་ཤ་ཁྲག་རྒྱས)མ་ནི་གཞོན་པ་དང་། །མ་རྒན་(ཤ་ཆུང་)ཕ་ནི་གཞོན་པ་དང་། །(ཕ་མ)གཉིས་ཀ་གཞོན་དང་རྒྱས་པ་ལས། །ཆུ་བ་རྒྱས་དང་རྩ་རྒྱས་(ཕ་གཞོན། ས་གཞི)དང་། །མཉམ་(ཕ་མ་གཉིས་ཀ་གཞོན་པ་ལ)པས་ལུས་དག་མཛེས་པའོ། །རླུང་དང་མཁྲིས་པ་བད་ཀན་དང་། །ཤ་སྐམ་པ་དང་ཤ་རྒྱས་དང་། །སྟོད་ཆེ་(ཕ་མའི་ལུས་དབྱིབས)སྨད་ཆེ་པོ་རྫིངས་དང་། །ཕ་མ་དག་ལས་ཤེས་པར་བྱ། །ཕལ་(ཡང་ཡང་འདུ་སྟེ)ནི་མི་འདྲ་བ་ཡང་འོང་། །བདུན་ཕྲག་སུམ་ཅུ་དགུ་(ཞག་ཉིས་བརྒྱ་བདུན་ཅུ་དོན་གསུམ་ན)ནས་ནི། །ཟླ་བ་དགུ་ནས་བུ་མོར་སྐྱེའོ། །བདུན་ཕྲག་བཞི་བཅུ་གསུམ་པ་ནས་(ལས་ཀྱི་དབང་གིས)། །ཟླ་བ་བཅུ་ནས་ཁྱེའུར་སྐྱེའོ། །ལྡང་བ་དག་(ཚད་གཞལ)ནི་རྫོགས་ནའོ། །མ་ཡི་མངལ་དུ་གནས་པ་ནི། །དང་པོ་ཞག་བདུན་ལས་ཀྱི་རླུང་། །རྒྱུ་སྟེ་མེར་མེར་པོ་དེ་ནི། །དེས་ནི་ཀུན་གཞི་འཛིན་པའི་རླུང་(བར་དུ་ཁྲག་དང་ཆུ་སེར་ལུས་པ)། །དང་པོའི་ཞག་ནི་གཅིག་ན་འོ། །ཞག་གཉིས་མངལ་ནི་འཇུག་པའི་རླུང་། །འབྱུང་བས་མེར་མེར་པོར་གྱུར་ཏོ། །ཞག་གསུམ་མངལ་ནི་འཁྲུགས་པའི་རླུང་། །མཁྲང་འགྱུར་ཞེས་པར་གྱུར་པ་འོ། །ཞག་བཞི་ཀུན་ནས་སྡུད་པའི་རླུང་། །འབྱུང་བས་གོར་གོར་པོར་གྱུར་ཏོ། །ཞག་ནི་ལྔ་ལ་ཐལ་བྱེད་ཅེས། །རླང་(དམ་ཆུ་ཤ་ཆས་སུ་ཆགས)འབྱུང་ལྟར་ལྟར་པོར་གྱུར་ཏོ། །ཞག་དྲུག་པ་ན་སྡུད་བྱེད་ཅེས། །(དབང་པོ་དང་ཡན་ལག་རྟེན་ཆགས་པ)རླུང་འབྱུང་ནར་ནར་པོར་གྱུར་ཏོ། །

ཞག་བདུན་པ་ན་ཐོགས་མེད་ཅེས། །རླུང་འབྱུང་བུ་ག་ཅན་དུ་གྱུར། །བདུན་ཕྲག་གཉིས་ན་འཁོར་བ་ཞེས། །རླུང་འབྱུང་ལྟེ་བར་གནས་པ་འོ། །རླུང་བསྟེན་པ་ཡི་རྩ་གནས་ཏེ། །ཉི་མའི་འཁོར་ལོ་ཞེས་པ་ཆགས། །བདུན་ཕྲག་གསུམ་ན་འཕོ་བ་ཞེས། །རླུང་འབྱུང་མཁྲིས་པ་ཤ་བརྟས་སོ། །བདུན་ཕྲག་བཞི་ན་སྲ་བྱེད་ཅེས། །རླུང་འབྱུང་(རྟེན་སྲག་ཆགས)བད་ཀན་རུས་པ་ཆགས། །བདུན་ཕྲག་ལྔ་ན་ཁ་འབུད་ཅེས། །རླུང་འབྱུང་རྩ་དང་ཆུ་བ་གྱེས། །བདུན་ཕྲག་དྲུག་ན་འཕོ་བ་ཞེས། །རླུང་འབྱུང་མགོ་དང་རྐང་གཉིས་སོ། །བདུན་ཕྲག་བདུན་ན་རབ་ཏུ་འཕོ། །(ལུས་ཀྱི་རྟེན་ཀླད་པ་སྙིམ་གང་ཆགས། རྩ་མིག་ལིང་ལྟར་ལྔ་བཅུ་རྩ་དྲུག་ན། རྩ་ཆེན་མདའ་ཡང་ཆུའི་ལྟར་གྱེས། རུས་པའི་གུར་ཕུབ་ཀླད་པ་ས་ལྟར་ཆགས། ཚིགས་པའི་རུས་པ་འཕང་ལོ་ལྟར་ཆགས)རླུང་འབྱུང་བྱང་ཁོག་ཡན་ལག་ཚང་། །བདུན་ཕྲག་བརྒྱད་ན་སྦུ་གུ་དོད། །རླུང་འབྱུང་མིག་གཉིས་རྣ་བ་གཉིས། །སྣ་གཉིས་ཁ་དང་བདུན་དོད་དོ། །རྟགས་ནི་ཁ་སྨྲ་འདོད་ཆགས་ཆེ། །ཁ་མིག་འཛུམས་དང་གློ་སྙིང་འཕྱོ། །ཁ་ཟས་ཤ་དང་ཁུ་བས་ཕན། །བདུན་ཕྲག་དགུ་ན་ཕྱོགས་སུ་འཕོ། །རླུང་བྱུང་རྐང་ལག་སོར་མོ་ཆགས་(རྒྱུས་པ་ཐགས་ལྟར་ཆགས)། །བདུན་ཕྲག་བཅུ་ན་ཕྱིར་འཕོ་བ། །རླུང་བྱུང་དོན་གྲུབ་རང་ཆགས་སོ། །བདུན་ཕྲག་བཅུ་གཅིག་རང་འཕོ་བ། །རླུང་འབྱུང་སྣོད་རྣམས་རྒྱས་པ་འོ། །དོན་རྣམས་གློ་དང་སྙིང་ནི་ཆགས། །སྣོད་ནི་ལོང་དང་རྒྱུ་མ་འོ། །བདུན་ཕྲག་བཅུ་གཉིས་འགྱུར་བ་ཡི། །རླུང་རྒྱུ་རྩ་རྣམས་འབྱུང་བ་འོ། །སྲོག་པ་རྩ་གཉིས་སྙིང་རྩ་བརྒྱད། །གློ་རྩ་བརྒྱད་དང་འཕར་རྩ་བྱུང་། །བདུན་ཕྲག་བཅུ་གསུམ་གཉེ་མ་ཞེས། །མཆིན་པ་དང་ནི་ཕོ་བ་སོགས། །དོན་(དོན་ལྔ་དང་སྣོད་ལུས་ཀྱི་ཟུངས་སུ་ཆགས)རྣམས་རྒྱས་ཤིང་སྣོད་ཀྱང་རྒྱས། །ཉིས་སྟོང་ལྔ་བརྒྱས་ལུས་ཁྱབ་པའོ། །

བདུན་ཕྲག་བཅུ་བཞི་ཀུན་ཏུ་འབར། །རླུང་འབྱུང་མཆིན་གནས་བྱུང་བ་ཡི། །ཤ་ཐག་བཞི་བྱུང་མཆིན་དྲི་དང་། །པགས་པ་དག་ཀྱང་འབྱུང་བ་འོ། །བདུན་ཕྲག་བཅོ་ལྔས་རབ་ཏུ་རྟས། །རླུང་འབྱུང་བརླ་ཤ་ཉྭ་ཤ་དང་། །རྟ་ཤ་ཤ་རུ་མོན་རུ་དང་། །ཡན་ལག་(རྒྱུས་པ་ལུས་ཀྱི་གཟུགས་སུ་ཡན་ལག་གི་སྒྲོག་རུས་ཆེན་པོ་དྲུག་གིས་འབྲེལ)ལྔ་ཡི་ཤ་རྒྱས་སོ། །བདུན་ཕྲག་བཅུ་དྲུག་འདྲེན་པ་ཞེས། །རླུང་འབྱུང་མཆིན་(ལུས་དང་སྦྲུལ་འཁྲིས་པ་ལྟར་ཆགས)དྲི་ཆུ་བ་ནི། །བཞི་དང་སྣོད་ཐག་སྟེང་ཕྱོགས་སུ། །རྒྱས་པས་རུས་པ་དྲོད་སྐྱེད་དོ། །བདུན་ཕྲག་བཅུ་བདུན་རབ་ཏུ་འདྲེན། །རླུང་འབྱུང་མགོ་བོའི་ཆུ་བ་དང་། །རྒྱུས་པས་མགོ་བོ་རྒྱས་པ་འོ། །བདུན་ཕྲག་བཅོ་བརྒྱད་འདྲེན་པ་ཞེས། །རླུང་འབྱུང་རུས་པ་རྒྱས་པ་འོ། །བདུན་ཕྲག་བཅུ་དགུ་རབ་གསལ་བྱེད། །རླུང་འབྱུང་མགོ་བོའི་རུས་པ་དང་། །སྦུབས་དང་ཡན་ལག་རུས་པ་དང་། །རུས་པ་རྣམས་ནི་རྒྱས་པར་བྱེད། །བདུན་ཕྲག་ཉི་ཤུ་སྨིན་པ་ཞེས། །རླུང་འབྱུང་སོར་མོ་རྣམས་དང་ནི་(རྩ་དང་ཆུ་རྒྱུས་ཀྱི་རུས་འགོ་བརྒྱ་དྲུག་ཅུར་འབྲེལ)། །མིག་དང་རྣ་བ་སྣ་དང་ནི། །མཆུ་ཡིས་ལུས་པོ་མཛེས་པར་བྱེད། །བདུན་ཕྲག་ཉི་ཤུ་རྩ་གཅིག་ལ། །རབ་ཏུ་སྨིན་པའི་རླུང་འབྱུང་སྟེ། །པགས་པ་(ན་སོ་ཚད་རྒྱས་ལུས་ལ་ཁྱབ་པ)དག་ཀྱང་རྒྱས་པ་སྟེ། །དྲི་མནམ་ནང་དང་ཕྱིར་འདྲེན་ནོ། །བདུན་ཕྲག་ཉི་ཤུ་གཉིས་པ་ལ། །རླངས་པ་ཞེས་པའི་རླུང་འབྱུང་སྟེ། །རླུང་མཁྲིས་བད་ཀན་གསུམ་འབྱུང་སྟེ། །བད་ཀན་(སྙིགས་མ་མ་ཞུ་བ་ལས)མདངས་ནི་དཀར་བ་དང་། །མཁྲིས་པ་(དྭངས་མ་ཞུ་བ་ལས)དྲོད་འབེབས་བརྟས་པ་དང་། །རླུང་(མ་ཞུ་བ་ཆེན་པོ་ལས་རླུང)གིས་བཅུད་འདྲེན་འཕེལ་བའོ། །

བདུན་ཕྲག་ཉི་ཤུ་གསུམ་པ་ན། །ཕྲ་རྒྱས་ཞེས་བྱའི་རླུང་འབྱུང་སྟེ། །རྫི་མ་སྐྲ་དང་བ་སྤུ་རྣམས། །རྒྱས་པར་བྱེད་པའི་རླུང་ཡིན་ནོ། །བདུན་ཕྲག་ཉི་ཤུ་བཞི་པ་ལ། །ནུས་པ་འཕེལ་བའི་རླུང་འབྱུང་སྟེ། །ཆེར་ནི་ལུས་རྣམས་འཕེལ་བ་དང་། །དྲན་པ་ཅུང་ཙམ་ང་རྒྱལ་རྙེད། །བདུན་ཕྲག་ཉི་ཤུ་ལྔ་པ་ན། །རྣམ་འབྱེད་རླུང་འབྱུང་བདེ་བ་འོ། །བདུན་ཕྲག་ཉི་ཤུ་དྲུག་པ་ན། །རླུང་འབྱུང་བཀྲེས་སྐོམ་འཐིབས་པ་འོ། །བདུན་ཕྲག་ཉི་ཤུ་བདུན་པ་ན། །མཁྲིས་པའི་རླུང་འབྱུང་ཚ་བ་འོ། །བདུན་ཕྲག་ཉི་ཤུ་བརྒྱད་པ་ན། །མ་ཡི་ལུས་འཇིག་བད་ཀན་རླུང་། །བདུན་ཕྲག་ཉི་ཤུ་དགུ་པ་ན། །རླུང་གི་རླུང་འབྱུང་བདེ་སྡུག་ཚོར། །བདུན་ཕྲག་སུམ་ཅུ་ཐམ་པ་ན། །ཤ་མའི་ལྟོ་འབྱུང་ཟས་ཀྱི་རླུང་། །བདུན་ཕྲག་སུམ་ཅུ་གཅིག་པ་ན། །ཁ་འབུད་ཞེས་པའི་རླུང་འབྱུང་སྟེ། །དྲན་པ་ཙམ་གྱིས་ཆུ་འབྱུང་སྟེ། །འཛག་པས་ཁ་ལ་རེག་པར་འགྱུར། །བདུན་ཕྲག་སུམ་ཅུ་གཉིས་པ་ན། །དབང་པོ་གསལ་བའི་རླུང་འབྱུང་སྟེ། །ཁ་ནི་ཅུང་ཟད་བྱེ་བ་དང་། །ཁ་ལས་རླངས་པ་ཅུང་ཟད་འབྱུང་། །བདུན་ཕྲག་སུམ་ཅུ་གསུམ་པ་ལ། །ལུས་བསྐྱོད་པ་ཡི་རླུང་འབྱུང་སྟེ། །ལུས་པོ་འགྱུར་བར་བྱེད་པ་དང་། །ཟ་བའི་བསམ་པ་བསྐྱེད་པ་འོ། །

བདུན་ཕྲག་སུམ་ཅུ་བཞི་པ་ལ། །ཀུན་ནས་དྲན་པའི་རླུང་འབྱུང་སྟེ། །མ་ཡང་ལུས་བདེ་ལྷ་དང་འདྲ། །དུས་གསུམ་དྲན་ཞིང་མཐོང་བ་དང་། །ཤ་དང་ཆུ་ཡང་འཇིགས་པར་བྱེད། །བདུན་ཕྲག་སུམ་ཅུ་ལྔ་པ་ན། །རླུང་འབྱུང་ལྷ་འདྲ་མར་དྲི་མེད། །བདུན་ཕྲག་སུམ་ཅུ་དྲུག་པ་ན། །དབང་པོ་སྒོ་འབྱེད་རླུང་འབྱུང་སྟེ། །ཕོ་ཡི་སྐད་དང་མོ་སྐད་ཉན། །ཤེས་པས་སྒྲ་དག་ཐོས་པའོ། །བདུན་ཕྲག་སུམ་ཅུ་བདུན་པ་ན། །ཉོན་མོངས་ལྡང་བའི་རླུང་འབྱུང་སྟེ། །ཕོ་ཡིན་ཕ་ལ་ཞེ་སྡང་ཞིང་། །མ་ལ་འདོད་ཆགས་སྐྱེ་བར་བྱེད། །མོ་ཡིན་ན་ནི་ལྡོག་པ་འབྱུང་། །བདུན་ཕྲག་སུམ་ཅུ་བརྒྱད་པ་ལ། །ཨ་བ་དྷཱུ་ཏཱིའི་རླུང་འབྱུང་སྟེ། །སྲོག་རྩ་དག་ཏུ་ཞུགས་ནས་ནི། །སྣ་སྒོ་གཉིས་སུ་རླུང་གིས་ཕྱིན། །བདུན་ཕྲག་སུམ་ཅུ་རྩ་དགུ་ན། །ཕྱིར་རྒྱུའི་རླུང་འབྱུང་ཕྲ་མོ་ཕྱིར། །བདུན་ཕྲག་བཞི་བཅུ་དག་ན་ནི། །སྦྲུམ་མ་དྲོ་ཞེས་བྱ་བའི་རླུང་། །འབྱུང་བས་མ་ཡི་སྦུབས་ལ་སྲིན། །གལ་པ་གཡའ་བ་ཞེས་བྱ་བ། །རེག་པས་མ་ཡི་ལུས་ཀྱི་སྲིན། །སྦྲུམ་མ་ཐམས་ཅད་སྦྲུམ་པའོ། །བདུན་ཕྲག་བཞི་བཅུ་རྩ་གཅིག་ན། །མངལ་འཇིག་རླུང་འབྱུང་གོ་ལྡོག་གོ །

བདུན་ཕྲག་བཞི་བཅུ་རྩ་གཉིས་ན། །འཕོ་འཇུག་རླུང་འབྱུང་ནུ་ཞོ་འཛག །བདུན་ཕྲག་བཞི་བཅུ་རྩ་གསུམ་ན། །ལས་ཀྱི་དབང་གིས་སྐྱེ་བར་བྱེད་(ཉིས་བརྒྱ་གོ་ལྔ་ན་ཕོ་མོ་གང་ཡིན་སྐྱེ་བ་སྟེ)། །མཁྲིས་པ་ཤས་ཆེ་མྱུར་དུ་སྐྱེ་(མདོག་འགྱུར་དང་ཚ་བ་དང་རྨ་བུར་འགྱུར་བྱེད་དང་རིགས་བཞི་ལ)། །རླུང་ཡང་མྱུར་དུ་སྐྱེ་བ་སྟེ་(ལྡོག་པའི་རླུང་དང་ཁྱབ་པའི་རླུང་བསྐྱོད་པ་དང་ཡང་འཕོ་བ་དང་)། །བད་ཀན་ཤ་རྒྱས་བུལ་བ་འོ(སྨུག་པོ་དང་ནི་སེར་པོ་དང་། སྐྱ་བོ་དང་ནི་ནག་པོ་བཞི)། །ཕ་ཡི་ས་ཕོན་ཤས་(རྒས)ཆུང་ཤ་རྒྱས་ཏེ། །མ་བཅུད་(ལུས་ལ་གནས་པའི་དུས་སུ་ཟས)ཆུང་བས་རུས་པ་རྒྱས། །མ་ནི་མཁྲིས་པ་ཆེ་བ་ནི། །མྱུར་དུ་སྐྱེ་སྟེ་མ་གཞོན་ཡང་། །བད་ཀན་ཆུང་བ་ཅུང་ཟད་བུལ། །རླུང་ཆེ་བ་ཡང་མྱུང་བ་སྟེ། །རླུང་མཁྲིས་བད་ཀན་སྙོམས་པ་ནི། །ངོ་བཅུ་དག་དང་དགུ་ན་ནི། །ཟླ་བ་རྫོགས་པས་སྐྱེ་བ་སྟེ། །བཅུ་གཅིག་བཅུ་གཉིས་ལྷག་པ་ཡོད། །ཟླ་བ་དྲུག་ལོན་ཕོ་མོར་ཤེས། །ཕོ་ཡང་མོ་ནི་ལུས་ལྕི་སྟེ། །ཕོ་གློ་གཡས་ལ་མོ་གློ་གཡོན། །ལྕི་བ་དག་ཏུ་ཤེས་པར་བྱ། །སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ་ལས། ལུས་བསྐྱེད་པའི་རྒྱུ་ནུས་པ་རྫོགས་པ་ཞེས་བྱའི་ལེའུ་སྟེ་དང་པོ་འོ།།  །།

 

ལུས་ཀྱི་ཀེང་རུས་ཀྱི་རྣམ་པར་གཞག་པ་ནི། ཡང་སློབ་དཔོན་(ཀླུ་སྒྲུབ་ཀྱིས)གྱིས་བསྟོད་པ་ནི། སྐུ་དང་གསུང་(ངེས་ཚིག)དང་ཐུགས་འཇམ་པའི། །པདྨ་(འདམ་གྱིས་མ་གོས་པ)གེ་སར་ལྟ་བུའི་ཞལ། །ཉི་མ་(རྒྱས་པ་གཟི་མདངས་དང་ལྡན་པ)འཆར་ཀ་ལྟ་བུའི་འོད། །གཞོན་ནུའི་(ལོ་བཅུ་དྲུག་ལྟ་བུ)སྐུ་ལ་ཕྱག་འཚལ་ལོ། །དེ་ནས་(ནཱ་ག་རྫུ་ནས)ལུས་ཀྱི་ཀེང་རུས་ཡང་དག་ཞུས། །རྒྱུ་རྐྱེན་(ཀུན་གཞི་དགེ་མི་དགེ)དག་གིས་བསྐྱེད་པ་ཡི། །ཀེང་རུས་རྣམ་གཞག་ཅི་ལྟ་བུ། །འཕགས་པས་(འཇམ་དཔལ)བདག་(ཀླུ་སྒྲུབ)ལ་གསལ་བར་མཛོད། །ཕ་(རུས་པ་ཆུ་བ)ཡིས་བསྐྱེད་པ་(སྣོད་དྲུག)རྣམས་གང་ཡིན། །མ་ཡིས་བསྐྱེད་པ་(ཤ་རྩ་དོན་ལྔ)གང་རྣམས་ལགས། །འཕགས་པ་དག་གིས་བཀའ་བསྩལ་པ། །ཤ་དང་རྩ་(རྩའི་རྒྱལ་པོ་སྲོག་རྩ་ལས་ཐམས་ཅད་གྱེས)དང་སྣོད་རྣམས་ནི། །མ་ཡི་རྒྱུ་(ཁྲག་ལས)ལས་བྱུང་བ་འོ། །རུས་པ་ཆུ་བ་སྣོད་རྣམས་ནི། །ཕ་ཡི་ས་བོན་(བྱང་སེམས)དག་ལས་ཏེ། །འོན་ཀྱང་འདུས་ཏེ་(འབྲེལ་ནས་རུས་པ་དང་ཤ)སོ་སོར་རོ། །ཕག་ཚུན་འདྲེས་པ་(གཟུགས་སུ་གྲུབ་པས)རྟེན་འབྲེལ་མཐུས། །དེ་ལས་བྱང་ཁོག་སྟོད་སྨད་དེ། །ཡན་ལག་(མགོ་ལ་སོགས་པ་དང་)དག་ནི་རྣམ་ལྔ་འོ། །

བྱང་ཁོག་སྟོད་ལ་ཤ་(ཤའི་གནས་ལུགས)དག་ནི། །བཤུལ་ཤ་(གཉིས)དང་ནི་རྟ་ཤ་(གཉིས)འོ། །གཉིས་གཉིས་བཞི་ནི་རྒྱབ་ཤ་སྟེ། །ནུ་མའི་འཐེན་ཤ་(གཡས་གཡོན)གཉིས་དང་ནི། །བཞག་ཤ་གཉིས་(ལག་པ་རྐང་པ)ནི་རྒྱབ་ཏུ་སྟེ། །ལར་ན་མདུན་གྱི་ཤ་དྲུག་གོ །(སྲོག་རྩ་ལས་བཞི་གྱེས་སྤྱི་པོའི་རྩ་དང་རྩ་ཕྲན་འབངས་བརྒྱད་དང་བཅས)རྩ་ནི་འཕར་དང་དེ་ཡི་གྲོགས། །འཕར་བ་རྩ་ཡི་སྡོང་པོ་ནི། །དང་པོ་ཚིགས་པ་(རྩ་ལག)བཅུ་གསུམ་པ། །ལྟེ་བ་དག་ནས་ཆགས་པ་སྟེ། །སྒལ་པའི་(མཁར་རེ་ལ་ཚིགས་པ་གཉིས་གཉིས་སོ)ཚིགས་དང་འགྲོགས་ནས་གྱེས། །བདུན་པ་དྲུག་པ་(ཚིགས)ནས་གྱེས་པའི། །གློ་དང་སྙིང་དུ་འབྲེལ་བ་འོ། །བཞི་དང་ལྔ་(ཚིགས་པའི་དོན་དང་)ནས་གྱེན་ལ་རྒྱུག །ལག་པ་(བླ་རྩ་སྙིང་རྩ)རྩེའུ་ཆུང་ཀེང་རུས་(གཉིད་ལོག)གྱེས། །རུས་ཏེ་མཁར་ཐོག་གཅིག་ཏུ་འོ། །བཅུ་པ་དག་ནས་(ཚིགས་པ་དག་ནས)གྱེས་པ་ནི། །ལྟེ་བའི་ཟུར་(གཡས་གཡོན)དང་བརླ་ཡི་ནང་(རྩ་བོ་ཆེ)། །དྲ་མིག་(མཇུག་ཏུ་འོག་སྒོ)གཞང་ཁ་འཁོར་བ་ཡི། །འཕར་རྩའི་(རྐང་པའི)ལོང་(བུའི)འོག་རྒྱུ་(ལྒང་པའི)མ་འོ། །ནང་འཁྲིས་གང་སྦྲ་དག་ནས་འགྲོ། །གཞུགས་པ་མགོ་བོ་(ཀླད་སྙིང་ནས)དག་ལས་ཆགས། །(རྟགས་སུ་ལུས་ཀྱི་ཚོར་བ་ཉམས) སྒལ་པའི་ནང་འཁྲིས་བཅུ་གསུམ་(ཚིགས་པ་དགུའི་སྐེད་པ)བར། །བརྩན་ནམ་སྣད་ནས་ས་བོན་(བྱ)འཆོར་(བྱང་སེམས)། །བེམ་པོ་འདྲ་སྟེ་འཆི་བར་འགྱུར་(ལུས་ཀྱི་ཚོར་བ་ཉམས)། །སྙིང་རྩ་བརྒྱད་(བཞི་ནི)པོ་ཁྲག་གིས་གང་། །བཞི་ནི་(དཀར་སང་ངེ་བ་སྟོང་པར་གནས་པ)རླུང་གིས་གང་བ་འོ།།

འཕར་རྩ་རླུང་(ཁྲག་དང་རླུང་ཤས་པ)གིས་གང་བ་སྟེ། །ཤེས་པ་དག་དང་གསུམ་འགྲོགས་ཏེ། །འཕར་བར་(གྲང་བ)བྱེད་ཅིང་དུས་ཚོད་(དུས་བཞི)དང་། །བརླ་རྩ་སྙིང་རྩ་(འོག་དང་སྟེང་དུ)ཞེས་བྱའོ། །གྲོགས་(དྲུག)ནི་དོན་དང་སྣོད་(དྲུག་གི)ཀྱི་རྩ། །སོ་སོར་(རྩིབ་གཉིས་དང་)
སྒལ་མཁར་རེ་རེ་ལའོ། །ཕྱིར་ནི་མཆན་(ལྷ་རྩ)འོག་ཐུར་རྒྱུག་དང་། །ཕོ་སྟེང་(ནད་གནས)ཕོ་རྩ་འགྲེང་བུ་དང་། །ཆུ་སོ་(ན་གནས)ཆུ་རྩ་རེང་བུ་དང་། །མཁལ་རྩ་ཁ་གཟར་(དཔྱིའི)རྩ་ན་རྒྱུ། །མཇུག་ཐུང་དག་ན་རྩ་གནས་སོ། །རྟ་ཤའི་གསེབ་ན་མཆིན་དྲིའི་རྩ། །རྩིབ་མའི་(མཆིན་རྩ)ནང་ན་རེ་རེ་སྟེ། །ནུ་མ་རྩ་(མཚན་མར་འབྲེལ)ཡི་སྡོང་པོ་སྟེ། །ཕོ་མཚན་(རྩ་འོག་ཚིགས་པ་བཅུ་གསུམ་པར)མོ་མཚན་སྟེང་དུའོ། །བསམ་སེའུ་(མིང་)ཞེས་བྱ་(ཁུ་ཆུ)འཛག་སྣོད་དེ། །ཆེ་ཆུང་(ས་བོན་གྱིས་གང་ན་ཆེ། སྟོང་ན་ཆུང་)བྱེད་པས་སྐྲངས་པ་འདྲ། །(རྩ)ལྟེ་བ་དག་ནས་གཡོན་དུ་འཁྱིལ། །མཁལ་མ་(བསམ་སེའུ་དང་འབྲེལ)གཡོན་པ་དག་དང་འབྲེལ། །རྩ་འོག་ཚིགས་པ་བཅུ་གསུམ་པར། །དེ་ནས་ཕོ་ཡི་མཚན་མར་ར། །གྲོགས་(སྐྱེས་པའི་ས་བོན་གནས་པའི་རྩ)ནི་གློ་རྩ་ལོང་རྩ་མཁལ་རྩ་གསུམ། །བཅས་པས་ས་བོན་(ཁྲག་དང་ཁུ་ཆུ)འཛག་པ་འོ། །བུད་མེད་(མོ་མཚན་དང་འབྲེལ)ཚིགས་པ་བཅུ་གསུམ་པ། །ས་བོན་བཅུད་ཀྱི་རྩ་(སྟོང་)དག་དང་། །མཁལ་(ཁྲག)རྩ་མཆིན་རྩ་ལོང་རྩ་དང་། །(གསུམ་པ)འདུས་པས་མོ་ཡི་མཆན་མར་འབྲེལ། །མངལ་སྣོད་(བུད་མེད་ཀྱི)དག་ནི་ཁུག་པ་འོ། །དེ་གཉིས་བདེ་བའི་(ཕོ་མོ་ཡི)གནས་ཡིན་ཏེ། །ཟག་པ་འཁོར་བའི་(མ་ལ་ནི)གནས་ཡིན་ནོ། །

རྩ་(དེ་རྣམས)ཡི་སྡོང་པོ་དག་དང་ནི། །བརྒྱུངས་པ་(རྩའི)དག་དང་འབྲེལ་བའོ། །རྒྱུ་མ་སྙིང་(ཚིལ་གུ་ཟག)ནི་དཀར་ནག་སྟེ། །གློ་མཆིན་རྩ་(སྔར་ལྟ་བའི་ལམ་གཉིས་ལ)ཡིས་དཀར་ནག་གོ །གློ་(ཁ་མིག་སྣ་རྣམས་ལ)དང་ལོང་ནི་རླུང་གི་གནས། །གྱེན་དང་ཐུར་སེལ་དོན་སྣོད་དོ། །སྲོག་གནས་(ཤེས་པའི་རྟེན་བྱེད)འཛིན་བྱེད་ལྟེ་བ་ན། །(ཐམས་ཅད)འདྲེས་པར་བྱེད་པ་སྙིང་ག་ནའོ། །མཆིན་པ་(ཤིང་ཁམས)ཁྲག་སྟེ་མཁྲིས་པ་ནའོ། །མཁྲིས་པ་ཁྲག་སྟེ་མཆིན་པ་འོ། །མཆེར་པ་(ནད་ལྕི)ས་སྟེ་ཀུན་རྟེན་ཏེ། །ཕོ་བ་ཀུན་གྱི་རྟེན་དང་སྣོད། །ས་(གཞི་ཆེ)དང་འདྲ་བས་ཀུན་གྱི་རྟེན། །ནད་གཞི་(གསོ་དཀའ)ལྕི་བས་ས་དང་འདྲ། །མཁལ་མ་(གཡས)ལྒང་ཕུགས་ཆུ་(ཆུ་ཁམས)འབབ་པས། །ཆུ་(དྲི་ཆུ)ཡི་སྣོད་དང་རྟེན་ཡིན་ནོ། །མཁལ་མ་ལུས་རྟེན་ཟུངས་(ས་བོན)འབབ་པས། །བསམ་སེའུ་(མཁལ་མ་གཡོན་པ་ནས)སྣོད་དུ་འབབ་པ་འོ། །སྒལ་རུས་(མཇུག་ཐུང་དང་ལྟག་རུས་མ་བགྲང་སྟེ)ཉི་ཤུ་རྩ་གསུམ་སྟེ། །ལྷག་པ་དག་ཀྱང་སྲིད་པ་འོ། །མཇུག་ཐུང་དྲ་མིག་བཅས་པ་དང་། །བྲང་རུས་ཕར་དྲུག་ཚུར་དྲུག་(བཅུ་གཉིས)དང་། །སྒྲོག་རུས་(ཆ་གཉིས)འགར་བ་གཉིས་དང་ནི། །རྩིབ་མ་དྲུག་དྲུག་(ལག་འོག་བཅུ་གཉིས)ནམ་ཚོང་(རྩིབ་བུ་ཐུང་གཉིས)དང་། །ལག་འོག་དྲུག་དྲུག་བཅུ་གཉིས་དང་། །རྩིབ་ལྷག་དག་ཀྱང་སྲིད་པ་སྟེ། །གོང་ཁབ་དག་ཀྱང་དྲུག་ཏུའོ། །ཆུ་བ་(སྟོད་དུ)གཉིས་ཏེ་རྒྱུས་པ་(འོག་ཏུ)དང་། །ཆུ་བ་དག་ཀྱང་གཉིས་སུ་འོ། །རྒྱུས་པ་གཉིས་ཏེ་ནུ་ཐག་དང་། །རྟ་ཤ་བཤུལ་གྱི་རྒྱུས་པ་འོ། །ཆུ་སྟེ་བཤུལ་གྱི་ཆུ་ལེབ་དང་། །རྟ་ཤ་ཆུ་བ་དག་དང་ནི། །ནུ་ཤའི་ཆུ་བ་ཁ་དབྲག་དང་། །གང་སྦྲེའི་ཐེན་བག་མཚན་མ་འོ། །ཁྱད་པར་དོན་དང་སྣོད་དང་ནི། །མཆིན་དྲིའི་རྒྱབ་དང་ལྷེན་སྣའི་ཟུར། །མཆིན་དྲི་གྲུ་མོ་བསྐོར་བ་ཡང་། །བབས་པ་དེ་བས་ཅུང་རིང་བའོ། །མཆིན་དྲི་ཡོལ་བ་བྲེས་པ་འདྲ། །མཚོན་(རྟགས)གྱིས་བརྟོལ་ན་དྲི་མ་ལུག །ས་བོན་འཆོར་ཞིང་ཤེད་ཆུང་སྟེ། །(ཞག)ཉི་ཤུ་རྩ་གསུམ་རྩ་ལྔ་ན། །རྣམ་པར་ཤེས་པས་ལུས་པོར་རོ། །སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། ལུས་ཀེང་རུས་ཀྱི་རྣམ་པར་གཞག་པའི་ལེའུ་སྟེ་གཉིས་པའོ།།  །།

 

དེ་ནས་རྒྱུ་རྐྱེན་རྣམ་གཞག་ལས། །རྒྱུ་དང་(ཀུན་གཞི་ས་བོན)རྐྱེན་གྱིས་བསྐྱེད་པ་ཡི། །ཡན་ལག་རྣམ་པ་ལྔ་དག་ལས། །(དང་པོར)མགོ་བོའི་ཀེང་རུས་སྟོན་པ་ནི། །ཤ་དང་རྩ་དང་རུས་པ་དང་། །ཆུ་བ་དག་དང་སོ་སོར་དབྱེ། །ཤ་ནི་རྣམ་པ་བཞི་ཡོད་དེ། །ཤ་རུ་ལས་བྱེད་གཉིས་དང་ནི། །མོན་རུ་གྱོང་ཤ་གཉིས་དང་ངོ་། །རྩ་ལ་གཉིས་ནི་འཕར་རྩ་དང་། །དེ་ཡི་གྲོགས་དང་བཅས་པ་འོ། །འཕར་རྩ་དག་ནི་བཞི་རུ་གནས། །ཕྱི་ཡི་བརླ་རྩ་སྙིང་རྩ་འོ། །བརླ་རྩ་རྒྱབ་སྟེ་སྙིང་རྩ་མདུན། །རྣ་བའི་ཕྱི་མཆན་ནང་མཆན་ནོ། །གྲོགས་ནི་ལྷ་རྩ་རྒྱ་རྩ་དང་། །རུས་རྩ་ཤ་རྩ་དག་ཡིན་ནོ། །ལྷ་རྩ་རེང་པོ་ཁྱི་ཉལ་ལོ། །འཕྲེད་ཉལ་འཁྱམ་པོ་དག་དང་ངོ་། །རེང་བུ་མིག་གི་རྩ་ཡིན་ཏེ། །མིག་ཟུར་ཐུར་གང་གཅལ་བ་ན། །ཁྱི་ཉལ་རྩ་དང་རྣ་བའི་བར། །འཕྲེད་ཉལ་དག་དང་སྣ་གོང་ན། །རྒྱབ་རྩ་བཞི་སྟེ་འཕར་བ་འོ། །རྣ་བའི་ཕྱི་ནང་སྲུབས་དང་འགྲོགས། །རུས་རྩ་ལྔ་སྟེ་རྒྱལ་དང་བློན། །རྒྱལ་པོ་སྤྱི་བོའི་གནམ་ཐེན་ཏེ། །གཙུག་དཀྱིལ་མཐེབ་ལོང་གང་ན་འོ། །བློན་པོ་ཕལ་ཆེར་རྒྱབ་ཏུ་གནས། །མདུན་ལོགས་སུ་ཡང་འོང་བ་ཡོད། །བེ་གསང་གཉིས་ནི་སྨིན་མ་ན། །དཀྱིལ་དུ་བུག་པ་ཀླད་པར་རོ། །

ཤ་རྩ་ལྟག་ཆུའི་རྩ་ཆེན་ཏེ། །གློ་མཆིན་རླུང་རྩ་འདོམས་པ་འོ། །དེ་བས་ཀྱང་ནི་མང་ཡོད་དེ། །ཉེན་བཅས་པར་ནི་བརྟག་པར་བྱ། །རུས་པའི་སྲུབས་དང་ལྷ་བ་དང་། །ཀླད་པའི་བྱེ་བྲག་དབྱེ་བ་འོ། །རུས་པ་ས་རུས་མདོག་ཁམ་མཐུག །ཆུ་རུས་མདོག་སྔོ་འཇམ་ལ་སྲབ། །མེ་རུས་མདོག་དམར་རྩུབ་པ་དང་། །རླུང་རུས་ནག་ལ་ཁམ་ཁོམ་ཆེ། །སྲུབས་ནི་མགོ་བོའི་རིགས་ཀྱིས་དབྱེ། །ཀུན་ནས་ཟླུམ་དང་གྲུ་བཞི་དང་། །རྣ་བ་ཞུམ་པས་འཇོང་བ་དང་། །ཟ་འགྲམ་མཐོ་བས་གྲུ་གསུམ་དང་། །སྤྱི་ལེབ་རྣ་བ་ལྡིར་བ་དང་། །གླང་པོའི་རྒྱབ་ནི་འདྲ་བ་དང་། །ལྟག་འབུར་བྱེའུ་མགོ་འདྲ་བ་དང་། །ར་མཐོ་མཚོགས་མ་དམའ་བ་འོ། །སྲུབས་ནི་དབྱེ་ན་འདི་ལྟ་སྟེ། །བཞི་དང་ལྔ་དང་དྲུག་དག་དང་། །བརྒྱད་དང་བཅུ་གཉིས་བཅུ་དག་དང་། །བཅུ་གཅིག་བཅུ་གསུམ་པ་དག་གོ །འཇོང་པ་སྲུབས་མ་བཅུ་གསུམ་པ། །ཡང་ན་ཉུང་སྟེ་གཉིས་པ་འོ། །གྲུ་བཞི་ལྔ་དང་ཡང་ན་མང་། །དགུ་དང་བཅུ་གསུམ་བཅུ་བདུན་ནོ། །དྲུག་དང་བརྒྱད་ནི་ལྟག་འབུར་རོ། །ར་མཐོ་མཚོགས་མ་དམའ་བ་བཞི། །སྤྱི་བོ་ལེབ་པ་དྲུག་པ་འོ། །ཟ་འགྲམ་མཐོ་བ་གྲུ་གསུམ་གཉིས། །ཀུན་ནས་ཟླུམ་པ་དམུ་ལུགས་སོ། །གླང་པོའི་རྒྱབ་ལ་བཞི་པ་འོ། །

ལྷ་བ་ཕོ་དང་མོ་དག་གོ །ལྷ་མིག་ཆེ་བ་ཕོ་ཡིན་ཏེ། །ལྷ་མིག་ཆུང་བ་མོ་ཡིན་ནོ། །ས་དང་རླུང་ཡང་ཕོ་ཡིན་ཏེ། །མེ་དང་ཆུ་ཡང་མོ་ཡིན་ནོ། །ཀླད་པ་དབྱེ་ན་བརྒྱད་དག་སྟེ། །ཞོ་ཀླད་འོ་ཀླད་ཁྱི་ཀླད་དང་། །བུང་ཚངས་ཅན་དང་བྱེའུ་ཀླད་དང་། །རི་དྭགས་ཀླད་དང་རྫ་མ་གཅིག །འོ་ཀླད་ཞོ་ཀླད་འཇོང་བ་དང་། །གྲུ་བཞི་མིག་འབུར་ངན་པ་འོ། །ཁྱི་ཀླད་རྫ་མ་གཅིག་པ་དང་། །ཟླུམ་དང་གྲུ་གསུམ་མིག་ཀོང་བའོ། །བུང་ཚངས་ཅན་དང་རི་དྭགས་ཀླད། །ལྟག་པ་འབུར་དང་ར་མཐོ་དང་། །བྱེའུ་ཀླད་དང་ནི་རིམ་པ་ཅན། །སྤྱི་ལེབ་གླང་པོའི་རྒྱབ་ལ་འོ། །ཆུ་བ་དབྱེ་ན་གཉིས་དག་ཀྱང་། །ཆུ་བ་དག་དང་རྒྱུས་པ་འོ། །ཆུ་བ་མོན་རུ་དག་དང་འབྲེལ། །རྒྱུས་པ་ཤ་རུ་དག་དང་ངོ་། །གློ་དང་མཆེར་བ་དག་གིས་ནི། །ཆུ་བ་དག་ནི་འབྲེལ་ཐག་སྟེ། །མཆིན་པ་ཡོལ་དང་འབྲེལ་པ་འོ། །ཆུ་བ་དག་ནི་རྒྱ་སྲུབས་འགྲོ། །ཀླད་པའི་རྒྱ་དང་འབྲེལ་བ་འོ། །སྙིང་དང་མཆིན་པ་མཁལ་མ་ཡི། །ཐག་པ་རྒྱུས་པ་ཡིན་པ་སྟེ། །མདུན་ནས་རྒྱ་སྲུབས་དག་ཏུ་འགྲོ། །གློ་ཡི་ཡོལ་ནས་ཀླད་རྒྱར་འབྲེལ། །རྒྱུས་པ་སྙིང་རྩ་དག་དང་འགྲོགས། །ཆུ་བ་གློ་རྩ་དག་དང་འགྲོགས། །ཡན་ལག་བཞི་ལ་ཁྱབ་པར་ནི། །དབང་པོ་ལྔ་ཡི་ཁྱད་པར་རོ། །མིག་ནི་མཆིན་པ་དག་དང་འབྲེལ། །ཤ་མིན་ཚིལ་མིན་ཁྱད་པར་རོ། །ཆུ་བ་ཀླད་པ་དང་འབྲེལ་ལོ། །རྣ་བ་མཁལ་མའི་རྩ་དང་འབྲེལ། །ལྤགས་མིན་ཆུ་མིན་ཁྱད་པར་བྱས། །རྣ་ལྷན་རུས་པས་ཁྱད་བྱས་ཏེ། །ཆུ་བ་རུས་པ་ཀླད་རྒྱར་འབྲེལ། །སྣ་དང་གློ་ཡི་འཕར་རྩར་འབྲེལ། །ཆུ་མིན་རུས་མིན་ཁྱད་པར་བྱས། །ཆུ་བ་རུས་པ་དག་དང་ནི། །ཀླད་པའི་རྒྱ་དང་འབྲེལ་བ་འོ། །

ལྕེ་ནི་སྙིང་རྩ་དང་འབྲེལ་ཏེ། །རྩ་མིན་ཤ་མིན་ར་མ་ལུག །ཤ་རྣམས་དག་དང་འབྲེལ་པ་འོ། །ཀླད་པའི་རྒྱ་དང་འབྲེལ་པ་འོ། །མཆུ་ནི་མཆེར་རྩ་དག་དང་འབྲེལ། །ཤ་མིན་ལྤགས་མིན་ཁྱད་པར་ལས། །སོ་ནི་སྣོད་དང་ཕོ་བར་འབྲེལ། །ཨོལ་ཀོ་རུས་པ་ཀླད་པར་འགྲོ། །ཀླད་པའི་དབང་པོ་དག་དང་འབྲེལ། །ལུས་ལ་དབང་བས་ལུས་དབང་ངོ་། །ཀླད་པ་དང་ནི་ཀླད་སྙིང་ངོ་། །ཀླད་སྙིང་རྟ་མིག་ཕྱེད་པོ་འདྲ། །མིག་དང་རྣ་བ་སྣ་དང་ལྕེ། །རྩ་རྒྱུས་ཆུ་བ་དེ་དང་འབྲེལ། །འཕར་རྩ་བཞི་དང་འགྲོགས་བཞིའི་རྩ། །རྒྱུས་པ་བཞི་དང་ཆུ་བ་བཞིས། །ཀླད་པའི་སྙིང་དང་འབྲེལ་བ་སྟེ། །ལ་ལ་ཀླད་པའི་རྒྱ་ཡང་ཟེར། །དབུས་ན་ས་བོན་བཅུད་ཀྱི་རྩ། །ལུས་ཀྱི་བདེ་བ་རྒྱས་པར་བྱེད། །སྙིང་ནས་ཀླད་པ་དག་དང་ནི། །སྲོག་འགྲོ་ལུས་ཀྱི་བདེ་བ་འཇིག །ཤིང་འབྲས་བདེ་བ་ཞིག་པས་འབྱུང་། །སྲོག་དང་སེམས་ནི་འདྲེས་པའོ། །སོ་མ་རཱ་ཛ་ལས་ཡན་ལག་གི་དང་པོ་མགོ་བོའི་ཀེང་རུས་ཀྱི་རྣམ་པར་གཞག་པ་སྟེ་ལེའུ་གསུམ་པའོ།།  །།

 

འཕགས་པ་འཇམ་དཔལ་གཞོན་ནུས་གསུངས། །རྒྱུ་དང་རྐྱེན་དག་ལས་བསྐྱེད་པའི། །ཡན་ལག་བཞི་པོ་བསྟན་པ་ནི། །ཤ་རྩ་རུས་པ་ཆུ་བ་འོ། །ཤ་ལ་སྟོད་ན་སོག་པའི་ཤ །དཔུང་པའི་ཤ་དང་ཉྭ་ཤའོ། །སྨད་ན་དཔྱི་ཤ་བརླ་ཤ་དང་། །བྱིན་པ་རྗེ་ངར་ཤ་དག་གོ །སྟོད་ཤ་སོག་བྱ་སྐོར་ཤ་དང་། །འབྲོས་ཤ་ནེ་གུལ་དང་སུལ་བདུན། །ལུག་གཞུག་ཕྱི་ཡི་གར་ཤ་དང་། །ཉྭ་ཟླུམ་སུལ་ཆེན་གཉིས་དང་བཅས། །གལ་ཤ་བཤུལ་ཤ་འབྲེལ་ཅིང་ཉྭ་ཟླམ་དང་། །སུལ་ཆེན་གཉིས་དང་བཅས་པ་དང་། །རྟ་ཤ་དག་དང་དཔུང་ཤར་འབྲེལ། །ལག་ངར་ཤ་དང་ཉྭ་གཙར་འདྲ། །ཉྭ་ཆེན་ཉྭ་ཆུང་ཕྱེ་ན་དགུ། སུལ་ཆེན་བཅུ་གཉིས་སྨྱུག་མ་སྦོམ་པོ་འདྲ། །ལག་པའི་མཐིལ་འགོ་བསྡུས་ནས་ཕྲ། །སྨད་ཤ་དཔྱི་ཡི་ཁ་གཟར་ཤ །སྐོར་ཤ་ནག་པོ་ཆང་ཟུངས་ཀྱི། །གྲིམས་ཤ་འབྲོས་ཤ་སྣག་པོ་ཆེ། །གླན་ཤ་གཉེར་མ་རིང་པོ་དང་། །བརླ་ཡི་སྒང་ཤ་མཐེབ་སྙིང་གང་། །བརླ་ཤ་སུལ་མང་དར་བལྟབ་འདྲ། །བཅུ་གསུམ་སུལ་དང་བཅས་པ་འོ། །

བྱིན་པའི་ཉྭ་སྨད་གསུམ་ལ་ནི། །དབུ་མ་བྱིན་སྙིང་ཉྭ་ཡི་དབྱིབས། །ལྕགས་ཐུར་དང་འདྲ་སྦོམ་ཕྲ་ནི། །ནས་ཙམ་རིང་ཐུང་སོར་བཞི་གྲིམས། །ཕྱི་ན་གཉན་པ་རྩེའུ་ཆུང་འདྲ། །མཐེབ་གང་རྒྱུས་པའི་སྙིང་ཐག་གོ །ནང་ན་ཉྭ་ལེབ་ཤ་རྐང་འབྲེལ། །གཉན་ཤ་ཐིལ་ཕྲོག་བྱིན་པའི་ཤ །རྩ་ནི་འཕར་དང་དེ་ཡི་གྲོགས། །བརླ་རྩ་དང་ནི་སྙིང་རྩ་འོ། །དཔུང་པར་གཅིག་ཏུ་འདྲིས་ནས་ནི། །གྲུ་ཁུང་བྲལ་ནས་སོ་སོར་འགྲོ། །རྐང་དང་ཤ་ཡི་བར་དག་ཏུ། །རྒྱུས་པ་དག་དང་འགྲོགས་ནས་སོ། །བརླ་རྩ་མཁྲིག་མའི་འོག་དག་ནས། །འཁྲིས་ནས་རྩ་དེ་རྐྱང་པར་རོ། །སྙིང་རྩ་མཁྲིག་མའི་འོག་དག་ནས། །ཐེ་གུ་སྒྲིལ་མ་ལྟ་བུ་ནི། །མཐེབ་མོའི་ནང་དུ་རྒྱུ་བ་སྟེ། །མཐིལ་དུ་ཕྱིན་ནས་ཁུག་པར་རོ། །དཔུང་པར་དེ་ཉིད་སྒྲིལ་མར་རྒྱུ། །རུས་པ་དག་དང་འབྲེལ་པར་རོ། །དཔུང་སོག་འོག་ནས་རྒྱུ་བ་ནི། །འཕར་རྩ་ལག་པའི་རེང་བུ་གཉིས། །གཉིས་ཀ་སོག་པར་འབྲེལ་ནས་ནི། །བརླ་རྩ་དག་དང་སྙིང་རྩའོ། །ལག་ངར་དག་དང་འབྲེལ་པ་ཡི། །གྲུ་མོ་ཁུགས་ནས་གསུམ་དུ་གྱེས། །རླུང་རྩ་གཉེར་མ་རིང་པོའི་སར། །རུས་པ་དང་འབྲེལ་རད་ན་འོ། །བརྒྱུངས་པ་ཀླད་པ་ལྟ་བུ་སྟེ། །རླུང་དང་ཤེས་པའི་རྩ་ལ་འོ། །དེ་བཞིན་མགོ་ལ་ཟངས་གཟེར་དང་། །ལྷ་བའི་རྩ་ནག་བྱ་རོག་སྡེར། །རུས་རྩ་ཐམས་ཅད་རླུང་དང་འགྲོགས། །སྐྲངས་ཤིང་རྐང་དང་ཤ་བམ་མ། །དེ་ཡི་གྲོགས་ནི་རླུང་རྩ་ནག །གསུམ་དུ་བྱུང་བའི་དབུས་མ་ནི། །རྩ་ནག་བདུད་ཀྱི་རྩ་ཕྲན་གཉིས། །མཆེར་རྩ་དང་ནི་མཁྲིས་རྩ་གཉིས། །རུས་རྩ་ནག་པོའི་སོག་པ་དང་། དཔུང་སོགས་འབྲེལ་བ་དག་ན་ཡོད། །དཔུང་པའི་རྡུམ་རྩ་གློ་རྩ་ཆེ། །འཕྲེད་ལ་འཁྱུད་པ་མཁྲིས་རྩ་འོ། །དཔུང་པ་སྙིང་གི་རྩ་དང་འགྲོགས། །དོན་སྣོད་སྒྲིལ་མ་དག་གི་རྩ། །མཁྲིག་མ་དག་ནས་སོ་སོར་གྱེས། །དེ་རྣམས་དག་ནི་རྩ་བྲན་ནོ། །

རྡུམ་རྩ་ལས་གྱེས་ཨ་སོ་དང་། །རྡུམ་རྩ་དག་ཏུ་ཤེས་པར་བྱ། །དོན་སྣོད་སྒྲིལ་མ་ལས་གྱེས་པ། །ལག་ངར་ཕྱི་རུ་གྱེས་པ་ནི། །རུ་ཐུང་མཆིན་པའི་རྩ་དག་གོ །ནང་དུ་གསུམ་དུ་གྱེས་པ་ནི། །མཆིན་པའི་གཤའ་རིངས་མཁྲིས་རྩ་འོ། །སྣོད་བཞི་བསྡོངས་པའི་རྩ་བོ་ཆེ། །ལག་པ་བཞིན་དུ་རྐང་པར་ཡང་། །འཕར་རྩ་དང་ནི་དེ་ཡི་གྲོགས། །བརླ་རྩ་སྙིང་རྩ་འཕར་རྩ་འོ། །དཔྱི་མིག་ནས་བྱུང་བརླ་ནང་གཅིག །དགབ་ཁུང་དག་ནས་གྱེས་པ་ནི། །པུས་འགོ་རུས་རྩ་སྒྱེད་གསུམ་མོ། །དབུས་མ་རུས་རྩ་ནག་པོ་སྟེ། །གཡས་གཡོན་མཆེར་རྩ་མཁལ་རྩ་འོ། །བྱིན་པ་ནས་ནི་ཐུར་མའི་བར། །རྒྱུས་པ་དང་འགྲོགས་གཉིས་སུ་འོ། །སེ་བ་རུས་དང་ལོང་འཚམས་འགྲོ། །རྐང་མཐིལ་དག་ཏུ་རྐྱང་པར་རོ། །དེ་ནི་བརླ་རྩ་དག་ཡིན་ཏེ། །སྙིང་རྩ་ཡོབ་ཆེན་གོང་དུ་འབྱུང་། །ཆུ་བ་ཁ་དབྲག་འོག་དག་ཏུ། །རྒྱུས་པ་དང་འགྲོགས་མཐེབ་གོང་དུ། །མཐིལ་དག་ཏུ་ནི་ཁུག་པར་རོ། །རྐྱང་པ་ཁུག་པར་སྣ་ཕྲད་དོ། །དེ་ནི་ཀུན་ཤེས་རྩ་ཡི་འཁོར། །རྒྱུ་མ་བཞིན་དུ་རྩ་གནས་སོ། །སྤྱི་བོ་དག་ཏུ་ཕྲད་པ་ནི། །ཚངས་པའི་དུང་གི་འཁོར་ལོ་འོ། །ལག་མཐིལ་དག་ཏུ་ཕྲད་པ་ནི། །ཚ་བ་མེ་ཡི་འཁོར་ལོ་འོ། །པུས་མོ་དག་ཏུ་ཕྲད་པ་ནི། །རླན་པ་ཆུ་ཡི་འཁོར་ལོ་འོ། །གྲུ་མོ་དག་ཏུ་ཕྲད་པ་ནི། །རླུང་རྩ་གཡོ་བའི་འཁོར་ལོ་འོ། །སྙིང་ལ་ཐམས་ཅད་འདུས་པ་ནི། །ཀུན་གཞི་གནས་ཀྱི་འཁོར་ལོ་འོ། །ལྟེ་བར་ཐམས་ཅད་འདུས་པ་ནི། །སྲིད་པ་ཆགས་པའི་འཁོར་ལོ་འོ། །དེ་ལས་སྤྱི་བོར་ཕྲད་པ་ནི། །ལུས་ཀྱི་དབང་རྟེན་ཀླད་པ་ལ། །རྒྱ་ནི་དར་དཀར་དྲིལ་བ་འདྲ། །ཆུ་བ་རྒྱུས་པ་རྒྱ་སྲུབས་དང་། །འབྲེལ་ཏེ་ཕྱི་ཡི་རེ་ཐག་ནི། །ནང་གི་ལྗོན་ཤིང་རྩ་བཞི་དང་། །སྤྱི་བོ་དག་ཏུ་འདུས་པ་ནི། །རླུང་གིས་ལུས་ཀྱི་ས་བོན་བཟུང་། །ཚངས་པ་དུང་གི་འཁོར་ལོ་སྟེ། །ལུས་ཟུངས་ས་བོན་རྩ་ཡིན་ནོ། །

ལུས་ཀྱི་ཚིགས་པ་བཅུ་གསུམ་ནས། །གྱེས་ཏེ་ནང་དུ་ཟུག་པ་ནི། །སྲོག་པ་རྩ་དང་འབྲེལ་ཏེ་གནས། །ཕྱི་ཡི་ཚིགས་མཚམས་འབྲེལ་མཚམས་སུ། །རུས་མིག་ཏུ་ནི་དོན་སྣོད་རྩ། །སོ་སོར་འབྲེལ་ཏེ་གནས་པ་འོ། །དམུ་ལུགས་དར་དཀར་དྲིལ་བ་འདྲ། །དེ་ལ་མི་མགོ་གཞན་རྣམས་ནི། །ཕལ་ཆེར་དུམ་བུ་བཞི་པར་འོང་། །ལུས་ཀྱི་དབང་པོ་རྟེན་ཡིན་ཏེ། །རྒྱུ་མཚན་དེ་དང་ལྡན་པ་ཡིས། །ཚངས་པ་དུང་གི་འཁོར་ལོ་འོ། །བུ་ག་དག་ནི་མིག་གཉིས་དང་། །རྣ་བ་གཉིས་དང་སྣ་གཉིས་དང་། །ཁ་ཡི་བུ་ག་དང་བདུན་ཏེ། །ཕན་ཚུན་རྒྱུ་བའི་རླུང་དག་དང་། །གྱེན་དུ་རྒྱུ་བའི་སྒོ་ཡིན་ཏེ། །དབང་པོ་གསལ་བྱེད་རླུང་རྒྱུ་འོ། །མིག་གཉིས་སུ་ནི་མཆིན་པའི་རྩ། །དེ་དང་བསྡོང་བའི་རླུང་རྒྱུ་འོ། །སྣ་བུག་གཉིས་སུ་གློ་བའི་རྩ། །དེ་དང་བསྡོངས་པས་གཡོན་དུ་རྒྱུ། །མཆེར་པའི་རྩ་ནི་ཕྱེད་མ་དང་། །རྣ་བ་གཉིས་སུ་མཁལ་མའི་རྩ། །དེ་དང་བསྡོང་བའི་རླུང་རྒྱུ་འོ། །སྙིང་རྩ་གཡོན་དུ་རྒྱུ་བ་སྟེ། །བུད་མེད་གོ་ལོག་རྒྱུ་བ་འོ། །

ཉིན་མཚན་རྩ་ཁ་དྲུག་ཏུ་དབྱེ། །མི་མཐུན་ནད་ཀྱི་དྲི་དག་འཇུག །ཁར་ནི་གློ་སྙིང་རྩ་དག་སྟེ། །རྒྱུ་བ་ཁ་ཡི་དབུངས་དག་གོ །དེ་ནི་གྱེན་རྩ་འདྲེན་བྱེད་རླུང་། །སྤྱི་གཙུག་ཚངས་པ་དུང་གི་སྒོར། །བདུད་རྩ་ནག་པོ་སྙིང་གི་རྩ། །འབྲེལ་ཏེ་རླུང་རྒྱུ་དེ་རྣམས་ལ། །གྱེན་དུ་རྒྱུ་བའི་རླུང་ཡིན་ཏེ། །ཤེས་པ་གསལ་བར་བྱེད་པ་འོ། །སྙིང་ལ་ཐམས་ཅད་འདུས་པ་ནི། །ཀུན་གཞི་གནས་ཀྱི་འཁོར་ལོ་འོ། །སྙིང་ཤ་དཀར་དམར་ཡིན་པ་སྟེ། །རྩ་ཡི་བུ་ག་དགུ་དག་གོ །ཆུ་བ་གཅིག་སྟེ་རྒྱུས་པ་ནི། །སུམ་ཅུ་རྩ་བཞི་གྱེས་པ་འོ། །ཤ་ནི་དམར་པོ་རྒྱུས་པ་ནི། །དྲན་པ་དག་དང་འབྲེལ་པ་འོ། །དཀར་པོ་ཆུ་བ་དག་དང་འབྲེལ། །རྩ་ཡི་བུ་ག་བཞི་དག་ནི། །གང་བའི་རླུང་ནི་འབའ་ཞིག་རྒྱུ། །རྩ་བཞིར་གང་བའི་ཁྲག་རྒྱུ་སྟེ། །ཆུ་བ་གཅིག་པོ་སྙིང་གི་དཀྱིལ། །དྲང་པོ་གཅིག་གི་རྒྱུས་པས་ནི། །རྩ་རྣམས་ལ་ནི་བཞི་བཞི་འོ། །གཉིས་ནི་སྤྱི་བོའི་ཐག་པ་སྟེ། །དྲ་བ་ལྟར་བརྐྱངས་སུམ་ཅུ་བཞི། །དེ་ནི་ལྟེ་བ་ལ་བརྟེན་ནས། །འཁོར་བ་མྱ་ངན་འདས་པ་ཡི། །གཞི་སྟེ་རིག་པ་གནས་པ་ཡི། །འཁོར་བའི་གཞི་ནི་ཆགས་པ་དང་། །ཐོགས་པ་དང་བཅས་དགེ་མི་དགེ། མྱ་ངན་འདས་པ་ཆགས་ཐོགས་བྲལ། །དེ་ལ་རྟེན་དང་འབྲེལ་པས་སོ། །

འཁོར་བའི་རྟེན་ནི་བུ་གའི་དབུས། །རླུང་དང་ཁྲག་གིས་མཚམས་འཛིན་ཏེ། །ཀུན་གཞི་རྣམ་ཤེས་ཆུ་དང་འོད། །རླུང་གིས་གཡོ་བ་དག་བྱེད་དོ། །དཔེར་ན་ཆུ་འོད་མཁའ་ལ་འཆར་བ་བཞིན། །རླུང་གིས་གཡོ་བ་དེ་བཞིན་དུ། །ཀུན་གཞི་ཆུ་དང་འདྲ་བ་སྟེ། །རྣམ་ཤེས་ནམ་མཁའི་གཟུགས་བརྙན་བཞིན། །གཡོ་བའི་རྣམ་རྟོག་རླུང་དང་འདྲ། །ཁྲག་དང་རླུང་གིས་སོ་འཛིན་པའོ། །འཁོར་བ་ཉི་མ་དང་འདྲ་རིམ་གྱིས་འགགས། །ནག་པོ་སྣང་བ་ཁྲག་གིས་རླུང་ཕུལ་པའོ། །

རྩ་དཀར་ཁྲག་གིས་གང་བས་ནག་པོར་སྣང་། །རླུང་གནས་ཁྲག་གང་རི་བོས་ནོན་པ་འདྲ། །ཁྲག་གིས་གང་བ་བཞི་པོ་ནི། །བླ་རྩའི་ཁྲག་རྒྱས་དམར་པོ་ནི། །གཉིས་སུ་མཆིན་པའི་ཁྲག་རྒྱུ་འོ། །དབུགས་ཀྱི་གོང་བཞི་གློ་རྩར་འབྲེལ། །ཉི་མ་ཟླ་ཞེས་འཕེལ་དང་འགྲིབ། །གཉིས་སུ་ཁྲག་ཞུགས་གྱུར་པས་ན། །ཁྲག་རྩ་གཉིས་སུ་རླུང་འཇུག་སྟེ། །གཉིད་ལོག་པ་དང་བརྒྱལ་བ་དང་། །རླུང་གཞན་ཞུགས་ནས་འབོག་པ་སྟེ། །སྨྱོ་བ་ཁྲག་རྩ་ཉམས་པ་འོ། །རླུང་གཞན་དག་ནི་ནད་དུ་འགྱུར། །གཉིས་ནི་མཆིན་རྩ་དང་འབྲེལ་ཏེ། །སྲོག་ཕྲོག་སྣང་བ་འཇོམས་པ་འོ། །ཁྲག་དེ་རྒྱུས་ནས་འཆི་བར་བྱེད། །མིག་བཟློག་དབུགས་དར་འབྱུང་བ་སྟེ། །དེ་ལ་འདུས་པ་གསུམ་ཡིན་ཏེ། །སྲོག་པ་རྩ་ཡི་སྦུགས་སུ་གཅིག །གློ་ཡི་ཆུ་བ་འཕར་རྩ་ཡི། །མཆིན་པ་རྒྱུས་པའི་རྩ་དག་ནི། །ཁྲག་གིས་གང་བའི་རྩ་དག་སྟེ། །མཁལ་མའི་ཐག་པ་རྒྱུས་པ་ཡིན། །རྩ་ནི་ཆུ་དང་ས་བོན་ནོ། །མཆེར་བའི་ཐག་པ་ཆུ་བ་སྟེ། །རྩ་ནི་ཁྲག་གིས་གང་བ་འོ། ས་བོན་བརྟེན་པ་མཁལ་གཡོན་དང་། །བསམ་སེལུ་དག་དང་འབྲེལ་པ་འོ། ཆུ་བ་རྒྱུས་པ་ཐག་པ་སྟེ། །རྩ་ནི་རླུང་ཁྲག་ས་བོན་རྒྱུ། །སྣོད་རྣམས་ཀྱང་ནི་དེ་བཞིན་ཏེ། །སྙིང་ལ་ཐམས་ཅད་འདུས་པ་འོ། །

ལག་མཐིལ་ཕྲད་པ་རྩ་ཡི་གྲོགས། །སྣོད་བཞི་རྩ་དང་འབྲེལ་བ་སྟེ། །མེ་དང་འདྲ་བའི་རླུང་ཞེས་བྱ། །སྣོད་བཞི་ལ་གནས་དྲོད་བསྐྱེད་པའོ། །པུས་མོར་ཕྲད་པ་རྩ་ཡི་གྲོགས། །ལོང་དང་ལྒང་ཕུགས་དག་ཏུ་འབྲེལ། །ཐུར་དུ་སེལ་བའི་རླུང་དང་འབྲེལ། །འདོམ་འོག་གཞང་ཁ་དག་ན་གནས། །ལྟེ་བར་ཕྲད་པའི་རྩ་དག་ནི། །གྲོགས་ནི་བསམ་སེའུའི་རྩ་དག་སྟེ། །དབང་རྟེན་ངེས་བཟུང་མི་ནུས་ཏེ། །སྟོང་པ་གང་བ་ལྟ་བུ་སྟེ། །སྐྱེས་པའི་མངལ་ནི་སྟོང་པར་ཞར། །འདོད་པའི་ས་བོན་བྱུང་ན་གང་། །མོ་ལ་བུ་སྣོད་སྟོང་ན་ཆུང་། །བུ་ཆགས་གང་ནས་ཆེ་བར་འགྱུར། །ཐག་པ་ལྟེ་བ་དག་དང་འབྲེལ། །ལྟེ་བ་ནས་ཆགས་སྲོག་འཛིན་རླུང་། །ཡན་ལག་ལྔ་ལས་དང་པོར་མགོ །དབང་པོ་ལྔ་ལས་དང་པོར་མིག །ལུས་ཀྱི་དང་པོར་ལྟེ་བར་གནས། །ཆགས་པས་སྲོག་གི་འཁོར་ལོ་འོ། །རྐང་མཐིལ་ཕྲད་པ་རྩ་ཡི་གྲོགས། །རྒྱུ་མཆེར་རྩ་དང་འབྲེལ་བ་སྟེ། །མཆིན་རྩ་མེ་ཤི་རྡོ་བཞིན་གྲང་། །སྐྲ་དང་སྨིན་ཟེར་དྲོད་ཤོར་བའོ། །གྲུ་མོར་ཕྲད་པ་མཁྲིས་པའི་རྩ། །དྲོད་བྱས་ལྟག་རྩ་ནག་པོར་འབྲེལ། །གནད་རྩ་ཡིན་ཏེ་ལྟག་དགྱེ་དང་། །བཞད་འདྲར་ཕྲས་ཕྲས་བྱེད་པ་འོ། །རླུང་གི་དྲོད་ནི་ཉམས་བྱེད་པས། །རླུང་གིས་འཁོར་རོ་ཤུགས་ཅན་ནོ། །དེ་ལྟར་ཡིན་པ་དག་གིས་ནི། །བླ་རྩ་སྙིང་རྩ་སྤྱི་བོར་ཕྲད། །ཚངས་པ་དུང་གི་འཁོར་ལོ་འོ། །རྐང་མཐིལ་དག་ཏུ་ཕྲད་པ་ནི། །ཀུན་གཞི་རྩ་ཡི་འཁོར་ལོ་འོ། །

ལྟེ་བ་དག་ཏུ་འདུས་པ་ནི། །སྲིད་པ་ཆགས་པའི་འཁོར་ལོ་འོ། །ཡན་ལག་ཕྲ་མོ་རེ་རེ་དག །ལག་མཐིལ་དག་ཏུ་ཕྲད་པ་ནི། །མེ་ཡི་འཁོར་ལོ་སྙིང་རྩར་འབྲེལ། །པུས་མོ་དག་ཏུ་ཕྲད་པ་ནི། །མཁལ་མ་དང་འབྲེལ་ཆུའི་འཁོར་ལོ་འོ། །གྲུ་མོ་དག་ཏུ་ཕྲད་པ་(ནང་ཟུར་དབུས་མའི་མཆིན་རྩ་གནད)ནི། །རླུང་རྩའི་འཁོར་ལོ་དག་ཡིན་ནོ། །སྙིང་ལ་ཐམས་ཅད་འདུས་པ་ནི། །ཀུན་གཞི་གནས་ཀྱི་འཁོར་ལོ་འོ། །ལྟེ་བ་དག་ཏུ་འདུས་པ་ནི། །སྲིད་པ་ཆགས་པའི་འཁོར་ལོ་འོ། །ཡན་ལག་ཕྲ་མོ་རེ་རེ་དག །བརླ་ཡི་ནང་ཟུར་དག་ཏུ་རྒྱུ། །སྒྱིད་ཁུང་(མཆིན་རྩ་སྨད་གསུམ)འཁྲིས་ཏེ་རྩ་ཆེན་འོག །ཡང་འགྲོ་ཆུ་བ་གཉིས་ཀྱི་བར། །སྦུབས་སུ་འགྲོ་བས་རྨེན་བུའི་ཐོག །ལོང་ནས་ཟུར་དུ་གྲུ་མོས་སླེབས། །རྨེན་བུའི་གནད་དེ་འདྲེད་པ་སྟེ། །དཀར་ནག་དག་གི་ས་ཡིན་ནོ། །ལག་པ་དག་ལ་དེ་བཞིན་ཏེ། །རྩ་གྲོགས་ཕལ་ཆེར་སྤྱི་གཙུག་ནས། །ཆེ་བ་རྩ་ཡི་ཆེ་དག་གོ །ཤ་རུས་བར་དག་མཆིན་རྩ་གནས། །དོན་སྣོད་སྒྲིལ་མའི་རྩ་རྒྱུ་འོ། །དཔྱི་ཡི་ཁ་གཟར་ཁ་ནས་ཕྱིར། །སོང་བས་མཁལ་མའི་རྩ་ནག་གོ །བརླ་ནས་ཕྱེད་བལྡེབས་གཅལ་བ་ནི། །དོན་སྣོད་དག་ལས་གྱེས་པའི་རྩ། །མཁལ་མཆེར་ཆུ་རྩ་དག་ཡིན་ནོ། །འོག་ན་རྩ་བོ་ཆེ་རྒྱུ་སྟེ། །པུས་མོའི་ལྡེབས་ནས་མར་རྒྱུག་གོ །པུས་མོའི་སོར་བཞི་གཅལ་བར་གྱེས། །སྟེང་དུ་འགྲོ་བ་མཆེར་རྩ་ཡིན། །སྒྲིལ་མའི་འོག་དག་དགབ་ཁུང་ནས། །གྱེས་པའི་མཆིན་པའི་རྩ་སྨད་གསུམ། །མཁལ་མ་དང་འབྲེལ་རྩ་དང་ནི། །དེ་ནས་(བྱིན་སྙིང་གཉིས་དང་འདྲ། བྱིན་སྙིང་སོར་བཞི)བྱིན་པའི་བྱིན་གཞུག་དང་། །གདོང་རྩ་ནག་པོ་མཁྲིས་པའི་རྩ། །པུས་འགོ་(ངར་གདོང་པུས་མོ་ནས་རྐང་མཐིལ་ཡན་བར་ན་ཡིག་འགོ་འདྲ་བ་བརྒྱད་ཡོད་དོ)སོར་བཞི་གཅལ་བ་ན། །མཆེར་རྩ་ཁྱུད་མོ་དག་གནས་སོ། །ལོང་རྩ་གཉིས་པོ་རྩ་གཞུང་གོ །དྲག་འཚམས་རྒྱུ་མ་ཆུ་རྩ་འོ། །ཡོབ་ཆེན་གོང་ན་རྐང་མཐེབ་རྩ། །བོལ་གོང་ཆུ་རྩ་ནག་པོ་འོ། །

མས་བསྐྱེད་རྩ་དང་ཤ་དག་སྟེ། །རྒྱས་པར་དབྱེ་ན་དཔག་ཏུ་མེད། །ཕས་བསྐྱེད་ཆུ་བ་རུས་པ་ནེ། །ལག་པ་དག་ལ་ལྷུ་དྲུག་སྟེ། །སོག་པ་གཉིས་ཏེ་སོག་བྱ་ནི། །རུས་མིན་ཤ་མིན་ཁྱད་པར་བྱས། །དཔུང་པའི་རུས་པ་གཉིས་ཡིན་ཏེ། །ལག་ངར་བཞི་སྟེ་ལར་བརྒྱད་དོ། །ཚིགས་ཕྲན་ཉི་ཤུ་རྐང་པ་ལའོ། །འགྲངས་སམ་ལྟོགས་དང་སྲེ་ལོང་བ། །གཉིས་གཉིས་བཞི་སྟེ་ཕྲན་ཚེགས་མང་། །དེ་བཞིན་བརྩིས་ཏེ་དཔྱི་རུས་གཉིས། །བརླ་རུས་གཉིས་ཏེ་རྗེ་ངར་བཞི། །པུས་མོ་རུས་མིན་རྒྱུས་པ་མིན། །ལག་མཐིལ་རྐང་མཐིལ་དག་གི་ཤ །ཤ་མིན་ལྤགས་མིན་དག་དང་ངོ་། །ཕྲན་ཚེགས་རྐང་ལག་མཐུན་པ་ཡི། །ཆུ་བ་རྒྱུས་པ་རུས་པ་སྟེ། །རྒྱུས་པ་འགྲོ་འདུག་ཆུ་བ་ཐང་། །སྟེང་འོག་དག་ཏུ་རྒྱུ་བའོ། །སོ་མ་རཱ་ཛ་ལས་ཡན་ལག་བཞིའི་ཀེང་རུས་ཀྱི་རྣམ་པར་གཞག་པའི་ལེའུ་སྟེ་བཞི་པའོ།།  །།

 

དེ་ལྟར་ལྡང་བ་རྫོགས་པ་ནི། །ཟླ་བ་དགུ་འམ་བཅུ་ན་རྫོགས། །དེ་ལྟར་ལྡང་བ་དག་བསྟན་ནས། །འཕགས་པ་དག་ལ་(ཀླུ་སྒྲུབ་ཀྱིས)བསྟོད་པ་ནི། ཆོས་སྐུ་གཞོན་ནུའི་གཟུགས་ཀྱིས་བཞུགས། །སྒྲིབ་གཡོགས་དྲི་མ་དང་བྲལ་བའོ། །མཁྱེན་པའི་མངའ་བདག་ཐུགས་རྗེ་ཅན། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །དེ་ནས་ཡང་དག་ཞུས་པ་ནི། །འདུས་བྱས་(རྒྱུ་རྐྱེན་གྱིས་བསྐྱེད་པའི)དག་གི་ལུས་འདི་ནི། །མཚོན་(གློའི)དང་ནད་ཀྱི་ཟུག་(དུག་ག)རྔུ་བསལ། །དེ་ཕྱིར་ཚད་ནི་ཇི་ཙམ་ལགས། །ནད་རྣམས་དག་ནི་ཇི་ལྟར་གནས། །གནད་དུ་ཡོད་ན་གང་(དབྱེ་ན་དཔག་ཏུ་མེད། བསྡུས་ན་བརྒྱད་དང་བདུན)ཞེས་ཞུས། །འཕགས་པ་དག་གིས་བཀའ་བསྩལ་པ། །གང་དག་ཚད་ནི་འདི་དག་(མི་འབྲིང་པོའི་ལུས་ལ)གི། མི་རྣམས་ལུས་ལ་ཁྲུ་ཚད་ནི། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །སོར་བརྒྱད་པ་དང་རྩ་བརྒྱད་དེ། །ཕུན་ནི་ལྔ་བཅུ་རྩ་གཉིས་སོ། །ཐུར་ནི་ཉི་ཤུ་རྩ་བདུན་ཏེ། །གདོང་པ་དག་ནི་དྲུག་དང་ནི། །སོར་བཞི་ལྷག་པའི་མཇིང་པའོ། །འདོམ་གང་ཡོད་པ་ལུས་ཚད་དོ། །ལུས་ཕྱེ་བ་ལ་བྱང་ཁོག་གཉིས། །ལུས་ཚད་ཁྲུ་ནི་ཕྱེད་དང་དོ། །སྐེ་བ་ཡན་ཆད་ཡན་ལག་གོ །མགོ་ལ་ཁྲུ་ཕྱེད་བཞིན་དེ་བཞིན། །དེ་ནི་མི་ཡི་རྣམ་གཞག་ཚད། །སྙིང་ལ་ཆང་པ་གཅིག་ཡོད་དེ། །གློ་ལ་མ་ངེས་སྙིང་ལ་གཉིས། །མཆིན་དྲི་པར་གང་མཆིན་པ་ནི། །སྙིམ་པ་དོ་དང་གསུམ་དག་གོ །

ཕོ་བ་དེ་བཞིན་ལོང་དེ་བཞིན། །རྒྱུ་མ་འདོམ་དྲུག་དག་དང་ནི། །ཁྲག་ནི་བྲེ་གསུམ་ཕྱེད་དང་དོ། །སྲིན་ནི་རླུང་སྲིན་ལྟམ་ཁྲེའུ། །རླུང་སྲིན་ལུས་ཟུངས་གཅིག་དང་ནི། །ཕྱིར་མི་འོང་སྟེ་ལོང་འདྲ་བ། །བྱུང་ན་འཆི་བའི་དུས་བྱེད་པའོ། །མཁྲིས་སྲིན་ཁབ་རྩེ་དང་འདྲ་ཕྲ། །བད་ཀན་སྲིན་ནི་དོག་བཅངས་འདྲ། །རླུང་གི་སྲིན་ནི་ལོང་གནས་བྱེད། །བད་སྲིན་ཕོ་བ་དག་ན་གནས། །ཟས་དཀྲུགས་འགྱིང་དང་ཚོས་པར་བྱེད། །མཁྲིས་སྲིན་རྒྱུ་མ་ལ་གནས་ཏེ། །མཁྲིས་སྲིན་འཇུ་བྱེད་རྩ་ཀུན་འགྲོ། །རླུང་(འཕེལ་འགྲིབ་ནང་དུ)གིས་ལུས་ཀུན་སྙོམས་པར་ཁྱབ། །གནས་(དེ་ཡིས་ཞིམ་པ་དང་གཟུང་བ་དང་སྐྱོར་འབུད་འགྲེམས་པ་ལྔ་ཡིན)ནི་ལྟེ་བ་དག་ན་གནས། །དེ་ཚད་མཐེབ་ལོང་གང་དག་གོ །བད་ཀན་ཕོ་བ་གང་དེ་ཁྱབ། །གནས་ནི་ལྷེན་སྣེའི་མཐེབ་ལོང་གང་། །ཚད་ནི་ཕོ་བ་གང་དག་སྟེ། །མཁྲས་པ་རླུང་གི་དྲུག་ཆ་གཅིག །རླུང་ནི་ལོང་ཀ་གང་དག་གོ །གནས་ནི་ལྟེ་བའི་འོག་ན་གནས། །མཐེབ་ལོང་གང་དེ་དེས་ཀྱང་ནི། །ལུས་ཀུན་ལ་ནི་ཁྱབ་པར་གནས། །རླུང་ལ་དབྱེ་ན་རྣམ་པ་གཉིས། ཕན་དང་གནོད་པ་དག་ཡིན་ནོ། །ཕན་པས་སྟོབས་བསྐྱེད་གནོད་པས་ཉམས། །དབང་པོ་དག་ལ་ལྔ་དག་ནི། །སྲོག་འཛིན་པ་༡དང་ཀུན་ལ་ཁྱབ་༢། །མེ་འདྲ་འཇུ་བྱེད་༣གྱེན་དུ་རྒྱུ༤། །ཐུར་དུ་སེལ་༥དང་ལྔ་དག་གོ །སྲོག་འཛིན་པ་ནི་ལྟེ་བ་ན། །གནས་ཏེ་དབུགས་དག་ནང་དུ་འཛིན། །ཀུན་ལ་ཁྱབ་པས་ལུས་ཀུན་ལ། །འདེགས་འཇོག་དབང་པོ་ལྔ་གསལ་བྱེད། །མེ་དང་འདྲ་བས་ཟས་འཇུ་སྟེ། །དྭངས་མ་དག་དང་སྙིགས་མར་འབྱེད། །གྱེན་དུ་རྒྱུ་བས་འབྱུང་བ་ལྔ། །བསྡོངས་པས་སྣ་བུག་གཡས་གཡོན་དུ། །ཐུར་སེལ་བཤང་དང་གཅི་བའོ། །གནས་ནི་གློ་དང་ལོང་དག་ལ། །གནས་པས་ལུས་དང་སྟོབས་བསྐྱེད་པའོ། །

གནོད་པའི་རླུང་ནི་རྣམ་གསུམ་སྟེ། །རྐྱང་པ་དག་དང་ཚ་བ་དང་། །གྲང་བ་དག་དང་བསྡོངས་པ་འོ། །གནས་ནི་ལོང་གའི་ཐང་ལས་ལྷག །སྲོག་རྩར་འགྲོ་སྟེ་ཚ་གྲང་གཉིས། །གློ་ཡི་ཐང་ལས་ལྷག་པ་ནི། །སྙིང་ལ་འགྲོ་སྟེ་ཚ་དང་གྲང་། །འདུས་པས་གསུམ་དུ་འགྲོ་བ་སྟེ། །སྣོད་ནི་ལྒང་པ་དོན་གྱི་མཆེར། །ཚ་གྲང་འདྲེས་པས་གསུམ་དུ་འགྲོ། །ལོང་གི་ལྷག་པ་སྲོག་རྩར་འགྲོ། །དེ་ཡི་ལྷག་དག་མཁལ་མར་འགྲོ། །སྣོད་ནི་ལྒང་ཕུགས་དག་ཏུ་འགྲོ། །གྱེན་དུ་ལོང་དང་ཤ་འཐས་བར། །ཆུ་སེར་དེ་ལས་འབྱུང་བ་འོ། །ནད་ཀུན་རླུང་གིས་རྒྱས་པར་བྱེད། །བད་ཀན་དག་ལ་དབྱེ་ན་གཉིས། །ཕན་དང་གནོད་པ་དག་གཉིས་སོ། །སྟོབས་(ལུས་ཀྱི)བསྐྱེད་པ་དང་འཇིག་པའོ་(ལུས)། །དེ་ལས་སྟོབས་བསྐྱེད་པ་ནི་ལྔ། །ལུས་ལ་མཉམ་དུ་གནས་པ་༡དང་། །ཁ་ཟས་འཇིག་པར་༢བྱེད་པ་དང་། །བད་ཀན་རླན་འབེབས་༣བྱེད་པ་དང་། །ལུས་ཀྱི་མདངས་བསྐྱེད་༤བད་ཀན་དང་། །དབང་པོ་སྒོ་སེལ་༥བད་ཀན་ནོ། །མཉམ་གནས་ལུས་ཀུན་བསྐྱེད་པ་སྟེ། །མཉམ་གནས་ལུས་ལ་ཁྱབ་པ་ཡི། །ཟས་འཇིག་ཕོ་ལ་གནས་པ་སྟེ། །ཟས་ཀུན་རླན་གྱིས་འཇིག་པར་བྱེད། །རླན་འབེབས་ཡན་ལག་ཉིང་ལག་ནི། །རླན་པར་བྱེད་ཅིང་སྨིན་པར་བྱེད། །མདངས་བསྐྱེད་ལུས་ཀྱི་མདངས་འདྲེན་ཏེ། །དཀར་དང་འཇམ་དང་བཀྲག་གསལ་བྱེད། །སྒོ་ཀུན་སེལ་བའི་བད་ཀན་ནི། །ཁ་སྣ་སྣ་མིག་ཆུ་རྣམས་སེལ། །དབང་པོ་རླན་འཁྲུ་གསང་བ་དང་། །གསལ་བ་དག་ཏུ་བྱེད་པ་འོ། །བད་ཀན་ལྷག་པ་ནད་ཡིན་ཏེ། །མཁལ་མར་བད་ཀན་ཞུགས་པ་ན། །གྲང་དང་མཁལ་ཚིལ་སྐྲན་དུ་འོ། །སྣོད་ནི་ལྒང་ཕུགས་ནད་དུ་འགྲོ། །རྡེའུ་དག་དང་ཆུ་སྡོམས་པ་འོ། །དེ་ནས་ཡང་ལྷག་བསམ་སེའུ་དང་། །ལོང་དུ་སོང་བས་ལོང་སྐྲན་དང་། །མངལ་སྐྲན་དང་ནི་གྲང་རླུང་ངོ་། །སྲོག་རྩར་ཆུ་སེར་དཀར་པོར་འགྲོ། །མཆིན་པར་སོང་ན་ཁྲག་འཁྲུགས་དང་། །གྲང་བར་སོང་ན་གྲང་སྐྲན་དང་། །མཆིན་པར་ཆུ་ལུད་གྲང་བར་རོ། །བད་རླུང་འཁྲུགས་པས་སྙིང་ནད་དེ། །བད་ཀན་སྨུག་པོ་དག་ཡིན་ནོ། །རླུང་ཞི་བད་ཀན་ཁྲག་རོར་འགྲོ། །རླུང་དང་བད་ཀན་མཁྲིས་པར་སོང་། །རིམ་སྟེ་རླུང་ཞི་བད་ཀན་སེལ། །བད་ཀན་ཞི་ནས་ཚད་རྙིང་དུའོ། །

རླུང་དང་བད་ཀན་གློར་སོང་ན། །གློ་འཁྲུགས་བད་ཀན་ཞི་བ་འོ། །ཚད་རྙིང་ཞི་བས་བད་ཀན་འཚངས། །མཆེར་པར་བད་ཀན་སོང་བ་ན། །ནག་པོ་རླུང་དང་བསྡོངས་པའོ། །མཁྲིས་པའི་གནས་(ཆ་ཤས་ཆེ་དང་དྲོད་དང་གཟི་མདངས་ཆ། །དེ་ལ་མེ་དྲོད་ཆེ)སུ་མཁྲིས་པ་པའོ། །དབྱེ་ན་རྣམ་པ་གཉིས་(ཕན་གནོད)ཡིན་ཏེ། །སྟོབས་བསྐྱེད་པ་དང་ཉམས་པའོ། །དང་པོ་དག་ལ་ལྔ་ཡིན་ཏོ། །མཉམ་དུ་གནས་དང་འཇུ་བྱེད་དང་། །ལུས་བརྟས་སྟོབས་བསྐྱེད་དབང་པོ་གསལ། །མཉམ་གནས་ལྟེ་བའི་ལྟག་ན་གནས། །ལུས་ཀུན་ལ་ནི་ཁྱབ་པ་འོ། །དྲོད་བསྐྱེད་ཟས་དག་འཇུ་བ་འོ། །འཇུ་བྱེད་མཆིན་པ་ལ་གནས་ཏེ། །ཕོ་བ་གང་བའི་ཟས་འཇུ་འོ། །རྟས་བྱེས་ལུས་ཁྱབ་ལུས་རྟས་བྱེད། །ལུས་སྟོབས་ཤིན་ཏུ་ཆེ་བ་འོ། །མདངས་བསྐྱེད་བཅུད་ཀྱང་ཁྱབ་པར་འདྲེན། །དམར་དང་སྨུག་དང་སེར་བར་བྱེད། །དབང་པོ་གསལ་བར་བྱེད་པ་ནི། །མིག་དང་རྣ་བ་ལ་སོགས་རྒྱས། །ཤེས་རབ་གསལ་བར་བྱེད་པ་འོ། །གནོད་པར་མཆིན་པར་འགྲོ་བ་སྟེ། །ཕོ་བ་ལོང་དུ་མཁྲིས་པ་འགྲོ། །བད་ཀན་སྣུམ་ལྕི་ས་དང་ཆུ། །མཁྲིས་པ་འཇམ་རྣོ་མེ་དང་རླུང་། །རླུང་ནི་རྩུབ་པའི་རླུང་ཡིན་ནོ། །ནུས་པ་འདྲེས་པས་འདྲེས་པ་འོ། །རྒྱུ་ཡི་རུས་པ་ཁྱོར་གང་སྟེ། །མིག་ནི་བརྒྱད་དུ་དེས་བསྟན་ནོ། །དེ་རྣམས་རྩ་ཆུ་ཀུན་རྒྱུ་འོ། །མཇུག་ཐུང་སྲོག་རྩ་ནག་པོ་འོ། །འཁོར་བ་ཡོད་དཀར་བྱེད་པ་འོ། །ལུས་ཀྱི་ལྡང་བ་རྫོགས་པའི་ཚད། །བསྟན་པས་གནད་གསང་ཤེས་པ་འོ། །ཚད་དག་མ་ནོར་གསང་ཤེས་པས། །གདོང་དང་ནུ་མ་མཉམ་པའི་ཚད། །མ་སྙོམས་ལྷག་ཆད་བརྟག་པར་བྱའོ། །གདོང་པ་ཁྲུ་ཕྱེད་ཚད་ཡིན་ཏེ། །དེ་བལྡབ་སྣ་ཡི་དཀྱིལ་དུ་འོང་། །ཨོག་མའི་དཀྱིལ་ན་འཛུམ་གྱི་གནད། །དཔྲལ་བའི་དབྱིངས་སུ་སླེབས་པའི་གསུང་། །རུས་པའི་ཀ་བ་ཀླད་པའི་དབྱིངས། །ཕན་ཚུན་ཉྭ་ཤ་རྩ་དག་དང་། །མིག་ཟུར་འཐེན་པར་རེང་བུ་སྟེ། །ལྷ་བའི་རྩ་སྟེ་འཕར་རྩ་འོ། །ཨོག་མའི་ཟུར་ཐོག་སོ་རྩ་ནག །དེ་བལྡབ་ཟུར་ཐེན་བེ་གསང་དང་། །ཕན་ཚུན་ཐེན་པས་བྱ་རྗེས་སོ། །དེ་ཕྱེད་བལྡབས་ནས་ཐེན་པ་ནི། །ཀླད་པའི་ཐེན་ཐག་བུག་པ་འོ། །ཁྲུ་ཕྱེད་པ་རེ་སྤྱི་གཙུག་ནས། །དེ་ཐེན་པ་ནི་ཐོད་པ་འོ། །དེ་བལྡབས་པས་ནི་འདུས་སོ་གསུམ། །རྣ་བའི་ལྟག་ཏུ་སླེབ་པ་ནི། །ལྷ་རྩ་དག་ནི་ཁྱི་ཉལ་ལོ། །

དེ་ལས་མན་ཐུར་གང་བསྐོར་བ། །མེ་ལོང་གང་དེ་མཐེབ་ཚོན་བསྐོར། །མཐེབ་གང་དག་ཏུ་ཤེས་པར་བྱ། །དེ་ནི་བདུད་སྒོ་བཞི་དག་སྟེ། །མིག་ལ་ཐུར་གང་མཐེབ་ལོང་གཅིག །རྣ་བ་མཐེབ་ལོང་གང་ཡིན་ཏེ། །མཐེབ་ཚོན་གང་ནི་ཟབས་སུ་འོ། །སྣ་ལ་མཐེབ་ལོང་གཅིག་ཡིན་ཏེ། །ཟབས་སུ་མེ་ཐུར་གང་ཡིན་ནོ། །མགོ་ཡི་ཐིག་སྐོར་དགུ་པ་སྟེ། །ཤ་གནད་རྩ་གནད་དེ་གཞལ་ཞེས། །དཔུང་པའི་རུས་འགོ་གཡས་གཡོན་དུ། །ཁྲུ་གང་གཅལ་བ་དེ་ཐེན་ཏེ། །དེ་རྗེས་ཚིགས་པ་དང་པོ་འོ། །དེ་ནས་གཞུང་ཐེན་བཅུ་དྲུག་པ། །བལྡབས་པས་བརྒྱད་པ་དག་ཏུ་འོ། །དེ་ནས་ལྟེ་བར་སླེབ་པ་ནི། །བསྐོར་ཐིག་བྱང་ཁོག་སྟོད་སྨད་དོ། །རྒྱབ་གཞུང་བྲང་གཞུང་གཞུང་ཐིག་གོ །མཆན་ཟུར་དག་ཏུ་ཟུར་ཐིག་ནི། །བཞི་སྟེ་མཉམ་པར་གདབ་པ་འོ། །ཚིགས་པ་དང་པོ་ནས་བརྩམས་པའི། །རྩིབ་མ་བཞི་ཡི་བར་དུ་ནི། །ཐེན་ནས་ཐིག་གཉིས་གདབ་པར་བྱ། །ཚིགས་པ་དགུ་འམ་བཅུ་པ་ནས། །དཔུང་པའི་ཟུར་དུ་ཐིག་གཉིས་སོ། །དེ་ནས་དབུས་ཀྱི་བྱ་རོག་རྗེས། །མཆན་ཁུང་ཐེན་པ་དགུ་ཐིག་གོ །དེས་མཚོན་པ་ནི་མདུན་དུ་ཡང་། །དང་པོ་ནུ་མ་ཡན་ཅད་ཀྱི། །གླིང་གསུམ་པ་ནི་མཛོད་སྤུ་ཆུང་། །དེ་འོག་གླིང་གསུམ་སྙིང་གི་ཡུལ། །མཆན་ཁུང་འོག་གི་བྱ་རོག་རྗེས་(གཞུང་དྲང་པོ་ན་སྙིང་རྩ་ཕྲ་མོ་ཡོད)། །མཆན་གསང་སྦུ་གུ་སླེབ་འདྲེན་ནོ། །རྒྱབ་ནི་འཕྲུལ་གྱི་གཞི་གསང་ངོ་། །སྐོར་གསུམ་སྐེ་དང་ལྷེན་སྣ་ཡི། །ཁྱུད་སྐོར་ཐིག་སྐོར་གསུམ་པ་འོ། །བར་གྱི་ཁྱུད་སྐོར་རྩེའུ་འི་སྟེང་། །འཕྲུལ་གསང་འོར་ཁུང་ཆེན་པོ་འོ། །བྱང་ཁོག་སྨད་ཀྱི་རྒྱབ་ཀྱི་ཐིག །ཁྲུ་གང་སྐྱིལ་ཀྲུང་བཅས་པ་ཡི། །གཉེར་མ་འགྲེང་བས་གཉེར་མའི་འགོ །མདུན་དུ་བསུས་ཆུང་གཉེར་མ་ཡི། །ཐད་ཀར་སྨད་ཀྱི་སྐོར་ཐིག་གོ །ལྷེན་སྣ་དཔྱི་ཟུར་གཉིས་ཐེན་པ། །ཐིག་སྐོར་ཕོ་མཚན་ཐེན་པ་ཡི། །རྩིབ་ཐུང་གཉིས་ཐེན་རེ་རེ་སྟེ། །ལྟེ་ཟུར་བྱ་རོག་རྗེས་གཉིས་ཏེ། །ཕོ་ལོང་རིན་ཆེན་ལྟེ་གསང་ངོ་། །རྒྱབ་ཏུ་དཔྱི་ཡི་གསང་དག་སྟེ། །མདུན་རྒྱབ་དེ་བཞིན་ཤེས་པར་བྱའོ། །

ལར་ན་སྟོད་གསུམ་གྲུ་མོས་བསྐོར། །མཆིན་པ་ཕོ་བའི་གནས་ཡིན་ཏེ། །ལྷེན་སྣ་ཚོན་གང་མཐེབ་ལོང་གང་། །ཕྱོགས་གསུམ་དུ་ནི་ཐུར་གསང་གསུམ། །གཞུང་གསང་ནས་བསྐོར་མེ་ལོང་གང་། །གཡས་གཡོན་གཉིས་གཉིས་དབུས་དང་ལྔ། །དེ་ཕྱེད་ཐུར་གང་དག་ནས་ནི། །མེ་ལོང་གཅིག་དང་ཐུར་གང་ལ། །བདུན་དང་དགུ་དང་བཅུ་དག་གོ །དེ་ནས་ཐུར་གང་གསང་གསུམ་མོ། །ནས་འདྲ་ཕོ་བའི་ཐོག་གསང་ངོ་། །ལྟེ་བའི་ཁུང་ནས་མཐེབ་ཚོན་གཅིག །ཕུན་ཚུན་ཐད་ཀར་ལོང་གསང་གཉིས། །ཁུང་ནས་མཐེབ་སྐོར་ལྷེའུ་སྣར་སླེབ། །དབུས་ནས་གཡས་གཡོན་ཐད་ཀར་གསུམ། །ལོང་གི་ཐུར་གསང་ལྔ་དག་གོ །བྱང་ཁོག་སྟོད་ནས་གསང་དག་ནི། །ཐིག་ཆེན་རྩིབ་མར་ཐིག་རི་བརྒྱབ། །བྱ་རྗེས་དྲུག་ལ་གསུམ་དྲུག་གོ །ཐིག་ཆེན་ཕུན་གང་ནང་དུ་ནུར། །བྱ་རོག་རྗེས་དྲུག་གསང་དྲུག་གོ །ནུ་རྡོག་ནས་གཞལ་ཐད་ཀར་དྲུག །བྲང་ཁུག་ཁར་གྱི་ཐིག་སྐོར་ནས། །ཐུར་གང་གྱེན་དུ་གཅལ་བ་ན། །སྙིང་གསང་གཡས་གཡོན་བྱ་རོག་རྗེས། །ཕོ་ནི་གཡས་ནས་ལྡོག་པ་སྟེ། །རྒྱབ་གསང་གཞུང་ཐིག་ལ་བརྟེན་ནས། །ཚོན་གང་མ་རེག་ཐིག་གསུམ་གདབ། །ཚིགས་བ་ཁ་གསུམ་ཀུན་ལ་སྟེ། །མཁལ་མཁྲིས་བཅུ་ལྔ་བཅུ་པ་ཡང་། །མཆེར་གསང་ལྔ་སྟེ་ཕོ་གསང་བདུན། །བསམ་སེའུ་ལྔ་སྟེ་བཅོ་ལྔ་བདུན། །བཅོ་ལྔ་མེད་དེ་ཐུར་གསང་གང་། །ཡོད་དེ་དེ་རུ་རེ་རེ་འོ། །གཞན་རྣམས་ཁ་གསུམ་དག་ཏུ་སྟེ། །མཇུག་ཐུང་ཆག་གང་གྱེན་ལ་གཅལ། །དེ་ཕྲེད་གཅལ་བ་དཔྱི་གསང་ངོ་། །

རང་གསང་གསེར་གྱི་སྦུ་གུ་ལ། །ཐུར་གང་ཚོན་གང་དབུག་པར་བྱ། །དེ་ལས་རིང་ན་སྲོག་འཕྲོག་གོ །སྨད་ཀྱི་གླིང་གསུམ་ལོང་དང་དགུ། །ཞིབ་ཚགས་འོག་ནས་ཡང་སྟོན་ཏེ། །ཐིག་ཆེན་འདི་རུ་བསྟན་པ་འོ། །ཡན་ལག་བཞི་པ་རྐང་པ་ལ། །པུས་མོ་དག་ལ་ཐུར་ལོང་གང་། དེ་ནས་ཡར་ཐེན་མཐེབ་ལོང་གང་། །བསྐོར་བའི་མཐེབ་ལོང་གཅིག་གི་གནད། །ཕྲེད་ལ་མཐེབ་ཚོན་གང་གི་གསང་། །པུས་མོའི་མཐེབ་ལོང་གང་དག་ནས། །ཐད་ཀར་ཚིགས་པའི་བར་དག་གོ །དེ་ནས་མེན་ཐུར་གང་བསྐོར་བས། །རྐང་པ་བཅུ་ཁུག་རྩ་བོ་ཆེ། །སྟེང་དུ་རྐང་ཐག་ལྷུ་ཡི་ཁུགས། །གསང་ཆེན་གནད་ཀྱི་འབབ་གསང་ངོ་། །ལྷ་ངའི་དཀྱིལ་གྱི་མེན་ཐུར་སྐོར། །རྗེ་ངར་ངོས་ཀྱི་འབྲི་མིག་གཉིས། །མཛོ་སྣ་བཞི་དབུག་ཕྲ་ཚགས་གང་། །གསང་དེ་ཆུ་སེར་གསང་དག་གོ །ཚིགས་པའི་མེན་ཐུར་གང་དག་ནས། །རྗེ་ངར་ཕྱོགས་སུ་མེན་ཐུར་གང་། །གཅལ་བ་ཕྱི་ནང་གཉིས་ཀར་མཐུན། །བསྐོར་བས་རྐང་དང་ཤ་ཡི་འཚམས། །གསང་ཆེན་ཡང་ནུར་མཆེར་རྩ་ཡི། །ལོང་མོ་དག་ལ་མཐེབ་གང་སྟེ། །ལག་པའི་གྲུ་མོ་མེན་ཐུར་གང་། །ནང་གི་གཉེར་མ་ནས་ཐུར་གང་། །ཐུར་གང་དག་ལ་གནད་རྩིས་ཏེ། །ལར་ན་དགུ་ཐིག་དག་ཏུ་བྱའོ། །ཆག་ཏུ་མ་ཆུད་དཔྱད་ལ་བྱའོ། །གནད་ཀྱི་གསང་དེ་གནད་ཀྱིས་ཚོལ། །སོ་མ་རཱ་ཛ་ལས་ལྡང་བ་དང་ལུས་ཀྱི་ཚད་བསྟན་པའི་ལེའུ་སྟེ་ལྔ་པའོ།།  །།

 

ཨ་ཀྵོ་ཏ་ཡི་རི་རྩེ་ལ། །དྲང་སྲོང་བཞི་(སྔོ་དང་ཀ་ར་ཙ་དང་འདོད་སྐྱེས་དང་གཞོན་ནུ)ཡིས་བསྐོར་ནས་ནི། །གུས་པའི་སྟོབས་ཀྱིས་ཡང་དག་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །མདོར་ན་ཟབ་མོ་འདི་རྟོགས་པ། །ཤེས་རབ་ཆེན་པོ་ཟབ་མོའི་གཏེར། །ཐུགས་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །དེ་ནས་ཚད་ནི་བསམ་མི་ཁྱབ། །དེ་ཡི་དགོས་པ་གང་དག་ཡིན། །འཕགས་པ་ན་གརྫུ་ནས་ཞུས། །ཚད་ཀྱི་ལྷག་ཆད་ཤེས་པ་འོ། །ཡང་ཞུས་པ་ལས། ལྷག་ཆད་ཉེས་པ་གང་དག་ལགས། །ལྷག་པ་དང་ནི་ཆད་པས་ནི། །སྟོབས་ཉམས་ལུས་ནི་འཇིག་པ་འོ། །སྟོབས་རྣམས་ཉམས་ཤིང་འཇིག་པས་ན། །རྐྱེན་ནི་འདུ་བ་རྣམ་བཞི་སྟེ། །གདོན་དང་སྤྱོད་ལམ་མཚོན་དང་ནི། །རྟེན་འབྲེལ་ཉམས་པས་གློ་བུར་ནད། །ཁ་ཟས་རྣམས་ཀྱིས་རྐྱེན་བྱས་པའོ། །འཆི་བའི་རྐྱེན་དང་ན་བ་ཡི། །རྐྱེན་ནི་འདི་ལྟར་བརྟག་པར་བྱའོ། །ཁ་ཅིག་ན་དང་ཆུ་མིག་བསྲུབས། །ཤིང་དང་འདྲེ་རྐྱེན་ནད་དང་ནི། །ས་བོན་ལ་སོགས་ཉམས་པའོ། །ཁ་ཅིག་ཁང་ཆེན་ལྷ་ཁང་གནས། །དབེན་གནས་མཆོན་རྟེན་རྙིང་ལ་སོགས། །ཁ་ཅིག་འཐབ་དང་མཚོན་དང་ནི། །འགོ་བའི་ནད་བྱུང་དག་གིས་ཉམས། །ཁ་ཅིག་གཅན་དང་ཆུ་དང་མེ། །ས་སོགས་ཡང་དག་ཉེས་པ་འོ། །ཟས་སྣུམ་མེད་དང་སྣུམ་ཆེན་ཟོས། །རྟག་ཏུ་ལྟོགས་དང་འགྲངས་པ་དང་། །སྐོམས་པས་སྐོམ་མང་འཐུངས་པ་དང་། །རྟག་ཏུ་སྐྱུར་པོ་ཟོས་དང་འཐུངས། །སྨྱུང་བར་འདུག་དང་འགྲངས་པ་དང་། །དྲོད་མེད་ཟས་ཟོས་རྟག་ཏུ་དྲོད་གཏོང་དང་། །ཚིལ་དང་ཆུ་སྦྱར་དཀར་དང་སྐྱུར་སྦྱར་ནད། །སྤྱོད་ལམ་ཉིན་མཚན་ལུད་སྟེང་ཉལ་བ་དང་། །གྲང་རྗེས་རླན་ལ་འདུག་པ་འོ། །དྲོད་རྗེས་གྲང་དང་ཕྱེད་མ་སྙོམས། །ལྟོགས་པར་རྒྱུག་དང་འགྲངས་པར་དལ་བ་དང་། །དེ་བཞིན་དལ་ནས་འགྲོས་དྲགས་དང་། །སྤྱོད་ལམ་དག་གིས་མ་སྙོམས་པའོ། །དེ་ལྟར་ཡིན་ཏེ་ཚེ་ཟད་ནད། །འཇུག་རྒྱུ་དབྱེ་བར་མི་ནུས་ཏེ། །འོན་ཀྱང་བཞི་བརྒྱ་རྩ་བཞི་ཡི། །བྱེ་བྲག་དག་ཏུ་བསྡུས་པ་འོ། །དེ་ཡང་བཞི་སྟེ་ཁ་ཅིག་གདོན། །ཁ་ཅིག་ནད་གཞི་ཁ་ཅིག་མཚོན། །ཁ་ཅིག་གློ་བུར་འགོ་བའི་ནད། །རྣམ་སྨིན་ཤིན་ཏུ་བཅོས་དཀའ་འོ། །

དེ་ལྟར་བསྡུས་ཤིང་རྒྱས་པ་ལ། །བཞི་བརྒྱ་རྩ་བཞི་ཁྱད་པར་ནི། །ལུས་དང་སེམས་ཀྱི་ནད་ཡིན་ཏེ། །ཁ་ཅིག་གདོན་བཅས་ཁ་ཅིས་ནི། །རང་བཞིན་དག་གིས་རུང་བ་དང་། །ཁ་ཅིག་རྣམ་སྨིན་དག་གིས་འཆི། །ཁ་ཅིག་སྨན་པས་བཅོས་པ་འོ། །ནད་ནི་ཟས་ཀྱིས་འཇུག་པ་དང་། །མི་འཇུ་བ་ཡི་ཟས་དང་སྨན། །བད་ཀན་ཟས་འཇུ་ཆུ་ཡིན་ཏེ། །མཁྲིས་པས་ཟས་འཇུ་མེ་ཡིན་ཏེ། །རླུང་གིས་འབྱེད་དང་རླུང་ཡིན་ནོ། །གནས་ཀྱི་བྱེ་བྲག་སོ་སོར་གནས། །བད་ཀན་སྟོད་ན་གནས་པ་སྟེ། །མཁྲིས་པ་བར་ན་གནས་པ་འོ། །རླུང་ནི་སྨད་ན་གནས་པ་སྟེ། །དེ་ལ་དོན་སྣོད་སོ་སོར་གནས། །རླུང་ནི་ཀུན་གྱི་གཞི་ཡིན་ཏེ། །སྲོག་པ་རྩ་དང་གློ་དང་ནི། །སྙིང་དང་ལོང་ལ་གནས་པ་སྟེ། །མཆིན་པ་མཁྲིས་པ་དག་དང་ནི། །མཁལ་མ་མཆེར་པ་ལ་བསྟན་པ། །བད་ཀན་ཕོ་བ་མཆེར་པ་དང་། །ལྒང་པ་རྒྱུ་མ་མཁལ་མ་དང་། །རྒྱུ་མ་རླུང་དང་མཁྲིས་པའི་སྣོད། །སྙིང་ལ་ཁྲག་མེད་རླུང་རྩ་བཞི། །ཁྲག་གིས་གང་བ་བཞི་སྟེ་བརྒྱད། །དེར་ནི་རྩ་གསུམ་དག་འདུས་སོ། །གློ་ཡི་རྩ་ནི་གཉིས་སུ་འདུས། །གློ་རྩའི་སྒོ་ནི་གྱེན་དུ་ཟུག །སྙིང་གི་ཁྲག་རྩ་གཉིས་དག་ནི། །མཁལ་མ་མཆིན་པ་མཆེར་པ་ཐུར། །རླུང་རྩ་གློ་དང་འབྲེལ་བ་སྟེ། །དོན་སྣོད་ཐ་དག་འབྲེལ་པ་འོ། །མཆིན་རྩ་ཁ་ནི་ཐུར་དུ་ལྟ། །བཅུད་དང་སྙིགས་མ་ཟས་ལས་བྱང་། །སྙོམས་དང་ལྕི་དང་ཡང་བ་དང་། །དྲོ་དང་བསིལ་བ་དག་ཏུ་འོ། །རྩ་བ་ཐམས་ཅད་ལྕི་བ་སྟེ། །སྡོང་པོ་དག་ཀྱང་དེ་བཞིན་ནོ། །ལོ་མ་ཐམས་ཅད་ཡང་བ་སྟེ། །མེ་ཏོག་དག་ཀྱང་དེ་བཞིན་ནོ། །ཕྱི་ཤ་ཐམས་ཅད་ཡང་བ་སྟེ། །ནང་ཁྲོལ་ཐམས་ཅད་ལྕི་བ་འོ། །སྟོད་ཤ་ཐམས་ཅད་ཡང་བ་སྟེ། །སྨད་ཤ་ཐམས་ཅད་ཤིན་ཏུ་ལྕི། །ཆུ་ཕྲན་ཐམས་ཅད་ལྕི་བ་སྟེ། །ཆུ་བོ་ཐམས་ཅད་ཡང་བའོ། །སྨན་དང་ཟས་ཀུན་རོས་འབྱེད་པའོ། །རོ་དྲུག་ཚ་དང་ལན་ཚྭ་དང་། །ཁ་དང་སྐྱུར་དང་མངར་དང་སྐ། །ས་ཆུ་མེ་རླུང་ནམ་མཁའ་འོ། །ཁ་དོག་ཁམ་དང་ལྕི་དང་སྲ། །དྲི་ཆེ་བ་ནི་ས་དག་གོ །ཁ་དོག་སྔོ་དང་དཀར་བ་དང་། །སེར་དང་རྣོ་དང་འཇམ་པ་དང་། །བསིམ་བ་དག་ནི་ཆུ་ཡིན་ནོ། །

ཁ་དོག་དམར་དང་སྨུག་པ་དང་། །སྐམ་དང་ཚ་བ་དག་དང་ནི། །རྩུབ་པ་དག་ནི་མེ་ཡིན་ནོ། །ཁ་དོག་འཇམ་དང་རྩུབ་དང་རྣོ། །ཅུང་ཟད་གྲང་བ་རླུང་ཡིན་ནོ། །ཁ་དོག་སྔོ་དང་གནག་པ་དང་། །སྦུ་གུ་ཅན་དང་ཁ་དང་སྐྱུར། །མངར་བག་ཅན་ནི་ནམ་མཁའ་འོ། །དེ་རྣམས་འཇུ་བ་སྐ་སླ་འོ། །དང་པོ་ཟས་དང་སྨན་དག་ནི། །ཕོ་བ་དག་ནི་གནས་ཡིན་ཏེ། །བད་ཀན་དག་གིས་འཇིག་པར་བྱེད། །མཁྲིས་པས་ཟས་དག་འཇུ་བར་བྱེད། །རླུང་གིས་ཟས་དག་དྭངས་སྙིགས་འབྱེད། །ཆ་གཅིག་ཕོ་བར་ལུས་ནས་ནི། །དྭངས་མ་མཆིན་པ་དག་ཏུ་འགྲོ། །དེར་ཡང་བད་ཀན་དག་གིས་འཇིག །མཁྲིས་པ་དག་གིས་འཇུ་བར་བྱེད། །རླུང་གིས་དྭངས་སྙིགས་འབྱེད་པར་བྱེད། །དྭངས་མ་མར་གྱི་ལྦུ་བ་བཞིན། །ཁམ་བུ་འཕར་བྱེད་རླུང་དག་གིས། །གློ་སིང་རྦ་རླབས་རྩར་དྲངས་ནས། །གློ་བའི་ནང་འགྲོ་ཆ་ཅིག་རླུང་། །རྩ་བཞི་དག་ཏུ་འདྲེན་པར་བྱེད། །བད་ཀན་དག་གིས་འཇིག་པར་བྱེད། །མཁྲིས་པ་དག་གིས་འཇུ་བར་བྱེད། །རླུང་གིས་དྭངས་སྙིགས་འབྱེད་པ་སྟེ། །དྭངས་མས་རྩ་དང་དབང་པོ་རྒྱས། །དྭངས་མའི་དྭངས་མ་བཀྲག་ཏུ་སྟེ། །ལུས་ཀུན་རྒྱས་པས་བྱེད་པ་སྟེ། །རྩ་དང་བ་སྤུ་རྒྱས་པ་སྟེ། །སྙིགས་མ་ལུད་པ་མཆིལ་མ་འོ། །དེ་ནས་དྭངས་མ་ཀླད་པར་འགྲོ། །སྙིགས་མ་སྣབས་དང་མིག་རྣག་དང་། །རྣ་སྤབས་དབང་པོའི་སྙིགས་མ་བྱུང་། །སྨིན་མ་ནུས་ན་པགས་པའི་ནད། །གློ་དང་སྙིང་དང་ནད་དག་ནི། །དབང་པོ་དག་གི་ནད་དུ་འགྱུར། །མཆིན་ནད་ཟས་ཏེ་ཉིན་ཕྱེད་ན། །མཁྲིས་པའི་དུས་སུ་བད་ཀན་དང་། །མཁྲིས་པ་རླུང་གིས་ཕྱེ་བ་ན། །མེ་ལྕེ་ཞེས་བྱའི་རླུང་གིས་དྲངས། །མཆེར་པ་རྩ་ཡི་སྦུབས་སུ་འགྲོ། །བད་ཀན་མཁྲིས་པ་རླུང་གིས་ཕྱེ། །ལུས་ཀྱི་མདངས་དང་སྟོབས་དང་ནི། །ཤ་མཐངས་རྣམས་ནི་རྒྱས་པར་བྱེད། །སྙིགས་མ་ཕོ་བ་དག་ཏུ་འགྲོ། །སོང་བས་ཕོ་བ་ལོང་དུ་འགྲོ། །ལོང་ཀ་བད་ཀན་སྲིན་དག་གོ །དོག་པ་བཅངས་པ་ལྟ་བུ་འོ། །ལོང་དུ་རླུང་སྲིན་ཁྲེ་འུ་སྟེ། །རྒྱུ་མར་མཁྲིས་སྲིན་སྨུག་ཕྲ་མོ། །སྨིན་མ་ནུས་ན་བད་ཀན་ནད། །མཆེར་ནད་མ་ཞུ་ཕོ་སྲིན་དང་། །ཕོ་ནད་མ་ཞུ་བ་དང་སྐྲན། །མཆེར་པ་སྦོས་དང་སྐྱུགས་པ་འོ། །

ཕོ་བ་ལ་ནི་མཁྲིས་རྩ་དང་། །མཆེར་རྩ་མཁལ་རྩ་གསུམ་དུ་འོ། །མཆིན་པར་ཆ་གཅིག་ལུས་པ་ལ། །བད་ཀན་མཁྲིས་པ་རླུང་དག་གིས། །འབྱེད་དེ་མེ་ཡི་དུས་སུ་ཕྱེ། །ཀུན་ཏུ་ཁྱབ་བྱེད་རླུང་གིས་དྲངས། །སྣོད་ནི་མཁྲིས་པའི་ནང་དུའོ། །བད་ཀན་མཁྲིས་པ་རླུང་གིས་ཕྱེ། །བཅུད་ཀྱི་རྩ་རྣམས་རྒྱས་པར་བྱེད། །ནང་གི་དོན་སྣོད་རྒྱས་པ་སྟེ། །སྙིགས་མ་ལོང་ལྷུང་རྒྱུ་མར་འགྲོ། །བད་ཀན་མཁྲིས་པ་རླུང་དག་གིས། །སྨིན་མ་ནུས་པ་ལྷག་ཆད་ནད། །མཁྲིས་པའི་ནད་དུ་གྱུར་པ་འོ། །མཆེར་པའི་རྩ་ནི་ཤ་རྒྱས་བྱེད། །མཁྲིས་པས་རྩ་ནི་རྒྱས་པར་བྱེད། །མཁལ་མས་རུས་པ་རྒྱས་པར་སྟེ། །མཆེར་རྩ་ཤ་ལ་བལ་འདབ་ཙམ། །མཁྲིས་རྩས་སྣོད་དང་དོན་ལ་ཁྱབ། །མཁལ་རྩས་རུས་ལ་ཁྱབ་པའི་རྩ། །དབང་རྩ་རེ་རེ་དག་ལས་མེད། །མཁྲིས་རྩ་དུབ་འཁོར་མཁྲིག་མར་འགྱུར། །མཆེར་རྩ་ངར་གདོང་པུས་མོར་འཁྱུད། །མཁལ་རྩ་བོལ་གོང་ལོང་བུར་འཁྱུད། །གཅིག་རྩ་གཏར་ན་དེ་དག་གོ །
མཆིན་པའི་སྙིགས་མ་མཁལ་མར་འགྲོ། །བད་ཀན་མཁྲིས་པ་རླུང་གིས་ཕྱེ། །ལུས་ཟུངས་འཛིན་བྱེད་རླུང་གིས་དྲངས། །མཁལ་མའི་སྦུབས་སུ་འགྲོ་བ་སྟེ། །རླུང་མཁྲིས་བད་ཀན་གསུམ་གྱིས་བཞུ། །བཅུད་ཀྱིས་རྩ་སྦུབས་ཀུན་ཁྱབ་སྟེ། །བཅུད་ཀུན་རུས་མིག་འདྲེན་པར་བྱེད། །ལྷ་བ་རུས་པ་ཐམས་ཅད་རྒྱས། །བདེ་བ་རྒྱས་བྱེད་སྲོག་འཛིན་བྱེད། །སྙིགས་མ་ལྒང་ཕུགས་དག་ཏུ་ལྷུང་། །དེ་ལས་ལྷག་ཆད་ནད་དུ་འགྱུར། །མཆིན་ནད་ཚ་དང་གྲང་བ་དང་། །མཁལ་མས་ཚབས་དང་ཁྲག་ཏུ་འོང་། །དེ་ནས་ཟས་རྣམས་མཆིན་པ་དང་། །ཕོ་བ་དག་ཏུ་སོག་པ་འོ། །ནད་ཀུན་དེ་ལས་གསོག་པར་བྱེད། །ལྒང་ཕུགས་རྒྱུ་མར་རླུང་དང་ནི། །བད་མཁྲིས་དག་གིས་ཕྱེ་བས་ནི། །ཐུར་སེལ་རླུང་གིས་དེད་པ་འོ། །དེ་གཉིས་ཚ་གྲང་དག་གིས་ནད། །རྒྱུ་མར་ཚ་གྲང་འཁྲུགས་དག་གོ །ལྒང་པར་སྡོམས་དང་རྡེ་འུ་འོ། །དེ་ལྟར་ས་ཆུ་མེ་རླུང་གིས། །འབྱུང་བ་བཞི་དང་བད་མཁྲིས་རླུང་། །ནད་ཀུན་དེ་ལྟར་འདུས་བཞིར་གྱུར། །ལས་ནི་སོ་སོར་བྱེད་པ་སྟེ། །བད་ཀན་གྱིས་ནི་ཟས་འཇིག་སྟེ། །མ་ཞུ་དོན་སྣོད་ནད་དུ་འོ། །

མཁྲིས་པས་འཇུ་བར་བྱེད་པ་སྟེ། །ལྷག་ཆད་ནད་དུ་གྱུར་(འབྱུང་བ་)པའོ། །མཐའ་མར་རླུང་གིས་འབྱེད་པ་སྟེ། །ཆ་གསུམ་དག་(ལུས་རྒྱས་པར)ཏུ་འབྱེད་པ་འོ། །ཆ་གཅིག་བཅུད་འགྲོ་ཆ་གཅིག་སྲོག་ཆགས་(སྲིན་རྣམས)ཟ། །ཆ་གཅིག་དྲི་ཆེན་(སྙིགས)དྲི་ཆུ་སྟེ། །རླུང་གི་ལས་ཏེ་ལྷག་ཆད་ནང་དུ་འོ། །གནོད་པའི་ནད་ཀྱི་དབྱེ་བ་ནི། །བསྡུས་ན་རླུང་མཁྲིས་བད་ཀན་དང་། །ལྡན་པ་འདུས་པ་དག་ཏུ་འོ། །དུས་བཞི་དག་དང་སྦྱར་བ་ནི། །རླུང་ནི་དགུན་ཟླ་གསུམ་ལ་ལྡང་། །དབྱར་ཟླ་གསུམ་ལ་སོགས་པ་འོ། །བད་ཀན་དཔྱིད་ཟླ་གསུམ་ལ་ལྡང་། །སྟོན་ཟླ་གསུམ་ལ་རྒྱས་སོགས་པ་འོ། །མཁྲིས་པ་དབྱར་ཟླ་གསུམ་ལ་ལྡང་། །དགུན་ཟླ་གསུམ་ལ་རྒྱས་པ་འོ། །འདུས་པ་སྟོན་ཟླ་གསུམ་ལ་སྟེ། །ལྡང་བ་ཟླ་བ་གསུམ་དག་ལ། །ལྡན་དང་འདུས་པ་དག་དང་ནི། །བད་ཀན་གནས་སུ་མཁྲིས་པ་ཞུགས། །དེ་ནི་ལྡན་པ་དག་ཡིན་ནོ། །བད་མཁྲིས་གསུམ་ག་ཞུགས་པ་ནི། །ལར་ནི་ཚ་གྲང་རྒྱས་པར་འདུས། །བད་ཀན་གནས་སུ་མཁྲིས་ཞུགས་པ། །ཚ་བ་དག་ནི་རྒྱས་པ་ཡི། །རླུང་གི་བཏེག་པས་འཐོབ་པ་འོ། །བད་ཀན་མར་ལྷུན་གྲང་པ་འོ། །རླུང་གི་བཏེག་ན་གྲང་རླུང་འཐབ། །རྐྱེན་དག་གིས་ནི་དབྱེ་བ་ནི། །སྙིང་ལ་རླུང་(གདོན་དང་ནད)ཞུགས་སྨྱོ་བྱེད་དང་། །གློ་ལ་རླུང་ཞུགས་བརྗེད་བྱེད་དོ། །གློ་ཡི་རྐྱེན་ལས་འབའ་ཞིག་དང་། །མཆིན་པ་ཕོ་བར་རླུང་ཞུགས་དང་། །ཟ་བྱེད་དག་ཏུ་ཤེས་པར་བྱའོ། །ལོང་དུ་ཞུགས་པས་ལོང་རླུང་འཁྲོག །མཁལ་མར་རླུང་ཞུགས་ཆུ་སྡོམས་པ་འོ། །སྲོག་རྩར་རླུང་(བརྒྱལ་དང་)ཞུགས་འབོག་པར་བྱེད། །གྱེན་དུ་ལོག་དང་མགོན་རླུང་ངོ་། །

མཁྲིས་པ་དབྱེ་ན་མང་ཡོད་དེ། །མཁྲིས་པ་མཆེར་ཞུགས་ཤ་ཡ་ནག །མཆིས་པར་ཞུགས་པ་ཤ་ཡ་ཡིན། །དཀར་པོ་དག་ཏུ་ཤེས་པར་བྱ། །མཁྲིས་པ་ཉིད་རྒྱས་ཤ་སེར་དང་། །མིག་སེར་ཁ་ལུད་རིམས་ནད་དང་། །མཁྲིས་པ་དུག་ཐབས་མཁྲིས་མཁར་དང་། །མཁྲིས་པ་ཆ་བ་རྒྱས་པ་འོ། །བད་ཀན་དབྱེ་ན་མང་པོ་ཡོད་དེ། །ཕོ་བ་གནས་དཀར་པོ་ཡིན། །མཆིན་པ་ལ་གནས་སྨུག་པོ་ཡིན། །སེར་པོ་མཁྲིས་པར་བསྡོངས་པ་འོ། །དམར་པོ་(མཁལ་མ་ལ་གནས་པ་ཡིན་ཟེར)གློ་ལ་ནས་པ་ཡིན། །བད་ཀན་ནག་པོ་མཆེར་པར་ཏེ། །རླུང་དང་བསྡོངས་པས་ནག་པོ་འོ། །འདུས་པ་ཤ་རུས་འཇུ་བྱེད་དང་། །བད་ཀན་དག་གི་སྐྲན་དག་ནི། །སྐྲན་ལ་གྲང་སྐྲན་རྒྱས་པ་དང་། །བད་ཀན་མ་ཞུ་བ་ཡི་སྐྲན། །སྤུ་ཡི་འདྲིལ་སྐྲན་ཞམ་སྐྲན་དང་། །བད་ཀན་སྐྱ་བོ་རླུང་སྐྲན་དང་། །ལྡིང་སྐྲན་དག་ཏུ་ཤེས་པར་བྱ། །རླུང་མཁྲིས་བད་ཀན་ལྡན་འདུས་པའི། །དེ་རྣམས་དོན་སྣོད་སོ་སོ་ལ། །གནས་པར་ཡང་ནི་རབ་ཏུ་བརྟག །སྙིང་ལ་འདུས་པ་ཚ་གྲང་དང་། །ནད་ནི་དེགསུམ་སྙིང་ནད་དོ། །སྨྱོ་བྱེད་དང་ནི་བརྗེད་བྱེད་དང་། །ཁ་ལེ་(ནག་པོ)ཚ་གྲང་འདུས་པ་འོ། །སྨྱོ་བྱེད་ནད་ལས་གྱུར་པ་དང་། །གདོན་ལས་(བརླམས་པ)གྱུར་པའི་སྨྱེད་དོ། །བརྗེད་བྱེད་གློ་སྙིང་ཐུན་མོང་ནད། །རླུང་དང་མཁྲིས་པ་ལས་གྱུར་པའི། །བད་ཀན་ལས་གྱུར་ཆུ་སེར་དང་། །སྲིན་ལས་གྱུར་པའི་བརྗེད་བྱེད་དོ། །དེ་ལྟར་སྙིང་ནད་དྲུག་ཏུ་འོ། །སྣོད་ནི་རྒྱུ་མ་དཀར་ནག་དང་། །དྲོད་མེའི་སྒོ་ནས་དཀར་ནག་མཐུན། །འདི་ནི་ནད་ད་ལྕི་བས་ཏེ། །དེར་ནི་རླུང་གིས་འཁྲུ་དང་ནི། །མཁྲིས་པས་འཁྲུ་དང་བད་ཀན་འཁྲུ། །ཚ་བས་འཁྲུས་དང་གྲང་བས་འཁྲུ། །ཁ་དོག་སྣ་ཚོགས་འཁྲུ་བ་འོ། །སྲིན་གྱིས་དཀྲུས་ཤིང་འཁྲུ་བ་དང་། །རྒྱུ་གཟེར་འཁྲུ་དང་གཞང་འབྲུམ་འཁྲུ་བ་དང་། །ཚ་བ་རྙིང་པས་འཁྲུ་བ་འོ། །གློ་ཡི་ནད་ནི་ཚ་བ་དང་། །གྲང་བ་ལས་གྱུར་གློ་དན་དེ། །རླུང་ནི་འབའ་ཞིག་གློ་ཡི་ནད། །ཚ་བའི་ནད་ནི་རྒྱས་པ་སྟེ། །ཚ་བ་རྙིང་པ་དང་ནི་གཟེར། །གློ་ནད་འགག་པ་བུང་ཚངས་ཅན། །གློ་ནད་ཚ་བ་སྨུག་པོ་དང་། །དེ་ལས་ཁྲག་རྨུགས་རྣག་རྨུགས་སོ། །གློ་ནད་གྲང་བ་བསྟན་པ་ནི། །གློ་མིག་བད་ཀན་མགུལ་འགག་དང་། །གློ་ནད་ལྡུ་བ་ཟགས་བྱེད་དང་། །གློ་སྐྲན་ཆུ་སེར་གཉིས་འདུས་དང་། །གློ་ནད་སུ་རྱ་ལ་སོགས་པའི། །དེ་ཡི་སྣོད་ནི་ལོང་དང་མཐུན། །ལོང་གི་དབུས་ཀྱི་གནས་དང་ནི། །གློ་ལོང་གཉིས་ནི་ཁམས་ལྕགས་ཏེ། །དོན་སྣོད་དག་ཀྱང་མཐུན་པའི་གནས། །ལོང་ནད་ཚ་བ་གྲང་བ་འོ། །

ཁྱད་པར་ལོང་ནད་འཇུག་སྐེམས་དང་། །ལོང་ནད་ཆུ་སེར་རླན་ཅན་དང་། །ལོང་ནད་རྟག་ཏུ་སྐམ་གྱེན་ལོག་གོ །རྟག་ཏུ་སྐམ་དག་ལ་དབྱེ་བ་ནི། །རླུང་གི་རྟག་སྐམ་མཁྲིས་པ་འོ། །བད་ཀན་རྟག་ཏུ་དག་ཡིན་ནོ། །རླུང་ལོག་པ་ལ་དབྱེ་བ་ནི། །བད་ཀན་ལོག་དང་མཁྲིས་པས་ལོག །རླུང་རྐྱན་གྱེན་ལ་ལོག་པ་དང་། །མཆིན་པ་ཚ་བ་གྲང་བ་ཡི། །ཁྱད་པར་དག་ནི་དབྱེ་བ་ནི། །ཚ་བ་གྱེན་དུ་རྒྱས་པ་དང་། །གྲང་བ་གྱེན་དུ་རྒྱས་པ་དང་། །མཆིན་ནད་ཚ་བ་གླང་འགྱུར་དང་། །མཆིན་པ་དུག་ཐབས་དག་དང་ནི། །ཚ་བ་རྒྱུ་མའི་འཁྲུགས་པ་དང་ནི། །ཁྲག་ལས་གྱུར་པའི་སྐྲན་དུ་འོ། །ཚ་ནད་འོར་དུ་ལྷུང་བ་ནི། །ཚད་ནད་ཆུ་སེར་དག་དང་ནི། །མཆིན་པ་ཚ་བ་སྐྱུགས་པ་དང་། །མཆིན་ནད་ཚ་བ་རྒྱུན་ཀར་དང་། །ཚ་བ་ཁ་ལུད་དག་དང་ནི། །ཚ་བ་སྦྲུམ་ནད་སྐམ་པ་འོ། །གྲང་བ་གླང་ཐབས་དག་དང་ནི། །མ་ཞུ་བ་དང་གཞུང་རེངས་དང་། །མཆིན་ནད་གྲང་བ་མ་ཞུ་དང་། །མཆིན་ནད་གྲང་བ་ཧལ་སྐེམས་དང་། །མཆིན་ནད་ཚ་བ་རྒྱས་པ་ནི། །རྒྱབ་ས་པའི་ཚ་བ་སྟོངས་པ་ཡི། །གབ་པའི་ཚ་བ་ཁྲག་འཁྲུགས་སོ། །མཆིན་པ་དག་དང་མཁྲིས་པ་ནི། །མཁྲིས་(གྲང་མི་སྲིད)པའི་གནས་ཏེ་ཤིང་(སྟག་ཡོས)གི་ཁམས། །སྣོད་མཁྲིས་གྲང་བ་མི་སྲིད་དོ། །ཁྱད་པར་དག་གི་དབྱེ་བ་ནི། །མཁྲིས་པ་ཤ་ཡ་ནག་པོ་དང་། །མཁྲིས་པ་ཤ་ཡ་དཀར་པོ་དང་། །ཤ་སེར་དག་དང་མིག་སེར་དང་། །མཁྲིས་ཁ་ལུད་དག་དང་ནི། །མཁྲིས་པ་རྐུན་བུ་རིམས་ཐབས་དང་། །མཁྲིས་པ་དུག་ཐབས་མཁྲིས་པའི་སྐྲན། །མཁྲིས་པ་ཚ་བ་རྒྱས་པ་འོ། །དེ་ལ་དབྱེན་ན་རིམས་དག་སྟེ། །བད་ཀན་རིམས་དང་མཁྲིས་པ་དང་། །རླུང་རིམས་རིམས་ཀྱིས་མཇུག་པ་འོ། །

ལྡན་དང་འདུས་པ་འདར་བུ་དང་། །རྨོང་བུ་དག་ནི་དཀར་ནག་གོ །རྨོང་བུ་རླུང་དང་བད་ཀན་རིམས། །ལེ་རྒན་མཁྲིས་པར་རྩར་རྒྱུག་ནི། །རླུང་དང་མཁྲིས་པ་དག་གི་འོ། །མཆེར་པ་རླུང་མཁྲིས་བད་ཀན་ནོ། །ཁྱད་པར་དག་གི་དབྱེ་བ་ནི། །ཁྲག་སྤོས་མཆེར་པ་ལུག་པ་དང་། །མཆེར་པར་རླུང་ཞུགས་བད་ཀན་ཞུགས། །མཆེར་པ་དང་ནི་ཕོ་བ་ནི། །ཐམས་ཅད་རྟེན་དུ་གྱུར་པས་ན། །ས་གཞི་(གླང་ལུག)དག་(ཕོ་བ་ལུས་ཀྱི་རྟེན་དེའི་ཕྱིར་ན་ས་གཞིག་དང་འདྲའོ)དང་འདྲ་བ་འོ། །དེ་ཕྱིར་ས་ཡི་ཁམས་སུ་མཐུན། །ཕོ་བ་དག་ལ་ཚ་གྲང་གི ཁྱད་པར་མཆིན་ཁྲག་ཕོ་བར་ལྷུང་། །མཁྲིས་པ་ཕོ་བར་ལྷུང་བས་ཚ། །གྲང་བ་རྒྱས་དང་དྭངས་མ་ཞུ། །སྐྲན་དང་གཞི་ཡ་བད་ཀན་ནོ། །མ་ཞུ་དྭངས་མ་སྙིགས་མ་འོ། །མཁལ་མ་དག་ལ་ཚ་མི་སྲིད། །མཁལ་མ་རྩ་འགྲམས་མཁལ་ཚིལ་གྲང་། །ས་བོན་མཁར་དང་ཟླ་མཚན་འཛག །མཁལ་མར་བད་ཀན་ཞུགས་པ་འོ། །སྣོད་ནི་བསམ་སེའི་ལྒང་ཕུགས་ཏེ། །ཆུ་ཡི་དོན་དང་སྣོད་དག་ནི། །གྲང་བ་ཆུ་(ཕག་བྱི་བ)ཡི་ཁམས་སུ་གཅིག །ཁྱད་པར་མཆིན་པ་དང་འབྲེལ་བ། །ཆུ་ཚུན་ཅན་དང་གྲང་བ་དང་། །མངལ་དུ་རླུང་ཞུགས་ཁ་འཁོར་དང་། །ཆུ་སེར་ཞུགས་དང་ཚ་ནད་དང་། །ཚབས་དང་དྲག་ནད་དགུ་ཏུ་སྟེ། །ས་བོན་མཁར་དང་ཁྲག་ལུག་པའོ། །ལྒང་ཕུགས་རྡེའུ་དང་ཆུ་སྲི་བའོ། །རྡེའུ་གདོན་དང་མི་གཙང་བའི། །ཁྲག་དང་ས་བོན་ལྒང་ཕུགས་ནད། །གསག་མ་སྤུ་དང་ཀུ་ཡ་མ། །མཁྲིས་པའི་རྡེའུ་དག་ཏུ་འོ། །བསྡོམས་པས་རླུང་དང་བད་མཁྲིས་དང་། །མཁྲིས་པ་ཁྲག་ནད་ཀྱིས་སྡོམ་པའོ། །ལྒང་ཕུགས་ཆུ་དང་ཁྲག་བབས་པས། །བསམ་སེའུ་ལྒང་ཕུགས་དྲིལ་མ་དང་། །ས་བོན་ལམ་སྣོད་དག་ཡིན་ནོ། །སོ་མ་རཱ་ཛ་ལས་ནད་གཞི་ཇི་ལྟར་གནས་པའི་ལེའུ་སྟེ་དྲུག་པའོ།།  །།

 

གུ་ཎ་ས་ཡི་རྩེ་མོ་ལ། །དྲང་སྲོང་བཞི་ཡིས་བསྐོར་ནས་ནི། །འཕགས་པ་འཇམ་དཔལ་གཞོན་ནུ་ལ། །བསྡོད་པ་དག་གིས་བསྟོད་ནས་ནི། །གུར་གུམ་ལྟ་བུའི་སྐུ་མངའ་བའི། །མ་ལུས་གསལ་མཛད་རལ་གྲི་འཛིན། །ཅུང་ཞིག་འགྱིང་བའི་སེམས་དཔའ་ནི། །འཇམ་དཔལ་སྨྲ་བའི་སེང་གེར་བསྟོད། །ཡང་ཞུགས་པ། ནད་དང་མཚོན་ལ་སོགས་པ་ཡི། །གནད་རྣམས་ཅི་ལྟར་ཤེས་པར་བྱ། །ལུས་ལ་ཡང་དག་མཚོན་ལ་སོགས། །སྣད་པ་དག་ལ་གནད་དང་གསང་། །གནད་དང་གསང་རྣམས་གང་གིས་ཤེས། །ཐབས་རྣམས་གང་གིས་ཤེས་བྱ། །འཕགས་ཉིད་ཀྱིས་བཀའ་བསྩལ་པ། །གསང་དང་མཚོན་ལ་སོགས་པ་ཡི། །ཡན་ལག་ལྔ་དང་བྱ་ཁོག་གཉིས། །གོ་རིམས་གོང་དུ་བསྟན་པ་ལས། །བསྡུ་ན་སྤྱི་མཐོ་ཟླུམ་པ་དང་། །མཚོགས་མ་དམའ་དང་རྭ་མཐོ་དང་། །རྣ་བ་ཞུམ་དང་མཚོགས་མཐོ་འཇོང་། །གྲུ་བཞི་པ་དང་བཞི་དག་གོ །རྣམ་པ་ལྔ་དང་གཞི་དག་ནི། །གཉིས་པ་གཅིག་ཏུ་ཀུན་འདུས་པ་འོ། །

བཞི་པ་དག་ཏུ་ཕལ་འདུས་ཤིང་། །ལྷ་བ་ཕོ་མོ་དག་ཏུ་འོ། །རྡོ་ཡི་ཕོག་ས་སྨད་དུ་བཟང་། །མདའ་ཡི་ཕོག་ས་སྟོད་དུ་བཟང་། །ཆུ་བ་རྒྱུས་པ་སྨད་ན་ཡོད། །མཚོན་གྱིས་སྨད་དུ་བཅད་མི་བྱ། །ཀླད་པ་གར་བ་བཅད་དགའ་སྟེ། །ལྷ་བ་བཅད་སླ་ཁ་འཛིན་འཆོར། །གར་བ་ཁ་འཛིན་མི་འཆོར་འཚོ། །ཤ་རྩ་རྒྱ་རྩ་འཕར་རྩ་དང་། །ལྷ་རྩ་རུས་རྩ་དག་ཏུ་འདུས། །རྒྱ་རྩ་ལྷ་རྩ་རུས་རྩ་དང་། །ལྷ་རྩ་རྦད་ཀྱིས་ཆོད་ན་འཆི། །ཤ་རྩ་བམས་ན་འཆི་བར་འགྱུར། །ཤ་རུ་མོན་རུ་ཤ་ཡི་ཡིན་ཏེ། །ཆད་ན་གློ་དང་མཆིན་པ་ལའོ། །རྨ་ཅན་རྨ་མེད་རུས་ཆག་དང་། །རུས་པ་མ་ཆག་རྩ་ཆད་དང་། །དེ་དག་དཔྱད་ཅིང་ཤེས་པར་བྱའོ། །ཡན་ལག་བཞིག་ལ་ཤ་དང་རྩ། །རུས་པ་དང་ནི་ཆུ་བ་འོ། །གྲི་དང་མདའ་དང་མདུང་ལ་སོགས། །ཤ་བཅད་རྩ་བཅད་ཆུ་བ་ཅད། །ཚིགས་བའི་བར་དང་རྐང་བཅག་པའོ། །རྐང་བཅག་པ་ནི་རྨ་ཆེན་དང་། །རྨ་མེད་དག་ཏུ་ཆག་པ་འོ། །བྱང་ཁོག་རྨ་ཅན་གནད་པ་དང་། །རྨ་མེད་དག་ཏུ་གནད་པ་འོ། །རྩིབ་མའི་རྩིབ་གས་རུས་ཆག་དང་། །གནད་པ་དག་ལ་སོགས་པ་འོ། །དེ་ལ་བཅོས་ཐབས་སྨན་དང་དཔྱད། །གསོན་གཤིན་ཤན་དག་དབྱེ་བའི་ཚེ། །རྩ་དང་ཆུ་དང་སྤྱོད་ལམ་གྱིས། །སོས་ཤི་བྱེ་བྲག་དབྱེ་བར་བྱའོ། །སོ་མ་རཱ་ཛ་ལས་གནད་ཀྱི་རྣམ་པར་གཞག་པ་བསྟན་པའི་ལེའུ་བདུན་པའོ།།  །།

 

དེ་ནས་ལྟ་དང་དྲི་དང་རེག་པ་དང་། །ནད་རྣམས་སོ་སོར་ཤེར་པར་བྱ། །སོས་ཤི་བྱེ་བྲག་ཤེས་པ་ནི། །མཁས་(སྨན་པ་ཤེས་པ་མ་འཁྲུལ་བས)གསལ་བ་ཡིས་དཔྱད་པར་བྱ། །དེ་(ལུས་ལ)ལ་ལྟ་བ་དབྱིབས་དང་ལྕེ། །ཆུ་ལ་སོགས་པ་ལྟ་བ་འོ། །རླུང་མཁྲིས་བད་ཀན་དབྱིབས་སྒོ་(རྒན་གཞོན་བྱེ་བྲག་ཤེས་པར་བྱ)ནས། །མདོག་སྨུག་ཤ་ཆུང་ལུས་ཡང་བ། །གཉིད་ཆུང་ཞེ་སྡང་ཆེ་བ་ནི། །དྲན་པ་མི་གསལ་རླུང་གི་མི་(དྲོད་སྣུམ་གྱིས་བཅོས)། །ནག་སྨུག་བློ་རྣོ་ཆགས་པ་ཆེ། །(རྩུབ་དྲོ་མཁྲིས་པ)། །ཤ་ཆུང་བ་(ཁ་བ་དང་བསིལ་གྱིས་བཅོས)ནི་མཁྲིས་པའི་མི། །དཀར་ལ་འཇམ་(ལྕི་བ་དང་ཡང་བས་བད་ཀན)ཞིང་ཤ་ཆེ་བ། །ལུས་ལྕི་གཉིད་ཆེ་བློ་རྟུལ་བ། །གཏི་མུག་བད་ཀན་(དྲོད་ཅན་བཅུད་ལེན་ཚ་སྐྱུར་རོ)མི་དག་གོ །ཁུར་ཚོས་(དབྱིབས་བརྟགས་པས་ནད་ཤེས)སྨུག་ཅིང་ཤ་ཆུང་བ། །མིག་མདངས་དཀར་ལ་སྐད་ཕྲ་བ། །སྐད་གདངས་ཆག་ཅིང་མིག་མདངས་དཀར། །ཕོ་བ་དག་ལ་སྐྲན་ཡོད་པའོ། །སྐྲན་མེད་མིག་རྩ་རྒོད་ལ་ཁྲོ། །སྦྲ་འདོན་འགྲོ་འདུག་མང་བ་དང་། །རླུང་ཞུགས་པ་ན་སྦོས་པ་ན། །སོ་རྙིལ་སྙི་ཞིང་ཤ་ཆུང་ནག །སྐྱ་དང་གློ་ལུ་གློ་ནད་དོ། །ཤ་ཆུ་སྔོ་ལ་བ་སྤུ་གཟེངས། །རྐེད་པ་འཁྱོགས་པ་མཁལ་ནད་དོ། །

སྣ་གོང་གཉེར་ཞིང་སྣ་གོང་སྐམ། །སུབས་ཤིང་སྣ་ནས་སྨྲ་བ་འདྲ། །གློ་དང་སྙིང་ལ་ནད་ཡོད་དེ། །མིག་རྩ་དམར་ལ་འཛུམ་ན་ཡང་། །མཆིན་པ་མིག་དཀར་རླུང་ཡིན་ཏེ། །ངོ་སྣུམ་མིག་སྤྲིན་དཀར་བ་དང་། །སྤྲིན་པ་ཅུང་ཞིག་ཆུང་ན་ཁྲག །མིག་སེར་ལྕེ་སེར་མཆིན་མཁྲིས་ལ། །མཆུ་འགས་མཆུ་ནད་ཅན་དང་ནི། །ངོ་ཤིག་ཡོད་པ་མཆེར་ནད་དོ། །ཉེ་གསལ་རིང་བ་མི་གསལ་དང་། །རིང་བ་གསལ་ཉེ་བ་མི་གསལ་དང་། །སྐྱ་འོད་(སྦྱོང་ལ་བྱ)ཉི་ནུབ་མི་མཐོང་དང་། །ཚག་(སྲོག་ཀྱང་འཕྲོག)དང་ཕྱི་ཡི་ལིང་ཏོག་དང་། །ལིང་ཏོག་མེད་པའི་(དྲུག་པོ་འགྲོ་ཟས་ལ་འགག)ནག་ལོང་དང་། །དེ་ནི་མཆིན་མཆེར་བད་རླུང་ངོ་། །ཏིང་ཏིང་སིང་སིང་འུར་འུར་དང་། །ཤྭ་ཤྭ་མཁལ་ནད་རྣ་བ་ལ། །དེ་ནི་སྐྱེད་པའི་ནད་བཟུང་ངོ་། །སོ་ལ་སོ་ཁྲག་ཞུགས་པ་དང་། །མཆུ་ནད་ཡོད་པ་ཕོ་མཆེར་ནད། །སྐྱ་ལམ་བཀྲག་མེད་བ་སྤུ་ཉལ། །དེ་ནི་གྲང་བ་དག་ཡིན་ནོ། །གདོང་འཇིལ་དམར་སྨུག་སེར་བ་དང་། །བ་སྤུ་ཟེད་འཁྲུགས་ཚ་བའོ། །མཁུར་ཚོས་(འཆི་ལྟས་བརྟག་པ)བཀྲག་བྲོས་ཆད་པས་འཆི། །མཁུར་ཚོས་སྨད་དུ་རྡིབ་ན་འཆི། །རྣ་བ་དཀར་རམ་སྔོ་ནག་འཆི། །རྣ་བའི་མདངས་ཤོར་འཆི་བ་སྟེ། །སྣ་ཡོན་དབང་པོ་ཞོམ་ན་འཆི། །གཉིད་ལོག་མིག་འཛུམས་མིག་ལྡོག་འཆི། །ངོ་གདོང་ཐང་ཤ་ཆད་ནས་འཆི། །འབྲི་ཚུགས་ལྟ་ཞིང་ལྡོག་མི་ཤེས། །རླིག་པ་ཁོང་དུ་བྲོས་ན་འཆི། །ལྕེ་ནི་ཕུགས་འབྲོས་འཆི་བ་སྟེ། །རྨེ་ཅན་ལྕེ་དམར་ཐུང་ན་འཆི། །ལྕེ་རྩུབ་ཕུགས་ཏེ་བར་ནི་སྣུམ། །རྩེ་མོ་འཇམ་པ་བད་ཀན་ནོ། །དམར་ལ་རྩུབ་པ་ཁྲག་ཡིན་ཏེ། །ནག་ལ་རྩུབ་པ་རླུང་ཡིན་ནོ། །སྐྱ་སྣུམ་མཆིལ་མས་ལྕེ་གཡོགས་དང་། །ཁམ་ལ་སྐམ་པ་བད་ཀན་ནོ། །སེར་ཞིང་ར་མ་ལུག་དག་སེར། །སྐེམ་པ་དག་ནི་མཁྲིས་པ་འོ། །ཤིན་ཏུ་དཀར་བ་གློ་ནད་དེ། །ཟུར་དག་གནག་པ་མཆིན་ནད་དོ། །གཞུང་དག་སྐམ་པ་སྙིང་ནད་དོ། །དམར་ཞིང་ཐུང་ན་མཁལ་མའི་ནད། །ཐ་མ་ནག་པོས་འཁོར་བ་ན། །མཆེར་པ་དང་ནི་མཆིན་པའོ། །སེན་པོ་དམར་ལ་མདངས་ཆགས་ལེགས། །སེན་མོའི་མདངས་ཡལ་འཆི་བ་འོ། །སྐྱ་ཤར་དག་ནི་འབྱུང་བ་ནི། །མཐེ་བོང་གློ་དང་མཛུབ་མོར་མཆིན། །གུང་མོ་སྙིང་དང་སྲིན་ལག་མཆེར། །མཐེའུ་ཆུང་མཁལ་མར་ཤེས་པར་བྱ། །སྐྱ་ཤར་བད་ཀན་སོ་སོར་བརྟག །ཐམས་ཅད་སྐྱ་བོར་སོང་བ་རླུང་གི་རླུང་། །ཐབས་ཅད་སེར་པོ་མཁྲིས་པའི་མཁྲིས་པ་སྟེ། །དེ་ཉིད་ལྕི་བས་ཕལ་ཆེར་འཆི། །ལག་པ་སྐམས་པས་གྲང་བ་སྟེ། །ཚ་བས་སྐམ་ན་འཆི་བ་འོ། །ལག་མཐིལ་སྣུམ་པ་ཚད་པ་འོ། །གྲང་བ་སྣུམ་པ་ལྕི་བ་ཡིན། །སོ་མ་རཱ་ཛ་ལས་དབྱིབས་དང་ལྕེ་དང་སེན་མོའི་ནད་ངོས་བཟུང་སྟེ་ལེའུ་བརྒྱད་པའོ།།  །།

 

དེ་ནས་ཡུལ་དང་ན་ཚོད་ནི། །ནགས་མཐུག་རླན་དང་ཆུ་ཆེ་བ། །ས་འབོལ་སློ་ཞིང་ཕྱུགས་མ་སྣུམ། །དེ་ནི་བད་ཀན་ཡུལ་ཡིན་ཏེ། །སྐྱེས་ནས་ཉི་ཤུ་མན་ཆད་དུ། །བད་ཀན་མི་དེ་དགུན་དང་དཔྱིད། །བད་ཀན་དགུན་སོགས་སྟོན་དཔྱིད་རྒྱས། །སྟོན་གྱི་བར་ནི་བད་ཀན་ནོ། །ནགས་དང་སྐམ་ས་ཕྱེད་དང་ནི། །མཁྲིས་པ་དག་གི་ཡུལ་ཡིན་ཏེ། །ཉི་ཤུ་ཡན་ཆད་བཞི་བཅུ་རུ། །དར་མ་མཁྲིས་པའི་ཁམས་ཡིན་ཏེ། །ནམ་སླ་དབྱར་དང་དཔྱིད་ཀྱི་དུས། །མཁྲིས་པ་སྟོན་སོགས་དཔྱིད་རྒྱས་ཏེ། །དབྱར་ནི་མཁྲིས་པ་ལྡང་བའི་དུས། །ཐང་ཆེ་རླན་ཆུང་སྐམ་ས་ཆེ། །སྐྱ་བོའི་ཡུལ་ནི་རླུང་ཡིན་ཏེ། །མི་ཡང་བཞི་བཅུ་ཡན་ཆད་དུ། །བརྒྱ་ཡི་བར་ནི་རླུང་གི་མི། །ནམ་སླ་དགུན་དང་སྟོན་གྱི་བར། །རླུང་ནི་དཔྱིད་སོགས་སྟོན་ན་རྒྱས། །རླང་གི་རང་བཞིན་དགུན་ཀ་ལྡང་། །ནགས་ཆེ་མྱ་ངམ་ཆེ་ཞིང་སྐྱ། །ཆུ་ཆུང་འདུས་པའི་ཡུལ་ཡིན་ཏེ། །ཁྱད་པར་དེ་དང་ལྡན་པར་རོ། །མི་ནི་རྒན་གཞིན་ཀུན་ལ་ནི། །འདུས་པ་འབྱུང་བ་ཡིན་པ་སྟེ། །དུས་ནི་ནམ་སླར་འདུས་པའོ། །ལྡན་འདུས་འབྱུང་བ་དུས་བཞིར་ཏེ། །དེ་ལྡན་དཔྱད་ལ་བཅོས་པར་བྱ། །སོ་མ་རཱ་ཛ་ལས་ཕྱི་ཡུལ་དང་དུས་དང་ན་ཚོད་ལྟ་ཞིང་བརྟག་པ་སྟེ་ལེའུ་དགུ་པའོ།།  །།

 

དེ་ནས་ལྟ་བ་ཆུ་ཡི་ངོས་གཟུང་བ། །དཔྱད་པ་དག་ཀྱང་བྱ་བར་གསུངས། །སྙིང་རྗེ་ཆེ་ལ་སྤྱོད་ལམ་དལ། །ལུས་ཟུངས་མ་ཉམས་དབང་པོ་གསལ། །ཆང་འཐུང་མ་ཡིན་གཉིད་ལོག་དང་། །ལེགས་པའི་སྤྱོད་ལམ་སྨན་པས་བརྟག །རི་ཡི་རྩེ་ལ་ཉི་ཤར་ཞིང་། །སྣང་བ་ཡོད་པའི་ཕྲུམ་མཐིལ་དུ། །ནད་ལ་སོགས་པ་སོ་སོར་བརྟག །སྣོད་ནི་དཀར་དང་དམར་བ་དང་། །ཤིན་ཏུ་ནག་(དེ་རྣམས་སྨན་པའི་ཉེས་པའི)དང་སེར་བ་སྤང་། །ནད་པས་(སོག་མ་ཆུ་གཏིང་དུ་བཅུག་པ་ལས་ཆུ་དེ་དཀར་ན་བད་ཀན ། སེར་ན་མཁྲིས་པ། ནག་ལ་རླུང་འཁྲིགས ། དམར་ན་ཁྲོག་གོ)སྐོམ་མང་མ་འཐུང་ཞིང་། །འཐུངས་ན་ཆུ་ཡང་དུས་མི་ལྡོག །བུད་མེད་ལྷན་ཅིག་ཉལ་བ་སྤང་། །དཀར་སེར་དམར་བ་མ་འཐུང་སྟེ། །རོ་(རུལ་བ་ངན ། ཚིག་པ་ངན)དང་ལྡན་པ་མ་ཟོས་པ། །དུས་སུ་བཏང་བའི་(དེ་ནས་རྣམས་ནད་བའི་སྤྱོད་ལམ)ཆུ་ལ་བརྟག །རླངས་པ་ཆེ་ཡུན་རིང་ན་ཚ། །རླངས་པ་ཆུང་ཡུན་ཐུང་ན་གྲང་། །དེ་ལ་མདོག་རྣམས་བརྟག་པ་ནི། །དམར་དང་དམར་སེར་མདོག་དང་ནི། །དམར་ནག་འདྲེས་དང་སེར་བ་ནི། །ཁམ་སེར་དང་ནི་སྔོ་སེར་དང་། །སྨུག་དང་སྨུག་སྔོ་དག་དང་ནི། །སྨུག་དང་ཁམ་དང་སེར་བ་དང་། །མདོག་ནག་(རུབ་ཡིན)ཆད་པ་དག་དང་ནི། །ཁམ་ནག་(སེར་པོ་བྲག་ཞུན)དང་ནི་སྔོ་ནག་དང་། །ལྗང་(སེའུ་རེའུ་འདྲ་བ་ངན)དང་དཀར་དང་སྣ་ཚོགས་འདྲེས། །མཆིན་པ་ཁྲག་རྒྱས་(ཁྲག་ཚོད་དག་ཏུ་ཞིག་ན་ཡང་ཞིག)ཤིན་ཏུ་དམར། །ཆུ་སེར་རྒྱས་པ་དམར་སེར་མདོག །ཁྲག་ཤས་ཆེ་བ་དག་ལས་ནི། །རིམས་ཀྱིས་བཏབ་པ་དམར་སྨུག་གོ །ཤིན་ཏུ་སེར་བ་མཁྲིས་པ་སྟེ། །ལོང་དུ་མཁྲིས་པ་ལྷུང་བ་འོ། །ཁམ་མམ་(ཀུ་ཡང་ནན)སྔོ་སེར་བད་ཀན་དང་། །མཁྲིས་པ་འཐབ་པ་བད་བཀན་སེར། །སྔོ་སྐྱ་ཅུང་ཞིག་སེར་བ་ནི། །མཁྲིས་པ་ཤིན་ཏུ་ཆེ་བ་ལ། །རླུང་ནད་གསར་དུ་ཞུགས་པ་འོ། །སྨུག་པོ་བད་ཀན་སྨུག་པོ་རྒྱས། །དམར་སྨུག་སླ་བ་རླུང་དང་གྲང་བ་འོ། །ཁམ་སྨུག་བད་ཀན་སྐྱ་བོ་རྒྱས། །དཀར་སྨུག་བད་ཀན་མ་ཞུ་རླུང་། །མདོག་ནག་ཆད་པ་བད་ཀན་ནག །ཆུ་སེར་ནག་དང་རླུང་བསྡོངས་པའོ། །ཁམ་ནག་ཆུ་སེར་ནག་པོ་འམ། །རིམས་ནི་རྨོང་བུ་ནག་པོའི་ཆུ། །སྔོ་སྐྱ་ཡང་བ་བད་ཀན་གྲང་རླུང་ངོ་། །

ནག་པོ་དུག་ཡོད་པ་ཡི་ཆུ། །ལྗང་གུ་རླང་དང་གྲང་བ་འདྲེས། །ཤིན་ཏུ་དཀར་སྔོ་ཆུ་སེར་གྲང་བ་འདྲེས། །དཀར་སེར་དུག་ནད་གྲང་བ་བད་ཀན་ནོ། །སྣ་ཚོགས་འོད་ཡོད་ཁོང་ན་གྲང་དུག་ཡོད་པའོ། །དཀར་སྔོ་བད་ཀན་དག་ཡིན་ཏེ། །དམར་སེར་སྨུག་པོ་ཚད་པ་འོ། །ཁམ་ལ་ནག་པ་རླུང་དག་ཡིན། །བསྡུས་པས་དེ་ལྟར་ཤེས་པར་བའོ། །ཆ་མདོག་དབྱེ་ན་དཔག་ཏུ་མེད། །དེ་ལས་སུམ་ཅུ་རྩ་དྲུག་སྟེ། །དེ་ལས་བསྡུས་པ་བཅོ་བརྒྱད་དྲུག །ལར་ན་ཚ་གྲང་གཉིས་སུ་བརྟག །དཀར་བ་གྲང་བ་དམར་ཕྱོགས་ཚ། །མེ་ཏོག་དག་ལ་བརྟག་པ་ནི། །ལྦུ་བ་ཆུང་ལ་སེར་བ་དང་། །ལྦུ་བ་ཆེ་ལ་སྔོ་ནག་དང་། །ལྦུ་བ་སྔོ་ལ་འདྲིལ་མང་ན། །ལྦུ་བ་ཆེ་ལ་དཀར་བ་དང་། །ལྦུ་བ་འཇའ་ཚོན་འདྲ་བ་ནང་། །ལྦུ་བ་(མཁྲིས་པ་)ཆུང་ལ་སེར་ཞིང་ཆུང་། །ལྦུ་བ་སེར་དང་དམར་བ་(ཁྲག་ཤས་ཆེ་བ)དང་། །སྨུག་པའི་ལྦུ་བ་དག་(མཁལ་ནད)ཡིན་ནོ། །

ལྦུ་བ་ཆུང་ལ་ཅུང་སེར་བ། །སྟོད་ན་ཚད་པས་གཟེར་བ་འོ། །ལྦུ་བ་ཆེ་ལ་སྔོ་ནག་ནི། །ནད་པ་ཧམ་ཆུང་ནད་སྨིན་པའོ། །ལྦུ་བ་སྔོ་འདྲིལ་ཆུང་བ་ནི། །བད་ཀན་གློར་ཞུགས་གློ་ནད་རྒྱས། །ལྦུ་བ་ཆེ་འདྲིལ་དཀར་བ་ནི། །མཆེར་པར་རླུང་ཞུགས་སྦོས་འཁྲོག་འཁྲུ། །ལྦུ་བ་འཇའ་ཚོན་འདྲ་བ་ནི། །དུག་ནད་ལུས་ལ་ཡོད་པ་འོ། །ལྦུ་བ་ཆེ་ལ་སྐྲན་ནམ་ནི། །ཡང་ན་ལོང་རླུང་ཞུགས་པ་འོ། །ལྦུ་བ་སེར་ཞིང་ཆུང་བ་ནི། །མཁྲིས་པ་མཆིན་པ་རྒྱས་པ་འོ། །ལྦུ་བུ་སེར་བ་མཁྲིས་པ་རྒྱས། །དམར་ན་ཁྲག་ནི་རྒྱས་པ་འོ། །སྨུག་པ་བད་ཀན་སྨུག་པོ་འོ། །ཡང་ན་སྐྲན་དག་ཡོད་པ་འོ། །ཡང་ན་ཚ་གྲང་གཉིས་སུ་སྟེ། །ལྦུ་བ་ཆུང་ལ་ཚོམ་བུར་ཆད། །ཞི་དཀའ་བ་ནི་ཚ་བ་འོ། །ལྦུ་བ་ཆེ་ལ་ཁེབས་པ་དང་། །ཞི་བར་སླ་བ་གྲང་བའོ། །ལྦུ་བ་མེད་ན་བརྟག་པར་བྱ། །ཚ་བ་ལྦུ་མེད་འཆི་བ་སྟེ། །གྲང་བ་ལ་མེད་འབྱམས་པའོ། །ཤིན་ཏུ་ཆུང་ན་ཁྲག་རོ་ཡོད། །ཟས་ཀྱི་དབྲེ་དང་ཟས་ཀྱི་རོ། །ཚ་བྲག་ཀུན་དང་ཀོ་རུལ་དང་། །ཁ་དང་སྐྱུར་དང་ཚ་བ་འོ། །དབྲེ་ནི་ནད་མེད་པ་ཡིན་ནོ། །

ཟས་རོ་གང་བྲོ་མ་ཞུ་བ། །ཚ་བྲག་ཁུ་བ་ཕོ་མོ་ཕན་ཚུན་འཁྲུགས། །ཕན་ཚུན་མ་ཕྲད་མ་ནུས་པའོ། །ཀོ་རུལ་ནད་རྣམས་ཁོང་དུ་འཁྲུགས། །ཡང་ན་ཁོང་ན་དུག་ཡོད་པའོ། །ཁ་བ་དག་ནི་མཁྲིས་པ་སྟེ། །སྐྱུར་བ་དག་ནི་བད་ཀན་ནོ། །ཚ་བ་ཚད་པ་དག་ཏུ་འོ། །ད་ནི་ལྡོག་པ་སྟོན་པ་ནི། །དུས་སུ་ལྡོག་པ་ནད་མེད་དེ། །མི་ལྡོག་པ་ནི་དག་ཡོད་དམ། །ཡང་ན་ཉལ་པོ་དྲགས་པ་དང་། །ཆུ་སེར་ནག་པོ་མི་ལྡོག་གོ །ཁོང་ནས་ལྡོག་དང་བྱུང་ནས་ལྡོག །བྱུང་ཞིང་ལྡོག་དང་དྲོས་ནས་ལྡོག །ཕྱེད་རྙོག་རྙོགས་སུ་མ་བཏུབ་དང་། །དུས་སུ་ལྡོག་པ་དག་དང་ངོ་། །

ཁོང་ནས་འཁྲུས་པ་དྲགས་པ་སྟེ། །ཕལ་དུ་འཆི་(གལ་ཏེ་འཆི་ཁ་མྱུར་དུ)སྟེ་འཚོ་ཡང་སྲིད། །ངལ་དུབ་དྲགས་སམ་ཉལ་པོ་དྲགས། །བྱུང་ལྡོག་རིམས་རྨུགས་(རིམས་རྨོངས་དྲག་པོ་འཁྲུགས)དྲག་པོས་འཁྲུགས། །ཡང་ན་མྱུར་དུ་འཚོ་བ་འོ། །ཅུང་རྙིང་ནད་ནི་མྱུར་དུ་འབྱངས། །དྲོས་(ཆུང་ན)རྙོག་ནད་ནི་མེད་པ་སྟེ། །ཕྱེད་རྙོག་ནད་ནི་ཡུན་རིང་བའོ། །རྙོག་ཏུ་མ་བཏུབ་འཆི་བ་འོ། །དུས་ནི་དགུན་ནི་ཅུང་(བདུན་ཅུ་གཉིས་པ་ལ)ཙམ་ན། །དབྱར་ནི་ཉི་མ་རྩེ་དྲོས་(བརྒྱད་དགུ་གཉིས་པ་ལ)ན། །དེ་ནི་ནད་མེད་ཆུ་ཡིན་ནོ། །སྙིགས་མའི་མདོག་ནི་སྐྱ་བ་གར། །ཆབ་དཀར་(འཆི་བ་དང་རླུང་འཐབ)འོ་མ་འདྲ་བ་དང་། །ཆབ་ནག་སྲ་ཁུ་(ཆུ་སེར་འཚོ)འདྲ་བ་དང་། །ཆ་དམར་(འཆི)བཙོད་ཁུ་འདྲ་བ་དང་། །དམར་སེར་འོད་དང་ཆས་པ་དང་། །མདོག་ནི་སྨུག་ནག་དག་དང་ནི། །རྟ་ཆད་པ་ཡི་ཆུ་བཞིན་དཀར། །ཁ་དོག་མ་འགྱུར་ལྦུ་དཀར་དང་། །དེ་དག་མདོག་སྟེ་ཀྱུལ་ན་འོ། །སྐྱ་བོ་གོར་གོར་ཁོང་འཁྲུས་པ། །བད་ཀན་རྒྱས་འཁྲུགས་འཆི་བ་འོ། །

ཆབ་དཀར་འོ་མའི་ཆུ་འདྲ་བ། །བད་རླུང་འཁྲིགས་ཏེ་འཆི་བ་ཡིན། །ཆབ་ནག་སྲན་ཁུ་འདྲ་བ་ནི། །ཆུ་སེར་ནག་པོ་འཁྲུགས་ཏེ་འཆི། །ཆབ་དམར་བཙོད་ཁུ་འདྲ་བ་ནི། །ཁོང་འཁྲུགས་ཁྲག་རྒྱས་འཆི་བ་འོ། །དམར་སེར་འོད་དང་ཆས་པ་ནི། །མཁྲིས་པ་འཁྲུགས་ཏེ་འཆི་བ་འོ། །སྨུག་ནག་མདོག་འདྲ་བྱུང་བ་ནི། །བད་ཀན་སྨུག་འཁྲུགས་འཆི་བའི་བརྟས། །རྟ་ཆད་ཆུ་བཞིན་སེར་འཁྲུགས་པ། །དུག་གི་འཁྲུག་པ་དག་ཡིན་ནོ། །ནད་འཁྲུགས་པ་ནི་མ་ནོར་བྱ། །དེ་དག་ཁོང་འཁྲུགས་དག་ཡིན་ནོ། །འཁྲུགས་འོད་དམར་བ་ཚད་པ་སྟེ། །འཁྲུགས་མདོག་དཀར་ན་ནད་མེད་དེ། །འཁྲུགས་མདོག་སྔོ་བ་གྲང་བ་འོ། །

ཀུ་ཡ་འཁྲུགས་པའི་དྭངས་མ་སྟེ། །ཞབས་སུ་ལྗང་གུ་ཟྭ་ཕྱེ་འདྲ། །ཞབས་སུ་བྲ་བོ་རྦོ་ག་འདྲ། །ཀོ་བལ་ཆུས་བཏོག་ཆད་པ་འདྲ། །ཕྱེ་མ་དང་འདྲ་ཚེར་བ་དང་། །སྤུ་འདྲ་བ་ལ་རྒྱུས་ལྡད་འདྲ། །ན་བུན་དང་འདྲ་ནལ་ནལ་སྔོ། །སོལ་ཕྱེ་དང་འདྲ་ནག་པ་དང་། །སྦལ་སྒང་འདྲ་བའི་དུམ་བུ་དང་། །རྒྱ་སྐྱེགས་དང་འདྲ་ཕྱེ་མ་འདྲ། །སྤྲིན་དཀར་དང་འདྲ་དཀར་བ་དང་། །ཁྲག་རླངས་ལྟ་བུ་འདྲ་བ་འོ། །དེ་རྣམས་ཚིག་མ་བརྟག་པ་འོ། །ལྗང་གུ་ཟྭ་འདྲ་མཆིན་དྲི་དང་། །བྱང་ཁོག་སྟོད་ན་ནད་ཡོད་དེ། །ཁ་ཟས་ཚིག་མ་གློ་རྩར་སོང་། །ནད་ཐེབས་ཡུན་རིང་ལོན་པ་དང་། །ཐོག་དང་འདྲ་བ་བྱུང་བ་ན། །པུས་མོ་ཡན་ལག་ཚིག་མ་བཞིན། །ཀོ་བལ་དང་འདྲ་བྱུང་བ་ན། །བད་མཁྲིས་རྒྱས་པས་འཆི་བ་འོ། །གསེར་མདོག་འདྲ་བ་བྱུང་བ་ན། །མཁལ་རྐེད་ཆུ་སོ་ན་བ་འོ། །བརྒྱུངས་པ་ཀླད་འདྲ་བྱུང་བ་ན། །གྲང་རླུང་དག་གིས་ཉམ་ཆུང་བའོ། །ན་བུན་དང་འདྲ་བྱུང་བ་ན། །བད་ཀན་དག་གིས་རྒྱས་པ་འོ། །སོལ་ཕྱེ་དང་འདྲ་བ་བྱུང་བ་ན། །ཆུ་སེར་ནག་པོ་རྒྱས་པ་འོ། །ཡང་ན་དུག་གིས་བཏབ་པ་འོ། །སྦལ་སྒོང་དང་འདྲ་དུམ་བུ་ནི། །ཕོ་བ་ལ་སོགས་སྐྲན་ཡོད་པའོ། །རྒྱ་སྐྱེགས་དང་འདྲ་ཕྱེ་མ་ནི། །མཆེར་པ་མཁལ་མར་ནད་ཞུགས་པའོ། །སྤྲིན་དཀར་དང་འདྲ་ཀུ་ཡ་མ། །གློ་དང་སྙིང་ལ་བད་རླུང་ཞུགས། །ཁྲག་རླངས་འདྲ་བ་མཆིན་པ་ལའོ། །ཀུ་ཡ་ཆུ་ཁར་སྤྲིན་འདྲ་བ། །གློ་དང་སྙིང་ལ་ནད་ཡོད་དེ། །བར་དུ་བྱུང་ན་རླངས་པ་འདྲ། །མཆིན་པ་དང་ནི་མཆིན་དྲི་དང་། །མཁྲིས་པ་ཕོ་བ་མཆེར་པ་དང་། །བར་གྱི་ནད་དེ་ཀུན་ཏུ་འོ། །

ཞབས་སུ་བྱུང་བ་སྙིགས་མ་སྟེ། །མཁལ་མ་ཆུ་སོ་རྒྱུ་ལོང་དང་། །ལྒང་ཕུགས་དག་ལ་ནད་ཡོད་པའོ། །ཁ་ཞབས་ཀུན་ཏུ་ཁྱབ་པས་ན། །སྙོམས་པས་ནད་མེད་འདུས་པ་འོ། །བསྡུ་ན་རྣམ་པ་བཞི་རུ་འདུས། །དཀར་ན་རླུང་དང་བད་ཀན་ཆེ། །དམར་ན་ཁྲག་ཤས་ཆེས་བ་སྟེ། །དབུས་སེར་མཐའ་སྔོ་མཁྲིས་པ་སྟེ། །སྨུག་ན་མཁལ་ནད་ཡོད་པ་འོ། །འདྲེས་པའི་མཚན་ཉིད་བརྟག་པ་ནི། །ཆུ་མདོག་དཀར་ལ་ཀུ་ཡ་དམར། །སྟེང་བྱུང་གློ་དང་སྙིང་ལ་འོ། །བར་དུ་བྱུང་ན་མཆིན་ཁྲག་རྒྱས། །ཞབས་སུ་བྱུང་ན་མཁལ་མཆེར་ནད། །ཆུ་མདོག་དམར་སེར་ཀུ་ཡ་མཚུངས། །རིམས་ནི་མེ་བཞིན་ཚ་བ་སྟེ། །གློ་སྙིང་ཀླད་པ་ལྡང་དུབ་བྱེད་པ་འོ། །བར་དུ་བྱུང་ན་མཆིན་པ་སྟེ། །ཞབས་སུ་བྱུང་ན་རིམས་རྨོང་བུ། །དོན་སྣོད་འཁྲིགས་པ་དག་ཡིན་ནོ། །ཆུ་མདོག་ཁམ་ནག་བྱུང་བ་ན། །ཀུ་ཡ་ཤ་ཁུའི་སྙིགས་མ་འདྲ། །ཤ་རུལ་འབུས་ཟོས་སྙིགས་འདྲ་ན། །མཆིན་འགྲམས་ནང་དུ་ཁྲག་ངན་ལྷུང་། །སྟོད་སྨད་དག་ཀྱང་གོང་བཞིན་ནོ། །ཆུ་མདོག་ཁམ་སེར་ཀུ་ཡ་མ། །ཁྲག་རླངས་འདྲ་བ་མཆིན་འགྲམས་ནད། །དེ་ཡང་སྟོད་སྨད་གང་དུ་འོ། །ཆུ་དང་ཀུ་གཉིས་དཀར་བ་ནི། །གྲང་བའི་ནད་དུ་ཤེས་པར་བྱ། །ཆུ་དཀར་ཀུ་ནི་གསེར་ཕྱེ་འདྲ། །ཡང་ན་ལྷང་ཚེར་དང་འདྲ་བྱུང་། །མཁལ་མའི་རྩ་སྦུགས་འགགས་པ་སྟེ། །ཉལ་པོ་མི་ནུས་མཁལ་མའི་ནད། །དཀར་དམར་ཆུ་དང་ཀུ་འདྲེས་ན། །ནད་ཀྱང་འདྲེས་མ་དག་ཏུ་འོ། །ཆུ་དཀར་གར་པོ་འགྱུར་མ་བཏུབ། །མ་ཞུ་བ་ཡི་ནད་དེས་འཆི། །ཆུ་མདོག་རྒྱ་སྐྱེགས་དང་འདྲ་བ། །ཀུ་ཡ་སྟེང་བྱུང་ཀླད་པ་ལྕི། །མགོ་འཁོར་གློ་སྙིང་མ་བདེ་རེངས། །བར་དུ་བྱུང་ན་མཁལ་མཆེར་རླུང་། །གཞུག་གི་ཞབས་སུ་བྱུང་བ་ནི། །རྒྱུ་ལོང་རླུང་ཞུགས་སྦོས་འཁྲོག་འཁྲུ། །ཆུ་སེར་ཀུ་ཡ་སྟེང་བྱུང་ན། །རླུང་རྩ་གློ་སྙིང་དག་ལ་ཡོད། །སྨྱོ་འབོག་བརྒྱལ་ནད་ཡོད་པར་འགྱུར། །རླུང་རྩ་ཤ་རུས་བར་ན་ཡོད། །འཐེང་གྲུམ་ཞ་སྐམ་དག་ཏུ་འགྱུར། །ཞབས་སུ་བྱུང་ན་རྒྱུ་ལོང་ཚ། །རྒྱ་འཁྲོག་ཕྱི་ས་འགགས་པ་དང་། །ཆུ་སེར་ཀུ་སེར་སྟེང་བྱུང་ན། །མཁྲིས་པ་ཤ་ཡ་དག་ཡིན་ཏེ། །ཧ་ཅང་མི་ལྡོག་འཆི་བ་འོ། །ཆུ་དང་ཀུ་ནི་སེར་སྐྱ་ན། །ཤ་སེར་མིག་སེར་བཅོས་སུ་བཏུབ། །དམར་རྩུབ་འཆི་བ་དག་ཡིན་ཏེ། །ཆུ་སྐྱ་ཀུ་ཡ་ཐུམ་པ་ཟེ(ཕག)། །སྤྲིན་འདྲ་ཐོར་བྱུང་སྟེང་ཡོད་ན། །བད་ཀན་སྐྱ་བོ་ཀླད་སྟེང་སོང་། །ཀླད་པ་དྲག་ཏུ་ན་བ་འོ། །

གློ་སྙིང་མི་བདེ་འབྱུང་བ་སྟེ། །བར་དུ་བྱུང་ན་ཕ་མཆིན་ཏེ། །ཞབས་སུ་བྱུང་ན་རྒྱུ་ལོང་དང་། །ཆུ་སོ་ན་དང་སྦོ་འཁྲོག་དང་། །འཁྲུ་བ་བད་ཀན་སྐྱ་བོ་སྟེ། །ཆུ་ཡི་མདོག་དང་ཀུ་ཡ་ནག །དུག་དང་རིམས་ནད་རྨོང་བུ་སྟེ། །ནུས་པ་ལས་བྱུང་ནད་ཚིག་བཟང་། །ཆུ་ནི་ལྗང་ནག་ཀུ་ཡ་ལྗང་། །ཁོང་ན་དུག་ཡོད་ཉན་ཆེ་འོ། །ཆུ་མདོག་སྔོ་ལ་ཀུ་ཡ་སྔོ། །བུད་མེད་སྦྲུམ་མ་དག་ཡིན་ནོ། །ཆུ་སེར་ཀུ་ནི་ནལ་ཐེན་འབྱུང་། །སྐྱེ་བར་བྱ་བའི་རྨ་ཡོད་ལ། །སེར་རམ་སྐྱ་བ་ལ་སོགས་ཏེ། །ཇེ་དམར་ཇེ་དམར་སོང་བ་ན། །དེ་ནི་ཆུ་སེར་རྒྱས་ཏེ་འཆི། །ཀུ་ཡ་མེད་དང་འདྲ་མ་ལྡོག་པ། །འཆི་ལྟས་དག་ནི་བསྟན་པར་བྱ། །ནག་པོ་རྔ་མ་འཁྲུགས་དང་འདྲ། །ཆུ་སྨུག་འབྱུང་ཁམ་མནམ་ན་འཆི། །མི་རྣམས་ཡུན་རིང་མནམ་པ་ནི། །ཁོང་དུ་ནད་རུལ་མྱུར་དུ་འཆི། །སངས་ནས་མི་འཁྲུགས་པ་དག་ནི། །ཁ་དོག་ཅི་ལྟར་བྱུང་ཡང་འཆི། །ཆུ་ནི་ཚེགས་བྲུལ་ཆད་ན་འཆི། །ཤིན་ཏུ་དམར་བ་བྱ་ཁྲག་འདྲ། །ཁྲག་ཆད་པ་སྟེ་འཆི་བ་འོ། །དམར་སེར་ལྡོང་རོས་འདྲ་བ་དང་། །མཁྲིས་པ་ཆད་པས་འཆི་བ་འོ། །ཁྲག་ཚོད་དང་འདྲ་བད་ཀན་སྨུག །ཀླད་པ་མཉེས་འདྲ་བད་རླུང་ཆད། །བྱེའུ་ཀླད་དང་འདྲ་ཚིག་མ་ནི། །རླུང་ཆད་པས་ནི་འཆི་བ་འོ། །འོ་ཤི་དང་འདྲ་བད་ཀན་ཆད་(ཡང་དུག་སོང་བས་ཆུ་སེར)། །མཐིང་ནག་དུག་ཡོད་ཆུ་སེར་ནག །ཀུ་ཡ་མེད་པ་དེ་རྣམས་ནི། །ལྡོག་པ་དུས་མེད་ནད་མེད་དེ། །མི་ལྡོག་ཀུ་ཡ་མེད་ན་འཆི། །ཆུ་རྩ་ཆུ་བཞག་འདྲ་ན་འཆི། །ལུས་ཀྱི་ཤ་འཇུ་ཉ་མིག་འདྲ། །རུས་རྐང་འཇུ་འཆི་བ་འོ། །མར་འདྲའི་ཞག་བྱུང་རྐང་དང་ནི། །ཆུ་བ་བྲོས་ཏེ་ཤ་བྲོས་རིམས་ནད་ཚ། །རུས་པ་ཞེན་པར་འཆི་བར་བྱེད། །འོ་སྤྲིས་འདྲ་བའི་ཞག་དང་ནི། །ཆང་དང་མར་རྣམས་མ་ཞུ་སྟེ། །སྦྲང་འདབ་བའི་ཞག་དག་ཀྱང་། །མར་དང་འོ་མ་མ་ཞུ་ལྕི། །མདོག་ཁམ་དག་ཀྱང་ཤ་མ་ཞུ། །སྒོང་སྤྲིས་རྩིས་ཤུན་དང་འདྲ་བ། །ཚིལ་མ་ཞུ་དང་བཅུད་མ་ཞུ། །མ་ཞུ་ཤ་དང་རུས་མ་ཞུ། །ཆུ་དམར་མ་ཞུ་བ་ནི་སྐྲན། །ཡང་ནི་སྙིངགས་མ་ཡིན་པ་འོ། །སོ་མ་རཱ་ཛ་ལས་ལྟ་བ་ཆུའི་དཔྱད་ལས་དྲང་སྲོང་དང་བསྟུན་པའི་ལེའུ་སྟེ་བཅུ་པའོ།།  །།

 

དེ་ནས་འཕགས་པ་འཇམ་དཔལ་གྱིས། །བཅོམ་ལྡན་འདས་ཀྱི་གསུངས་པ་ཡི། །གཞུང་དག་འཁོར་ལ་སྟོན་པ་ལས། །ཐ་སྐར་དག་ལ་གསུངས་པ་ནི། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཐ་སྐར་བཅུད་ཀྱི་སེམས་ཅན་ནི། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །འབྱུང་བ་ལྔ་ནི་རྟེན་འབྲེལ་ཏེ། །རྣམ་ཤེས་ལྔ་ཡིས་བརྟག་པ་འོ། །ཤེས་རབ་ལྡན་ཞིང་སྙིང་རྗེར་ལྡན། །ཡུལ་གྱི་རི་རྩེར་ཉི་ཤར་ཚེ། །འོད་ཟེར་ཡོད་ཅིང་མུན་པ་མེད། །སྣང་བ་ཡོད་པའི་ཕྲུམ་མཐིལ་དུ། །ནད་དང་གདོན་མི་གཟུང་བའི་ཕྱིར། །འདི་ལྟར་རྣམ་པར་བལྟ་བར་བྱ། །སྐྱེ་མཆེད་ལྔ་ཡིས་བརྟག་པར་བྱ། །ལྷའི་བུ། །གཟུགས་ཀྱིས་བརྟག་པ་དང་པོ་སྟེ། །དང་པོ་གང་དུ་བཏང་བ་ཤར་གྱི་ཕྱོགས། །སྐྱེས་པ་ཕོ་ལ་བརྟག་པར་བྱ། །བུད་མེད་ནུབ་ཀྱི་ཕྱོགས་སུ་བརྟག །ཆུ་ནི་ཁ་སྦུབ་(ཕོ་ལ)གན་རྐྱལ་ལོ་(མོ་ལ)། །བྱ་ལམ་ལྔ་(ཕྱོགས་བཞི་དབུས་དང་ལྔ)ལས་བཞི་རུ་བརྟག །ཁང་ས་མཐེབ་གང་དཀྱིལ་(དབུས་སུ)དུ་བརྟག །ཕྱི་རིམ་ཞིང་ས་དུར་ས་འོ། །བྱ་ལམ་བརྟག་པ་བསྟན་པ་ནི། །ལྷའི་བུ། །བྱ་ལམ་བསྐོར་བ་དྲུག་ཡིན་ཏེ། །དབུས་སུ་ས་ཏེ་མཆེར་པ་འོ། །ཤར་གསུམ་དཔྱིད་དེ་མཆིན་པ་དང་། །ལྷོར་ནི་དབྱར་ཏེ་སྙིང་དག་གོ །ནུབ་(ལྕགས)གསུམ་སྟོན་ཏེ་གློ་དག་གོ །བྱང་གསུམ་དགུན་ཏེ་མཁལ་མ་འོ། །དབུས་(ཕོ་བ་མཆེར་པ)ནི་ཀུན་གྱི་ཐ་ཆུངས་སོ། །དེ་ནས་རིམ་པའི་བྱེ་བྲག་གོ །རླུང་ནི་ཁ་དོག་སྔོ་སྐྱ་སྟེ། །མཁྲིས་པ་སེར་ཏེ་གསེར་དང་འདྲ། །བད་ཀན་སྣུམ་པོ་སྙིགས་མ་དཀར། །ལྡན་དང་འདུས་པ་དེ་བཞིན་འགྲེ། །ཕྱི་ཡི་རེ་ཐག་བཅུ་བཞི་ལ། །དབྱེ་བས་དགུ་བཞི་སུམ་ཅུ་དྲུག །ནང་དུ་(ཕྱོགས་བཞི་ལ་རིམ་པ་གསུམ་དུ)བཅུ་གཉིས་དག་ཡིན་ནོ། །

དཔྱིད་(ཤར་)ཀྱི་ཕྱོགས་སུ་བརྟག་པ་ནི། །སྲུབས་སུ་བྱུང་བ་དུར་ས་སྟེ། །ཉ་དང་དུང་འདྲ་སྦལ་འདྲ་བྱུང་། །ཀླུ་གཉེན་གདོན་ཏེ་ཆུ་སེར་ནད། །ཉ་མིག་སྤྲུལ་མགོ་དག་དང་ནི། །སྦྲུལ་ནག་འཁྱིལ་བ་ལྟ་བུ་དང་། །སྦྲུལ་འབྱུང་ས་དག་གདོན་པ་འོ། །པི་ཝང་ཅང་ཏེའུ་གཞུ་དག་ནི། །མ་མོ་བདུད་མོགདོན་པ་འོ། །མི་འགྱུར་ཀ་མེད་འཆི་བ་འོ། །ལྦུ་བ་ཁ་ཆུ་འདྲ་བ་ནི། །འདྲུས་པ་འཁྲུགས་ཏེ་འཆི་བ་འོ། །འོད་འདྲ་པདྨ་རྡོ་རྗེ་འདྲ། །གངས་འདྲ་ཤིང་འདྲ་སྲུང་མ་ཁྲོས། །ཟུར་གསུམ་ཕུར་འདྲ་ཞགས་པ་འདྲ། །ལྕགས་ཀྱུར་འདྲ་ན་འབྲུབ་པ་ཡོད། །ཐོད་པ་འཕང་འདྲ་ཕུར་བུ་འདྲ། །མ་མོ་བསྟན་པས་འབྲུབ་པ་ཡོད། །ཡུངས་ཀར་སྲན་ན་མ་འདྲ་བ་དང་། །གྲི་གུག་དང་འདྲ་གཤིན་རྗེ་རྦོད། །གསེར་གྱི་ཁ་དོག་འདྲ་བ་ནི། །རྨ་ནད་རྣམ་བདུན་འབྱུང་བ་ལྕི། །ཇེ་དམར་ཇེ་དམར་མྱུར་དུ་འཆི། །ལྦ་བ་ཁ་ཆུ་འདྲ་བ་ནི། །མགོ་བོའི་ལྷ་བ་ཤོར་བ་འོ། །དམར་ལ་ཆད་པ་སོབ་འདྲ་ན། །ཡན་ལག་ལྷ་བ་ཤོར་བ་འོ། །འོད་ཅན་རྩ་མདོག་བྱུང་བ་ནི། །རྩ་ནི་ཤོར་བར་ཤེས་པར་བྱ། །མདུང་རྩེ་གྲི་རྩེ་འདྲ་བ་དང་། །པདྨའི་འདབ་མ་ལྟ་བུ་དང་། །རྒྱལ་མཚན་ལྟ་བུ་བྱུང་བ་ནི། །སྲུང་མ་བརྟེན་པས་དམར་བ་འོ། །ཟླ་བ་འདྲ་ཞིང་དཀར་བ་སྟེ། །རྔ་ཡི་དབྱིབས་འདྲ་སྨུག་མོ་འོ། །

ཀུ་ཡ་སངས་ན་འཆི་བ་སྟེ། །ཀུ་ཡ་ཡོད་ན་བཟང་བ་སྟེ། །ལང་ལིང་བྱུང་ན་འཆི་བ་འོ། །སྲན་མ་འདྲ་བ་བྱུང་བ་ན། །ལོ་ཡི་དུས་སུ་འཆི་བའི་ནད། །དར་པོ་ཆེ་དང་ཕན་འདྲ་ན། །སྦྱང་རྗེས་གྲུ་འདྲ་ཡུལ་ལྷ་ཁྲོས། །དབྱར་ཟླ་གསུམ་(ལྷོ་ཕྱོགས་སུ)ལ་བརྟག་པ་ནི། །སྦུབས་འདྲ་སྣ་འདྲ་དུར་ས་སྟེ། །ཉ་འདྲ་ལུག་འདྲ་བྱུང་བ་འོ། །དམར་སྨུག་མཆིན་པའི་ནད་ཡིན་ཏེ། །སེར་ལ་ཁ་དོག་མི་གསལ་ན། །རྒྱུ་མ་དམུ་མཆུས་གང་བ་ཡིན། །ཁ་དོག་སྣ་ཚོགས་བྱུང་བ་ནི། །ཁོང་ན་དུག་ནི་ཡོད་པ་ཡིན། །དམར་ལ་དྭངས་པ་འདུས་པ་འཁྲུགས། །དམར་ན་ཁོང་ན་མཆི་པའི་དམུ། །བ་མོར་ཉི་ཤར་འདྲ་ན་མྱུར་དུ་འཆི། །དབུགས་ཀྱིས་གང་ན་གྲོལ་ནད་ཡིན། །སེར་མོ་ལམ་བྱུང་ཡན་ལག་ཞ། །གཉིས་སུ་བྱུང་ན་རྐང་པ་ཞ །ར་མིག་སྤྱང་རྗེས་བཙན་དག་ཁྲོས། །རྒྱ་ཟོར་ཧྭ་ཐབས་ཆོས་དཀོར་འདྲེ། །སེར་ལ་སྐུད་འདྲ་ཀླུ་གདོན་གནོད། །སྨུག་རྦ་བཙན་དང་བྲག་སྲིན་གནོད། །གྲུ་གསུམ་གྲུ་བཞི་མ་མོར་བསྡོངས། །སྐྱ་ལམ་བད་ཀན་སྐྱ་བོ་སྟེ། །སྨུག་ལ་འཐིབས་ན་བད་ཀན་སྨུག །སྨུག་སེར་སྙིང་ལ་ཆུ་སེར་ཡོད། །སྔོ་སྐྱ་གློ་ལ་ནད་འདུས་པ། །སྨུག་ནག་སྔོ་ནག་མཆིན་པའི་ནད། །དམར་སེར་སྔོན་ན་མཆེར་པའི་ནད། །སྔོ་ལ་ནལ་བ་མཁལ་མའི་ནད། །དོན་བཞིན་སྣོད་ཀྱང་དེ་བཞིན། །སྲོག་འཛིན་ས་ནས་བརྟག་པ་ནི། །གྲུ་གསུམ་དྲང་བ་ཁ་ལུའི་སྲོག །ཆུ་མིག་འཁྱིལ་བ་ཁ་ཡི་ས། །རས་སུ་ར་འདྲ་སྙག་པའི་སྲག །དགུན་ཟླ་གསུམ་ལ་བརྟག་པ་ནི། །ཁ་བའི་མདོག་འདྲ་ཀླད་པ་ཤོར། །ཁྲག་གི་ལམ་འདྲ་ངན་པ་སྟེ། །སངས་པ་(ཀུ་ཡ་མེད་པ)ཟླ་བ་བཞི་ན་འཆི། །དང་པོ་དྲ་བ་བདུད་ཡིན་ཏེ། །གྲི་རྩེ་བྲག་འདྲ་བདུད་ནི་ནོ། །ཉི་མ་དང་འདྲ་ཀླུ་དང་བསྡོངས། །ལྗང་གུ་ཀླུ་དང་བསྡོངས་པ་སྟེ། །སྦྲུལ་ལྕེ་དང་འདྲ་སྦྲིན་དང་འདྲ། །དང་པོ་མཁྲིས་པ་ཐ་མ་རླུང་། །དུང་འདྲ་བད་ཀན་རླུང་དང་བསྡོངས། །ཉ་མིག་སྦྲུལ་ལྕེ་འདྲ་བ་དང་། །རྦོག་བརྩེགས་འདྲ་ཆོས་དཀོར་འདྲེ། །སྟོན་ཟླ་གསུམ་ལ་བརྟག་པ་ནི། །གུར་གུམ་(བད་ཀན་དང་བསྡོངས་པ)མདོག་འདྲ་ཕོ་བར་མཁྲིས། །ཆུ་རྩ་འདྲ་བ་ལོང་དུ་བད་ཀན་ཏེ། །ལྗང་གུ་རྒྱུ་མར་བད་ཀན་མཁྲིས་པ་སྟེ། །གསེར་ཕྱེ་འདྲ་མཁྲིས་པ་ལུད། །ལྷང་ཚེར་འདྲ་ན་ལྒང་ཕུགས་ནད། །བྱི་བྲུན་འདྲ་ན་བསམ་སེའུ་ནད། །དེ་ལྟར་དོན་བཞིན་སྣོད་ཀྱང་ངོ་། །

སྦྲུལ་འདྲ་སྦལ་འདྲ་ཀླུ་ཡིན་ཏེ། །མཛོ་འདྲ་ཕག་འདྲ་ས་བདག་གདོན། །སྡིག་པ་ཉ་དང་ས་སྲིན་ནོ། །མདོག་སྨུག་དམར་བ་དག་ང་ནི། །སེར་སྨུག་སེར་བ་གཏར་བར་བྱ། །སྔོ་སྐྱ་སྟེང་དཀར་ཁ་སེར་བ། །དེ་ནི་བསྲེག་པར་བྱ་བ་འོ། །བུད་མེད་གཟུགས་དང་བུ་ཆུང་དང་། །རྐང་ལག་གཟུགས་དང་བྱ་གཟུགས་དང་། །གློག་དང་མགལ་མེ་འཁོར་བ་དང་། །མ་བདུད་དག་ནི་གནོད་པ་འོ། །དང་པོ་བད་ཀན་ས་ཡིན་ནོ། །ཁ་དོག་སྐྱ་ལ་ཀུ་ཡ་སྨུག །སྟོད་དུ་བད་ཀན་རྒྱས་པ་འོ། །བར་དུ་མཁྲིས་པའི་ས་ཡིན་ཏེ། །མདོག་སེར་ཞག་ཆགས་མཁྲིས་པ་ལུད། །ཐ་མ་རླུང་གི་ས་ཡིན་ཏེ། །རྒྱ་གྲམ་པ་ལ་སོགས་པ་བྱུང་། །སྨད་དུ་རླུང་ནི་ཚ་བ་འོ། །དབུས་སུ་བད་ཀན་བར་དུ་མཁྲིས། །ཐ་མ་ཡང་བ་རླང་ཡིན་ནོ། །སོ་མ་རཱ་ཛ་ལས་ཆུའི་བྱ་ལམ་དང་ནད་དང་གདོན་གྱི་ལེའུ་སྟེ་བཅུ་གཅིག་པའོ།།  །།

 

དེ་ནས་ཡང་གསུངས་པ། །དཔྱིད་ནི་མོ་རྣམས་འཁྲིགས་པ་སྟེ། །དབྱར་ནི་ནམ་མཁའ་ལ་གནས་པ། །སྟོད་ནི་ས་ལ་གནས་པ་འོ། །དགུན་ནི་ཕོ་རྣམས་འཁྲུགས་པ་འོ། །ཤར་ཕྱོགས་ཤིང་ཡིན་ལྷོ་ཕྱོགས་ནི། །མེ་སྟེ་ནུབ་ཕྱོགས་ལྕགས་ཡིན་ཏེ། །བྱང་ཕྱོགས་ཆུ་སྟེ་དབུས་ནི་ས། །དཔག་བསམ་ཤིང་གི་རྩེ་མོ་དེ། །ཤིང་ནས་(ཤར་ནས་བྱང་དུ་)ཆུ་ལ་ཟུག་ན་བཟང་། །མ་བུ་ལག་པ་སྦྲེལ་བ་སྟེ། །ཆུ་ན་(བྱང་ནས་ཤར་དུ་)ཤིན་དུ་ཟུག་ན་བཟང་། །ཤིང་ནས་(ཤར་ནས་ལྷོ)མེ་རུ་ཟུག་ན་ནི། །བསྐྱེད་པའི་བུ་དང་ཕྲད་པ་ཡིན། །ཤིང་ནས་(ཤར་ནས་དབུས་མཚམས་སུ)ས་རུ་ཟུག་ན་ནི། །དབང་ཐར་ནོར་དང་ཕྲད་པ་ཡིན། །ལྕགས་སར་ཟུག་པ་(ཤར་ནས་ནུབ་ཏུ)དག་དང་ཕྲད། །དཔྱིད་གསུམ་ཟུག་པ་འཆི་བ་ཡིན། །དཔག་བསམ་ཤིང་གི་རྩེ་མོ་(ལྷོ་ནས)དེ། །མེ་ནས་ཤིང་དུ་ཟུག་ན་བཟང་(ཤར་དུ)། །སྲོག་གི་མ་དང་སྦྲེལ་བ་ཡིན། །

མ་བུ་ལག་པ་སྦྲེལ་བ་སྟེ། །ཤིང་ནས་མེ་རུ་ཟུག་ན་བཟང་(ཤར་ནས་ལྷོ)། །མེ་ནས་ལྕགས་སུ་ཟུག་པ་ནི། །དབང་ཐང་ནོར་དང་ཕྲད་པ་ཡིན། །ས་སར་ཟུག་ན་བུ་དང་ཕྲད། །མེ་ནས་ཆུ་ལ་ཟུག་པ་ནི། །དབྱར་གྱི་དུས་སུ་འཆི་བ་ཡིན། །གཞན་དུ་གྲོགས་དང་འཕྲད་པ་འོ། །དཔག་བསམ་ཤིང་གི་རྩེ་མོ་དེ། །ལྕགས་ནས་ས་རུ་ཟུག་པ་ནི། །སྲོག་གི་མ་དང་འབྲེལ་པ་སྟེ། །ས་ནས་ལྕགས་ས་ཟུག་ན་བཟང་། །ལྕགས་ནས་(ནུབ་ནས་ཤར་དུ)ཤིང་དུ་ཟུག་ན་ནི། །དབང་ཐང་ནོར་དང་ཕྲད་པ་ཡིན། །ལྕགས་ནས་(ནུབ་ནས་བྱང་)ཆུར་ཟུག་བུ་དང་ཕྲད། །མ་བུ་ལག་པ་སྦྲེལ་བའོ། །ལྕགས་(ནུབ་ནས་ལྷོ་རུ)མེ་ཏུ་ཟུག་ནི། །སྟོན་(གློ་ལྕགས་དུས་གློ་རབ་འབྲིང་)གྱི་དུས་སུ་འཆི་བ་ཡིན། །གཞན་དུ་དགྲ་དང་ཕྲད་པ་འོ། །

དཔག་བསམ་ཤིང་གི་རྩེ་མོ་དེ། །ཆུ་ནས་(བྱང་ནས་ནུབ་ཏུ)ལྕགས་སུ་ཟུག་ན་ནི། །སྲོག་གི་མ་དང་འབྲེལ་པ་ཡིན། །ས་ནས་(དབུས་ནས་ནུབ་ཏུ)ལྕགས་སུ་ཟུག་ན་བཟང་། །ཆུ་ནས་(བྱང་ནས་ལྷོར)མེ་ཏུ་ཟུག་འགྱུར་ན། །དབང་ཐང་ནོར་དང་ཕྲད་པ་ཡིན། །ཆུ་ནས་(བྱང་ནས་ཤར)ཤིང་དུ་ཟུག་ན་ནི། །བསྐྱེད་པའི་བུ་དང་ཕྲད་པ་ཡིན། །ཆུ་ནས་(བྱང་ནས་དབུས་སམ་མཚམས་སུ)ས་རུ་ཟུག་ན་ནི། །དགུན་གྱི་དུས་སུ་(ཆུའི་དུས་སུ་དགུན་རབ)འཆི་བ་ཡིན། །གཞན་དུ་དགྲ་དང་ཕྲད་པ་ཡིན། །དཔག་བསམ་ཤིང་གི་རྩེ་མོ་དེ། །ས་ནས་མེ་རུ་ཟུག་ན་(དབུས་ན་ལྷོར་)ནི། །སྲོག་གི་མ་དང་ཕྲད་པ་ཡིན། །མེ་ནས་(ལྷོ་ནས་དབུས)ས་རུ་ཟུག་ན་བཟང་། །ལྕགས་སུ་ཟུག་ན་བུ་དང་ཕྲད་(དབུས་ནས་ནུབ་ཏུ)། །ཆུ་རུ་ཟུག་ན་ནོར་དང་ཕྲད་(དབུས་ནས་བྱང་དུ)། །ས་ནས་ཤིང་དུ་ཟུག་ན་(དབུས་སམ་མཚམས་ནས་ཤར་དུ)ནི། །དཔྱིད་དང་དབྱར་དང་སྟོན་དང་(ཐ་ཆུངས་བཞི་ལ་བྱུང་ན་)ནི། །དགུན་དང་ཐ་ཆུངས་ཕྱེད་ན་འཆི། །སོ་མ་རཱ་ཛ་ལས་ཆུའི་བྱ་ལམ་དུས་ཀྱི་འཁོར་ལོའི་ལེའི་སྟེ་བཅུ་གཉིས་པའོ།།  །།

 

དེ་ནས་ཡང་གསུངས་པ། །སྤྱིར་ན་ས་ས་ཁོ་ན་ཏེ། །ས་ནི་ས་གཞི་གནས་སུ་བརྟག །ས་ས་ཕྱོགས་དང་བྲལ་བ་འོ། །ས་ས་བྲལ་དང་མཐའ་ཡས་ཡིན། །ས་སར་སྦྲིལ་བཞིན་འཁོར་གྱུར་ན། །དེ་ནི་བཟང་བར་རབ་ཏུ་བཤད། །ཤིང་དང་མེ་དང་ལྕགས་དང་ཆུ། །བཞི་ནི་གོ་རིམ་ས་ཕྱོགས་སུའོ། །ས་(གཞིའམ)ནི་འཚམས་དང་དབུས་སུ་སྟེ། །བཞི་ལས་བཅུ་གཉིས་གོ་རིམས་བཞིན། །ལས་བཞི་ཕྱོགས་སུ་བསྡུ་བའོ། །བྱ་ལམ་གསུམ་ནི་ཀུན་ལ་འོ། །ཕྱོགས་སུ་དབྱེ་བ་གདོན་དང་ནི། །ནད་ཀྱང་དེ་བཞིན་ཤེས་པར་བྱ། །ཁ་དོག་དབྱིབས་དང་བསྟུན་ནས་ནི། །དཔག་བསམ་ཤིང་གི་རྩེ་མོ་དེ། །ཤིང་ནས་(ཤར་ནས་ནུབ་ཏུ)ལྕགས་སུ་ཟུག་ན་ངན། །ཆུ་ནས་(བྱང་ནས་དབུས་སམ་མཚམས་སུ་)ས་རུ་ཟུག་ན་ངན། །ཤིང་(དཔྱིད་གསུམ)གི་བྱ་ལམ་གསུམ་པ་ནི། །ལྦུ་བ་དག་ལ་བརྟག་པར་བྱའོ། །མེ་(དབྱར་གསུམ)ཡི་བྱ་ལམ་གསུམ་པ་ནི། །རླངས་པ་དག་ལ་བརྟག་པར་བྱའོ། །

ལྕགས་(སྟོན་གསུམ)ཀྱི་བྱ་ལམ་གསུམ་པ་ནི། །དུས་ལྡོག་པ་ལ་བརྟག་པ་བྱའོ། །ཆུའི་(དགུན་གསུམ)བྱ་ལམ་གསུམ་པ་ནི། །ཀུ་ཡ་མ་ནི་དག་ལ་བརྟག །ས་ཡི་བྱ་ལམ་གསུམ་པ་ནི། །ཁ་དོག་དག་ལ་བརྟག་པར་བྱ། །ཤིང་(ཤར་གྱི་རི)གི་བྱ་ལམ་དང་པོ་ལ། །ལྦུ་བ་ཕུང་པོ་མཆོད་རྟེན་དང་། །ཕྱེད་རལ་སྲོག་ཆགས་གང་བྱུང་བརྟག །ཧྭ་ཐབས་གདུག་འདྲ་བ་དན་དང་། །གངས་འདྲ་དེ་ནི་ཆོས་དཀོར་འདྲེ། །ཤིང་གི་བྱ་ལམ་བར་མ་(ཤིང་གི)ལ། །ཤ་རུ་རི་བོང་གླང་སྣ་རྨུ། །བྱ་དང་རི་དྭགས་མི་དང་ནི། །ཤིང་ལ་ཆགས་སམ་ཤིང་ཕྱིར་འབྲིང་། །ཤིང་(དཀར་གསུམ)གི་བྱ་ལམ་ཐ་མ་ལ། །གཞན་མི་འདྲ་བའི་ཁ་དོག་གཟུགས། །བྱུང་ན་བན་བོན་རབས་ཆད་རྦོད། །ཕུར་ཁ་ཡུངས་ཀར་ཟོར་ཡིན་ཏེ། །སྦུར་པ་འདྲ་བ་བདུན་ཡིན་ནོ། །ཡང་ན་མཆིན་པ་དུག་སྨིན་པའོ། །ཤིང་དང་ས་ཡི་བྱ་ལམ་དུ། །དྲ་བ་བྱུང་བ་བདུད་དང་ཟོར། །མེ་ཡི་བྱ་ལམ་དང་པོ་ལ། །འཇའ་ཚོན་ཀུན་འདྲ་ཡང་ན་གློག །དུར་སར་བས་པས་ངན་པ་འོ། །ས་སྒོ་བྱེ་བས་དུག་ཕུར་གདབ། །སྲན་ཙམ་ལྔ་ནག་བྱུང་ན་ནི། །སྙིང་ལ་རླུང་ཞུགས་སྨྱོ་འབོག་འོང་། །མེ་ཡི་བྱ་ལམ་(ལྷོ་གསུམ)བར་མ་ལ། །སྤྲིན་དང་ན་བུན་འདྲ་བ་དང་། །ཤིང་དག་གི་ནི་གཟུགས་བྱུང་བ། །ཀླུ་གདོན་གནོད་དེ་ཉ་མིག་འདྲ། །ས་བདག་དག་གི་གདོན་པ་ཡིན། །སྤྲིན་འདྲ་མར་བྱུང་རྒྱུ་མའི་ནད། །སྔོ་ན་རྒྱུ་མ་འཁྲུག་པ་འོ། །

མེ་ཡི་བྱ་ལམ་ཐ་མ་ལ། །མིག་མངས་རིས་ནི་བྱུང་བ་ན། །གྲུབ་གསུམ་ཞིང་ངམ་ཁང་རྩ་ན། །དེའུ་གསིང་བྲག་གམ་བྲག་དམར་ལྡན། །ཀླུ་སྲིན་གདོན་པས་སྲུབས་སུ་ཆགས། །ནད་ནི་འགོ་བ་ཡོད་པ་འོ། །གཉིས་སུ་བྱུང་ན་མཛེ་ནད་ཡོད། །གསུམ་དང་བཞི་བྱུང་འཆི་བ་འོ། །མེ་དང་ས་ཡི་བྱ་ལམ་ལ། །ཟླུམ་པོ་ཆགས་ནས་ས་བོན་འཆོར། །ཟླ་གམ་ཆགས་ན་བུས་པ་ཆེ། །ནས་འདྲ་མིག་འདྲ་ཉ་ཁ་འདྲ། །བསེན་མོ་འདྲེ་མོ་གདོན་པ་ཡིན། །ལྕགས་(ནུབ་ཀྱི)ཀྱི་བྱ་ལམ་དང་པོ་(གློ་ལོང་ལ)ལ། །ལྕགས་ཀྱུ་དགྲ་སྟྭ་བྱུང་བ་ན། །ཕ་མྱེས་གྲིར་ཤི་དུར་ཁ་བྱེ། །ལྦུ་བ་དམར་ལ་ཉ་མིག་འདྲ། །གློ་ལ་རླུང་དང་ཚ་བ་འོ། །གསེར་གྱི་དྲ་བ་འདྲ་བ་ནི། །མཆོད་རྟེན་ལྷ་ཡི་གདོན་དག་དང་། །གློ་ལ་ནད་ནི་ཡོད་པ་འོ། །

ལྕགས་ཀྱི་བྱ་ལམ་བར་མ་ལ། །བ་ལང་མ་ཧེའི་གཟུགས་བྱུང་ན། །ཕྱུགས་ཕྱིར་འབྲང་བའི་མོ་གདོན་གནོད། །བ་མོ་འདྲ་བ་བྱུང་ན་ནི། །གློ་ལ་སྐྲན་ཅི་ཡོད་པ་འོ། །ལྕགས་ཀྱི་བྱེ་ལམ་ཐ་མ་ལ། །བྲག་འདྲའི་རི་མོ་བྱུང་བ་ནི། །བྲག་ལ་གནས་པའི་བྲག་བཙན་དེ། །བྱང་ཤར་བན་བོན་རྦོད་པ་ཡོད། །ས་ཡི་བྱ་ལམ་ཐ་མ་ལ། །ཀུ་ཡ་བར་ན་ལྡིང་བ་ནི། །ཕོ་བའི་སྟེང་ན་སྐྲན་ཡོད་པའོ། །བྱ་ཡི་ལྕེ་འདྲ་བྱུང་བ་ན། །མཆེར་པའི་སྟེང་ན་སྐྲན་ཡོད་པའོ། །དམར་འདྲིལ་ན་མཆིན་པའི་སྐྲན། །སེར་པོ་མཁྲིས་པ་སྐྲན་གྱིས་བཅར། །རངས་པའི་སེར་ལ་དམར་ཐིག་ནི། །མཆིན་མཁྲིས་ཁྲག་གི་སྐྲན་དག་གོ །དམར་པོ་ར་རི་བྱུང་བ་ན། །མཁལ་མ་ཁྲག་གིས་རྒྱས་པ་ཡིན། །ཐམས་ཅད་ཀུན་ལ་དེ་བཞིན་སྦྱར། །ཆུ་(བྱང་གི་ཐ་མ་ལྒང་ཕུགས)ཡི་བྱ་ལམ་དང་པོ་ལ། །མེ་ཏོག་ལུག་མིག་འདྲ་བ་ནི། །དཀའ་ཐུབ་ཅན་ནམ་མུ་སྟེགས་ཀྱིས། །ལྷ་ཆེན་པོ་ནི་རྦོད་པ་འོ། །ཉ་འདྲ་ལྔ་བྱུང་ལོང་གའི་ནད། །ཉ་མིག་འདྲ་བ་དྲག་བྱུང་ན། །ས་བདག་གིས་བསླང་མཁལ་ནད་ཞུགས། །ཉ་མིག་འདྲ་བ་བདུན་བྱུང་ན། །དེ་ནི་མཁལ་མ་ཆུ་འགགས་སོ། །

ཉ་མིག་འདྲ་བ་བརྒྱད་བྱུང་ན། །ས་བདག་གིས་བསླང་མཁལ་ནད་དོ། །ཆུ་ཡི་བྱ་ལམ་བར་མ་(བྱང་གི)ལ། །ནག་པོ་ནུ་མ་འདྲ་བ་ནི། །འབྲོག་སྲིན་མོ་ཡི་གནོད་པ་འོ། །བུད་མེད་དམར་མོ་གཟུགས་འདྲ་ནི། །འཚུབས་མ་འདྲ་བྱུང་རེ་མ་ཏི། །ཆུ་(བྱང་གི་གསུམ་པ་)ཡི་བྱ་ལམ་ཐ་མ་ལ། །མཆོད་རྟེན་དང་ནི་བན་དེ་དང་། །གསེར་གྱི་དྲ་བ་བྱུང་བ་ནི། །མགོན་པོ་བྱང་ནས་རྦོད་པ་འོ། །ཆུ་དང་ས་ཡི་བྱ་ལམ་ནས། །བལ་འདྲ་ཁ་ཆུ་ནལ་ནལ་བྱུང་། །མཁལ་མ་གཉིས་ལ་ཆུ་སེར་ཡོད། །ཀུ་ཡ་མ་རྩིང་མཁལ་མིའི་ནད། །ལྒང་པར་རྡེའུ་མཁལ་རྩའི་སྐྱོན། །འཆར་བ་དང་ནི་ནུབ་པ་ཆད། །སོ་མ་རཱ་ཛ་ལས་ཆུའི་བྱ་ལམ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།  །།

 

དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། །ལྷའི་བུ་ཐ་སྐར་ལ་བཀའ་བསྩལ་པ། །ཤེས་རབ་ཆེ་ཞིང་སྙིང་རྗེར་བཅས། །ཡལ་གྱི་རི་ལ་ཉི་ཤར་རྩེ། །འོད་ཟེར་མེད་ཅིང་མུན་པ་མེད། །སྣང་བ་(ལྕགས་སྣོད་དུ)ཡོད་པའི་ཕྲུམ་མཐིལ་དུ། །ནད་དང་གདོན་ནི་གཟུང་བའི་ཕྱིར། །འདི་ལྟར་རྣམ་པར་བལྟ་བར་བྱ། །རྣམ་ཤེས་ལྔ་ཡིས་(མིག་རྣ་བ་སྣ་ལྕེ་གཟུགས)བརྟག་པ་སྟེ། །ལྷའི་བུ་གཟུགས་(མིག་གིས)ཀྱིས་བརྟག་པ་དང་པོ་འོ། །

གང་ནས་བཏང་བ་ཤར་གྱི་ཕྱོགས། །སྐྱེས་པ་ཕོ་ལ་བརྟག་པར་བྱ། །བུད་མེད་ལ་ནི་ནུབ་ཏུ་འོ། །ཆུ་(བུད་མེད)ནི་གན་རྐྱལ་ཁ་སྦུབ་(སྐྱེས་པ)བོ། །གསོན་ཤིན་དེ་ན་རྣམ་པ་གཉིས། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །དཔྱིད་ཟླ་འབྲིང་པོ་དེ་ལ་བརྟག །བཞི་ནི་ར་བ་བ་དག་ཡིན་ཏེ། །བཅུ་གཉིས་ཐ་ཆུངས་སྟོད་ལ་འོ། །བཅུ་དྲུག་ཐ་ཆུང་བཞི་ནས་ནི། །ཁང་ས་དབུས་སུ་བསྐོར་བ་སྟེ། །ཞིང་ས་དུར་ས་གོ་རིམས་བཞིན། །དེ་ནི་ཆུ་སྟེ་རི་བྲག་གོ །རླུང་ནི་ཁ་དོག་སྔོན་པོ་སྟེ། །མཁྲིས་པ་སེར་ཏེ་གསེར་བཞིན་ནི། །བད་ཀན་སྨུག་པོ་སྙིགས་མ་དཀར། །ལྡན་དང་འདུས་པ་དེ་བཞིན་ཏེ། །ཁང་ས་རལ་དང་མགོ་བོ་མེད། །ཤར་དུ་གནམ་སྒོ་ནུབ་ས་སྒོ། །གཡས་དང་གཡོན་ནི་རང་ས་སྟེ། །གཡོན་པ་གདོན་ནི་མོ་ཡི་ས། །རླངས་པ་འདྲིལ་ཞིང་འཆད་གྱུར་ན། །ལྷ་ཆེན་ལ་སོགས་གནོད་པ་ཡིན། །བྲག་དཀར་ལྟ་བུར་བྱུང་གྱུར་ན། །གངས་ལྷ་དཀར་དང་དེ་གནས་མོ། །ཉི་མ་ཤར་འདྲ་བྱུང་བ་ན། །གནམ་ལྷ་དཀར་པོ་གནོད་པ་འོ། །

རླུང་འཚུབས་ལངས་པ་འདྲ་བ་ནི། །ལྷ་མོ་བདུད་མོ་གནོད་པ་འོ། །རྦོ་ག་འདྲ་བའི་ཀུ་ཡ་མ། །ལྷ་རྟེན་བཙུགས་པའི་ལྷ་འདྲེ་གནོད། །ལམ་འདྲ་ཁྭ་དང་ཧ་ཐབས་དང་། །ནོར་ཕྱིར་འབྲངས་པ་གནོད་པ་འོ། །ཡུངས་ཀར་མུ་ཏིག་འདྲ་བ་ནི། །ཀླུའམ་བན་བོན་རྦོད་པ་གནོད། །དབུས་སུ་མཐིང་ནག་བྱུང་བ་ནི། །བན་བོན་སྲུང་མ་ནག་མོ་གནོད། །དབུས་སུ་དཀར་མོ་བྱུང་བ་ན། །བན་བོན་རྦོད་ལྷག་ཀར་མོ་གནོད། །རྩབ་ནག་ལ་རྩེ་མོ་དཀར། །རོ་འདྲ་སྲུང་མ་བསྟན་གང་གནས། །མདུང་རྩེ་རལ་གྲིའི་གཟུགས་འདྲབ། །ཕ་མེས་བསྟེན་པའི་ལྷ་འདྲེ་གནོད། །ཁྱི་མིག་ལྟ་བུ་བྱུང་བ་ན། །དམ་སྲིད་འགོང་པོ་གནོད་པ་ཡིན། །ཉ་དང་རུས་སྦལ་ལྕོང་མོ་དང་། །སྦྲུལ་དང་སྡིག་པ་དོམ་ལ་སོགས། །ས་བདག་ཀླུ་གཉེན་གནོད་པ་ཡིན། །གཟུགས་ལས་དཔག་སྟེ་ཤེས་པར་བྱ། །དེ་ཡི་རྗེས་ལ་དཔག་བྱས་ཏེ། །ཕྱོགས་ནས་ཁང་ས་ཞིང་བཞིན་ནོ། །

འཁོར་ཞིང་ལྡོག་པ་ཤིན་ཏུ་བཟང་། །པདྨ་ལྟར་ལྡོག་སྲུང་མ་ཁྲོས། །ཟླ་བ་ལྟར་ལྡོག་ཡི་དམ་ཆག །རིན་ཅེན་ལྟར་ལྡོག་མི་གཙང་འདྲེས། །རྡོ་རྗེ་ལྟར་ལྡོག་སློབ་དཔོན་གྱི། །སྲུང་མ་དག་ནི་ཁྲོས་པ་འོ། །གྲུ་གསུམ་དོང་འདྲ་གཞན་གྱིས་རྦོད། །ཉི་ཟེར་ལྟར་ལྡོག་ལྷ་སོགས་གནོད། །ན་བུན་ལྟར་ལྡོག་གངས་ལ་གནས། །གཞན་ཡང་གཟུགས་ལས་དཔག་པ་འོ། །མི་ལྡོག་སྙིགས་མ་ཆད་གྱུར་ན། །དེ་ནི་འཆི་བ་ཤེས་པར་བྱ། །ཁོང་ནས་ལྡོག་པ་དེ་བཞིན་ཏེ། །མི་ལྡོག་དེ་ནི་ནད་གཞི་ཡོད། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །བཏང་བའི་སྒྲ་དང་ཕོ་བའི་སྒྲ། །ཏིག་ཏིག་ཟེར་ན་བད་ཀན་ཡིན། །ཅུར་ཅུར་ཟེར་མཁྲིས་པ་ཡིན། །ཤྭ་ཤྭ་ཟེར་ན་རླུང་ཡིན་ནོ། །འདྲེས་པ་གང་དང་འདྲེས་པར་བརྟག །སྒྲ་བཅས་སྒྲ་མེད་རེས་འཇོག་ན། །དེ་ན་གདོན་རྣམས་ཡོད་པའོ། །ཡང་བཅོམ་ལྡན་འདས་ཀྱི་གསུངས་པ། །ཐ་སྐར་ལྕེ་ཡིས་བརྟག་པ་ནི། །ཟས་ཀྱི་རོ་དང་དབྲེ་ཡི་དྲི། །དེ་ནི་བཟང་བར་རབ་ཏུ་བཤད། །ཀོ་རུལ་དྲི་མ་མནམ་པ་ནི། །དེ་ནི་ངན་པར་བཤད་པའོ། །ཁོང་དུ་དུག་ཡོད་ཀོ་རུལ་ལའོ། །དྲི་མ་མེད་ཅིང་ཀུ་ཡ་མེད། །དེ་ནས་སངས་པ་འཆི་བ་འོ། །ཀུ་ཡ་མ་རེས་བྱུང་ན་དེ་འོ། །རླུང་གདོན་གྱིས་དཀྲུགས་པའོ། །

དཔག་བསམ་ཤིང་མེད་དེ་བཞིན་ཏེ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཁ་དང་བསྐ་དང་མངར་བ་དང་། །ལན་ཚྭ་སྐྱུར་ནི་བཟང་བ་སྟེ། །ཤིན་ཏུ་ཀོ་རུལ་ཚ་བས་ན། །འདྲེས་པ་གདོན་གྱིས་དཀྲུགས་པ་འོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། །འཇམ་དང་ཡང་དག་འདྲེས་པ་དང་། །ལྕི་བ་དག་ནི་བཟང་བ་ཡིན། །མཐུག་ན་བཟང་སྟེ་སྲབ་ན་ངན། །ཚ་གྲང་དག་ནི་ཚ་གྲང་སྟེ། །རྩུབ་པ་དག་ནི་རྩུབ་པ་འོ། །འདྲེས་པ་གདོན་ཀྱིས་དཀྲུགས་པ་སྟེ། །ཁྱད་པར་ཤེས་ན་འདྲས་པ་འོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། །ཟས་ཀྱི་ཚད་ནི་མཉམ་པ་དང་། །སྐོམ་ནི་མང་ཉུང་རན་འཐུངས་པ། །སྤྱོད་ལམ་དྲག་དལ་མ་བྱས་པ། །གནས་ནི་ཚ་གྲང་སྙོམས་པ་དང་། །བུད་མེད་ཉལ་པོ་སྤངས་པ་དང་། །དབང་པོ་གསལ་བས་བརྟག་པར་བྱ། །དབགས་དང་ལྦུ་བ་ཆེ་དག་གམ། །ཆུང་ནས་གཟུགས་བརྙན་དག་ལས་ཏེ། །དུར་ས་བྱེ་བ་རྩུབ་པ་འོ། །སོ་མ་རཱ་ཛ་ལས་ཐ་སྐར་ལ་བསྟན་པའི་ལིང་ཚེ་དགུ་པ་སྟེ་ལེའུ་བཅུ་བཞི་པའོ།།  །།

 

དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། །རེག་པ་རྩ་དག་བསྟན་པ་ནི། །དུས་དང་སྤྱོད་ལམ་དག་དང་ནི། །ཅི་ལྟར་ལྟ་བས་བརྟག་པར་བྱ། །དུས་ནི་སྣང་བ་བྱུང་བ་དང་། །མུན་པ་མེད་དང་རི་རྩེ་ལ། །ཉི་མ་དག་ནི་ཤར་བ་དང་། །སྲིབས་ཀྱི་དྭངས་མ་(ནུབ་པ་)གྱེས་པ་དང་། །གདགས་ཀྱིས་དྭངས་མ་(ཉི་མ་འདས)གཡོས་པ་དང་། །དུས་བཞིའི་དབང་ཐང་དེ་དུས་བརྩི། །སྨན་པ་(མཚན་ཉིད)གཉིད་ལོག་ཆང་མ་འཐུང་། །ལས་དྲག་སྨྲ་བ་མ་བྱས་ཤིང་། །མྱ་ངན་(མྱ་ངན་དང་སེམས་འཁྲུགས་པས་མི་མཐོང་)མ་གདུངས་སེམས་བདེ་དང་། །ནད་ཀྱིས་(དྲག་པོས)མ་བཏབ་ལུས་བདེ་དང་། །བུད་མེད་ལྷན་ཅིག་(འདོད་ཆགས་དྲགས་པ)གནས་པ་སྤངས། །ཁམས་གསལ་བས་(ལུས་སེམས་བདེ་བས་ནང་མ་གསུམ་དུ)ནི་བལྟ་བར་བྱ། །

ནད་པ་དག་གི་མཚན་ཉིད་ནི། །ནངས་པར་སྔ་མོར་ལངས་པ་(ལུས་མ་གྲང་བ)དང་། །ཟས་སྐོམ་མ་ཟོས་པ་དག་(རྩ་སྦུབས་སྟོང་པ)དང་། །དྲག་ཤུལ་མ་བྱས་དབུགས་གྲང་མོ་(རྩ་མ་འཁྲུགས་པ་ལ)། །ནང་དུ་མ་སོང་དྲོན་མོ་(པགས་པ་བྱུག་ལུས་མ་གྲང་བ)ཕྱིར། །རྩ་ཕྲ་ཁྲག་མ་རྒྱས་པ་དང་(ཆེན་པོའི་རྩ་དྲག་རྩ་ཆུང་བ་ལ་ཞུགས་པ)། །རྩ་ཆེན་ཁྲག་དག་མ་འབབ་དང་། །དུས་སུ་(ཉི་མའི་རྩེ་ལ)དཔྱད་སྟེ་བལྟ་བར་བྱ། །སོར་མོ་གསུམ་(མཛུབ་མོ་གུང་མོ་ལྔ་ལ་ནད་གཞི)ནི་ཚོན་དང་ཀན། །ཆག་དང་གསུམ་གྱི་བརྟག་པར་བྱ། །བུད་མེད་སྣ་ལ་གཡས་ནས་(སྨན་པའི་གཡོན་པས)བལྟ། །སྐྱེས་པ་ཡི་ནི་གཡོན་ནས་(སྨན་པའི་གཡས་པས)བལྟ། །མཁྲིག་མའི་གཉེར་མ་རིང་པོ་ནས། །མཐེབ་ཚོན་(སོར་མོ་གསུམ་པོས)གཅལ་བར་མཉམ་པར་མནན། །དེ་ལ་རྒྱུན་རྩ་དགྲ་རྩ་དང་། །དོན་སྣོད་འགྱུར་བའི་(ནད་ཀྱིས་འགྱུར་བ་གདོན་གྱིས་འགྱུར་བ)རྩ་དག་གོ །དེ་ལ་རྒྱུན་རྩ་བརྟག་པ་ནི། །ས་ཆུ་མེ་རླུང་ལྔ་ཡིས་དབུགས། །ཕྱི་དང་ནང་(རྒྱུ་བ་གཉིས་གཉིས་བར་དུ་རྒྱུ་བ་གཅིག)དུ་རྒྱུ་བ་ལ། །གཅིག་(ཕྱེ་ནས་མང་ཉུང་མ་བྱུང་ན)ལ་ལྔ་ལྔ་འཕར་བ་ལྟ། །དེ་ལྟར་མ་བྱུང་ན་ནད་མེད་ཅིང་། །བཅུ་ནས་བཅུ་བཞི་(རྩ་འབར་བས་གྲངསས)བར་དག་གོ །དེ་ལྟར་མ་བྱུང་ལྷག་ཆད་ནད། །གདོན་དང་ཚེ་ཉམས་འཆི་ལྟས་བརྟག །སྐྱེས་པའི་རྩ་ནི་གང་ཞིང་དྲག །བུད་མེད་རྩ་ནི་སྟོང་ཞིང་ཕྲ། །བུད་མེད་རྩ་དག་སྐྱེས་པ་ལ། །བྱུང་ན་ཚེ་རིང་བ་ཡི་རྩ། །བུད་མེད་ལ་བྱུང་དབང་ཐང་ཆེ། །རྒས་པ་དལ་ཞིང་སྟོང་པ་འོ། །བུས་པ་(སྟོད་ན་མཚོན)མྱུར་ཞིང་མཁྲང་བའོ། །ལོག་ན་སོ་སོར་འཆི་བ་འོ། །རྩ་བ་ནི་སོ་སོར་རྒྱས་པ་ཡི། །རྩ་ཡི་དགྲ་དག་ངོས་བཟུང་བའོ། །ལྷག་ཆད་དྲག་དལ་ནད་དང་ནི། །ལྔ་ལས་མང་བ་ཚ་བ་སྟེ། །ལྔ་ལས་ཉུང་བ་གྲང་བ་འོ། །

དལ་བ་གྲང་བའི་རྩ་ཡིན་ཏེ། །མྱུར་ཞིང་མཐོ་བ་ཚ་བ་འོ། །སྲིབས་ཀྱི་རྩ་ནི་ཚ་བ་སྟེ། །གྲང་བ་གདགས་ཀྱི་རྩ་ཡིན་ནོ། །ཚ་གྲང་དག་གི་ཁྱད་པར་ནི། །སྟོད་སྨད་སོར་མོ་དྲུག་ལ་འོ། །ཚོན་གཉིས་ལྷག་ཆད་སྟོད་ལ་སྟེ། །དྲག་ཞན་དག་ཀྱང་དེ་བཞིན་ནོ། །མཆིན་དྲི་མགོ་བོའི་བར་དག་གོ །ཀན་གཉིས་དྲག་ཏུ་འཕར་བ་ན། །མཆིན་པ་ལྟེ་བའི་བར་དག་སྟེ། །ཆག་གཉིས་ལྟེ་བ་མན་ཆད་ནས། །རྐང་པའི་མཐིལ་ནི་ཡན་ཆད་དོ། །དྲག་ཞན་ཚ་གྲང་བརྟག་པའོ། །ཉམ་ཆུང་མཉེན་པ་གྲང་བ་སྟེ། །ཞན་དང་འཁྱིག་པར་མཐུན་པ་ཡི། །བྱིང་(ཡང་བར་མནན་ན་མི་གསལ་དྲག་པར་མནན་ན་གསལ)དང་ཞར་བ་དག་དང་ནི། །དལ་དང་གཡུང་བར་མཐུན་པའོ། །མཁྲང་བ་དང་ནི་རྒྱས་པ་སྟེ། །འདྲིལ་བ་དང་ནི་དྲག་པ་འོ། །རྐྱལ་པ་དང་ནི་སྟོང་པ་སྟེ། །བསྡུས་པས་ཚ་གྲང་གཉིས་སུའོ། །རྐྱལ་པ་དང་ནི་སྟོང་པ་ནི། །མནན་ན་མི་གསལ་བཏེག་ན་གསལ། །སྟོང་པ་ཐུང་ལ་རྐྱེན་པ་ནི། །ཅུང་ཞིག་རྒྱུད་དག་རིང་བའོ། །འདྲིལ་བ་དྲག་པ་མྱུར་ཞིང་དྲག །འདྲིལ་བ་རྒྱུད་དཀའ་ཕྲིག་ཕྲིག་པོ། །དྲག་པོ་ཉེ་བར་འཕར་བ་འོ། །མཁྲང་བ་དང་ནི་རྒྱས་པ་ནི། །འདྲིལ་ཞིང་གང་བ་དག་ཏུ་འོ། །སྨྱུག་མ་འདྲིལ་བ་ལྟ་བུ་སྟེ། །རྒྱས་པ་ཕྲ་ལ་གྲིམས་པ་སྟེ། །དལ་བ་དང་ནི་གཡུང་བ་ནི། །གྲངས་དག་མྱུང་དུ་འཕར་བ་སྟེ། །དལ་གྲངས་ཉུང་གཡང་བ་ནི། །རུས་པའི་སྟེང་ནས་འཕར་བའོ། །བྱིང་དང་ཞར་བ་དག་གི་རྩ། །བཏེག་ན་མངོན་པར་འཕར་བ་འོ། །བྱིང་བའི་མཚན་ཉིད་དེ་འདྲ་ལས། །ཞར་བ་དག་ཏུ་མི་འཕར་བའོ། །

ཞན་དང་འཁྱིག་པ་དག་གི་རྩ། །ཞན་པ་འཁྱིག་པ་མཐོ་དམར་བྱེད། །ཞན་པ་བྱིང་བ་བཏེགས་ན་གསལ། །མནན་ན་མ་མགསལ་བཏེག་ན་གསལ། །བསྡུས་པ་འབྲུབ་དང་སྡོད་པ་འོ། །འབྲུབ་པ་(འདི་གནས་པ་ལྟར་བལྟ་བའི་ཐབས། འདུས་བྱས་ལུས་འདི་རྩ་ལས་གྲུབ། །རྩ་ནི་ཉིས་ཁྲི་ཆིག་སྟོང་ཡིན། །བགྲང་བ་བགྲང་བས་མ་ལངས་ཏེ། །འཕར་བའིརྩ་འགྲམས་གནད་ཡིན་ནོ། །དེ་ལ་དད་བཅུད་སང་བར་བྱ)ཞར་ནས་ནམ་ཞིག་ནི། །རྒྱས་པ་མཐུན་པར་ཕྱ་ན་འཕར། །སྡོད་པ་འཁྱིག་པ་མཐོང་དམན་བྱེད། །མཁལ་མ་སྡོད་པ་འཆི་བ་སྟེ། །གཞན་ནི་ན་སྡོད་དག་ཡིན་ནོ། །མཐོ་དམན་དག་ནི་གདོན་གྱི་རྩ། །ཚ་གྲང་གཉིས་ཀྱི་མཚན་ཉིད་ནི། །འཇམ་ཕྲ་འདྲིལ་བ་མ་ནིང་རྩ། །དོན་སྣོད་དག་ཀྱང་སོ་སོ་སྟེ། །སོར་མོ་དྲུག་ལ་བཅུ་གཉིས་བརྟག །དབུགས་ནི་སྲོག་དང་རྩོལ་བ་ལ། །རྩ་(ཕྱིར་གཉིས ། ནང་དུ་གཉིས། བར་དུ་གཅིག)ཡི་རླབས་ནི་ལྔ་ཡིན་ནོ། །

ཚོན་དང་ཀན་དང་ཆག་དག་ལས། །དྲུག་ལ་བཅུ་གཉིས་(རེར་གཉིས་གཉིས)དོན་དང་སྣོད། །སྐྱེས་པའི་(བལྟ་ཐབས)སྣ་ལས་གཡོན་ནསཏེ། །བུད་མེད་གཡས་(སྨན་པའི་གཡོན་པས)ལ་བརྟག་པར་བྱ། །གཡོན་པའི་ཚོན་ལ་(ཡ་ཟུར)སྙིང་དང་(མ་ཟུར)རྒྱུ། །ཀན་ལ་མཆིན་དང་མཁྲིས་པ་སྟེ། །ཆག་ལ་མཁལ་གཡས་ལྒང་ཕུགས་སོ། །གཡས་པའི་ཚོན་ལ་གློ་དང་ལོང་། །ཀན་ལ་མཆེར་པ་ཕོ་བའོ། །ཆག་ལ་མཁལ་གཡོན་བསམ་སེའུ། །འཇམ་ལ་མཉེན་པའི་རྩ་དག་ནི། །ཐ་མལ་པ་ཡི་རྩ་ཡིན་ཏེ། །ཞན་དང་འཁྱིག་པ་བྱིང་བ་དང་། །དལ་བ་གཡུང་བ་གྲང་བ་འོ། །མཁྲང་བ་རྒྱས་པ་འདྲིལ་བ་དང་། །དྲག་པ་དག་ནི་ཚ་བ་འོ། །རྐྱལ་བ་སྟོང་པ་རླུང་ཡིན་ཏོ། །བར་མ་དང་པོ་ཚ་བར་འཕར། །ཐ་མ་གྲང་བར་འཕར་བར་ཟུང་། །ནད་ནི་གློ་སྙིང་མཆིན་པ་ཚ། །ཡང་ན་ཚ་གྲང་འདྲེས་པར་རོ། །

རླུང་དང་ཚ་བའི་རྩ་འདྲེས་ནས། །མགོ་བོ་དག་དང་ཀླད་པ་ན། །ཡང་ན་གློ་སྙིང་ནད་དུ་འོ། །སྟོད་དྲག་བར་གྱི་རྩ་ཞན་ན། །རླངས་འཁྱིམས་སྟོད་དག་མི་བདེ་བའོ། །ཐ་མ་ཚ་བའིརྩ་འཕར་ན། །མཆིན་ཁྲག་མཁལ་མར་བབས་པའོ། །དྲག་ཅིང་གྲིམས་པ་དང་པོ་ལ། །གློ་སྙིང་སྟོད་ན་ཚ་བ་ཡོད། །བར་མ་དག་ལ་བྱུང་བ་ན། །ཕོ་མཆིན་བར་ན་ཚ་བ་ཡོད། །ཐ་མའི་རྩ་ལ་ཚ་བ་ཡོད། །ཆུ་ནི་ཁྲག་ཏུ་འོང་བའམ། །ཡང་ན་ཐ་མ་འཁྲུག་བའི་རྩ། །སོར་མོ་དང་པོ་གསུམ་པ་ནི། །དང་པོ་མི་བདེ་སྟོད་རླུང་ཞུགས། །སྟོད་ལྕི་མགོ་འཐོམ་སྒྲེགས་པ་འོང་། །བར་མ་གྲང་བའི་རྩ་བྱུང་ན། །ཟས་ཀྱང་མི་ཞུ་སྦོ་ཞིང་སྒྲེགས། །ཐ་མ་ཉམ་ཆུང་བྱིང་བ་ན། །ལྟེ་བ་མན་ཅད་ན་ཞིང་ཁོལ། །ཆུ་སེར་ཡོད་ཅིང་འཁྲུ་བ་འོ། །བྱིང་ན་མཁལ་རྐེད་མཁལ་ནད་ཡོད། །ཐུང་བུད་མེད་ཟླ་མཚན་འཁྱིལ། །སྐྱེས་པ་འདོད་པ་དྲག་ནས་ཁྲག་ཏུ་འོང་། །རྐྱལ་ཞིང་ཕྲ་བ་མ་ཞུའི་རྩ། །བསྔོར་མི་བཏུབ་པ་འཁྲུགས་ཀྱི་རྩ། །མཁྲང་བ་བྱིང་བ་རིམས་ཀྱི་རྩ། །རྩ་སྨད་གྲིམས་ན་ཆུ་སྡམ་པའོ། །

སྟོད་ལྕི་ཕ་མཆེར་ན་ཞིང་ལྕི། །རྩ་སྨད་སྟོང་ན་སྦོ་ཞིང་འཁྲོག །དང་པོ་ཞན་ན་བྲང་ཚ་ཟས་མི་འཇུ། །བར་མ་དག་ནི་ཞན་པ་ན། །མཆིན་པ་ན་ཞིང་བྲང་ཚ་འོ། །དང་པོ་དྲག་ཅིང་རྐྱལ་བ་ན། །ཚ་བ་སྟོང་པ་གློ་དང་སྙིང་ལ་ཡོད། །སྙིང་རླུང་ཀླད་པ་འཁོར་བ་འོ། །བར་མ་ཞན་ན་སྐྲན་ཡོད་དེ། །གཡས་ཞར་གཡོན་པ་དྲག་ན་སྐྲན། །རྩ་ཞར་ཕྲེད་དུ་ཟུག་པ་ལྟར་འདུག་ན། །སྐྲན་ནི་གཞོགས་སྐྲན་ཡོད་པ་འོ། །འབུར་ཞན་མཆིན་པའི་སྐྲན་ཡོད་དེ། །ཕྲིལ་ཞིང་ཕྲ་གྲིམས་མཁྲིས་པའི་སྐྲན། །དངོས་པོ་བྱིང་ལ་འབུར་བ་ནི། །མཆིན་པ་གྲང་བའི་སྐྲན་ཡིན་ནོ། །བར་དུ་འབུར་འབུར་རིལ་རིལ་བྱེད། །མཆིན་དྲི་ཕོ་ཁར་བད་ཀན་རྒྱས། །འདྲིལ་ཞིང་དང་ག་མི་བདེ་བའོ། །ཐ་མ་འབུར་འབུར་རིལ་བྱེད། །ལོང་དང་ཆུ་སེར་སྐྲན་ཡོད་པའོ། །ཕྲ་ལ་གྲིམས་ན་གྲང་བ་རྒྱས། །རྐེད་པ་ན་ཞིང་འདོད་གཡའ་སྟེ། །ཐོར་བུ་འོང་ཞིང་ལུས་པོ་ཟ། །དྲག་ཅིང་རྩུབ་ན་མཆིན་ཁྲག་སྟེ། །གྲིམས་ཤིང་མྱུར་བ་མཁྲིས་པ་སྟེ། །ཆེ་ལ་བུལ་བ་བད་ཀན་ནོ། །སྟོང་ལ་མཁྲང་བ་གང་ན་རླུང་། །འཐབ་པ་འཁྲུ་འམ་བུས་པ་འོ། །གཡས་གཡོན་མཐོ་དམན་བྱེད་པ་ནི། །གཡབ་མོ་གཡོབ་པ་དགྲ་ཡི་རྩ། །གྲང་ལ་མང་ཉུང་བསྔོར་མ་བཏུབ། །འཁྲུགས་ཤིང་མི་གསལ་མྱ་ངན་རྩ། །ཡ་ཟུར་ཞན་ལ་མ་ཟུར་དྲག །གཡས་པ་ཕ་ས་གཡོན་པ་དག །མ་ས་ཡིན་པར་ཤེས་པར་བྱ། །སྟོད་མཐོ་སྨད་ཞན་སྨད་མཐོང་ཞིང་། །སྟོད་ཞན་དག་ཀྱང་འདྲེ་སྡོད་ཡིན། །འདར་ཞིང་མཁྲང་བ་བད་སྨུག་པོ། །ཡང་ན་བྱིང་བ་བད་ཀན་སྨུག་པོ་འོ། །སྐྱེས་པའི་སྲོག་རྩ་མཁལ་མ་གཡོན། །བུད་མེད་དབང་ཐང་གཡས་པ་འོ། །སྐྱེས་པའི་སྲོག་རྩ་མཁལ་མ་གཡོན། །བུད་མེད་དབང་ཐང་གཡས་པ་འོ། །སོ་མ་རཱ་ཛ་ལས་རྩ་ཚ་གྲང་དང་སྟོད་སྨད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།  །།

 

བཅོམ་ལྡན་འདས་ཀྱི་ཡང་གསུང་པ། །དེ་ནས་དོན་སྣོད་སོ་སོ་ཡི། །གཡས་ཀྱི་ཚོན་ལ་འཁྲིག་ཅིང་ཞན། །སྙིང་ལ་ཆུ་སེར་དཀར་ནག་(ནད་རགས)ཞུགས། །དྲག་ཅིང་རྒྱས་ལ་རྩུབ་པ་ནི། །སྙིང་ལ་ཚ་བ་ཡོད་པའོ་(གྲང་མོ་བསིང་)། །གཉིད་ཆག་སེམས་འཁྲུག་དག་དང་(མ་ཐ་ལ་ལུས་སེར་ཆུ་སྙི་སྙིང་མི་དགའ་མཁྲིས་པ་ཞུགས་ན)ནི། །སྨྲ་མང་གཏར་བ་དྲགས་པས་ནི། །སྙིང་ནང་ལྦུ་པས་གང་བ་སྟེ། །ལྕེ་ཐུང་སེམས་གཉིད་མི་ཕེབས་ཏེ། །ཐུང་ན་སྨྱོ་འབོག་འཆི་ཉེན་ཡོད། །རྩ་གསུམ་སྟོང་རྐྱལ་ལྷར་ཡང་སྡོད། །བརྒྱལ་དང་(མནན་ན་མི་གསལ་བཏེག་ན་གསལ་)སྙིང་རླུང་རྒྱས་པ་འོ། །

གྲིམས་(རྒྱུད་དྲག་པ)ཤིང་ཕྲ་ལ་དུབ་ཉེ་བ། །ཁྱད་པར་ཚོན་རྩི་གྲིམས་ན་ནི། །སྙིང་རླུང་ཚ་བ་དག་ཡིན་ནོ། །སྟོད་གཟེར་མིག་དམར་བྱད་སེར་པོ། །ཁ་དང་སྨ་སྒོ་སྐམ་ཞིང་གཉིད་ཀྱང་ཆེ། །ན་བ་མེད་པར་བླ་འདོད་པ། །ཁ་སྣ་ལག་པས་བྱུག་བྱེད་ཅིང་། །ལྕེ་ཐུང་བརྡ་མི་ཕྲད་པའོ། །ཕྱི་རིལ་(ཕྱི་གྲང་ལ)ཚ་མེད་སྙིང་རླུང་ཚ་བའོ། །(ནང་ཚ་ན)ཚ་བ་རླུང་རྒྱས་རྣ་བ་འོན། །རྐྱལ་ལ་འཕང་མཐོ་འདྲི་ཚུགས་ལྟ། །ཁ་འཐམ་མགོ་ན་གདན་ལ་ཁྱོག །ཡོན་པོར་འགྲོ་ཞིང་སྨྲེ་སྔགས་འདོན། །སྙིང་རླུང་ནག་པོ་སྲོག་རྩར་ཞུགས། །རྩ་ནི་སྟོང་རྐྱལ་(རྐྱལ་བ་དང་འདྲ)བྱེད་པ་འོ། །སྟོང་རྐྱལ་བྱེད་ཅིང་སྐྱུག་པ་སྲིན། །སྟོང་ལ་བྱིང་བ་སྙིང་ལ་ཆུ་སེར་ཡོད། །སོ་མ་ར་ཛཱ་ལས་སྙིང་རྩའི་ལེའུ་སྟེ་བཅུ་དྲུག་པའོ།།  །།

 

དེ་ནས་མཆིན་རྩ་ཀན་འོག་ནི། །རྩ་གསུམ་(འབུར་ན་ཁྲག)དལ་ཞིང་ཀན་རྩ་གྲིམས། །ཚ་བ་མཆིན་རྩ་ཀན་རྩར་ཡོད། །དྲག་ཅིང་མྱུར་བ་མཆིན་པ་གཟེར། །མཆིན་པ་སྡོད་དམ་འགྲམས་པའོ། །དབུས་ཐུང་རྔམ་པ་ཆེ་བ་དང་། །རྩིབ་རིང་གཡས་གཡོན་གཟེར་ཞིང་ན། །རྩ་གསུམ་དལ་ཞིང་ཀན་རྩ་ནི། །བག་ཙམ་ཞན་ན་མཆིན་པ་རྒུན། །ཀན་རྩ་འབུར་འབུར་འཕར་ན་ནི། །མཆིན་པ་ཁྲག་སྐྲན་ཞུགས་པ་འོ། །

ཞར་ན་སྐྲན་ཡོད་གསུམ་ཀ་ནི། །རྒྱས་པ་ཁྱད་པར་ཀན་རྩ་རྒྱས། །ཚད་མ་རྒྱས་པ་མཆིན་པ་ལའོ། །མཁྲང་ན་ཁྲག་ཞུགས་བསྔོར་མི་བཏུབ། །ཞན་བྱིང་ཀན་རྩ་རྒྱས་པ་(ཡང་ན་བད་ཀན)ན། །ཁྲག་རོ་རྙིང་པ་དག་ཡིན་ཏེ། །སྟོང་ན་མཆིན་པའི་(རྐྱལ་བ)རླུང་ཡིན་ཏེ། །ཕྲ་ལ་གྲིམས་ན་མཁྲིས་པ་འོ(མདོག་སེར་ལུད་པ་ཁ་ཁ་ཁ་རུ་འགྲོ)། །འཕང་མཐོ་དལ་བ་བད་ཀན་ནོ། །སོ་མ་རཱ་ཛ་ལས་མཆིན་རྩའི་ལེའུ་སྟེ་བཅུ་བདུན་པའོ།།  །།

 

དེ་ནས་མཁལ་མ་ཆག་གི་རྩ། །རྩ་གསུམ་དྲག་ལ་ཁྱད་པར་དུ། །ཆག་རྩ་དྲག་ན་མཁལ་མ་འགྲམས། །གཉིས་པ་ཉམས་པ་ཐ་མ་ནི། །ཞར་ན་མཁལ་མའི་སྐྲན་ཡོད་པའོ། །ཆག་རྩ་སྟོང་ན་མཁལ་མར་རླུང་། །སྐྱེས་པའི་གཡོན་པ་ཞར་ཞན་ན། །བུས་པའི་དབང་ཐང་ཆུང་བ་འོ། །བུད་མེད་གཡས་པ་ཞན་པ་ནི། །བུས་པའི་དབང་ཐང་ཆུང་བ་འོ། །ཆག་རྩ་ཉམ་ཆུང་འཕྲིལ་བ་ནི། །སྐྱེས་པའི་ས་བོན་འཚོར་བ་འོ། །བུད་མེད་དག་ལ་བུ་ཆགས་སོ། །བུད་མེད་ཆག་རྩ་དྲག་པ་ནི། །མདོག་ནི་སྨུག་གམ་དམར་ཆགས་ན། །རྩ་སྟོད་བྱིང་ན་མངལ་ན་སྲིན། །ཡོད་པས་ཤིན་ཏུ་འདོད་ཆགས་ཆེ། །བཀྲག་ཤོར་ལྕེ་རྩེ་རྒྱ་སྐྱེགས་འདྲ། །གཡོན་གྱི་ཆག་རྩ་པུད་པུད་འདུག ཁྱེའུ་འོང་སྟེ་ཆག་རྩ་གཡོན། །གཡས་པ་དེ་འདྲ་བུ་མོ་འོང་། །གཉིད་ཀ་དེ་འདྲ་མཚེར་མར་འོང་། །སྟོང་རླུང་ཞུགས་དལ་ན་གྲང་། །གཉི་ག་དལ་ནས་སྟོང་པ་ན། །བུ་ཆད་མཁལ་རྩ་མེད་ན་སྐྱུག །མི་སྐྱག་འཆི་བ་དག་སྟེ་སྡོད། །རྩ་འབྲུབ་བྱེད་ན་འཆི་བ་འོ། །སོ་མ་རཱ་ཛ་ལས་མཁལ་རྩའི་ལེའུ་བཅོ་བརྒྱད་པའོ།།  །།

 

དེ་ནས་གཡས་པའི་ཚོན་ལ་ནི། །གློ་རྩ་དག་ནི་བལྟ་བ་སྟེ། །གསུམ་པ་སྙོམས་ལ་དང་པོ་སྟོང་། །གློ་བ་རླུང་ནི་ཞུགས་པ་སྟེ། །གསུམ་པ་ཁོང་གྲིམས་ཚོན་རྩ་ནི། །གྲིམས་པ་བད་ཀན་(འབུར་ན་ཁྲག)སྨུག་པོ་འོ། །གློ་མིག་ཞུགས་པས་ཚ་བ་འོ། །གློ་ལུ་ལུད་པ་ཁྲག་ཏུ་འོང་། །དེ་བས་ཚོན་(གསུམ་པོ་ཕྲ་སྟེ)རྩ་ཅུང་ཙམ་ཕྲ། །གློ་ནི་ཟ་བྱེད་ལྦུ་བ་ཁྲག །ཡང་ན་དང་པོ་གཉིས་འབུར་ན། །རྩ་གསུམ་རྐྱལ་ལ་ཚོན་རྩ་རྒྱས། །མྱུར་ན་བད་ཀན་རྩར་སོང་བའི། །སྟོང་རྐྱལ་བྱེད་ཅིང་ཚོན་རྩ་སྡོད། །དེ་ནི་སྐྱ་རྦབ་རྩ་ཡིན་ནོ། །

གཡས་གཡོན་ཀུན་གྱི་རྩ་རྒྱས་ཤིང་། །ཚོན་དང་ཀན་གཉིས་རྒྱས་པ་ན། །བད་ཀན་ལས་གྱུར་སྐྱ་རྦབ་ཡིན། །གཡས་གཡོན་གཉིས་ཀ་ཁོང་གྲིམས་ན། །ཚོན་གཉིས་ཐུང་ནས་དྲག་པ་ནི། །གློ་ཡི་སྐྲན་དེ་བུང་ཚངས་ཅན། །ཁ་ནས་རྣག་ཀྱང་བྲོ་བ་འོ། །གཡས་གཡོན་རྩ་གཉིས་ཁོང་གྲིམས་ཤིང་། །ཚོན་ཞར་གློ་ལ་སྐྲན་ཡོད་པའོ། །གློ་རྩ་མྱུར་ཞིང་ཚོན་རྩ་ཐུང་། །གློ་ཟགས་ཟད་པ་རྣག་ཏུ་འོང་། །རྩ་ཁོང་གྲིམས་ཤིང་མཁྲང་བ་ལ། །མཚོན་ཁྲག་གློ་ལ་རྣག་རྙིང་ཡོད། །རྩ་སྟོང་གཉིས་རྒྱས་མཁྲང་བ་ནི། །གློ་ནད་ཚ་བ་རྒྱས་པ་ཡིན། །རྩུབ་པ་ཆུ་ཤོར་རྐུན་བུ་(གློ་རྩ)བོ། །རྩ་གྲིམས་ཚོན་རྩ་མྱུར་བ་ན། །མཆན་འོག་རྨ་བྱུང་སུརྱ་འོ། །སོ་མ་རཱ་ཤ་ལས་གློ་རྩའི་ལེའུ་སྟེ་བཅུ་དགུ་པའོ།།  །།

 

དེ་ནས་ཀན་ལ་མཆེར་རྩ་བརྟག །རྩ་གསུམ་སྟོང་ཞིང་ཀན་རྩ་སྟོང་། །མཆེར་པ་རླུང་ནི་ཞུགས་པ་འོ། །ཀན་རྩ་བྱིང་ན་མཆེར་པར་སྐྲན། །ཕོ་བ་དག་ལ་སྐྲན་ཡོད་པའོ། །ཟས་མི་འཇུ་སྟེ་སྒྲེངས་ཤིང་སྦོ། །ཀན་རྩ་མཁྲང་ལ་འབུར་བ་ན། །ཁྲག་ཏུ་འཁྲུ་ཞིང་གཟེར་བ་འོ། །ཀན་རྩ་མཐོ་ལ་མ་ཞུ་འཁྲུ། །ཀན་རྩ་ཐུང་པོར་དྲག་འཕར་ན། །སྲིན་ཡོད་ཆུ་ནི་སྔོན་ལ་སྐྱུག །ཀན་རྩ་གྲིམས་ཤིང་སྡོད་པ་ན། །མཆེར་པའི་སྐྲན་ནི་འགྲམས་པའོ། །

ཀན་རྩ་ཕྲ་ལ་གྲིམས་པ་ན། །འཁྲིས་པ་ཕོ་བར་ལྷུང་བ་སྟེ། །ཀན་རྩ་མཁྲང་ལ་རྒྱས་པ་ནི། །མཆིན་ཁྲག་ཕོ་བར་ལྷུང་བ་འོ། །ཀན་རྩ་ཉམ་ཆུང་ཕོ་མཆེར་རྒུད། །ཀན་རྩ་མདུད་པ་ཐུམ་པོར་འཕར། །བད་ཀན་ནག་པོ་ཡིན་ཏེ་སྐྱུག །ཀན་རྩ་དལ་ལ་གང་བར་འཕར། །བད་ཀན་རྒྱས་པའི་ནད་ཡིན་ནོ། །ཀན་རྩ་ཕྲ་ལ་གྲིམས་པ་ནི། །བད་ཀན་སེར་པོ་དག་གི་ནད། །རྩ་གསུམ་བྱིང་ལ་གྲིམས་པ་ན། །བད་ཀན་སྨུག་པོ་དག་ཡིན་ནོ། །སོ་མ་རཱ་ཛ་ལས་མཆེར་རྩའི་ལེའུ་སྟེ་ཉི་ཤུ་པའོ།།  །།

 

སྣོད་རྣམས་དོན་གྱི་རྗེས་སུ་འབྲང་། །འགྱུར་བའི་རྩ་དག་བརྟག་པར་བྱའོ། །འཆི་ལྟས་དུས་དང་ནད་གཞིས་འགྱུར། །གནོན་དང་དགྲར་འགྱུར་དག་ཏུ་འོ། །འཆི་ལྟས་དག་གིས་འགྱུར་བ་ནི། །སྐྱེས་དྲག་བུད་མེད་ཞན་པར་འདོད། །རྒས་དལ་བུས་པ་མྱུར་བ་སྟེ། །གོ་ནོར་འཆི་བའི་འགྱུར་པ་འོ། །སྙིང་གི་སྒོ་ནི་ལྕེ་ལ་བརྟག །ལྕེ་སྐམ་དིག་པ་ཚ་བས་ཆི། །ལྕེ་དཀར་སྐྱ་ཆགས་བད་ཀན་ཏེ། །ལྕེ་སྐམ་རྩུབ་པ་མཁྲིས་པ་སྟེ། །ནག་ལ་རྩུབ་པ་རླུང་ཡིན་ཏེ། །དམར་ལ་སྐམ་ཞིང་རྩུབ་པ་དང་། །ལྕེ་ལ་ཁྲག་འབྲུམ་རླུང་ཁྲག་གོ །གློ་ཡི་སྒོ་ནི་སྣ་ཡིན་ཏེ། །སྣ་སུངས་སྣ་ཟགས་སྣ་སྒོ་ཟ། །མཆིན་པའི་སྒོ་ནི་མིག་ཡིན་ཏེ། །མིག་ལྡོག་སྨིན་མ་ལྡོག་པ་འོ། །མཆེར་པའི་སྒོ་ནི་མཆུ་ཡིན་ཏེ། །མཆུ་འགས་མཆུ་དག་སྐྱ་ལ་སོབ། །མཁལ་མའི་སྒོ་ནི་རྣ་བ་འོ། །སྙིང་རྩ་མ་ཚང་རྔམ་པ་ཆེ། །རྔམ་པ་ཕྱི་མས་མི་སླེབ་པའོ། །

ཞག་གཅིག་དག་ནས་འཆི་བར་འགྱུར། །དབུགས་སྒོ་གསུམ་ག་གང་ཞིང་རྒྱུ། །ཉི་མ་ཕྱེད་ཕྱེད་དག་ན་འཆི། །གློ་རྩ་མ་ཚང་ཁ་གདངས་ཏེ། །སྔ་མ་ཕྱི་མས་དབུགས་མི་སོབ། །སྣ་བུག་རྡུལ་ཆགས་ཞག་གསུམ་འཆི། །མཆེར་རྩ་མ་ཚང་རྐང་བོལ་སྐྲངས། །འཆག་ས་མི་ཐུབ་ཞག་བཞིས་འཆི། །མཁལ་རྩ་མ་ཚང་སྣ་ཡོན་ཏེ། །སྣ་གོང་བཞིན་ཉམས་རྣ་བ་སྔོ། །སོ་བཞིན་ནག་ཅིང་མིག་སྤྲིན་སེར། །སྣ་ཞོམ་བཞིན་ནི་ཕྱལ་ཞོམ་པ། །འདུག་མི་ཚུགས་ཤིང་རྐེད་འཁོར་བ། །ཞག་བདུན་དག་ན་འཆི་བ་འོ། །མཆིན་རྩ་མ་ཚང་ལྟག་པ་དགྱེ། །བཞིན་སྔོ་ཉལ་འདོད་ཟག་མི་ཐུབ། །མིག་འཛུམ་དཀའ་ཞིང་རྔུལ་བ་ན། །ཞག་གཉིས་དག་དང་དགུ་ན་འཆི། །མིག་དང་རྣ་བ་སྣ་དག་ནག ཁ་ཡོ་ཁ་གདངས་རྔམ་པ་ཆེ། །རླིག་པ་ཁོང་བྲོས་ལྟག་མིག་བལྟ། །སོ་འཆའ་དྲི་ལོག་གོས་འབུད་དང་། །སྣ་མིག་མཁུར་ཚོས་འགྲ་བར་དམར། །ཡང་ན་གློ་བུར་ནག་སྔོར་སྔོ། །མིག་འགྱུར་ཧར་ཧར་འདུག་པ་དང་། །མཆུ་ལྡོག་སོ་ནག་བཞིན་དམར་དང་། །མིག་ནག་མིག་ནི་འཛུམས་དཀར་ལྡོག །བཞིན་སྔོ་མིག་སེར་སེན་མོ་སྐྱ། །འཆག་ས་མི་ཐུབ་སྐྲ་ཟེད་ཟེད། །བཞིན་དམར་མིག་སྔོ་མིག་ནག་ཅིང་། །མིག་དཀར་འདྲ་བ་འཆི་བ་འོ། །མིག་སེར་སེན་མོ་སྔོ་ན་འཆི། །བཞིན་སེར་མིག་སྔོ་མིག་དཀར་དང་། །བཞིན་སེར་དང་ནི་མིག་དཀར་བ། །བཞིན་ནག་མིག་དཀར་འཆི་བ་འོ། །བཞིན་དཀར་མིག་སྔོ་གཉིས་ཀ་སྐྱ། །ཕོ་མཆན་སྔོ་ནག་རྐང་པ་སྐྲངས། །སྐྲ་དང་སྨིན་མ་ཟེད་པ་དང་། །ལྕེ་ལྡིབ་ནག་པོར་སོང་བ་དང་། །ཚ་བྲོས་ཁ་སྣ་བྲུད་པ་དང་། །ལག་པ་སྐྱ་ཕུལ་ལྡང་བ་དང་། །སྣ་སྒོ་ཕྱལ་ཕྱལ་མཆུ་ལྡོག་འཆི། །རྩ་གསུམ་རྒྱས་སམ་ཆེ་ན་འཆི། །གསུམ་ཆར་སྟོང་ངམ་འཁྱིག་ན་འཆི། །སྟོང་ཞིང་དལ་དང་རྐྱལ་ཐུང་དང་། །རྐྱལ་ཞིབ་འཁྱིག་གམ་བྲུག་པ་འོ། །

ལན་ཅིག་འཕར་རམ་སྡོད་པ་འཆི། །ཞར་ནས་ཁ་རུ་བྱུང་བ་དང་། །རྩ་ནི་བ་དག་བྲེས་ཕྲེང་འདྲ། །ནོར་བུ་བརྒྱུས་པ་རྩ་བྲན་དང་། །རྩ་ནི་དེ་ལྟར་འདུག་པ་རྣམས། །ཡུན་རིང་ན་བ་འཆི་བའི་རྩ། །ཕྲ་ཞིང་རྒྱུད་ནི་རིང་བ་དང་། །ཆུ་ཡི་རྒྱུན་འདྲ་སྙོམས་པ་དང་། །ཡུན་རིང་ན་བ་འཚོ་བ་སྟེ། །རྒྱས་ཤིང་འདྲིལ་བ་ཡུན་རིང་འཚོ། །གློ་བུར་བཏབ་པ་འཆི་བར་བྱེད། །རྩ་གསུམ་འཕང་མཐོ་གློ་བུར་འཆི། །གསུམ་ཀ་ཐང་ནས་དྲག་ན་འཆི། །དལ་དང་མཉེན་པ་དག་དང་ནི། །གཡས་གཡོན་གདགས་སྲིབས་མ་ལོགས་དང་། །ཚ་གྲང་ནད་རྩ་མ་ལོག་དང་། །རྒན་གཞོན་རྩ་དག་མ་ལོག་བཟང་། །རྩ་ནི་ཁང་རུལ་ཐིགས་པ་འདྲ། །སྔ་ཟགས་ཕྱི་ཟགས་མི་སླེབ་པའོ། །རྩ་ནི་བེམ་རྟོལ་བརྒྱབ་པ་འདྲ། །ཕྲིང་ཕྲེལ་བྱེད་ཅིང་ན་བ་འོ། །སེར་མོའི་འོག་ན་ལྷན་ཅིག་མེད། །ཀྱུར་ཀྱུར་འགྱུར་བ་བྱེད་པ་ཡི། །ཉ་ནི་ཆུ་ནས་ཕྱུང་བ་འདྲ། །རྩ་ནི་ཡོད་མེད་འགུལ་ཙམ་མོ། །ཉ་མཇུག་དག་ནས་བཟུང་འདྲ་སྟེ། །དལ་མནན་ཀྱུར་ཀྱུར་དྲག་ན་ནི། །མི་གསལ་མི་འགུལ་ཞན་པ་འོ། །ལ་ཁར་དར་ཕྱར་འགྱུར་བ་སྟེ། །དེ་དང་འདྲ་བ་བྲུབ་བ་འོ། །སྡོད་པ་བྱེའུ་མཆིལ་བ་ནི། །སྒུམ་བུ་ཐུ་བ་འདྲ་བ་སྟེ། །བཞི་ལྔར་དྲག་འཕར་སྡོད་པ་འོ། །སྦལ་པ་ཆུ་ནང་འཕྱོ་བ་འདྲ། །མནན་པས་གཅིག་འཕར་སྡོད་པ་འོ། །མཐིང་རིལ་རྐང་པར་རྡོ་བཏགས་འདྲ། །ཀྲིལ་ཀྲིལ་འཕར་ན་སྡོད་པ་འོ། །

ཐང་གཅིག་འཕར་སྡོད་གཉིས་ན་འཆི། །ཐང་གཉིས་འཕར་སྡོད་གསུམ་ན་འཆི། །ཐང་གསུམ་འཕར་སྡོད་བཞི་ན་འཆི། །ཐང་བཞིན་འཕར་སྡོད་ལྔ་ན་འཆི། །ཐང་ལྷ་འཕར་སྡོད་ལྔ་ན་འཆི། །དྲུག་དང་བདུན་དང་བརྒྱད་དགུར་འཕཪ། །བརྒྱད་དང་དགུ་དང་བཅུ་གསུམ་ན། །ཐང་བཅུ་འཕར་སྡོད་ལོ་ཕྱེད་ན། །བཅུ་གཅིག་འཕར་སྡོད་ཟླ་བ་བརྒྱད། །བཅུ་གསུམ་འཕར་སྡོད་ཟླ་བ་བཅུ། །བཅོ་ལྔ་ཉི་ཤུ་གཅིག་ལ་ནི། །དེ་ལས་ཐར་ན་ལོ་ལྷག་སྟེ། །སྙིང་རྩ་ཚང་གཅིག་འཕར་བ་སྟེ། །རིང་དུ་སྡོད་ན་ནང་རྙིང་པའོ། །ཐང་གཉིས་འཕར་ཏེ་རིང་སྡོད་ན། །ནད་ནི་མཆིན་ནད་རྙིང་པ་འོ། །ཐང་གསུམ་འཕར་བས་རིང་དུ་སྡོད། །མཆེར་ནད་རྙིང་པ་ཡོད་པ་འོ། །ཐང་བཞི་འཕར་ཏེ་རིང་དུ་སྡོད། །ནད་རྙིང་མཁལ་མའི་ནད་དག་གོ །ཐང་ལྔ་འཕར་ཏེ་རིང་དུ་སྡོད། །གློ་ལ་ནད་རྙིང་ཡོད་པ་འོ། །ཡུན་རིང་པོས་ནི་བཅོས་པར་བྱ། །སོ་མ་རཱ་ཛ་ལས་འཆི་ལྟས་ཀྱི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།  །།

 

དུས་ཀྱི་འགྱུར་བ་བསྟན་པ་ནི། །དཔྱིད་(གསུམ་ནི་ཤིང་)དང་དབྱར་(གསུམ་མེ)དང་སྟོན་(གསུམ་ལྕགས)དང་དགུན་(གསུམ་ཆུ)། །རིང་མཉམ་(ནམ་རིང་བ་ཉི་མ་རིང་བ)ཐུང་མཉམ་(ནམ་ཐུང་བ་ཉི་མ་ཐུང་བ་ལ)མཉམ་དུ་མཉམ། །བརྒྱད་གཉིས་སྟོང་གཉིས་ཚེས་ཀྱིའོ་(ཡར་གྱི་ཚེས་བརྒྱད་དང་ཉི་ཤུ་གསུམ)། །དེ་བཞིན་འཕར་མ་གསུམ་དུ་བྱ། །བཞི་(གསུམ་པ)ལ་སྟོན་(གསུམ)དང་དཔྱིད་(གསུམ)དང་དགུན་(གསུམ)། །བཅུ་གཉིས་རྩ་(རྩ་དྲུག་དྲུག)དང་ཕྱི་རོལ་(ནང་དུ་རྩའི་དང་)ཟླ། །ཞག་(དྲུག་ཅུ་རྩ་དྲུག)དང་ཟ་མ་ཕྱི་རོལ་དུ། །གཡས་པ་གདགས་(དྲུག་ཅུ་ཕྲག་བཞི)ལ་གཡོན་པ་སྲིབས། །ཉི་ཁྱིམ་ཟླ་བའི་ཁྱིམ་པ་ནི། །སྟོན་དཔྱིད་འབྲིང་པོ་མཉམ་པ་སྟེ། །དབྱར་དགུན་འབྲིང་པོ་རིང་ཐུང་མཉམ། །འཛམ་བུ་གླིང་ནི་སོག་ཀའི་དབྱིབས། །དེ་ལ་ཉི་མ་ལྷོ་བྱང་རྒྱུ། །དབྱར་ཟླ་འབྲིང་པོ་བྱང་གི་མཐའ། །དགུན་ཟླ་འབྲིང་པོ་ལྷོ་ཡི་མཐའ། །སྟོན་དཔྱིན་འབྲིང་པོ་དབུས་སུ་མཉམ། །གྲངས་ཀྱི་མཐའ་མ་གཅིག་ཡིན་ཏེ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག །ལོ་གཅིག་དག་ལ་ཟླ་བཅུ་གཉིས། །ཟླ་གཅིག་དག་ལ་ཞག་སུམ་ཅུ། །ཞག་གཅིག་ཡུད་ཙམ་སུམ་ཅུ་སྟེ། །མོ་དྲུག་ཉི་ཤུ་རྩ་དགུ་ལ། །ཕོ་དྲུག་སུམ་ཅུ་དག་ཏུ་འོ། །དེ་ལྟར་བརྩིས་པའི་ལོ་གཅིག་ལ། །ཞག་(བཅུར་ལྷག)ནི་ལྔ་ལྔ་བཅུ་ཡིན་ཏེ། །ལོ་ནི་གསུམ་གསུམ་དག་ན་ཡང་། །ཟླ་བ་ལྷག་པ་དག་ཡིན་ནོ། །

སྟག་སྦྲུལ་རྟ་དང་སྤྲེའུ་བཞི་ལ། །ཟླ་བ་གསུམ་ལ་བདུན་ཅུ་ལྔ། །ཞག་ནི་ཕྱེད་གསུམ་ལྷག་པ་འོ། །ཡུད་ཙམ་སུམ་བརྒྱ་དག་ལ་ནི། །ཞག་བཅུ་དང་ནི་ལོ་གཅིག་ལྷག །དགུན་ཟླ་འབྲིང་པོ་ནས་བཟུང་དྲུག །ཉི་མ་བྱང་འགྲོ་དགུན་འབྲིང་ནས། །ཟླ་བ་དྲུག་ནི་ལྷོ་རུ་འགྲོ། །བྱང་འགྲོ་ཟླ་བ་རེ་རེ་ལ། །ཆུ་ཚོད་གཉིས་ཀྱིས་ཉི་མ་ཐུང་། །གཉིས་གཉིས་ཀྱིས་ནི་མཚན་མོ་རིང་། །ལྷོ་འགྲོ་ཚེ་ན་ཉི་མ་རིང་། །མཚན་མོ་ཚུ་ཚོད་གཉིས་ཀྱིས་ཐུང་། །ཐུང་བ་ཉི་ཤུ་རྩ་བཞི་བཞི། །རིང་བ་སུམ་ཅུ་དྲུག་དྲུག་གོ །མཉམ་པ་སུམ་ཅུ་སུམ་ཅུ་འོ། །ཞག་གཅིག་ཐུན་བརྒྱད་ཞག་གཅིག་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འོ། །ཐུན་རེ་དག་ལ་བདུད་བརྒྱ་འོ། །འཕོ་བ་དྲུག་ཅུ་རེ་རེ་ལ། །སྟོང་དང་སུམ་བརྒྱ་ལྔ་བཅུ་འོ། །དབྱུག་གུ་དྲུག་ཅུ་རྩ་བཞི་ལ། །རེ་རེ་དག་ལ་སུམ་བརྒྱ་དང་། །སུམ་ཅུ་པོ་ནི་ཕྱེད་དང་བརྒྱད། །ཞག་གཅིག་དག་ལ་དབུགས་བཅུ་གཉིས། །འཕེལ་བ་དང་ནི་འགྲིབ་པ་སྟེ། །ཟླ་བ་དྲུག་ལ་ཉིས་སྟོང་དང་། །བརྒྱ་དང་དྲུག་ཅུ་འཕེལ་དང་འགྲིབ། །རྩ་ཡང་དེ་ཡིས་དབྱེ་བར་བྱ། །ས་དང་ཆུ་དང་ཤིང་དང་ལྕགས། །མེ་དང་འབྱུང་བ་ལྔ་དང་རྩ། །མཆེར་པ་མཁལ་མ་མཆིན་པ་དང་། །གློ་དང་སྙིང་དང་ལྔ་དག་གོ །བརྒྱད་གཉིས་ཡར་ཁམས་མར་ཁམས་ཏེ། །གནམ་སྟོང་བ་དང་དགུ་སྟོང་ཟླ། །གཟའ་བདུན་དང་ནི་རྒྱུ་སྐར་གྱིས། །དུས་དང་དབང་སྐལ་མཁས་པས་དཔྱད། །དཔྱིད་དང་དབྱར་དང་སྟོན་དང་དགུན། །དཔྱིད་ལ་སྐར་མ་ཁྲ་དང་རྟ། །བྱེའུ་ཅོ་ག་འབྲིང་པོ་ལ། །དབྱར་ལ་སྐར་མ་ལྷ་འཚམས་ཏེ། །ཁུ་བྱུག་དག་ཀྱང་སྐེད་འདོན་ནོ། །

སྟོན་ལ་སྐར་མ་སྒྲོག་དང་ཁྲུམས། །འབྲིང་པོ་བྱ་ནི་འུར་པའོ། །དགུན་ལ་སྐར་མ་སྨིན་དྲུག་སྟེ། །ཤ་ར་རོག་པོ་སྐད་དབྱིན་དགུན། །མཆིན་པ་ཤིང་གི་རྩ་དག་དཔྱིད། །པི་ཝང་རྒྱུད་འདྲ་མཉམ་ལ་ཕྲ། །སྙིང་ནི་མེ་སྟེ་དབྱར་དག་རྒྱུ། །ཐ་དད་རིང་ཐུང་སྦོམ་པ་སྟེ། །གློ་ལྕགས་སྟོན་སོགས་དག་ན་རྒྱུ། །སྦོམ་ལ་དུས་ཉེ་མཉམ་པ་འོ། །དགུན་ནི་མཁལ་མའི་རྩ་དག་ནི། །ཆུ་ནང་རྟ་རྔ་འདྲ་བར་ཕྲ། །ཐ་ཆུངས་བཞི་ལ་མཆེར་རྩ་ནི། །བྱ་སྤུ་རླུང་གིས་གཏོར་བ་འདྲ། །མཆིན་པ་མཁྲིས་པ་ཤིང་གི་ཁམས། །དཔྱིད་ནི་བདུན་ཅུ་རྩ་གཉིས་ལ། །པི་ཝང་འདྲ་ལ་མཉམ་པའི་གྲངས། །གྲིམས་ཤིང་འཇམ་པ་དག་ཏུ་ཤིང་། །སྙིང་དང་རྒྱུ་མ་(རྒྱུ་ཆེན)མེ་ཡི་ཁམས། །དབྱར་ནི་བདུན་ཅུ་རྩ་གཉིས་ལ། །མང་ཉུང་ཐ་དད་སྦོམ་པ་སྟེ། །ཪིང་ཐུང་རྩུབ་པས་མེ་ཁམས་སོ། །གློ་དང་ལོང་ནི་ལྕགས་ཀྱི་ཁམས། །སྟོན་ནི་བདུན་ཅུ་རྩ་གཉིས་ལ། །སྤྲོ་ཐུང་སྦོམ་ལ་དགའ་ཡིད་མཉམ། །སྤྲོ་ཐུང་བས་ན་ལྕགས་ཁམས་སོ། །

མཁལ་གཡས་(ཕག)ལྒང་ཕུགས་(བྱི་བ)ཆུ་ཡིན་ཏེ། །དགུན་གྱི་བདུན་ཅུ་རྩ་གཉིས་ལ། །མང་ཉུང་ཐ་དད་རྟ་རྔ་འདྲ། །ཕྲ་ལ་འཇམ་པས་ཆུ་ཁམས་སོ། །ཟླ་བ་ཐ་ཆུངས་བཞི་དག་ལ། །བཅོ་བརྒྱད་བཞི་(ཐ་ཆུངས་བཞི་པ)ལྷག་བདུན་ཅུ་གཉིས(ཞག)། །མཆེར་པ་(ས)ཕོ་བ་(མེ)ས་ཡི་ཁམས། །དཔྱིད་(ཐ་ཆུངས་པ)དང་དབྱར་གྱི་ཐ་ཆུངས་ལ། །སུམ་ཅུ་རྩ་དྲུག་(རྒྱུ་བ་སྟེ)དག་རྒྱུ་སྟེ། །བྱ་སྤུ་དང་འདྲ་མི་བརྟན་པའོ། །མཁལ་གཡོན་(ཐ་ཆུངས)བསམ་སེའུ་ཆུ་ཡི་ཁམས། །སྟོན་དང་དགུན་གྱི་ཐ་ཆུངས་ལ། །ཞག་ནི་སུམ་ཅུ་རྩ་དྲུག་རྒྱུ། །སྟོན་ལ་འཕང་མཐོ་དགུན་ནི་འཇམ། །བྱ་སྤུ་དང་འདྲ་སྦོམ་འདྲ་འཇམ། །ཆུ་སྟེ་བདུན་རྩ་སྲོག་ཡིན་ནོ། །དཔྱིད་(ཤིང་གིས)ལ་མཆིན་རྩ་རྒྱུ་དུས་སུ། །གློ་རྩ་བྱུང་ན་(ལྕགས་ཀྱིས་ཤིང་བཅད)འཆི་བ་སྟེ། །སྙིང་རྩ་བྱུང་ན་(ཤིང་ལས་བྱུང)བུ་དང་ཕྲད། །མཆེར་པའི་རྩ་བྱུང་(ཤར་གྱི་རྩ་བརྟོལ)ནོར་དང་ཕྲད། །མཁལ་མའི་རྩ་བྱུང་(ཤིང་ཆུ་སྦྲེལ)མ་དང་ཕྲད། །འཆི་བ་དག་ཏུ་མི་འགྱུར་རོ། །

སྟོན་ནི་གློ་རྩ་དར་དུས་སུ། །མཁལ་མའི་རྩ་བྱུང་བུ་དང་ཕྲད། །མཆིན་པའི་རྩ་བྱུང་ནོར་དང་ཕྲད། །མཆེར་པའི་རྩ་བྱུང་མ་དང་ཕྲད། །སྙིང་གི་རྩ་བྱུང་དགྲ་ཡིན་ཏེ། །ཚེ་ཡི་བར་ཆད་དག་ཏུ་འོ། །དབྱར་ནི་སྙིང་རྩ་དར་དུས་སུ། །མཁལ་མ་བྱུང་ན་(ཆུ་བྱུང་བས)འཆི་བ་སྟེ། །གློ་རྩ་བྱུང་ན་(མེས་ལྕགས་བཞུ)ནོར་དང་ཕྲད། །ས་ཡི་རྩ་བྱུང་(ས་ལས་སྐྱིད)བུ་དང་ཕྲད། །མཆིན་རྩ་མ་དང་ཕྲད་པ་(ཤིང་གིས་མེ་བསྐྱེད)སྟེ། །འཆི་བ་དག་ཏུ་མི་འགྱུར་རོ། །དགུན་ནི་མཁལ་མ་(བུ་ཡིས)དར་དུས་སུ། །མཆེར་རྩ་བྱུང་ན་འཆི་བ་(སས་ཆུ་གཅོད)སྟེ། །སྙིང་རྩ་བྱུང་ན་ནོར་དང་ཕྲད(ཆུ་ཡིས)། །མཆིན་རྩ་བྱུང་ན་བུ་དང་ཕྲད། །གློ་རྩ་བྱུང་ན་མ་དང་ཕྲད། །འཆི་བ་དག་ཏུ་མི་འགྱུར་རོ། །ཐ་ཆུངས་མཆེར་པ་དར་དུས་སུ། །གློ་རྩ་བུ་དང་ཕྲད་པ་སྟེ། །མཁལ་མའི་རྩ་བྱུང་ནོར་དང་ཕྲད། །སྙིང་གི་རྩ་བྱུང་(ཆུ་ཡིས)མ་དང་ཕྲད། །མཆིན་རྩ་བྱུང་ན་(ཤིང་གིས་བརྟོལ་བས)དགྲ་རྩ་སྟེ། །འཆི་བ་དག་ཏུ་འགྱུར་བ་འོ། །མཁལ་མའི་(མཁལ་མའི་ཆུས)རྩ་ནི་ལུས་ཀྱི་བཅུད། །གློ་སྙིང་(མེས)རྩ་ནི་ལུས་ཀྱི་རྟེན། །མཆིན་པ་(སས)མཆེར་པ་རྟས་བྱེད་དོ། །

ལུས་དང་མལ་མ་ཤི་སོས་རྩ། །དཔྱིད་ཟླ་ར་བའི་ཚེས་གཅིག་ལ། །མཆིན་པ་(ཤིང་སྟག)བཅུ་བཞི་མཁྲིས་པ་(ཤིང་ཡོས)འོ། །ཉི་ཤུ་ལྔ་(ཤིང་སྟག)ལ་མཆིན་པ་སྟེ། །སྟོང་ལ་(ས)ཕོ་བའི་རྩ་དག་རྒྱུ། །ཤིང་(མཆིན་དྲི་སྙིང་རྒྱུ་ལྕགས)བྱིང་མེ་སྡོད་གློ་རྩ་འབྲུབ། །ས་ཡི་རྩ་དག་(ཕོ་མཆེར)ཆུ་རྩ་(མཁལ་གཡས་ལྒང་ཕུགས)འདར། །གློ་ཡི་རྩ་(ལྕགས)ནི་དགྲ་ལྡང་སྟེ། །ཉི་མ་ཕྱེད་དང་ཟླ་བ་ཕྱེད་(དུས)། །ལོ་ཕྱེད་དག་ན་རླུང་ནད་ཀྱིས། །སྐྲངས་སམ་སྦོས་པའི་ནད་ཀྱིས་འཆི། །མེ་འབྲུག་(སྙིང་རྩ)ལྕགས་སྡོད་(གློ་རྩ)ས་ནི་དར་(ཕོ་བ)། །ཆུ་དྲག་ཤིང་(མཁལ་མ)ནི་རྒྱས་པ་(ཤིང་མཁྲིས)སྟེ། །གློ་རྩ་(ལྕགས)གང་ཡིན་པ་ཡི་ཞག་(སྤྲེའུ)། །ཟ་མ་དག་ལ་ཐར་བ་སྟེ། །ཕྱོགས་ནི་ནུབ་ནས་(འབྲུབ་ན)བན་བོན་གྱིས། །བདུད་རྦོད་གཅོས་ཀ་ནུབ་(གདོན་དུ)ཏུ་བྱ། །

ཁ་དོག་(གྱེས)ལྕགས་སམ་དེ་འདྲ་ན། །འབྲིང་པོ་(དཔྱིད)དག་ནི་ཚེས་གཅིག་ལ། །མཁྲེས་པ་(ཤིང)བདུན་ལ་ལོང་ཀ་(ལྕགས)སྟེ། །བཅུ་བཞི་(མཁྲིས)མཆིན་(མཁྲིས)རྩ་མཁལ་མ་སྟོང་། །མཁྲིས་རྩ་(ཤིང་དཔྱིད)བྱིང་ལ་སྙིང་རྩ་(མེ)འདར། །གློ་རྩ་(ལྕགས)དྲག་ལ་མཆེར་རྩ་འབྲུབ། །མཁལ་རྩ་(གཡས་ལྒང་ཕྲིག)སྡོད་ན་ཞག་བདུན་དང་། །ཟླ་བདུན་ལོ་བདུན་དག་ན་འཆི། །ལོང་རྩ་(གློ་རྩ)དགྲར་ལྡང་ནད་དབྱུང་སྟེ། །མཁྲིས་པ་རྒྱས་ཏེ་སྙིང་རྩ་དྲག །གློ་ཡི་རྩ་འདར་མཆེར་རྩ་སྡོད། །མཁལ་མ་ཆུ་ཡི་རྩ་འབྲུབ་ན། །ལོང་རྩ་གང་ཡིན་དག་ལ་འཚོ། །ཕྱོགས་ནི་ནུབ་ཀྱི་ཕྱོགས་དག་ནས། །བན་བོན་མ་བདུད་རྦོད་པ་དང་། །ལྷ་ཁང་རྙིང་དང་བྲག་སྣ་ནས། །འདྲེ་གདོན་བཅོས་ཀ་བྱང་ནས་བྱ། །དཔྱིད་ཟླ་ཐ་ཆུངས་ཚེས་གཅིག་ལ། །མཆེར་པ་(སའི)བདུན་ལ་མཁལ་མ་(ས་ཆུའི)གཡོན། །བཅུ་གསུམ་མཆེར་པ་(ལྕགས)སྟོང་ལ་འོ། །

མཆེར་རྩ་(མཆིན་པ)སྡོད་ལ་ཤིང་རྩ་འབྲུབ། །ཆུ་(མཁལ་གཡས་ལྒང་ཕུགས)ཡི་རྩ་དྲག་མེ་རྩ་འདར། །ལྕགས་ཀྱི་རྩ་སྡོད་(ཀྱི་ལོང་)བྱུང་བས་ནི། །ཞག་ནི་ལྔའམ་ཡང་ན་བརྒྱད(གྲངས)། །ཟླ་བ་ལྔའམ་བརྒྱད་དག་ན། །ལོ་ནི་ལྔའམ་བརྒྱད་དག་ན། །དམུ་ཆུ་ཆུ་སེར་ཆུ་(ལྕགས་ཀྱི་སའི)སྡོམ་འཆི། །ནུབ་བྱང་(བྱང་ནས)ཤར་ལྷོ་དག་ནས་ནི། །ཡུལ་ལ་གནས་པའི་ས་བདག་བཀར། །ཕོ་(ས)རྒྱས་ཤིང་སྡོད་ཆུ་(མཁལ་གཡས)འདར་ཏེ། །མེ་དྲག་ལྕགས་(གློ་སྙིང་ལུ)རྩ་འབྲུབ་པས་ན། །ཤིང་རྩའི་ཞག་དང་ཟ་མ་ལ། །ཐར་ཏེ་དཔྱིད་ཟླ་ཐ་ཆུངས་སོ། །དབྱར་ཟླ་ར་བའི་ཚེས་གཅིག་ལ། །སྙིང་རྩ་བདུན་ལ་མཁལ་མ་གཡས། །བཅུ་གསུམ་སྙིང་རྩ་བཅུ་བཞི་ལ། །རྒྱུ་མ་(ས་ས)སྟོང་ལ་བསམ་ལེའུ་(ཆུ་ཆུ)རྩ། །སྙིང་གི་རྩ་བྱིང་མཁལ་རྩ་འབྲུབ། །གློ་ཡི་རྩ་དྲག་མཆེར་(ལྕགས་ཀྱིས)རྩ་སྡོད། །མཆིན་(ཤིང་གི)རྩ་དག་ན་གློ་(ལྕགས)རྩ་ནི། །དགྲ་ལྡང་བ་སྟེ་མཁལ་མ་(ཆུ་ཆུ)གཡོན། །ཞག་ལྔ་དགུ་(གྲངས)དང་ཟླ་ལྔ་ན། །ལོ་ནི་ལྔ་དང་དགུ་ན་ནི། །བད་ཀན་གྲང་བའི་ནད་ཀྱིས་འཆི། །ཕྱོགས་ནི་ལྷོ་ཡི་སྡོད་དག་ནས། །ས་བདག་ས་སྲིན་གནོད་པའི་ས། །རི་འགོ་དམར་རམ་ལྗང་བ་འོ། །

སྙིང་(མེ)གི་རྩ་རྒྱས་ཆུ་རྩ་(མཁལ་གཡས)འདར། །ལྕགས་སྡོད་(ཀྱི་ལོང)ས་དྲག་ཆུ་(ཕོ་མཆེར)ཡི་ཞག །ཟ་མ་ས་འཚོ་དག་ཏུ་ཤེས། །དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ། །རྒྱུ་མ་བདུན་ལ་མཁལ་མས་(ཆུ)འོ། །བཅུ་བཞི་སྙིང་རྩ་(མེ)སྟོང་མཁལ་གཡོན(ཆུ)། །རྒྱུ་མའི་རྩ་བྱིང་མཁལ་མ་དྲག །གློ་(ལྕགས)ཡི་རྩ་འབྲུབ་མཆེར་རྩ་(ཤིང)འདར། །ཤིང་(མཆིན་པ)གི་སྡོད་ན་ལྒང་ཕུགས་(ཆུ)དགྲ། །ལྡང་སྟེ་ཉི་མ་(གྲངས)གསུམ་མམ་བཞིར། །ཟླ་བ་ཡང་ན་གསུམ་བཞི་ན། །ལོ་ཡང་གསུམ་མམ་བཞི་དག་ན། །རྡེའུ་འམ་ནི་མཁྲིས་པའི་སྐྲན། །པགས་པའི་ནད་ཀྱིས་འཆི་བར་འགྱུར། །རྒྱུ་མའི་རྩ་རྒྱས་མཁལ་རྩ་སྡོད། །གློ་ཡི་རྩ་རྒྱས་(ལྕགས)མཆིན་རྩ་དྲག(ཤིང)། །མཆེར་རྩ་(ཆུ)དྲག་ན་ལྒང་པའི་རྩ། །གང་(གྲངས)ཡིན་ཞག་དང་ཟ་མ་ལ། །ཐར་ཏེ་ཕྱོགས་ནི་བྱང་སྨད་ནས། །ཀླུ་དང་བསེན་མོར་བསྡོངས་པའམ། །བསེན་མོ་གནོད་པའི་དབྱིབས་མདོག་ནི། །གྲུ་གསུམ་གྲུ་བཞི་ལྔ་དགུ་(དབྱིབས)ཁམ། །དབྱར་ཟླ་ཐ་ཆུངས་ཚེས་གཅིག་ལ། །མཆེར་རྩ་(ས)ཚེས་བདུན་བསམ་སེའུ(ཆུ)། །བཅུ་གསུམ་སྟོང་ལ་མཁལ་མའི་རྩ། །ཕོ་བ་(ས)བྱིང་ལ་མཁལ་(ཆུ)རྩ་འབྲུབ། །མཆིན་རྩ་(ཤིང)དྲག་ལ་གློ་རྩ་(ལྕགས)འདར། །མེ་སྡོད་(སྙིང)མཁྲིས་པ་(ཤིང)དགྲར་ལྡང་སྟེ། །ཞག་གསུམ་ཟླ་བ་གསུམ་དག་དང་། །ལོ་གསུམ་དག་ན་ཤ་སེར་དང་། །མིག་སེར་མཁྲོས་པས་འཆི་བར་བྱེད། །ཕོ་བའི་(ས)རྩ་རྒྱས་མཆིན་རྩ་(ཤིང)དར། །གློ་རྩ་(ལྕགས)དྲག་ཅིང་སྙིང་རྩ་(མེ)འབྲུབ། །ཆུ་རྩ་(མཁལ་གཡས)སྡོད་ལ་མཁྲོས་རྩ་(ཤིང་)ལས། །ཐར་ཏེ་ཕྱོགས་ནི་ཤར་སྨད་ནས། །བཙན་ནམ་དྲིར་ནི་ཤི་བ་འམ། །ལྷ་ཁང་རྙིང་པའི་འདྲེ་གནོད་དོ། །

ཤིང་ངམ་སོག་ཀའི་རི་འམ་ལྗོངས། །ཁམ་སེར་དག་ནས་བྱུང་བ་འོ། །སྟོན་ཟླ་ར་བའི་ཚེས་གཅིག་ལ། །གློ་རྩ་བདུན་ལ་མཆིན་པ་སྟེ། །བཅུ་གསུམ་གློ་རྩ་བསམ་སེའུ་སྟེ། །གློ་རྩ་བྱིང་ལ་མཆིན་རྩ་དྲག །མཆེར་རྩ་འདར་ལ་མཁལ་རྩ་སྡོད། །མེ་རྩ་འབྲུབ་ནས་མེ་དགྲར་ལྡང་། །ཞག་ལྔ་ལོ་ལྔ་ཟླ་བ་ལྔ། །ཁྲག་འཁྲུགས་རྒྱུ་གཟེར་རིམས་ཀྱིས་འཆི། །གློ་རྩ་རྒྱས་དང་སྙིང་རྩ་འདར། །མཆིན་རྩ་སྡོད་ལ་མཆེར་རྩ་དྲག །མཁལ་རྩ་(ཆུ)རྩ་རྒྱས་དང་སྙིང་རྩ་འདར། །མཆིན་རྩ་སྡོད་ལ་མཆེར་རྩ་དྲག །མཁལ་རྩ་(ཆུ)འབྲུབ་ན་སྙིང་(མེ)གི་ཞག །ཟ་མ་དག་ལ་འཚོ་བར་འགྱུར། །ལྷོ་སྟོད་དག་ནས་དུར་ཁྲོད་དམ། །མདོག་དམར་གྲུ་གསུམ་མོ་གདོན་གནོད། །སྟོན་ཟླ་འབྲིང་པོའི་ཚེས་གཅིག་ལ། །ལོང་རྩ་བདུན་ལ་མཁྲིས་པ་སྟེ། །བཅུ་བཞི་གློ་སྟེ་མཆེར་པ་སྟོང་། །ལོང་རྩ་བྱིང་ཞིང་མཆིན་རྩ་འབྲུབ། །མཆེར་རྩ་སྡོད་ལ་མཁལ་རྩ་འདར། །མེ་ཡི་རྩ་དྲག་རྒྱུ་མའི་རྩ་དགྲར་ལྡང་། །ཞག་བརྒྱད་ལོ་བརྒྱད་ཟླ་བརྒྱད་ན། །སྐྱ་རྦབ་འབྲུམ་བུ་གཞང་འབྲུམ་དང་། །འཁྲུ་བའི་ནད་ཀྱིས་འཆི་བ་འོ། །

ལོང་རྩ་རྒྱས་ལ་སྙིང་རྩ་སྡོད། །མཆིན་དར་མཆེར་འབྲུབ་མཁལ་མ་དྲག །རྒྱུ་མའི་ཞག་དང་ཟ་མས་འཚོ། །ཕྱོགས་ནི་ལྷོ་སྨད་དག་ནས་ནི། །དབྱིབས་ནི་གྲུ་གསུམ་ཟླུམ་ལ་སྨུག །ཤ་ཟ་མོ་དག་གནོད་པར་བྱེད། །སྟོན་ཟླ་ཐ་ཆུངས་ཚེས་གཅིག་ལ། །མཁལ་གཡོན་བདུན་ལ་མཆེར་པ་འོ། །བཅུ་གསུམ་མཁལ་མ་མཁྲིས་པ་སྟོང་། །སྙིང་རྩ་འབྲུབ་ལ་གློ་རྩ་བྱིང་། །མཆིན་རྩ་དར་ལ་མཆེར་རྩ་དྲག །མཁལ་རྩ་སྡོད་ལ་ས་རྩ་དགྲར། །ཞག་བརྒྱད་བཅུ་དང་ཟླ་བ་བརྒྱད། །བཅུ་དང་ལོ་ནི་བརྒྱད་དང་བཅུ། །སྲིན་དང་མཛེ་དང་ཆུ་ཡི་ནད། །ས་ཡི་ནད་ཀྱིས་འཆི་བར་འགྱུར། །མཁལ་རྩ་རྒྱས་ལ་སྙིང་རྩ་འདར། །གློ་ཡི་རྩ་དྲག་མཆིན་རྩ་འབྲུབ། །མཆེར་རྩ་སྡོད་ལ་མཆེར་པའི་ཞག །ཟ་མ་དག་ལ་འཚོ་བ་སྟེ། །ཕྱོགས་ནི་ནུབ་བྱང་མཚམས་དག་ནས། །ཡང་ན་ཤར་ལྷོ་ལྷོ་ནུབ་ནས། །ཁམ་པ་ཟླ་གམ་ཟླུམ་པ་ནས། །དགུན་ཟླ་ར་བའི་ཚེས་གཅིག་ལ། །མཁལ་གཡོན་བདུན་ལ་སྙིང་རྩ་འོ། །བཅུ་གསུམ་མཁལ་མ་སྟོང་ལ་མཆེར། །སྙིང་རྩ་དྲག་ལ་གློ་རྩ་འདར། །མཆིན་རྩ་སྡོད་ལ་མཆེར་རྩ་འབྲུབ། །མཁལ་རྩ་བྱིང་ལ་སྙིང་རྩ་དགྲར། །ཞག་གསུམ་ཞག་བདུན་ཟླ་གསུམ་དགུ། །སྐྲངས་སམ་འབྲས་ལ་སོགས་པས་འཆི། །མཁལ་མ་རྩ་རྒྱས་སྙིང་རྩ་སྡོད། །གློ་འབྲུབ་མཆིན་པའི་རྩ་དྲག་ན། །མཆེར་པའི་རྩ་ནི་འདར་བ་ན། །དེ་ནི་ཟ་མ་ཞག་སོགས་འཚོ། །དགུན་ཟླ་འབྲིང་པོའི་ཚེས་གཅིག་ལ། །ལྒང་ཕུགས་ཚེས་བདུན་རྒྱུ་མའི་རྩ། །བཅུ་གསུམ་བསམ་ལེའུ་སྟོང་ལ་ཕོ་བའི་རྩ། །ལྒང་ཕུགས་བྱིང་ལ་རྒྱུ་རྩ་དྲག །ལོང་རྩ་དར་ལ་འཁྲིས་རྩ་སྡོད། །ཕོ་བའི་རྩ་འབྲུབ་ཕོ་རྩ་དགྲར། །ལྡང་སྟེ་ཞག་ལྔ་ལོ་ལྔ་དགུ། །ཚ་ནད་གྲང་བར་འགྱུར་ཏེ་འཆི། །ལྒང་བའི་རྩ་རྒྱས་རྒྱུ་རྩ་འདར། །ལོང་རྩ་འབྲུབ་ཅིང་རྩ་དྲག་ན། །ཕོ་རྩ་སྡོད་ན་ཕོ་བའི་ཞག །ཟ་མ་དག་ལ་འཚོ་བར་འགྱུར། །

ཕྱོགས་ནི་ལྷོ་ནུབ་སྐལ་ལ་གནས། །མདོག་ནི་དམར་སེར་གྲུ་གསུམ་དང་། །ཟླུམ་པོ་དག་གི་ས་བདག་གོ །དགུན་ཟླ་ཐ་ཆུངས་ཚེས་གཅིག་ལ། །བསམ་སེའུ་བདུན་ལ་ཕོ་བ་ཡི། །བཅུ་གསུམ་བསམ་སེའུ་སྟོང་རྒྱུ་མ། །བསམ་སེའུ་བྱིང་ལ་རྒྱུ་རྩ་འབྲུབ། །ལོང་རྩ་སྡོད་ལ་མཁྲིས་རྩ་འདར། །ཕོ་བ་ག་ལ་དགྲ་ལྡང་སྟེ། །ཉི་མ་གསུམ་མམ་བདུན་ལྔ་འམ། །ཟླ་གསུམ་ཟླ་བདུན་ལོ་གསུམ་བདུན། །སྐྱུགས་པ་བུ་ཏྲི་བསམ་སེའུ་ལུག །ནད་དེ་དག་གིས་འཆི་བར་འགྱུར། །བསམ་སེའུ་རྩ་རྒྱས་རྒྱུ་རྩ་འདར། །ལོང་རྩ་འབྲུབ་ལ་མཁྲིས་རྩ་དྲག །མཆེར་རྩ་དྲག་ན་ཕོ་བ་འོ། །

ཞག་དང་ཟ་མ་དག་ལ་ཐར། །ལྷོ་ནུབ་མཚམས་ནས་ས་བདག་དང་། །བཙན་དུ་བསྡོངས་སམ་ཡང་ན་ནི། །ས་སྲིན་དྲི་མོ་བསེན་མོ་གནོད། །ཁ་དོག་བྲག་དང་ཁམ་པ་ཡི། །གྲུ་གསུམ་ཟླ་གམ་དག་ནས་གནོད། །དཔྱིད་དང་དབྱར་དང་སྟོན་དང་དགུན། །ཞག་དང་ཟ་མ་ཕོ་མོ་ནི། །དབྱར་དགུན་ཐུང་བའི་འབྲིང་པོ་གཉིས། །སྟོན་དཔྱིད་འབྲིང་པོ་ཐུང་བ་འོ། །གནམ་སྟོང་ཟླ་བ་མཚན་མོ་རྒྱས། །དགུ་སྟོང་ཉི་མ་དག་དང་འགྲོགས། །བརྒྱད་གཉིས་ཡར་ཁམས་མར་ཁམས་སོ། །སྟོན་དཔྱིད་འབྲིང་པོ་མཉམ་དུ་མཉམ། །དབྱར་དགུན་འབྲིང་པོ་རིང་ཐུང་མཉམ། །ཉི་མ་ལྷོ་དང་བྱང་དུ་འགྲོ། །དོན་སྣོད་ཕོ་མོ་གཡས་གཡོན་འཁོར། །སྐྱེས་པའི་ཤར་ནི་མཆིན་པ་སྟེ། །བུད་མེད་ཀྱི་ནི་ནུབ་ཏུ་འོ། །སྙིང་ནི་ལྷོ་སྟེ་གློ་ནི་ནུབ། །མཁལ་མ་བྱང་སྟེ་མཆེར་པ་སྟེ། །ཤར་ལྷོ་ལྷོ་ནུབ་དག་ཏུ་སྟེ། །མཁལ་གཡོན་ནུབ་བྱང་བྱང་ཤར་ཏེ། །བུད་མེད་དེ་ལས་ལྡོག་པ་འོ། །མཁལ་མའི་དུས་སུ་གློ་ཡི་རྩ། །བསྐྱེད་པའི་མ་དང་ཕྲད་པ་སྟེ། །ཤིང་བྱུང་བུ་ཡི་དབང་ཐང་ཆེ། །སྙིང་བྱུང་ནོར་རྙེད་ས་ནི་དགྲ། །མཆིན་པའི་དུས་སུ་ཆུ་ཡི་རྩ། །བསྐྱེད་པའི་མ་དང་ཕྲད་པ་སྟེ། །མེ་བྱུང་དབང་ཐང་ཆེ་བ་འོ། །

ས་བྱུང་ནོར་རྙེད་ལྕགས་བྱུང་དགྲ། །སྙིང་གི་དུས་སུ་ཤིང་གི་རྩ། །བསྐྱེད་པའི་མ་དང་ཕྲད་པ་སྟེ། །ས་བྱུང་དབང་ཐང་ཆེ་བ་འོ། །ལྕགས་བྱུང་ནོར་རྙེད་ཆུ་ནི་དགྲ། །གློ་ཡི་དུས་སུ་བྱུང་བ་ནི། །བསྐྱེད་པའི་མ་དང་ཕྲད་པ་སྟེ། །བདེ་བྱུང་བུ་ནི་དབང་ཐང་ཆེ། །ཤིང་བྱུང་ནོར་རྙེད་མེ་ནི་དགྲ། །མཆེར་པའི་དུས་སུ་མེ་ཡི་རྩ། །བསྐྱེད་པའི་མ་དང་ཕྲད་པ་སྟེ། །བདེ་བྱུང་ལྕགས་ནི་དབང་ཐང་ཆེ། །ཆུ་བྱུང་ནོར་རྙེད་ཤིང་ནི་དགྲ། །དགྲ་རྩ་གཡབ་མོ་གཡོབ་པ་འདྲ། །མཐོ་དམན་ཀྱུག་ཀྱུག་འཁོར་ཞིང་འཁྱོག །མཆིན་རྩ་དར་བའི་དུས་དག་ཏུ། །གློ་དང་མཆེར་རྩ་བྱུང་བ་ནི། །མ་དང་ཕ་ལ་དགྲ་དག་འོང་། །

ཡང་ན་ཕ་མ་དགྲ་རུ་ལྡང་། །སྙིང་རྩ་དར་བའི་དུས་དག་ཏུ། །མཁལ་རྩ་གློ་རྩ་དག་བྱུང་ན། །རང་ལ་དགྲ་དག་གནོད་པ་སྟེ། །ཡང་ན་རང་དང་འདྲ་བར་ལྡང་། །མཁལ་རྩ་དར་བའི་དུས་དག་ཏུ། །ས་དང་མེ་ཡི་རྩ་བྱུང་ན། །མ་དང་བུ་སྲིང་ཆུང་མ་དང་། །སྲུ་མོ་ཡང་ན་ཞང་ཉེ་དགྲ། །གློ་རྩ་དར་བའི་དུས་དག་ཏུ། །མེ་དང་ཤིང་གི་རྩ་བྱུང་ན། །ཕ་དང་ཁུ་བོ་དགྲ་རུ་ལྡང་། །ཕ་ནི་དགྲར་ལྡང་ཡང་དེ་ཉིད། །མཆེར་རྩ་དར་བའི་དུས་དག་ཏུ། །ཤིང་དང་ཆུ་ཡི་དུས་བྱུང་ན། །བྲན་དང་བྲན་མོ་དག་དང་ནི། །སྨན་པ་དག་ནི་དགྲ་རུ་ལྡང་། །རྩ་སྨད་གྲིམས་ཤིང་རྩ་སྟོད་གྱེས། །བྱེད་ན་འདུག་ན་ཡུལ་དུ་ངན། །སྟོད་སྨད་འཁྱིག་ལ་དབུས་སུ་གྲིམས། །བྱེས་སུ་སོང་བ་དག་ལ་ངན། །ཡང་ན་ཕུ་མདའ་ཡུལ་དུ་དགྲ། །རང་ས་མཐོ་དམན་བྱེད་པ་ནི། །རང་ལ་དགྲ་ཡིས་ཚུགས་པ་འོ། །གཡས་པ་དེ་ལྟར་འདུག་པ་ནི། །ཁྱིམ་མཚེས་འདུག་ཡང་དགྲ་རུ་ལྡང་། །གཡོན་པ་རང་ལ་དགྲ་ལྡང་ངོ་། །གཡས་དྲག་གཡོན་དལ་ཕ་སྤུན་དགྲ། །ཀན་རྩ་འཁྱིག་ལ་ཕོ་འཇུག་རྩ། །དཔྱིད་ཟླ་ར་བ་དག་ལ་འོ། །སྟོང་ན་འགྲོ་སྟེ་སྟོན་ཟླ་ར། །རྒྱལ་ལ་དགྲ་ལྡང་དགུན་ཟླ་ར། །འབྲུབ་ན་གཤང་བུད་སེར་བ་འམ། །ར་མདའ་འོང་སྟེ་དབྱར་ར་བ། །དཔྱིད་ཟླ་འབྲུབ་ན་གོད་ཀ་འོང་། །འབྲིང་ལ་རྒྱལ་ལ་དགྲ་འཆི་འོ། །

ཐ་ཆུངས་གྲིམས་ཤིང་ཐང་བ་ནི། །བུ་སྲིང་ཚ་སྒྱུག་དག་ལ་ངན། །དབྱར་འབྲིང་གྲིམས་ཤིང་ཐང་བ་ནི། །ནོར་དང་ཕྱུགས་ལ་གོད་ཀ་འོང་། །ཐ་ཆུངས་རྩ་ཞན་སྙོམས་པ་ནི། །རང་གི་བྱ་བ་གྲུབ་པ་འོ། །སྟོན་ཟླ་ར་བའི་རྩ་དྲག་ན། །འཐབ་རྩོད་འོང་ངམ་འཐབ་དང་ཕྲད། །འབྲིང་པོ་བྱིང་ན་བུ་སྨད་དམ། །ཡང་ན་ཕ་ཚན་དག་ལ་ངན། །དགུན་ཟླ་གསུམ་ལ་འབྲུབ་ན་ནི། །ཡུལ་ངན་རླུང་འཚུབས་དག་བྱུང་སྟེ། །ལམ་བུ་ཞུགས་ན་དགྲ་འོང་ངོ་། །རྩ་ནི་ཕྲ་ཞིང་སྒང་སྒང་པོ། །མྱ་ངན་རྩ་ནི་སྲན་ཆུང་འདྲ། །དེ་འདྲ་སྟོང་ལ་འཐིབས་པ་སྟེ། །སྙིང་གི་དུས་སུ་མཆིན་རྩ་འཐིབས། །མ་ལ་ངན་ཏེ་སྙིང་རྩ་རང་། །མཆེར་པ་བུ་ལ་གློ་ནི་ནོར། །ཆུ་ལ་བྱུང་ན་དགྲ་ལ་འོ། །གློ་ལ་ཀྲིལ་ཀྲིལ་པུག་པུག་པོ། །འཐབ་མོ་མྱ་ངན་དག་གི་རྩ། །མཆེར་པ་མ་ལ་གློ་ནི་རང་། །མཁལ་མ་བུ་ལ་མཆིན་པ་ནོར། །སྙིང་ལ་དེ་འདྲ་བྱང་བ་ནི། །དགྲ་ལ་མྱ་ངན་དག་ཏུ་འོ། །མཁལ་མ་ཀྲིལ་ཀྲིལ་པུག་པུག་འཐིབས། །རང་ལ་ངན་ཏེ་གློ་ནི་མ། །ཤིང་བྱུང་བུ་སྟེ་མེ་ལ་ནོར། །ས་ནི་དགྲ་ལ་མྱ་ངན་ནོ། །མཆིན་པ་ཀྲིལ་ཀྲིལ་པུག་པུག་དང་། །འཐིབས་པ་རང་སྟེ་ཆུ་བྱུང་མ། །མེ་ལ་བྱུང་བ་བུ་དག་སྟེ། །ས་བྱུང་ནོར་ཏེ་ལྕགས་བྱུང་དགྲ། །མཆེར་པ་ཀྲིལ་ཀྲིལ་པུག་པུག་དང་། །འཐིབས་པ་རང་སྟེ་མེ་བྱུང་མ། །ཕྱི་མོ་ཞང་ཉེ་མ་སྲུ་འོ། །ས་བྱུང་ཕ་མེད་སྤུན་དག་གོ །ལྕགས་བྱུང་བུ་དང་ནུ་མོ་ལ། །ཆུ་བྱུང་ནོར་དང་ཕྱུགས་ལ་འོ། །ཤིང་ལ་བྱུང་ན་དགྲ་ལ་འོ། །བུ་དང་མནའ་མ་དག་ལ་ལྟ། །གཡོན་རྩ་རྩུབ་ན་བུ་ལ་ངན། །སྲིང་མོ་ལ་བལྟ་སྙིང་རྩ་འབྲུབ། །སྨན་པ་དབང་ཐང་རྩ་ལ་འོ། །ཆུང་མ་མཁལ་མ་གཡོན་པ་སྟེ། །ཆུང་མ་ན་ན་ཁྱོ་གའི་གཡས། །མཁལ་རྩ་པྲིག་པྲིག་འཐིབས་ན་ངན། །སོ་མ་རཱ་ཛ་ལས་དགྲ་རྩའི་ལེའུ་སྟེ་ཉེར་གཉིས་པའོ།།  །།

 

དེ་ནས་གདོན་གྱི་བྱེ་བྲག་བསྟན(སྡོད་ན)། །ཆེ་ཆུང་མཐོ(རེས)དམན(རེས)བྱེད་པའི་རྩ། །སྙིང་ནས་བཟུང་ནས་བརྟག་པ་ནི། །ཕྱོགས་དང་གྲངས་ནི་དམིགས་ཀྱིས་བཟུང་། །སྙིང་རྩ་འདར་ཞིང་པྲིག་པྲིག་འཕར། །བསྟེན་པའི་ལྷ་དང་མ་མོ་གནོད། །ཕ་དང་མེས་པོའི་བརྒྱུད་འདྲེ་གནོད། །མཆིན་རྩ་མཁྲིས་རྩ་འདར་ཞིང་སྡོད། །བསྟེན་པའི་བཙན་དང་གྲིར་ཤི་གནོད། །གློ་རྩ་ལོང་རྩ་འདར་ཞིང་སྡོད། །གཙུག་ལག་ཆོས་དཀོར་འདྲེ་དག་གནོད། །ཕོ་བ་མཆེར་པ་འདར་ཞིང་སྡོད། །ཐེའུ་རང་འགོང་པོ་མ་བདུད་གནོད། །མཁལ་མ(གཡས)ལྒང་ཕུགས་འདར་ཞིང་སྡོད། །ས་བདག་ཀླུ་གཉན་གནོད་པ་འོ། །མཁལ་གཡོན་བསམ་སེའུ་འདར་ཞིང་སྡོད། །གཙུག་ལག་ཁང་ངམ་ཡུལ་བདག་གི །ས་བདག་ས་སྲིན་ཀླུ་སྲིན་གནོད། །ཡང་ན་བན་བོན་དམོད་བྱད་གནོད། །གློ་རྩ་སྙིང་རྩ་འདར་ཞིང་སྡོད། །ལྷ་འདྲེ་མུ་སྟེགས་ཀྱིས་རྦད་པ། །ཤིང་ངམ་ཆུ་མིག་དག་ལས་ཆགས། །ཕྱོགས་ནི་ལྷོའམ་ནུབ་ནས་སོ། །

སྙིང་རྩ་གློ་རྩ་འབུར་བ་ན། །རང་རེས་བསྟེན་པའི་རྒྱལ་འགོང་གནོད། །གློ་རྩ་སྙིང་རྩ་གྲིམས་པ་ན། །སློབ་དཔོན་མཁན་པོ་བསྟེན་པ་གནོད། །སྟོང་ཞིང་རྐྱལ་ན་དུར་ཁྲོད་འདྲེ། །བྱིང་ཞིང་ཞར་ན་ཁང་པའི་འདྲེ། །འགྱུར་ན་ཞིང་ས་དག་ཡིན་ནོ། །གློ་རྩ་སྙིང་རྩ་ཆེ་ཆུང་བྱེད། །དཀོར་ཕྱིར་ནོར་གྱི་ལྷ་འདྲེ་གནོད། །སྙིང་རྩ་མཆིན་རྩ་གྲིམས་པ་ན། །ལྷ་མ་དགའ་བས་ཁྲུས་ཆོག་བྱ། །ཕྲ་ལ་གྲིམས་ན་དམར་དང་ཕྲད། །དྲག་ཅིང་སྟོང་ན་རྒྱལ་འགོང་སྟེ། །ཞན་ཞིང་འཐིབས་པ་མི་གཙང་ཟོས། །མཁལ་རྩ་མཆིན་རྩ་མཐོ་དམན་བྱེད། །ན་དང་ཆུ་མིག་ཤིང་གཉན་བཅད། །འབུར་ལ་འདྲིལ་བ་དག་བྱུང་ན། །བནྡེ་མུ་སྟེགས་དག་གི་རྦད། །ཕྲ་མ་གྲིམས་པ་ཁང་པ་ལ། །སྟོང་ཞིང་རྐྱལ་ནས་ས་སྲིན་གནོད། །ཞན་ཅིང་ཞར་ན་གཙུག་ལག་ཁང་། །རྙིང་པ་དག་གི་ས་བདག་གནོད། །བྱིང་ཞིང་ཞར་ན་མཁན་པོ་འམ། །སློབ་དཔོན་དག་གི་སྲུང་མ་བསྟེན། །གནས་ཆགས་པ་ཡི་ས་བདག་གནོད། །བྱིང་ཞིང་རྒུད་པ་མི་ཡི་རོ། །ས་བདག་སྟེང་དུ་བཏང་བ་ཡོད། །ཕྱོགས་དང་གྲངས་ནི་གང་གིས་དཔག །ཁང་པ་ཡུར་ཁ་ཞིང་ལ་གནས། །སྙིང་རྩ་ཕོ་རྩ་ཆེ་ཆུང་བྱེད། །ལྷ་དང་བསེན་མོ་ས་སྲིན་གནོད། །གློ་རྩ་སྙིང་རྩ་ཆོས་དཀར་འདྲེ། །རྒྱལ་པོ་སྲིན་པོ་དག་ཏུ་འོ། །སྙིང་རྩ་གློ་རྩ་དང་བསྡོང་བ། །ཀླུ་དང་གཤིན་རྗེ་གནོད་པ་འོ། །

མཆིན་རྩ་མཁལ་མ་རྩ་སྟོང་པ་ནི། །དྲི་ཟ་གནོད་སྦྱིན་དག་དང་བསྡོང་། །མཆེར་རྩ་མཆིན་རྩ་སྡོད་པ་ནི། །ཐབ་དང་མི་གཙང་བསྡོང་བ་འོ། །མཆེར་རྩ་གློ་རྩ་སྟོང་པ་ནི། །འཁོན་ནམ་ཡང་ན་གྲིར་ཤི་གནོད། །མཁལ་གཡོན་དག་གམ་སྟོང་པ་ལ། །ཆུ་རྒྱུད་འགྲིམས་པའི་ས་བདག་གནོད། །གློ་རྩ་སྟོང་པ་ལ་མཐོ་འམ། །བྲག་ལ་གནས་པ་དག་ཏུ་འོ། །མཆིན་རྩ་ཤིང་ལ་གནས་པ་སྟེ། །མཁལ་མ་གཡས་པ་ཆུ་ལ་གནས། །མཆིན་པ་ཤར་ཏེ་ཤིང་དག་གོ །སྙིང་ནི་མེ་འམ་དམར་ཏེ་ལྷོ། །གློ་ནི་སྔོན་པོ་ནུབ་ཏུ་འོ། །ཆུ་ནི་བྱང་སྟེ་དཀར་བའོ། །མཆེར་པ་ས་སྟེ་བྱང་ཤར་རོ། །ཤར་ལྷོ་སྔོ་ཁམ་ལྷོ་ནུབ་ནི། །དམན་ཁམ་ས་མདོག་འདྲ་བ་འོ། །མཁལ་གཡོན་དམར་ལྗང་ཆུ་རྒྱུད་དམ། །བྱང་ཤར་དཀར་ལྗང་ཤིང་གཅིག་གམ། །དམིགས་ཀྱི་ཕྱོགས་ནི་མེ་ཡིན་ཏེ། །འདི་རྣམས་ཕྱོགས་ནི་མི་འགྱུར་ངེས། །སོ་མ་རཱ་ཛ་ལས་གནོད་པའི་གདོན་རྩའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།།  །།

 

འཕྲོས་རྣམས་གཉིས་པར་གཟིགས་པར་ཞུ།

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་དང་པོ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥ ནས་ ༩༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *