ཕྱོགས་སྒྲིག་པའི་སྔོན་གླེང་།
བོད་ཟལ་མོ་སྒང་པ་ཞེས་སུ་གྲགས་པ་འཛམ་གླིང་གི་ཡང་སྟེང་དུ་གནས་པའི་བོད་མི་རིགས་འདི་ཉིད་ལ་གནམ་གྱིས་ས་བཀབ་པ་ལྟ་བུའི་སྔོན་བྱོན་དྲན་དབང་དམ་པ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལས། དམ་པའི་ཆོས་ཀྱིས་གཙོས་པའི་བཅུ་ཕྲག་རིག་པའི་གནས་ཀྱིས་ཡོངས་སུ་ཕྱུག་པའི་ཤེས་རིག་བང་མཛོད་ནི་སྲིད་པའི་མཐར་ཡང་ནུབ་པ་མེད་པ་ཞིག་མཆིས་པ་ལ་སུས་ཀྱང་བསྙོན་དུ་མེད་ཅིང་། དེ་ལས་རིག་གནས་བཅུའི་ཡ་གྱལ་གཞན་རྗེས་འཛིན་གྱི་ཐབས་མཆོག་དམ་པར་གྱུར་པའི་བོད་ཀྱི་གསོ་བ་རིག་པ་ནི།
རྗེ་གཡུ་ཐོག་ཆེན་པོས[1]། མི་ན་བར་གནས་པར་འདོད་པ་དང་། ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་གསུངས་པ་བཞིན་རིས་སུ་མ་ཆད་པའི་འགྲོ་བ་མིའི་རིགས་ལ་ཕན་པ་འབའ་ཞིག་སྒྲུབ་པའི་རིག་པ་ཞིག་སྟེ། དེར་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་ཞིང་། གཞུང་ལུགས་ཀྱི་ཆ་ལག་ཡོངས་སུ་ཚང་བར་མ་ཟད། སྨན་དཔྱད་ཀྱི་རིགས་ལམ་ཁྱད་དུ་འཕགས་པ་དང་། མན་ངག་ཉམས་མྱོང་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ་ཞིག་ལྡན་ཡོད།
དེས་ན་དེང་སྐབས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཚན་རིག་པ་མཁས་ཅན་དག་གིས་ཀྱང་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཞིབ་འཇུག་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་པར་མ་ཟད། གཞིས་བྱེས་གཉིས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལས་དོན་ཁག་སྒོ་ཀུན་ནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་གནང་སྟེ་ཉམས་དགའི་ཡུལ་ཁམས་ཤིག་ཏུ་བསྐྱལ་ཡོད། འོན་ཀྱང་ཕྱི་ནང་གི་འགལ་རྐྱེན་དུ་མའི་དབང་གིས་རང་རེའི་གསོ་རིག་ཐད་ཀྱི་གཞུང་མན་ངག་གི་གདམས་པ་གང་མང་ཉམས་ཉེས་སུ་གྱུར་དང་འགྱུར་མུས་ཡིན་པའང་ང་ཚོས་མིག་མཐོང་ལག་ཟིན་དུ་འཁུམས་ཤིང་། བོད་ཀྱི་གསོ་རིག་འདི་ཉིད་གནའ་བོའི་རིག་གནས་ཤིག་སྟེ། རང་རེའི་ལོ་རྒྱུས་ཡིག་ཚང་དང་ད་ཡོད་བསྟན་བཅོས་ཀྱི་དཀར་ཆག་ལྟར་ན། སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུ་དང་། མགོན་པོ་ཀླུ་སྒྲུབ། ཕ་ཁོལ་ཏེ་སློབ་དཔོན་དཔའ་བོ། སློབ་དཔོན་པདྨ་འབྱུང་གནས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་རྒྱ་གར་འཕགས་ཡུལ་གྱི་གསོ་རིག་མཁས་དབང་མང་དུ་བྱོན་པ་རྣམས་དང་། ལྷག་པར་གཡུང་དྲུང་བོན་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ནས་སྨན་པ་དུང་གི་ཐོར་ཅོག་ཅན་བར་དང་། ཡང་སྒོས་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནས་གཏེར་སྟོན་གྲྭ་པ་མངོན་ཤེས་ཅན་བར། ལོ་ཆེན་བཻ་རོ་ཙ་ན་ནས་ལོ་ཆེན་རིན་ཆེན་བཟང་པོའི་བར། བྱང་ཟུར་རྣམ་གཉིས་ནས་ཀོང་སྤྲུལ་ཡབ་སྲས་བར། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནས་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུའི་བར་སོགས་དྲང་སྲོང་མཁས་གྲུབ་རིམ་བྱོན་བགྲང་གིས་མི་ལངས་པ་རྣམས་ཀྱི་སྐུ་དྲིན་ལས། དཔལ་ལྡན་རྒྱུད་བཞིའི་དགོངས་འགྲེལ་དང་། ཡན་ལག་བརྒྱད་པའི་དགོངས་འགྲེལ་གཙོ་གྱུར་གསོ་རིག་གི་བསྟན་བཅོས་རི་རྒྱལ་ལྷུན་པོའི་གཏོས་དང་མཉམ་པའི་གཞུང་མན་ངག་གི་གསུང་རབ་དེ་དག་སྔར་ལྷག་བདག་གཅེས་སྲུང་སྐྱོབ་དང་། འཚོལ་སྡུད་ལེགས་སྒྲིག་བཅས་བྱ་རྒྱུ་ནི་ཐོག་མར་བསྒྲུབ་དགོས་པའི་རྨང་གཞིའི་ལས་ཀ་གལ་ཆེན་ཞིག་སྟེ། ཚེ་རིག་འཛིན་པ་རྣམས་ཀྱི་ཕྲག་ལ་རང་བཞིན་གྱིས་བབས་པའི་དུས་རབས་ཀྱི་འགན་འཁྲི་ཞིག་ཡིན།
དེའི་ཕྱིར་ང་ཚོས་ལོ་རྒྱུས་ཀྱི་ལས་འགན་དང་དུས་རབས་ཀྱི་བླང་བྱ་ལྟར། མདོ་དབུས་མཐོ་སྒང་ཞེས་པའི་ཐུན་མིན་ཁོར་ཡུག་ཁྲོད་དུ་འཕེལ་རྒྱས་བྱུང་བའི་གནའ་བོའི་གསོ་དཔྱད་རིག་པའི་སྲོག་དབུགས་རྒྱུན་བསྲིངས་བྱེད་ཅིང་། བོད་ཀྱི་གསོ་དཔྱད་རིག་པར་སྦྱང་བརྩོན་དང་། ཞིབ་འཇུག་བྱེད་པར་སྤྲོ་བ་བརྟས་པའི་རྣམ་དཔྱོད་ཅན་མང་པོར་རྒྱུ་ཆ་མཁོ་སྤྲོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བ། རང་ལུགས་ཀྱི་གཞུང་རྐང་འཛིན་པ་ལ་སྔར་ལས་སྨན་ཐོགས་ཐུབ་པ། ཉམ་ཐག་ནད་པའི་ལུས་སྲོག་ལ་གཟིར་བའི་ནད་རིགས་རྩ་མེད་དུ་འཇོམས་པར་ནུས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་། མན་ངག་ཟབ་མོའི་གདམས་པ་ཆིག་ཐུབ་ཀྱི་སྐོར་མང་དུ་བཙལ་ནས། ནད་ཀྱི་སྡུག་བསྔལ་ལས་སྐྱོབ་པར་རྔོ་ཐོགས་པ་བཅས། མདོར་ན། གངས་ཅན་གསོ་བ་རིག་པ་འདི་ཉིད་མིང་དོན་མཚུངས་པའི་སྒོ་ནས་རྒྱུད་འཛིན་ལེགས་པོ་ཞིག་བྱེད་སླད། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་གསོ་རིག་གི་གཞུང་ལུགས་ལག་ཏུ་སོན་ནོ་ཅོག་ཞུ་དག་དང་ཕྱོགས་སྒྲིག་ཞུས་པའོ།།
དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨན་དཔྱད་གསོ་རིག་གི་གསུང་འབུམ་གླེགས་བམ་དང་པོ་འདི་ཉིད་ནང་། བསྟན་འགྱུར་པར་མ་ཁག་བཞི་གར་མི་བཞུགས་ཤིང་། སྡེ་དགེ་ཤིང་དཔར་ལྟར་སྨན་དཔྱད་ཟླ་བའི་རྒྱལ་པོ་ལེའུ་བརྒྱ་དང་བཅུ་གསུམ་ཅན་པོད་གཅིག་ཕྱོགས་བསྒྲིགས་ཞུས་ཡོད།
ཐོག་མར་སྨན་དཔྱད་ཟླ་བའི་རྒྱལ་པོའི་མཛད་པ་པོར་དཔྱད་པ་ལ། དེ་ཡང་རྒྱ་གར་སྐད་དུ་སོ་མ་རཱ་ཛ་དང་། བོད་སྐད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོ་སྟེ། སོ་མ་ཟླ་བ་དང་། ཪཱ་ཛ་རྒྱལ་པོར་འཇུག་པས། མཚན་མོའི་མུན་ནག་གི་གྲིབ་མ་ཡོངས་སུ་སེལ་བ་ཚེས་གང་བཅོ་ལྔའི་ཟླ་བ་ལྟར་གསོ་བ་རིག་པའི་བརྗོད་དོན་ཆ་ལག་ཡོངས་སུ་ཚང་ལ། རྒྱུད་ལུང་མན་ངག་གིས་ཡོངས་སུ་ཕྱུག་ཅིང་ཕུན་སུམ་ཚོགས་པ། སྤྱི་ནོར་རྒྱལ་པོ་ལྟར་གསོ་རིག་ཀུན་གྱི་ཡང་རྩེའམ་རྒྱལ་པོ་ལྟ་བུ་ཡིན་པས་ན་སྨན་དཔྱད་ཟླ་བའི་རྒྱལ་པོ་སྟེ། རྒྱུད་དོན་རབ་རྒྱས་ལས[2]།
ཡུལ་དང་དཔེ་དང་གང་ཟག་དང་། །
གཞུང་ཚད་དོན་དང་ལྔ་ལ་བཏགས། །
ཞེས་གསུངས་པ་ལྟར། བསྟན་བཅོས་ལ་མཚན་འདོགས་ལུགས་མང་དུ་ཡོད་པ་ལས། བསྟན་བཅོས་འདི་ཉིད་ཀྱི་མཚན་བྱང་དཔེའི་སྒོ་ནས་བཏགས་པ་ཞིག་ཡིན་ནོ།།
སོ་མ་རཱ་ཛ་སྟེ་སྨན་དཔྱད་ཟླ་བའི་རྒྱལ་པོ་ནི། ཕྱི་ལོའི་དུས་རབས་བརྒྱད་པའི་སྐབས་སུ་བོད་དུ་བྱུང་བའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་གསོ་རིག་གི་གཞུང་ལུགས་ཆེན་པོ་ཞིག་དང་། རིན་ཐང་དང་བྲལ་བའི་དཔེ་རྙིང་ཞིག་ཀྱང་ཡིན་པར་མ་ཟད། བོད་ཀྱི་སྔོན་བྱོན་ལོ་པཎ་མཁས་གྲུབ་དམ་པ་རྣམས་ཀྱིས་ཚད་མར་འཛིན་པའི་འཚོ་བྱེད་ཀུན་གྱི་སྤྱི་ནོར་ཞིག་ཀྱང་ཡིན་པ་ཡོངས་སུ་གྲགས་ལ། ལྷག་པར་དུས་རབས་སྔ་ཕྱིར་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་དང་། ལག་ལེན་མང་དག་ཅིག་ཁྱབ་སྤེལ་བྱུང་བའི་ཁྲོད་ནས་ད་ཡོད་མཇལ་དུ་ཡོད་པའི་སྨན་གཞུང་ཆེས་སྔ་ཤོས་ཤིག་ཀྱང་ཡིན་ནོ།།
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལས[3]། རྒྱུད་བཞི་བཀའ་བསྟན་གྱི་གཞུང་དུ་མེད་པས་བོད་མ་རེད་ཅེས་གསུང་མཁན་རིགས་གཅིག་དང་། ལ་ལས་ལེགས་སྦྱར་ནས་བོད་སྐད་དུ་སྒྱུར་བ་ཞིག་ཡིན་ཚུལ་དང་། འགའ་ཞིག་གིས་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པ་རེད། ཅེས་གསུང་སྲོལ་མི་འདྲ་བ་སྣ་ཚོགས་ཡོང་གི་འདུག །ཡང་གཡུ་ཐོག་ཡོན་ཏན་མགོན་པོ་སྔ་མས་མཛད་ཅིང་། གཏེར་ལ་སྦས་པ་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ནས་བཞེས་པས་གཏེར་མ་ཡིན་ཞེས་འདོད་ལུགས་གཅིག་ཀྱང་ཡོད། ལེགས་སྦྱར་གྱི་སྐད་ལ་བེད་སྤྱོད་མེད་པ་མང་པོ་ཞིག་རྒྱུད་བཞིའི་ནང་དུ་ཡོད་ཚུལ་གོ་ཐོས་བྱུང་། དེས་ན་ལེགས་སྦྱར་ནས་བསྒྱུར་བ་ཞིག་མིན་པར་བོད་མ་ཡིན་པ་གསལ་པོ་ཡིན། རྒྱུད་བཞིའི་ནང་སོ་མ་རཱ་ཛ་སྟེ་སྨན་དཔྱད་ཟླ་བའི་རྒྱལ་པོའི་ལུང་མང་དུ་དྲངས་ཡོད་པས། སྨན་དཔྱད་ཟླ་བའི་རྒྱལ་པོ་དེ་རྒྱུད་བཞིའི་སྔོན་དུ་ཡིན་པའང་གསལ་པོ་ཡིན། ཞེས་དང་། ཡང་རྒྱུད་བཞི་ནི་བསྟན་འགྱུར་ནང་མེད་པས་དེ་དག་བོད་ཀྱི་རིག་གཞུང་ཡིན་ནམ་མིན་ཞེ་ན་ཡིན་ཞེས་བརྗོད་ཐུབ། འོན་ཀྱང་དེ་དག་བཀའ་བསྟན་གྱི་གཞུང་དུ་མེད་སྟབས་དཔལ་ནཱ་ལེནྡྲའི་གཞུང་མིན་པ་ལྟ་བུ་ཞིག་ཆགས་ཡོད། ཅེས་གསུངས་པ་ལྟར་སོ་མ་རཱ་ཛ་ནི་རྒྱུད་གཞིའི་སྔོན་དུ་བྱུང་ཞིང་། རྒྱུད་བཞིའི་ཁུངས་གཏུག་ས་གཙོ་ཞིག་ཀྱང་ཡིན།
དེ་ལྟ་བུའི་སྨན་དཔྱད་སོ་མ་རཱ་ཛ་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[4]། སྨན་དཔྱད་ཟླ་བའི་རྒྱལ་པོ་ནི། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་ནག་གི་ཧྭ་ཤང་མཧཱ་ཡ་ན་དང༌། ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བའི་རྒྱ་ནག་གི་སྨན་གཞུང་ཞིག་སྟེ། དེ་མཛད་པ་པོ་འཕགས་པ་འཇམ་དཔལ་ལ་བཞེད་པ་དང༌། སློབ་དཔོན་ཀླུ་སྒྲུབ་ལ་བཞེད་པ། རྒྱ་ནག་གི་སྨན་པ་མཁས་པ་ཞིག་ལ་བཞེད་པ། མཁས་མང་མཉམ་དུ་བགྲོས་ནས་བརྩམས་པར་བཞེད་པ་བཅས་མི་འདྲ་བ་མཆིས་སོ། །ཞེས་གསལ་བ་ལྟར། གཞུང་འདིའི་མཛད་པ་པོ་སུ་ཡིན་དང་། དུས་རབས་ནམ་ཞིག་ལ་བྱུང་མིན། བོད་དང་རྒྱ་དཀར་ནག་གང་གི་གཞུང་ཡིན་མིན། དེ་བཞིན་རྒྱ་གར་ནས་འགྱུར་བ་དང་། རྒྱ་ནག་ནས་འགྱུར་བ། བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་ཡིན་པ་སོགས་བཞེད་ཚུལ་མང་དུ་སྣང་ངོ་།།
ཡོངས་གྲགས་ལྟར་ན། སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་ཞེས་པའི་གཞུང་དེ་ནི་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་རྙིང་གྲགས་ཅན་ཞིག་ཡིན་པར་ཀུན་གྱིས་ཁས་འཆེས་མོད། གཞུང་འདི་ཉིད་ཀྱི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་དང་། གཞུང་ལུགས་ཀྱི་མ་ལག །འཕེལ་རྒྱས་ཀྱི་བརྒྱུད་རིམ། གཞུང་གི་བརྗོད་དོན། སྤྱི་ཚོགས་ཀྱི་རྒྱབ་ལྗོངས། ཤེས་རིག་གི་འཕེལ་འགྱུར་བཅས་ལ་གཞིགས་ན། དུས་རབས་བརྒྱད་པའི་སྐབས་རྒྱ་ནག་གི་གསོ་རིག་བསྟན་བཅོས་ཤིག་ལ་དཔེ་ཞུས་ཏེ་བོད་ཡིག་ཏུ་བསྒྱུར་ཚུལ་དང་། ཡང་ན་མཁས་པ་ཆེ་གེ་མོས་དུས་སྐབས་དེར་སྟན་ཐོག་གཅིག་ལས་ཅིག་ཅར་དུ་བྱུང་བར་འདོད་[5]པ་སོགས་མང་དུ་མཆིས་སོ།།
ཀ༽ རྒྱལ་པོ་སུའི་སྐབས་སུ་བྱུང་བ་དང་ལོ་པཎ་གང་དག་གིས་བསྒྱུར་བ་ནི། དེ་ཡང་སོ་མ་རཱ་ཛ་སྡེ་དགེའི་པར་མའི་མཇུག་བྱང་ལས[6]། འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱ་ནག་གི་བེ་ཅི་ཧངྐ་མཧཱ་ལ་དཔེ་ཞུས་ཏེ་ཧྭ་ཤང་མ་ཧཱ་ཡ་ན་དང་། བཻ་རོ་ཙ་ནས་བསྒྱུར་བའོ། །ཞེས་ཁྲི་སྲོང་གི་སྐུ་རིང་ལ་བྱུང་བར་གསལ་ལ། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་གསོ་རིག་ཁོག་འབུགས་ལས[7]། མེས་ཨག་ཚོམ་གྱི་སྲས་ལྗང་ཚ་ལྷ་དབོན་གྱི་ཇོ་མོར་རྒྱ་ནག་ནས་གྱིམ་ཤིང་ཀོང་ཇོ་བསུས་པ་དེས་རྩིས་སྨན་མང་དུ་འཁྱེར་བ་ཧྭ་ཤང་མ་ཧཱ་ཀྱིན་ད་དང་། རྒྱ་ཕྲུག་གར་མཁན། ཁྱུང་པོ་ཙེ་ཙེ། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཀྱིས་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་ལེའུ་བརྒྱ་བཅོ་ལྔ་པས་གཙོ་བྱས་མང་དུ་བསྒྱུར། ཅེས་མེས་ཨག་ཚོམ་གྱི་སྲས་ཀྱི་སྐུ་དུས་སུ་རྒྱ་ནག་ནས་འཁྱེར་ཞིང་བོད་དུ་བསྒྱུར་བར་གསུངས་པ་ལས་མཛད་པ་པོའི་མཚན་བཀོད་མེད།
དེ་བཞིན་སྨན་དཔྱད་ཟླ་བའི་རྒྱལ་པོའི་མཇུག་བྱང་དང་འགྱུར་བྱང་ལས[8]། བདུད་རྩི་སྨན་གྱི་ནུས་པ་བསྟན་པའི་ལེའུ་སྟེ། བརྒྱ་ཐམ་པ་དང་བཅུ་གཉིས་པའོ[9]། །སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ་རྫོགས་སྷོ། །རྒྱ་གར་གྱི་མཁན་པོ་ཀྲི་སྣ་པཎྜི་ཏ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཆོས་ཀྱི་ཤེས་རབ་ཀྱིས། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན་སྐད། ཅེས་ཧྭ་ཤང་མ་ཧཱ་ཡ་ན་དང་། བཻ་རོ་ཙ་ནས་བསྒྱུར་བ་དང་། ཧྭ་ཤང་མ་ཧཱ་ཀྱིན་ད་དང་། རྒྱ་ཕྲུག་གར་མཁན། ཁྱུང་པོ་ཙེ་ཙེ། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཀྱིས་བསྒྱུར་བ། རྒྱ་གར་གྱི་མཁན་པོ་ཀྲི་སྣ་པཎྜི་ཏ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་བཅས། སྒྱུར་བྱེད་ལོ་པཎ་གང་དག་ཡིན་མིན་ལའང་བཞེད་ལུགས་མི་མཐུན་པ་གསུམ་བྱུང་ངོ་།།
ཁ༽ རྒྱ་དཀར་ནག་གང་གི་སྐད་ལས་བསྒྱུར་བ་ནི། སྨན་དཔྱད་ཟླ་བའི་རྒྱལ་པོ་རྒྱ་ནག་ནས་བསྒྱུར་བ་བཞུགས་སོ་ཞེས་པ་ལས[10]། རྒྱ་གར་སྐད་དུ། སོ་མ་རཱ་ཛ་བི་ཤ་ཏེ་ན་མ། བོད་སྐད་དུ། སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཞེས་རྒྱ་ནག་གི་སྐད་དམ་རྒྱའི་སྐད་དུ་ཞེས་མི་འབྱུང་ཞིང་། བསྟན་བཅོས་ཀྱི་མཚན་སཾ་བོད་སྐད་གཉིས་ཤན་སྦྱར་ཐོག་བཀོད་ཡོད་པར་མ་ཟད། མཇུག་བྱང་དང་འགྱུར་བྱང་དུའང་སོ་མ་རཱ་ཛ་ལས། བདུད་རྩི་སྨན་གྱི་ནུས་པ་བསྟན་པ་སྟེ། ལེའུ་བརྒྱའ་བཅུའ་གཅིག་པའོ། །སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ་རྫོགས་སྷོ། །འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དྲིན་ལ། རྒྱ་ནག་གི་བེ་ཅི་ཧྭ་དཀར་རྒྱ་དཔེ་ཞུས་ཏེ། ཧྭ་ཤང་མ་ཧཱ་ཡ་ན་དང་། བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ། །ཞེས་བྱུང་ངོ་།།
དེ་བཞིན་བསྟན་བཅོས་ཀྱི་དབུར་རྒྱ་གར་སྐད་དུ་ཞེས་བྱུང་བ་ལས། བསྟན་བཅོས་འདི་ཉིད་ལེགས་སྦྱར་ནས་བོད་སྐད་དུ་སྒྱུར་བ་ཞིག་དང་། དེ་ཡང་ལེགས་སྦྱར་ནས་བོད་འགྱུར་གནང་བའམ། ལེགས་སྦྱར་ནས་ཐོག་མར་རྒྱའི་སྐད་དུ་བསྒྱུར་ཅིང་། རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་པ་ལས། རྒྱའི་མཁས་པའི་བརྩམས་པའི་གསོ་རིག་གི་བསྟན་བཅོས་ཤིག་མིན་པ་ནི། སཾ་བོད་སྐད་གཉིས་ཤན་སྦྱར་གྱི་མཚན་བྱང་ལས་རྟོགས་པར་གྱུར་ལ། གཞུང་ལུགས་འདི་ཉིད་འཇམ་དཔལ་གྱི་གསུང་རྒྱ་ནག་ཏུ་བསྒྱུར་ཅིང་། དེ་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་ཞེས་བརྗོད་སྲོལ་ཡང་རང་ཅག་བོད་ན་ཡོད་པས་སོ།།
འོན་ཀྱང་རྒྱའི་སྐད་ལས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་ཚེ། སྨན་དཔྱད་ཟླ་བའི་རྒྱལ་པོ་རྒྱ་ནག་གི་སྐད་ཐོག་ཡོད་དགོས་ཀྱང་དེ་ལྟར་བསྟན་དུ་མེད་པར་མ་ཟད། རྒྱའི་གསོ་རིག་གི་ལོ་རྒྱུས་ནང་དུའང༌རྒྱའི་སྐད་ལས་བོད་སྐད་དུ་བསྒྱུར་ཚུལ་མི་གསལ་ཁར། སྨན་དཔྱད་ཟླ་བའི་རྒྱལ་པོའི་གཞུང་དོན་ལ་དཔྱད་ནའང་། རྒྱ་ནག་ཀྲུང་ལུགས་གསོ་རིག་གི་ཐུན་མིན་གྱི་ལྟ་བ་དང་། རྒྱའི་ཡུལ་སྲོལ་གོམས་གཤིས་དང་འཚམ་པའི་ཐུན་མོང་མིན་པའི་བརྗོད་དོན་མཚོན་བྱེད་ཀྱང་རྙེད་དུ་མེད་པས་དཔྱད་དགོས་པ་མང་དུ་སྣང་ངོ་།།
དེ་ལྟར་སྨན་དཔྱད་ཟླ་བའི་རྒྱལ་པོའི་གཞུང་འདི་ཉིད་བཙན་པོ་མེས་ཨག་ཚོམ་གྱི་སྐུ་དུས་སུ་བྱུང་བ་དང་། ཁྲི་སྲོང་ལྡེའུ་བཙན་སྐབས་བསྒྱུར་ཚུལ། རྒྱ་གར་གྱི་འགྱུར་ཡིན་ཚུལ། རྒྱ་ནག་གི་འགྱུར་ཡིན་ཚུལ་བཅས་ཀྱི་འདོད་ཚུལ་མང་ལ། སྒྱུར་བ་པོའི་ངོས་ནས་བརྗོད་ནའང་། ཧྭ་ཤང་མ་ཧཱ་ཡ་ན་དང་། བཻ་རོ་ཙ་ནས་བསྒྱུར་བ་དང་། ཧྭ་ཤང་མ་ཧཱ་ཀྱིན་ད་དང་། ཁྱུང་པོ་ཙེ་ཙེ། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར། རྒྱ་ཕྲུག་གར་མཁན་བཅས་ཀྱིས་བསྒྱུར་བ། རྒྱ་གར་གྱི་མཁན་པོ་ཀྲི་སྣ་པཎྜི་ཏ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་སོགས་བཞེད་ཚུལ་མི་མཐུན་པ་མང་དུ་ཡོད།
ག༽ མཛད་པ་པོ་གང་གིས་མཛད་པ་ནི། མཛད་པ་པོ་རྗེ་བཙུན་འཇམ་དབྱངས་ལ་བཞེད་པ་དང༌། སློབ་དཔོན་ཀླུ་སྒྲུབ་ལ་བཞེད་པ། རྒྱ་ནག་གི་སྨན་པ་མཁས་པ་ཞིག་ལ་བཞེད་པ། མཁས་མང་མཉམ་དུ་བགྲོས་ནས་བརྩམས་པར་བཞེད་པ་བཅས་བཞི་ལས། ༡༽ རྗེ་བཙུན་འཇམ་དབྱངས་ཀྱིས་གསུངས་པའི་ཚུལ་ནི། དེ་ཡང་སྨན་དཔྱད་ཟླ་བའི་རྒྱལ་པོའི་གླེང་གཞི་ལས[11]།
དེ་ནས་འཕགས་པ་འཇམ་དཔལ་གྱིས། །འཛུམ་པ་ལན་གསུམ་དུ་མཛད་ནས། །
གསུངས་པ་སྟོན་པས་ལུང་བསྟན་པ། །ཁྱེད་ནི་ཐུགས་རྗེ་ལྡན་པའི་སྐུ། །
ཤེས་རབ་ཟབ་མོའི་སྟོབས་ལྡན་པའི། །ཀླུ་སྒྲུབ་ཁྱོད་ལ་བཤད་པར་བྱའོ། །
ཞེས་རྗེ་བཙུན་འཇམ་དབྱངས་ཀྱིས་མགོན་པོ་ཀླུ་སྒྲུབ་ལ་གསུངས་པར་གསལ་ལ། དེ་བཞིན་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས་[12]ཀྱང་། འཇམ་དཔལ་གྱིས་རི་བོ་རྩེ་ལྔར་གསུངས་པར་གྲགས་པའི་སོ་མ་རཱ་ཛ་ལེའུ་བརྒྱ་བཅུ་གཉིས་དང་། ཞེས་རྗེ་བཙུན་འཇམ་དབྱངས་ཀྱིས་རྒྱ་ནག་ཏུ་གསུངས་པ་དང་། ཕྱི་རྒྱུད་ཀྱི་བཻ་སྔོན་དུ་རི་བོ་རྩེ་ལྔར་གསུངས་པའི་སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ། ཞེས་དང་། གཞན་ཡང་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[13]། སྨན་གཞུང་ཟླ་བའི་རྒྱལ་པོ་ནི། འཕགས་པ་འཇམ་དཔལ་གྱིས་རི་བོ་རྩེ་ལྔར་གསུངས་ནས་སླར་རྒྱ་གར་དུ་དར་ཞེས་གཡའ་སེལ་ལས་གསུངས་ཞེས་བྱུང་བ་ལྟར་རོ།།
གཞན་ཡང་སྨན་དཔྱད་སོ་མ་རཱ་ཛའི་དཔེ་ཐོ་གསལ་བ་ལས་[14]ཀྱང་། ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་སྐུ་བལྟམས་པའི། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ་ངས། །རིག་པའི་གནས་ལྔ་ལ་མཁས་པ་དེས། །འགྲོ་བ་མི་ལ་ཕན་གདགས་པའི་ཕྱིར། །གསོ་རིག་བསྟན་བཅོས་ཞུས་སོ། །འཕགས་པ་འཇམ་ད་་པལ་སྤྲུལ་པའི་སྐུས། །འགྲོ་བའི་དོན་དུ་གསུངས་པའི་ཕྱིར། །གནས་རྒྱའི་རི་བོ་རྩེ་ལྔའི་དབུས་ཀྱི་རི་ལ་བཞུགས་པས། མི་རིགས་ལྔ་དང་།
འབྱུང་བ་ལྔ་དང་། ཁམས་ལྔ་དང་། དུག་ལྔ་དང་། སྨན་ལྔའི་རི་ཡི་རྩེ་མོ་འཁོར་དྲང་སྲོང་ལྔ་ལྔས་བསྐོར་བ་གསོ་བ་རིག་པའི་བཀའ། སྨན་དཔྱད་སོ་མ་རཱ་ཛ་ཞེས་བྱ་བ། སྨན་སླ་ལ་ནུས་པ་ཆེ་བ། ཕྱི་རབས་ཀྱི་སེམས་ཅན་བློ་དམན་པ་རྣམས་ཀྱིས་གོ་སླ་བ། ཡིག་ཚོགས་ཆུང་ལ་དོན་འདུས་པ། དཔེར་ན། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལྟ་བུ་ཐབས་མང་བ། འབྲས་བུ་ཆེ་བ་འདི་ཡང་སྨན་དཔྱད་ཟླ་བས་ནད་ལས་ཐར་བར་ནུས། ཞེས་སོགས་སྨན་དཔྱད་ཟླ་བའི་རྒྱལ་པོའི་མདོ་ལ་ལེའུ་བརྒྱ་དང་བཅུ་གསུམ་ཡོད་པར་གསུངས་པ་འདི་ཉིད་མཆོད་བརྗོད་དང་གླེང་གཞི་ལས། མགོན་པོ་ཀླུ་སྒྲུབ་ཀྱིས་ཞུས་ཤིང་། རྗེ་བཙུན་འཇམ་དབྱངས་ཀྱིས་གསུངས་པར་གསལ་ལོ།།
ལྷག་པར་སྨན་དཔྱད་ཟླ་བའི་རྒྱལ་པོ་ལག་བྲིས་མའི་དབུ་ལྷའི་མཚན་བྱང་དུའང་། པཉྩ་ཤྲཱིངྒའི་གནས་མཆོག་ཏུ། །ལུང་འདི་སྟོན་མཛད་འཇམ་དཔལ་དབྱངས། །ཞེས་དང་། གསོ་དཔྱད་བསྟན་བཅོས་ཆེན་པོ་འདི། །ཞུ་མཛད་ནཱ་གཱ་རྫུ་ནའི་ཞབས། །ཞེས་གསུང་བ་པོ་དང་། ཞུ་བ་པོའི་བརྐོས་རིས་དང་མཚན་བྱང་གསལ་བར་བྱུང་བ་དང་། ཡང་སྒོས་སྨན་དཔྱད་ཟླ་བའི་རྒྱལ་པོའི་བསྟན་བཅོས་རང་དུ་གསུང་ཡུལ་རྒྱ་ནག་རི་བོ་རྩེ་ལྔར་གསུང་བ་པོ་འཕགས་པ་འཇམ་དཔལ་གྱིས་ཞུ་བ་པོ་ཀླུ་སྒྲུབ་ལ་གསུངས་པ་དང་། གསུང་ཚུལ་ཡང་ཞུ་བ་ཞུས་ལེན་གྱི་ལམ་ནས་གསུངས་པ་བཅས་གསལ་བར་བྱུང་ངོ་།།
དེ་ལྟར་སྨན་དཔྱད་ཟླ་བའི་རྒྱལ་པོ་ནི། རྗེ་བཙུན་འཇམ་དབྱངས་ཀྱིས་གསུངས་པ་དང་། དེ་ཡང་རྒྱ་ནག་ཏུ་གསུངས་པ་གཅིག་མཐུན་དུ་བྱུང་ཞིང་། རྒྱ་ནག་གི་སྐད་ལས་བོད་སྐད་དུ་བསྒྱུར་བ་ལྟར་འཁོད་ཡོད། དེས་ན་རྗེ་བཙུན་འཇམ་དབྱངས་ཀྱིས་རྒྱ་དཀར་ནག་གང་གི་སྐད་དུ་གསུངས་མིན་མི་གསལ་མོད། བསྟན་བཅོས་ཀྱི་མཚན་བྱང་ལྟར་ན། རྒྱ་གར་སྐད་དུ་ཞེས་བྱུང་ཡང་འགྱུར་བྱང་ལྟར་ན་རྒྱ་ནག་གི་སྐད་ལས་བསྒྱུར་བར་གསལ་བས། བསྒྱུར་བྱའི་མ་ཡིག་རྒྱ་དཀར་ནག་གང་གི་སྐད་ཡིག་ཡིན་མིན་ཡང་བསམ་དགོས་པ་ཞིག་གོ།
དེ་བཞིན་སྨན་དཔྱད་ཟླ་བའི་རྒྱལ་པོའི་འགྱུར་བྱང་དང་མཇུག་བསྡུ་ལས་[15]ཀྱང་། སོ་མ་རཱ་ཛ་ལས་དྲང་སྲོང་བཞི་ལ་གཏད་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་འཕགས་པ་འཇམ་དཔལ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ། །སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ། །འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་ནག་གི་བེ་ཅི་ཧངྐ་མ་ཧཱ་ལ་དཔེ་ཞུས་ཏེ། ཧྭ་ཤང་མ་ཧཱ་ཡ་ན་དང་། བཻ་རོ་ཙ་ནས་བསྒྱུར་བའོ། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཞུས་ནས་འཕགས་པ་འཇམ་དཔལ་གྱིས་དྲང་སྲོང་བཞི་ལ་བསྟན་པ་དང་། རྗེས་སུ་ཧྭ་ཤང་མཧཱ་ཡ་ན་དང་བཻ་རོ་ཙ་ན་གཉིས་ཀྱིས་བོད་དུ་བསྒྱུར་བ་ཞིག་ཡིན་པ་གསལ་བར་བྱུང་བ་ནི། ཡིག་ཆ་ལྟར་གྱི་དཔྱད་གཞི་ཁ་གསལ་ཤོས་དེ་ཡིན་ལ། འདི་དག་ལ་བརྟེན་ནས་མཛད་པ་པོ་རྗེ་བཙུན་འཇམ་དབྱངས་ལ་བཞེད་པ་དང་། འཕགས་པ་ཀླུ་སྒྲུབ་ལ་བཞེད་པ་གཉིས་བྱུང་ངོ་།།
༢༽ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་བཞེད་པ་ནི། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བཅུ་ཕྲག་རིག་གནས་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་པ་དང་རྒྱ་ཆེ་བའི་ལེགས་བཤད་རིན་ཐང་བྲལ་བ་མང་དུ་མཛད་པ་ལས། སོ་མ་རཱ་ཛ་ཞེས་པའི་གསོ་རིག་གི་བསྟན་བཅོས་འདི་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མགོན་པོ་ཀླུ་སྒྲུབ་ལ་འགྲོ་ཀུན་ལུས་སེམས་ཚད་གདུང་ནད་སེལ་གྱི་སླད་དུ་གསོ་རིག་ཟླ་བའི་རྒྱལ་པོ་བཀའ་སྩལ་པ་བཞིན་རྒྱ་གར་འཕགས་ཡུལ་དང་། མཧཱ་ཙི་ནའི་ཡུལ། བོད་གངས་ཅན་གྱི་ལྗོངས་སོགས་སུ་བགྲང་ཡས་འགྲོ་བ་ཀུན་གྱི་ལུས་སེམས་འདུ་འཁྲུགས་ནད་ཀྱི་ཟུག་རྔུ་རྣམས་སེལ་བའི་གསོ་རིག་ཟླ་བའི་རྒྱལ་པོ་འདི་ཉིད་ཆོས་རྒྱལ་གྱི་ཐུགས་རྗེ་བོད་དུ་གདན་དྲངས་ནས་སྤྲུལ་པའི་ལོ་ཆེན་བཻ་རོ་ཙཱ་ན་དང་། རྒྱ་ནག་གི་ཧྭ་ཤང་མཧཱ་ཡ་ན་དང་ལྷན་དུ་བོད་སྐད་དུ་བསྒྱུར་ནས་བོད་ཀྱི་འགྲོ་བའི་ནད་གདུང་སེལ་བར་མཛད། འདི་ལ་ཕྱིས་བྱོན་པའི་མཁས་པ་འགའ་ཞིག་གིས་སྐབས་བབས་དགོས་དབང་གིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་མིན་ཐེ་ཚོམ་མཛད་ཀྱང་། ཨོ་རྒྱན་སངས་རྒྱས་གཉིས་པས་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་པ་སྟེ། ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[16]།
ཀླུ་སྒྲུབ་མཛད་པའི་སོ་མ་རཱ་ཛ་དང་། །
བདུད་རྩི་ཐིགས་པ་བདུད་རྩི་བུམ་པ་དང་། །
ཕ་གོལ་མ་གོལ་ཡན་ལག་བརྒྱད་པ་དང་། །
ཨུ་རྒྱན་པདྨས་མཛད་པའི་བེ་བུམ་སྐོར། །
ཞེས་སོ་མ་རཱ་ཛ་སྟེ་སྨན་དཔྱད་ཟླ་བའི་རྒྱལ་པོ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་གསལ་བར་གསུངས་ལ། དེ་མཚུངས་དམུ་དགེ་བསམ་གཏན་རྒྱ་མཚོས་ (1914-1993) མཛད་པའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་ཅུང་ཟད་བརྗོད་པ་ལས་[17]ཀྱང་། སྨན་པ་འབུམ་རམས་པ་བྱ་བའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་། ཕྱོགས་རིགས་ཀྱི་སྨན་པ་དགུས་བསྒྱུར་བའི་གསོ་དཔྱད་ཀྱི་དཔེ་རྣམས་དང་། བོད་ཀྱི་མཁས་པ་མི་དགུས་མཛད་པའི་དཔེ་རྣམས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་སོ་མ་རཱ་ཛ་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་བདུད་རྩིའི་བུམ་པ། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དྲང་སྲོང་དཔལ་ལྡན་ཕྲེང་བས་མཛད་པའི་དྲང་སྲོང་སྙན་བརྒྱུད། ཁ་ཆེའི་པཎྜི་ཏ་ཟླ་དགས་མཛད་པའི་ཚིག་དོན་ཟླ་ཟེར་སོགས་ཀྱི་རྩ་འགྲེལ་ཁ་སྐོང་ཆ་ལག་རྣམས་བློ་ལ་ཐོན་ཅིང་། དེ་དག་གི་དོན་ལག་ལེན་དུ་སྒྲིལ་ཤེས་པ་ལ་བྱའོ། །ཞེས་བསྟན་བཅོས་སོ་མ་རཱ་ཛ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ལོ།།
དེ་བཞིན་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས་[18]ཀྱང་། ཀླུ་སྒྲུབ་ཀྱིས་བཟོ་རིག་པའི་བསྟན་བཅོས་བཟོའི་གནས་སུམ་ཅུ་པ་ལ་སོགས་པའམ། བློན་པོའི་དོན་དུ་ཤེས་རབ་བརྒྱ་པའམ། བཙུན་མོའི་དོན་དུ་སྤོས་ཡིག་ལ་སོགས་པ་མཛད། གསོ་བ་རིག་པའི་བསྟན་བཅོས་ཀྱང་སོ་མ་ར་རྩ་དང༌། འཚོ་བའི་མདོ་དང་། ཡན་ལག་བརྒྱད་པ་དང༌། སྒྲ་པ་ཎི་རྩ་འགྲེལ་ལ་སོགས་པ་མཛད་དེ། དེ་དག་ནི་བསྟན་ཆོས་ཤིང་རྟ་ཆེན་པོའི་སྲོལ་གཅིག་གོ །ཞེས་སོ་མ་རཱ་ཛ་སྟེ་སྨན་དཔྱད་ཟླ་བའི་རྒྱལ་པོ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་སོ།།
ལྷག་པར་བསྟན་བཅོས་སོ་མ་རཱ་ཛ་འདི་ཉིད་རྒྱ་གཞུང་ཡིན་པ་ནི། གཡུ་ཐོག་སྙིང་ཐིག་ལས[19]། བདག་འདྲ་གཡུ་ཐོག་མགོན་པོ་ནི། །མི་ལོ་བདུན་ཅུ་རྩ་དྲུག་ཏུ། །རིན་ཆེན་གསོ་དཔྱད་རྒྱུད་ཐོས་པས། །ཀུན་ཏའི་ཞིང་དུ་ལྕང་ལོ་ནག་པོའི་རྒྱུད། །ཝཱ་རཱ་ཎ་སཱིར་ཡན་ལག་བརྒྱད་པ་དང་། །སོ་མ་རཱ་ཛ་ཕན་པའི་མདོ་དང་ནི། །རིན་ཆེན་སྤུངས་པ་ཞེས་བྱ་ཀུ་མུ་ཏ། །རེག་པ་རྩ་མདོ་སྲོག་སྐྱབས་ཏི་ཀ་ཐོས། །ཞེས་གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་དུ་སྨན་དཔྱད་ཟླ་བའི་རྒྱལ་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསལ་ཁ་མ་བྱུང་ཡང་། གནས་མཆོག་ཝཱ་རཱ་ཎ་སཱིར་སོ་མ་རཱ་ཛ་གསན་པར་གསུངས་པས། སྐབས་དེར་རྒྱ་གར་དུ་བསྟན་བཅོས་སོ་མ་རཱ་ཛ་བཞུགས་ཡོད་པ་ཤིན་ཏུ་གསལ་ལོ།།
ཡང་སྒོས་སྨན་དཔྱད་ཟླ་བའི་རྒྱལ་པོ་རང་གི་གཞུང་ལས[20]། རྒྱ་གར་སྐད་དུ། སོ་མ་རཱ་ཛ་བྷཻ་ཥ་ཛྱ་སཱ་དྷ་ན་མ། བོད་སྐད་དུ། སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ། ཞེས་དང་། གཞུང་གི་མཚན་བྱང་དུ་སྨན་དཔྱད་གསོ་མ་ར་ཛ་ཞེས་བྱ་བ་ཞེས་དང་། མཚན་རྒྱ་གར་སྐད་དུ། གསོའ་མ་ར་ཛ་བེ་ཥ་ཏ་ན་མཱ་ཏན་དྲ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཞེས་ལེའུ་བརྒྱ་དང་བཅུ་གཅིག་པ་དང་། བརྒྱ་དང་བཅུ་གཉིས་པ། བརྒྱ་དང་བཅུ་གསུམ་པ། བརྒྱ་དང་བཅོ་ལྔ་པ་སོ་སོའི་རྒྱ་གར་སྐད་ཅུང་ཟད་མི་མཐུན་པ་ཡོད་ཀྱང་། རྒྱ་གཞུང་སྤྱིའི་འགྲོ་ལུགས་དང་མཐུན་པར། བསྟན་བཅོས་འདི་ཉིད་ཀྱི་མཚན་དོན་སཾ་བོད་སྐད་གཉིས་ཤན་སྦྱར་གྱི་ཐོག་ནས་གསལ་བར་བཀོད་པ་གཅིག་གྱུར་ཡིན་ལ། སྨན་དཔྱད་ཟླ་བའི་རྒྱལ་པོ་བསྟན་འགྱུར་དུ་མ་འཁོད་པའི་དབང་གིས་ཀླུ་སྒྲུབ་ཀྱིས་མིན་པར་ཡང་སྒྲུབ་མི་ནུས་ཏེ། ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་བསྟན་འགྱུར་དུ་མ་འཁོད་པ་དུ་མ་སྣང་བའི་ཕྱིར་དང་། དེ་བཞིན་སྨད་དཔྱད་ཟླ་བའི་རྒྱལ་པོ་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་མདོར་བསྡུས་གསང་ཏིག་སྒྲོན་མའི་བརྟག་ཐབས་སྐོར་སོགས་ལ་ཆ་འདྲ་བ་མང་དུ་སྣང་བའི་ཕྱིར་ན། འདི་དག་ལའང་ངེས་པར་བསམ་དགོས་པ་ཞིག་གོ།
༣༽ རྒྱ་ནག་གི་སྨན་པ་མཁས་པ་བརྩམས་པར་འདོད་པ་ནི། ཟུར་མཁར་བ་བློ་གྲོས་རྒྱལ་པོས་ (1509-1572) མཛད་པའི་སྨན་པ་རྣམས་ཀྱི་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའི་ཁོག་འབུབས་ལས[21]། དེ་ལས་སོ་མ་རཱ་ཛ་ནི་ཀླུ་སྒྲུབ་དང་འཇམ་དབྱངས་ཀྱིས་གསུངས་པ་མ་ཡིན་ཏེ། རྒྱ་ནག་གི་སྨན་པ་མཁས་པ་ཞིག་གིས་བརྩམས་པ་ཡིན་ཡང་འགྱུར་ཤིན་ཏུ་མ་ལེགས་པས་ནོངས་ཤིང་། ཞེས་དང་། དེ་བཞིན་ཟུར་མཁར་བའི་ (1509-1572) རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་ལས་[22]ཀྱང་། སོ་མ་རཱ་ཛ་ནི། སྒྲ་ཇི་བཞིན་བསྒྱུར་མི་ཤེས་པའི་ཉེས་པ་ཙམ་མ་གཏོགས། རྒྱ་ནག་གི་སྨན་དཔྱད་ཁུངས་ཐུབ་ཏུ་འདུག །ཅེས་རྒྱ་ནག་གི་མཁས་པས་བརྩམས་པའི་སྨན་གཞུང་ཞིག་ཡིན་པར་གསུངས་ལ། སོ་མ་རཱ་ཛ་སྡེ་དགེའི་པར་མའི་མཇུག་བྱང་ལས་[23]ཀྱང་། འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱ་ནག་གི་བེ་ཅི་ཧངྐ་མཧཱ་ལ་དཔེ་ཞུས་ཏེ་ཧྭ་ཤང་མ་ཧཱ་ཡ་ན་དང་། བཻ་རོ་ཙ་ནས་བསྒྱུར་བའོ། །ཞེས་རྒྱ་ནག་གི་བེ་ཅི་ཧངྐ་མཧཱ་ལ་དཔེ་ཞུས་པར་གསུངས་སོ།།
༤༽ མཁས་མང་བགྲོས་ནས་མཉམ་དུ་བརྩམས་པའི་ཚུལ་ནི། མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་ (1479-?) གིས་མཛད་པའི་གསོ་རིག་ཆོས་འབྱུང་བདུད་རྩི་ཆུ་རྒྱུན་ལས[24]། ཁྲི་ལྡེ་གཙུག་བཙན་སྐབས་སོ་མ་ཪཱ་ཛ་ལེའུ་བརྒྱ་དང་བཅུ་གཅིག་ཅན་སྟག་གཟིག་དང་། རྒྱ་ནག །བལ་པོ་བཅས་ཀྱིས་མཉམ་དུ་བརྩམས། ཞེས་བོད་དུ་རྒྱལ་ཁབ་འགའ་ཞིག་གི་མཁས་པས་མཉམ་དུ་བརྩམས་པར་གསུངས་ལ། དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས་[25]ཀྱང་།
སྲོང་བཙན་དུས་སུ་ལུགས་ཆེན་གསུམ་གྱི་གཞུང༌། །
ཨག་ཚོམ་རིང་ལ་རྒྱ་བཟའི་ལུགས་རྣམས་དང༌། །
ཧྭ་ཤང་བི་ཇི་སོགས་ཀྱིས་བསྒྱུར་བརྩམས་མང༌། །
མཁས་མང་བགྲོས་པའི་སོ་མ་རཱ་ཛ་བྱུང༌། །
སྲོང་བཙན་སྒམ་པོའི་སྐུ་རིང་ལ་འུན་ཤིང་ཀོང་ཇོས་སྨན་རྩིས་ཀྱི་གཞུང་བསྣམས་པ་ཧྭ་ཤང་མ་ཧཱ་དེ་བ་དང་དྷརྨ་ཀོ་ཥ་གཉིས་ཀྱིས་བསྒྱུར། རྒྱ་གར་ནས་བྷ་ར་དྷྭ་ཛ། རྒྱ་ནག་ནས་ཧཱན་ཝང་ཧྭང༌། ཏ་ཟིག་ནས་ག་ལེ་ནུས་ཞེས་བྱ་བའི་སྨན་པ་གསུམ་སྤྱན་དྲངས། འབུ་ཤག་མ་བུ་ཆེ་ཆུང༌། རྒྱ་དཔྱད་ཐོར་བུ། མགོ་སྔོན་བསྡུས་པ་སོགས་བསྒྱུར། སྨན་པ་གསུམ་བགྲོས་ནས་མི་འཇིགས་པའི་མཚོན་ཆ་ཞེས་བྱ་བ་ལུགས་ཆེན་གསུམ་གྱི་གཞུང་དུ་གྲགས་པ་བྱས། ག་ལེ་ནུས་ལ་འཛོ་རོ་ཞེས་སྨན་པའི་རིགས་བརྒྱུད་བྱུང༌། མེས་ཨག་ཚོམ་གྱི་དུས་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོས་ཁྱེར་བའི་སྨན་རྩིས་ཀྱི་གཞུང་ལུགས་རྣམས། ཧྭ་ཤང་མ་ཧཱ་ཀྱིན་འདའ། ཁྱུང་པོ་ཙི་ཙི་དང་དོ་ཚུགས་རྒྱ་ཕྲུག་གར་མཁན། ཅོག་ལ་སྨོན་འབར་སོགས་ཀྱིས་བསྒྱུར། ཁྲོམ་གྱི་ཡུལ་ནས་བི་ཆེ་ཙན་པ་ཤི་ལ་ཧ་བྱ་བའི་སྨན་པ་མཁས་པ་བཀུག་ནས་ལྷ་རྗེར་བཀུར་ཏེ་མ་གསུམ་བུ་བཅུ་བཞི། ཐུན་མོང་མིན་པའི་གསང་བའི་བུ་བཞི་སྟེ་རྒྱས་པའི་སྐོར་དང༌། བེ་བུམ་སྨུག་པོ་ཏི་ཀ་ཡང་ཏིག་སྟེ་འབྲིང་པོ། བསྡུས་པ་ཡི་གེ་དམར་ཆུང་སོགས་བརྩམས། རྒྱ་ནག་གི་གཞུང་དུ་མ་བསྒྱུར། གཞན་ཡང་རྩོམ་རྒྱུད་སོགས་མང་དུ་བྱུང་བར་གྲགས་ཤིང་། དེའི་བུ་བརྒྱུད་ལ་བི་ཇི་ཞེས་པའི་སྨན་པ་རྣམས་བྱུང༌། ཧྭ་ཤང་དང་ཁྱུང་པོ་སོགས་མཁས་པ་མང་པོ་བགྲོས་ནས་གསོ་དཔྱད་གསར་འགྱུར་རྣམས་ཀྱི་དོན་སྙིང་པོར་བླངས་པ་སོ་མ་རཱ་ཛ་ཞེས་བྱ་བའི་གཞུང་ཆེན་བརྩམས། སྔ་ཕྱི་དེ་དག་ཕྱོགས་གཅིག་ཏུ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལ་བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་ཞེས་གྲགས་སོ། །ཞེས་གསུངས་སོ།།
དེ་ལྟར་སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་ཞེས་པའི་གཞུང་འདི་ཉིད་ནི། བོད་ཀྱི་རྒྱལ་རབས་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་སྐུ་དུས་ལ་བྱུང་ཞིང་། སུས་མཛད་པའི་སྐོར་ལ་ལོ་རྒྱུས་ཀྱི་དེབ་ཐེར་རྣམས་སུ་བཞེད་ཚུལ་འདྲ་མིན་མང་དུ་མཆིས་ཀྱང་། དེང་སང་རྒྱ་ནག་གི་སྨན་པ་ཧྭ་ཤང་མ་ཧཱ་ཀྱིན་ད་དང་། བོད་ཀྱི་སྨན་པ་ཁྱུང་པོ་ཙེ་ཙེ་སོགས་མཁས་པ་མང་པོས་བོད་ཀྱི་སྔར་དར་གསོ་རིག་གི་གཞུང་ལུགས་ཁག་ལ་གཞི་བཅོལ་བ་དང་། གསོ་དཔྱད་གསར་བསྒྱུར་རྣམས་ཀྱི་སྙིང་པོ་བླངས་ཏེ། བོད་ཀྱི་ཡུལ་དུས་དབང་པོ་དང་འཚམ་པ་ཞིག་ཞིབ་འཇུག་བཀའ་བགྲོས་མཛད་ནས་གསར་དུ་བརྩམས་པར་གསུངས་[26]སོ།།
དེ་བཞིན་གཞུང་ལུགས་རང་གི་དགོངས་པར་དཔྱད་ན། རྒྱ་དཀར་ནག་གི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་གསོ་རིག་གི་གཞུང་ལུགས་ཤིག་མིན། ཅིའི་ཕྱིར་ཞེ་ན། ལེའུ་སུམ་ཅུ་རྩ་ལྔ་པ་མཁྲིས་ནད་བསྟན་པ་སོགས་ལས། ལུག་དང་འབྲི་ཞོ་བཙོས་པ། །ཞེས་དང་། ལེའུ་སོ་དགུ་པ་འཁྲུགས་ནད་བསྟན་པ་ལས། རྩམ་པ་འཁྲུ་བར་བཤད་པ། སོགས་བོད་ཀྱི་འཚོ་བའི་གོམས་གཤིས་ལས་གཞན་མ་ཡིན་པའི་ཕྱིར་རོ།།
ལེའུ་གསུམ་པ་ཆུའི་བྱ་ལམ་བསྟན་པ་ལས། བན་བོན་རབས་ཆད་ཀྱི་རྦོད། ཅེས་བོན་པོ་ནི་རྒྱ་དཀར་རྒྱ་ནག་ཏུ་ཁྱབ་མི་ཆེ་བའི་ཕྱིར་དང་། གཡག་རྒོད་དང་། རྐྱང་དང་། སྤྱང་ཀི་དང་། དགོ་བ་དང་། འབྲི་དང་། མཛོའི་ཤ་རྣམས་སྨན་དུ་བསྟེན་པ་ནི་བོད་དུ་ཡོད་པ་ལས། རྒྱ་དཀར་ནག་ཏུ་ཕལ་ཆེར་མི་འབྱུང་བ་དང་། ཁྱད་པར་དུ་མཚོན་རྨ་གསོ་བའི་སྐོར་གྱི་སྨན་ཕལ་མོ་ཆེའི་གབ་མིང་དུ་བོད་རང་གི་ཁྱད་ནོར་གཡག་ལ་བརྟེན་ནས་བཏགས་པ་སྟེ། གཡག་ཤ་དང་། གཡག་གཞུག་པ་དང་། གཡག་སུག་ལྟ་བུའོ། །དེའི་ཕྱིར་རྒྱ་དཀར་ནག་གི་གསོ་རིག་ཅིག་མིན་པ་གཞུང་རང་ཉིད་ཚད་མར་གྱུར་པའི་ཕྱིར་རོ། །ཡང་གཅིག་དཔྱད་ན། བསྟན་འགྱུར་གྱི་ནང་དུ་ཀླུ་སྒྲུབ་ཀྱི་བསྟན་བཅོས་གསོ་རིག་སྐོར་ལ་ཟླ་བའི་རྒྱལ་པོ་མེད་པ་དང་། ཀླུ་སྒྲུབ་རྒྱ་ནག་ཏུ་ཕེབས་པ་རྒྱ་དཀར་ནག་གི་ལོ་རྒྱུས་སོགས་སུ་ཡོད་དམ་མེད། གཞུང་འདིར་འཇམ་དཔལ་དབྱངས་ཀྱིས་གསུངས་པ་དང་། ཀླུ་སྒྲུབ་སོགས་རྒྱ་གར་གྱི་དྲང་སྲོང་མང་པོ་ཞུས་པ་དང་། རྒྱ་ནག་ནས་རྒྱ་གར་དུ་འགྱུར་ཞིང་། དེ་ནས་བོད་དུ་འགྱུར་གསུངས་པ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། བོད་ཀྱི་ལོ་ཙཱ་བ་དང་བོད་པ་ཚོ་དམ་པའི་ཆོས་ལ་མོས་པ་ཆེ་བ་དང་། རྒྱ་དཀར་ནག་གཉིས་ནི་རྒྱལ་ཁབ་ཆེན་པོ་གྲགས་ཅན་ཤེས་རིག་གི་འབྱུང་ཁུངས་དང་། ལྷག་པར་དུ་རྒྱ་གར་ནི་ཆོས་ལུགས་དང་རིག་གནས་གང་ས་གང་ནས་བོད་ཀྱི་མཁས་པ་ཚོས་སྦྱང་བྱའི་ཡུལ་ཡིན་པས་གདེང་འཇོག་ཆེན་པོ་བྱེད་པ་དང་། བོད་པ་ཚོས་རང་གི་ཡུལ་ནས་བྱུང་བའི་རིག་གནས་དང་། བོད་རང་གི་མཁས་པས་བརྩམས་པའི་བསྟན་བཅོས་ཤིག་ཡིན་ན་དེ་འདྲ་མཐོང་ཆེན་མི་བྱེད་པས་བཅོས་པར་སེམས་སོ།།[27]
གཞུང་འདིའི་བརྗོད་བྱ་དོན་གྱི་ཆ་ནས་བཤད་ན། རིག་པའི་གཞུང་ལུགས་དང་། ནད་ཐོག་ལག་ལེན། སྨན་རྫས་སྡེབ་བཟོ་བཅས་ཕྱོགས་ཡོངས་སུ་འདུས་པའི་ནོར་བུའི་བང་མཛོད་ལྟ་བུའི་གནའ་རབས་ཀྱི་གསོ་བ་རིག་པའི་བསྟན་བཅོས་ཆེན་མོ་ཞིག་ཡིན་ལ། དེའི་ནང་སྨན་རྫས་ ༧༨༠ ཙམ་བསྟན་ཡོད་པ་དང་། དེ་ལས་སྲོག་ཆགས་སྨན་རྫས་རིགས་ ༢༦༠ དང་། གཏེར་དངོས་རིགས་ ༨༠ དང་། སྐྱེ་དངོས་སྨན་རྫས་རིགས་ ༤༤༠ ཙམ་དང་། དེ་དག་ཀྱང་བོད་ཀྱི་གསོ་རིག་དང་ནད་གཞིའི་ཁྱད་ཆོས། སྨན་གྱི་ནུས་པ་གཙོ་བོར་བཟུང་ཞིང་། གཙོད་སོགས་བོད་ཡུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་དངོས་སྨན་རྫས་དང་། སྲོག་ཆགས་རིགས་བཅས་བོད་རང་གི་སྨན་རྫས་དང་གསོ་རིག་གི་ལྟ་བ་འབུར་དུ་ཐོན་ཡོད་པས་འདི་དག་ལའང་དཔྱད་བྱར་སྣང་ངོ་།།
བོད་ལུགས་གསོ་རིག་གི་དཔྱད་རྩོམ་གཅེས་བཏུས་ཀུནྡ་དགྱེས་པའི་ཟླ་ཟེར་ལས་ཀྱང་[28]། གཞུང་འདིའི་ནང་དུའང་། བོད་ལུགས་གསོ་རིག་གི་གཞི་རྩར་གྱུར་པའི་རླུང་མཁྲིས་བད་ཀན་གསུམ་གཙོ་བོར་བཟུང་ནས་གསུངས་ཤིང་། སྨན་རྫས་ཀྱི་སྐབས་སུ་རོ་དྲུག་པོ་ཡང་བོད་བཞིན་བཀོད་ཡོད་པར་མ་ཟད། རྒྱ་ནག་གི་གཞུང་དུ་མཐོང་དཀོན་པའི་བརྟག་ཐབས་དང་སྨན་སྦྱོར། ཟས་རིགས་མང་པོ་ཡོད་ཅིང་། བརྗོད་གཞིར་གྱུར་པའི་གཞུང་ལུགས་ཀྱི་རྩ་བའང་ཀྲུང་ལུགས་གསོ་རིག་དང་ཐ་དད་དུ་སྣང་བར་གཞིགས་ན་གཞུང་འདི་རྒྱ་ནག་ནས་མིན་པར་མ་ཟད། འཇམ་དཔལ་གྱི་གསུང་རྒྱ་ནག་ལ་བསྒྱུར་ཅིང་། དེ་བོད་ཡིག་ཏུ་བསྒྱུར་ཟེར་བར་བདེན་དོན་ཡེ་ནས་མེད། གལ་ཏེ་གཞུང་འདི་སྔོན་རྒྱ་ནག་ཏུ་བསྒྱུར་ཡོད་ན། རྒྱ་ནག་གི་ཡི་གེར་བཀོད་ཡོད་པའི་གནའ་དཔེ་སོ་མ་རཱ་ཛ་ཞིག་ང་ཚོའི་མིག་ལམ་དུ་ལྷག་རྒྱུ་མེད་པའི་རྒྱུ་མཚན་ཅི། བདག་གི་བསམ་གཞིགས་སུ་གཞུང་འདི་མེས་ཨག་ཚོམ་གྱི་རིང་ཡུལ་སོ་སོའི་མཁས་པ་རྣམས་ཀྱིས་སྔར་ཡོད་བོད་ལུགས་གསོ་རིག་གཞི་རྩར་བཟུང་ནས་ཁོ་ཚོས་བརྩམས་པ་ཡིན་པར་བསམ་པའམ། ཡང་ན་བྱང་ཆུབ་ཀྱི་སྐྱེས་བུ་ཀླུ་སྒྲུབ་བམ་འཇམ་དཔལ་གང་རུང་ཞིག་གིས་གདུལ་བྱ་བོད་ཀྱི་དགོངས་དོན་དུ་དམིགས་ནས། བོད་ཀྱི་ཡུལ་བབ་དང་གནམ་གཤིས་སོགས་ལ་བསྟུན་པའི་སྒོས། སྔར་ཡོད་བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་གཞི་རྩར་གཞི་བཅོལ་ནས་གསུངས་ཤིང་། དུས་ཕྱིས་ཀྱི་མཁས་པ་ཚོས་བོད་ཡིག་ཏུ་བསྒྱུར་བའི་གཞུང་ཞིག་ཡིན་པར་བསམ་ཞེས་བྱུང་།
གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གི་བཞེད་པ་ནི། རྒྱུ་མཚན་དོན་ལ་གནས་ཏེ། ཅིའི་ཕྱིར་ཞེ་ན། གཞུང་འདི་མཛད་པ་པོ་ག་གེ་མོ་ཞིག་གིས་བརྩམས་པ་ཡིན་ན། ནད་རེ་རེའི་རྒྱུ་རྐྱེན་དང་། རྟགས་བཅོས་རྣམས་གཅིག་ཏུ་ལེའུ་རེ་རེ་ཡོད་དགོས་ཏེ། གཞུང་འདི་དེ་ལྟར་མ་ཡིན་པར། དཔེར་ན། འབྲས་བཅོས་པ་ལ་མི་འདྲ་བའི་ལུགས་གཉིས་ཐ་དད་ཡོད་པ་དང་། མ་ཞུ་བ་དང་ཐུར་མ་གཉིས་ལེའུ་གཅིག་ཏུ་བྱས་པ་སོགས་ལ་དཔྱད་ན། མཛད་པ་པོ་གཅིག་གིས་གདན་ཐོག་གཅིག་ནས་བརྩམས་པ་ཞིག་མིན་[29]པར་འདོད་པ་བཅས། དེང་དུས་ལོ་རྒྱུས་སྨྲ་བ་དུ་མས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བཞེད་པ་དེ་ཉིད་འཐད་ལྡན་དུ་འཛིན་ཅིང་། མཐའ་དཔྱོད་ཀྱི་སྒྲུབ་བྱེད་མང་དུ་བཀོད་པའི་དཔྱད་རྩོམ་མི་ཉུང་བ་ཞིག་ཡོད་ཀྱང་། འདིར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་བ་གཞིར་བཟུང་སྟེ་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་འབུམ་ཁོངས་སུ་ཕྱོགས་བསྒྲིགས་ཞུས་ཤིང་། འདིར་ཡིག་ཆུང་ཤིན་ཏུ་མང་བས་ཡིག་ཆུང་རྣམས་ཤད་གུག་ ( ) ནང་གཞུང་དངོས་ཀྱི་ཡིག་གཟུགས་ལས་ཆུང་ཙམ་དུ་བཀོད་ཡོད་པ་བཅས་སོ།།
འདི་ལྟར་ཀླུ་སྒྲུབ་ཀྱི་གསུང་ནི་བསྟན་འགྱུར་གྱི་ཁྲོད་དང་། སྔོན་བྱོན་བོད་ཀྱི་མཁས་གྲུབ་དུ་མའི་གསུང་འབུམ་གྱི་ཁྲོད་དུ་ལོགས་བཀར་ཞུགས་པའམ། ཁོང་གསེབ་ཏུ་གནས་པ་སོགས་ཅི་རིགས་བྱུང་མོད། འོན་ཀྱང་མ་དཔེ་ཁག་གཅིག་ནི་རིང་ནས་ཁ་ཐོར་སིལ་བུར་ལུས་ཐོག །ད་ཆ་དཔེ་རྒྱུན་ཡང་ཤིན་ཏུ་དཀོན་པར་མ་ཟད། ཐ་ན་རྩ་སྟོངས་སུ་གྱུར་ཉེའི་མཚམས་སུ་གྱུར་པས། པཎ་གྲུབ་བཅུ་བདུན་གྱི་གསུང་རྣམས་ལོ་མང་རིང་འཚོ་བསྡུ་གང་ཐུབ་ཞུས་པ་ལས། གཙིགས་ཆེར་མངོན་པ་རྣམས་ཡལ་བར་ཕངས་ཏེ། ད་ལམ་གཅིག་ཏུ་བསྡེབས་ནས་པར་སྐྲུན་ཞུས་པ་འདི་དག་ཏུ་མཛད་བྱང་དང་མཛད་དུས་གསལ་མིན་སྣ་ཚོགས་བྱུང་ཡང་། གནའ་བོའི་དཔེ་རྙིང་ཁག་ཕྱོགས་བསྡུས་ཞུས་ཡོད་པ་བཅས། གུས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༦ དགེ་བར།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱུད་བཞིའི་རྩ་བའི་འགྲེལ་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡
[2] བོད་ཀྱི་སྨན་རྩིས་ཀྱི་དཔེ་དཀོན་དཔེ་རྙིང་ཕྱོགས་བསྒྲིགས། ༼ཁ༽ བྲིས་མ་དཔེ་རིང་། ཤོག་གྲངས་ ༢བ༦
[3] ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཚན་རིག་ཀུན་བཏུས་ཆེན་མོ་བགྲོ་གླེང་ཐོག་སྩལ་བའི་བཀའ་སློབ་ལས་ཟུར་འདོན་ཞུས་པའོ།།
[4] བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༢༡༤
[5] http://ti.zangdiyg.com/article/detail/id/15462.html
[6] སྨན་དཔྱད་ཟླ་བའི་རྒྱལ་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༣༡༩
[7] གསོ་རིག་ཁོག་འབུགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོའི་ཟླ་ ༡༡ པར། ཤོག་གྲངས་ ༡༥༡
[8] བོད་ཀྱི་སྨན་རྩིས་ཀྱི་དཔེ་དཀོན་དཔེ་རྙིང་ཕྱོགས་བསྒྲིགས། པོད། ༼ཕ༽ བྲིས་མ། ཤོག་གྲངས་ ༢༠༨ན༥
[9] དཀར་ཆག་ལྟར་ན། ལེའུ་བརྒྱ་དང་བཅུ་གསུམ་མཆིས་ཀྱང་། མཇུག་བྱང་ལས་ལེའུ་བརྒྱ་དང་བཅུ་གཉིས་ཡོད་པར་གསུངས། དེ་ཡང་ལེའུ་གྱ་དྲུག་པ་སྐྱུགས་བཅོས་དང་། གྱ་བདུན་པ་སྣ་བཤལ་གཉིས་ལེའུ་གཅིག་ནང་བཞུགས་ཡིན་འདུག་མོད། གཞུང་འདིའི་མཇུག་མཐར། སློབ་དཔོན་ཀླུ་སྒྲུབ་ཀྱིས་འཕགས་པ་འཇམ་དཔལ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ། །ཞེས་གསལ་ཡང་། ལེའུ་གྱ་དྲུག་པ་མི་གསལ་བ་བཅས་སོ།།
[10] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། པོད། ༼༥༽ བྲིས་མ། ཤོག་གྲངས་ ༡བ༢
[11] སྨན་དཔྱད་ཟླ་བའི་རྒྱལ་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༩
[12] སུམ་པའི་སྨན་ཡིག་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༢༩
[13] སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༦༦
[14] སྨན་དཔྱད་ཟླ་བའི་རྒྱལ་པོ། སྡེ་དགེ་ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡ན༡
[15] སྨན་དཔྱད་ཟླ་བའི་རྒྱལ་པོ། ཤིང་དཔར། དཔེ་རིང་། ཤོག་གྲངས་ ༢༠༤ན༢
[16] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༤༩༩
[17] དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་ ༥༠༢
[18] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༧
[19] གཡུ་ཐོག་སྙིང་ཐིག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༣༨༢
[20] སྨན་དཔྱད་ཟླ་བའི་རྒྱལ་པོ། སྡེ་དགེ་ཤིང་དཔར། དཔེ་རིང་། ཤོག་གྲངས་ ༤ན༡
[21] སྨན་པ་རྣམས་ཀྱི་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའོ་ཁོག་འབུབས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༠༧
[22] རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་། ༼སྟོད་ཆ།༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༦༩༣
[23] སྨན་དཔྱད་ཟླ་བའི་རྒྱལ་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༣༡༩
[24] བོད་ལུགས་གསོ་རིག་གི་དཔྱད་རྩོམ་གཅེས་བཏུས་ཀུནྡ་དགྱེས་པའི་ཟླ་ཟེར། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༧༣
[25] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༩༤
[26] བོད་ཀྱི་གསོ་རིག་སྐོར་གྱི་ཤེས་བྱ་དྲིས་ལེན་བློ་གསལ་ཉེར་མཁོ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༧
[27] སྨན་དཔྱད་ཟླ་བའི་རྒྱལ་པོའི་འགྲེལ་ཆེན་ལྷག་བསམ་དཀར་པོའི་ཟེར་མདངས། དེབ་གཟུགས། ཤོག་གྲངས་ ༡
[28] བོད་ལུགས་གསོ་རིག་གི་དཔྱད་རྩོམ་གཅེས་བཏུས་ཀུནྡ་དགྱེས་པའི་ཟླ་ཟེར། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༧༣
[29] སྨན་དཔྱད་ཟླ་བའི་རྒྱལ་པོའི་འགྲེལ་ཆེན་ལྷག་བསམ་དཀར་པོའི་ཟེར་མདངས། དེབ་གཟུགས། ཤོག་གྲངས་ ༡

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་དང་པོ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༡༢༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།