ཇོ་བོ་རྗེའི་རྣམ་ཐར་ཕྱོགས་བསྒྲིགས་པོད་གཉིས་པའི་མཛད་པ་པོ། ༡༽ མཆིམས་ནམ་མཁའ་གྲགས་དང་། ༢༽ ལས་ཆེན་ཀུན་དགའ་རྒྱལ་མཚན། ༣༽ དཔའ་བོ་གཙུག་ལག་ཕྲེང་བ། ༤༽ ཇོ་ནང་ཀུན་དགའ་གྲོལ་མཆོག ༥༽ བདག་ཆེན་ཀུན་དགའ་བསོད་ནམས། ༦༽ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་བཅས་ཀྱི་རྣམ་ཐར་སྙིང་བསྡུས་རེ་མཚམས་སྦྱོར་ཞུ་བ་ལ།
༡༽ མཆིམས་ནམ་མཁའ་གྲགས་མཆོག་གི་རྣམ་ཐར།
དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཡོངས་གྲགས་རྒྱས་པ་མཛད་པ་པོ་མཆིམས་ནམ་མཁའ་གྲགས་པ་མཆོག་ནི།[1] གླེགས་བམ་ལས།
ནམ་མཁའ་ལྟ་བུར་ཀུན་ཁྱབ་པའི། །ཀུན་མཁྱེན་གཉིས་པས་འགྲོ་བ་འཛིན། །
ཅེས་པ་ལྟར། མཆིམས་ནམ་མཁའ་གྲགས་ནི་རབ་བྱུང་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༢༡༠ ལོར་མྱང་སྟོད་སྨོན་འགྲོའི་ཁའུར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་གི་རྒྱུད་དུ་སྐུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་ཞིང་། དཔལ་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། བཀའ་གདམས་པའི་ཆོས་སྐོར་རྣམས་དཔལ་ལྡན་གྲོ་དང་། ཞང་སྟོན། མཆིམས་བློ་བརྟན། མཉམ་མེད་སངས་རྒྱས་སྒོམ་པ་བ་བཞི་ལས་བཀའ་དྲིན་རྫོགས་པར་མནོས་ཤིང་། དགེ་བའི་བཤེས་གཉེན་བཀྲ་ཤིས་སྒང་པ་ལ་བྱང་སེམས་ཟླ་བ་རྒྱལ་མཚན་ལས་བརྒྱུད་པའི་ལྟ་བའི་མན་ངག་ལ་སོགས་པ་གསན་པས་བསྟན་པའི་བདག་པོར་གྱུར།
གཙུག་ལག་མ་ལུས་པ་ལ་ལེགས་པར་སྦྱངས་པས་མཁྱེན་པའི་སྤྱན་ཡངས་པར་གྱུར་ཏེ་ཆོས་མངོན་པ་མཛོད་ཀྱི་ཊཱིཀྐ་ཆེན་པོ་ (མཆིམས་མཛོད་) ལ་སོགས་པའི་རྩོམ་པ་རྨད་དུ་བྱུང་བ་མང་དུ་མཛད་ཅིང་། དཔལ་ལྡན་གྲོ་མོ་ཆེས་མཛད་པའི་ལམ་རིམ་རྩ་བ་ཚིགས་བཅད་མ་ལ་ལུང་རིགས་ཀྱིས་བརྒྱན་པའི་འགྲེལ་པ་ཁྲིད་ཡིག་ལམ་མཆོག་རིན་པོ་ཆེ་ཞེས་བྱ་བ་ཞིག་ཀྱང་མཛད། དེང་སང་གི་བར་དུ་ཡང་དེ་ཉིད་ཀྱི་སྟེང་ནས་འཁྲིད་པར་མཛད་པའི་ཕྱག་ལེན་མ་ཉམས་པར་གནས་ལ། ཆུ་མིག་ཆོས་འཁོར་གྱི་གྲལ་གཙོ་ཡང་མཛད་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་གངས་ཅན་གྱི་ཆེ་རྒུ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར། སྐྱེལ་ནག་བྲག་སེང་དང་། རྒྱང་རོ་མཁས་པ་པཎ་ཆེན། བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་ལ་སོགས་པའི་སློབ་མ་མང་དུ་བྱོན། འཕགས་པའི་གནས་བརྟན་བཅུ་དྲུག་གི་ཡ་གྱལ་ཞིག་དང་སངས་རྒྱས་སྨན་པའི་རྒྱལ་པོའི་སྤྲུལ་པར་གྲགས་ཤིང་། བསྟན་པའི་རྩ་ལག་ཆེན་པོ་དང་མཆིམས་ཐམས་ཅད་མཁྱེན་པ་ཞེས་མཁས་པའི་གྲགས་པས་ས་སྟེང་མ་ལུས་པར་ཁྱབ་པར་མཛད། སྨན་བླ་དང་། རྗེ་བཙུན་སྒྲོལ་མ། གྲུབ་ཆེན་བརྒྱད་ཅུ་སོགས་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས། བྱམས་མགོན་གསུང་བྱོན་མ་ཡང་འདིའི་སྐུ་དུས་སུ་ཕེབས། གདན་ས་ལོ་སོ་དྲུག་གི་བར་དུ་བསྐྱངས་ནས་དགུང་ལོ་ ༧༦ ལ་ཕེབས་པ་རབ་བྱུང་ལྔ་པའི་ཤིང་བྱ་ཕྱི་ལོ་ ༡༢༨༥ ལོའི་ས་ཟླའི་ཚེས་ ༡༤ ལ་སྐུ་མྱ་ངན་ལས་འདས། གདུང་བརྟེན་ལྔ་པ་གཡུ་རྩི་ཅན་དེ་ཡིན་ནོ།། །།
༢༽ ལས་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གི་རྣམ་ཐར།
ལས་ཆེན་ཀུན་དགའ་རྒྱལ་མཚན་མཆོག་ནི།[2] ཕྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ནང་སྐུ་འཁྲུངས་ཤིང་། ཁོང་ཉིད་སྐུ་ན་གཞོན་པའི་དུས་སུ་རྩེད་ཐང་གི་ཆོས་གྲྭ་ཆེན་པོར་ཞུགས་ནས་སློབ་གཉེར་དཔྱིས་ཕྱིན་པར་མཛད། ལས་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གིས་མཛད་པའི་༸རྒྱལ་དབང་དགེ་འདུན་གྲུབ་པའི་རྣམ་ཐར། བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པའི་མཇུག་བྱང་དུ། སྤྲུལ་པའི་སྐྱེས་མཆོག་ཆེན་པོ་ཐམས་ཅད་མཁྱེན་པ་པཎ་ཆེན་དགེ་འདུན་གྲུབ་པའི་རྣམ་པར་ཐར་པ་ངོ་མཚར་མཛད་པ་བཅུ་གཉིས་པ་འདི་ནི། དགེ་སློང་སྙོམས་ལས་པ་ཀུན་དགའ་རྒྱལ་མཚན་གྱིས་སྒྲོ་སྐུར་སྤངས་ཏེ། དཔལ་རྩེད་ཐང་གི་ཆོས་སྡེ་ཆེན་པོར་མེ་མོ་སྦྲུལ་གྱི་ལོ་ལ་ཉུང་ངུར་སྦྱར་བ་ལེགས་པར་གྲུབ་པའོ། །ཞེས་གསུངས་པ་ལྟར། རྣམ་ཐར་དེ་ཉིད་ཀྱང་མཛད་ཡུལ་ལྷོ་ཁ་རྩེད་ཐང་གི་ཆོས་གྲྭ་ཆེན་པོ་དང་། བརྩམས་ལོ་རབ་བྱུང་བརྒྱད་པའི་མེ་མོ་སྦྲུལ་ལོ་སྟེ་ཕྱི་ལོ་ ༡༤༩༦ ལོར་མཇུག་གྲུབ་པར་མཛད་པ་ཞིག་ཡིན་འདུག་ཅིང་། བསྟན་རྩིས་ཀུན་བཏུས་དང་། དུང་དཀར་ཚིག་མཛོད་ཆེན་མོ་གཉིས་ལས་རབ་བྱུང་བརྒྱད་པའི་ཤིང་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༤༩༤ ལོར་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་བརྩམས་པར་གསུངས་ལ། པོ་ཏ་ལའི་གསུང་འབུམ་དཀར་ཆག་ཏུ་རབ་བྱུང་བརྒྱད་པའི་ཤིང་མོ་གླང་ལོ་སྟེ་ཕྱི་ལོ་ ༡༥༠༥ ལོར་བཀའ་གདམས་ཆོས་གསལ་བའི་སྒྲོན་མེ་བརྩམས་པར་གསུངས་ཤིང་། ཆོས་འབྱུང་འདི་ཉིད་ཀྱི་མཚན་གཞན་ལ་ལས་ཆེན་ཆོས་འབྱུང་ཞེས་ཀྱང་ཞུའོ།།
ཆོས་འབྱུང་འདི་ལ་བསྡོམས་པས་ལེའུ་བཅུ་ཡོད་པ་ནི། བཀའ་གདམས་ཀྱི་རྣམ་པར་ཐར་པ་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེའི་བཀའ་གདམས་ཀྱི་ཆོས་སྤྱིའི་བབས་བསྟན་པའི་སྐབས་ཏེ་དང་པོ། བཀའ་གདམས་ཀྱི་མཛད་སྤྱོད་སྤྱིར་བསྟན་པའི་སྐབས་ཏེ་གཉིས་པ། ཇོ་བོ་ཉིད་ཀྱི་ཆེ་བའི་ཡོན་ཏན་བརྗོད་པའི་སྐབས་ཏེ་གསུམ་པ། ཇོ་བོ་ཉིད་ཀྱི་སློབ་མ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པའི་སྐབས་ཏེ་བཞི་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་དགོན་པ་བའི་བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར་ཆེ་ལོང་ཙམ་བརྗོད་པའི་སྐབས་ཏེ་ལྔ་པ། བཀའ་གདམས་གདམས་ངག་པར་གྲགས་པའི་རྣམ་ཐར་ཆེ་ལོང་ཙམ་བརྗོད་པའི་སྐབས་ཏེ་དྲུག་པ། དྲང་སྲོང་ཆེན་པོ་པོ་ཏོ་བའི་བཀའ་བརྒྱུད་བཀའ་གདམས་གཞུང་པར་གྲགས་པའི་རྣམ་ཐར་ཕྱོགས་ཙམ་བརྗོད་པའི་སྐབས་ཏེ་བདུན་པ། བྱང་ཆུབ་སེམས་དཔའ་གཞོན་ནུ་རྒྱལ་མཚན་ལ་བརྒྱུད་དེ་གླེགས་བམ་གྱི་བླ་མ་བརྒྱུད་པའི་ལོ་རྒྱུས་ཕྱོགས་ཙམ་བརྗོད་པའི་སྐབས་ཏེ་བརྒྱད་པ། བཀའ་གདམས་ཀྱི་གདམས་པ་ཐོར་བུ་བའི་བླ་མ་བརྒྱུད་པའི་སྐབས་ཏེ་དགུ་པ། གཞུང་དང་གདམས་ངག་གཉིས་ཀའི་ཆུ་བོ་གཅིག་ཏུ་འདུས་པ་བཀའ་གདམས་གསར་མ་བར་གྲགས་པའི་སྐབས་ཏེ་བཅུ་པ་བཅས་གསུང་འབུམ་པོད་གཅིག་བཞུགས་པ་ལས། ཇོ་བོ་ཉིད་ཀྱི་སློབ་མ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པའི་སྐབས་བཞི་པ་དེ་ཉིད་འདིར་ཕྱོགས་བསྒྲིགས་ཞུས་པ་ལས། མཛད་རྣམ་ཞིབ་ཕྲ་མ་རྙེད་པས་འདིར་འགོད་ཐབས་བྲལ་ལོ།། །།
༣༽ དཔའ་བོ་གཙུག་ལག་ཕྲེང་བ་མཆོག་གི་རྣམ་ཐར།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བ་མཆོག་ནི།[3] རབ་བྱུང་བརྒྱད་པའི་ཤིང་ཕོ་བྱི་ལོ་སྟེ་ཕྱི་ལོ་ ༡༥༠༤ ལོར་ལྷ་ས་སྙེ་ཐང་དུ་ཡབ་བླ་མ་དར་དང་། ཡུམ་ལམ་སྙེད་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་གཉགས་ཡིན། ཁོང་དགུང་ལོ་ལྔ་པར་དགེ་བསྙེན་ཆ་ལུང་པས་སྐུ་གོང་མ་དཔའ་བོ་ཆོས་དབང་ལྷུན་གྲུབ་ཀྱི་སྐུ་ཕྲེང་གཉིས་པར་ངོས་འཛིན་གནང་སྟེ་ལྷོ་བྲག་གྲོ་བོ་དགོན་པའི་གདན་སའི་ཁྲི་ལ་མངའ་གསོལ། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་ལས་ཡི་གེའི་སྦྱོར་ཀློག་བསླབས་ཏེ་ལེགས་པར་མཁྱེན། དགུང་ལོ་དགུ་པར་ཀརྨ་པ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ལས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བསྒྲུབས་ཏེ་མཚན་ལ་མི་ཕམ་ཆོས་ཀྱི་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་གཉིས་པར་དྭགས་པོ་པཎྜི་ཏ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་ལས་གསང་སྔགས་གསར་རྙིང་གི་ཆོས་མང་དུ་གསན་ཞིང༌། དབུས་སྨྱོན་ཧེ་རུ་ཀ་ཀུན་དགའ་བཟང་པོའི་དྲུང་ནས་ཕྱག་ཆེན་གྱི་ཁྲིད་རྣམས་གསན། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་དགུ་པར་ཀརྨ་མི་བསྐྱོད་རྡོ་རྗེ་དང་མཇལ་ཞིང་ཆོས་འབྲེལ་ཞུས་ཏེ་མཚན་ལ་དཔའ་བོ་གཙུག་ལག་ཕྲེང་བ་ཞེས་གསོལ། དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་སློབ་གཉེར་མང་ཆེ་བ་བླ་མ་འདི་པའི་དྲུང་ནས་མཛད་དེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར།
དགུང་ལོ་ཞེ་གཉིས་པ་རབ་བྱུང་དགུ་པའི་ཤིང་མོ་སྦྲུལ་ལོ་སྟེ་ཕྱི་ལོ་ ༡༥༤༤ ལོར་ཆོས་འབྱུང་མཁས་པའི་དགའ་སྟོན་བརྩམས་འགོ་ཚུགས་ཏེ་དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་དགུ་པའི་ཤིང་ཕོ་བྱི་ལོ་སྟེ་ཕྱི་ལོ་ ༡༥༦༤ ལོར་ཡོངས་སུ་རྫོགས་པར་བརྩམས་གྲུབ་སྟེ་བསྡོམས་པས་ལོ་ངོ་ཉེར་གཅིག་གི་རིང་དུ་ཕྱག་བྲིས་གནང་། དེ་ལྟར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་དེ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༥༦༦ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་བཅས་སོ།།
ཁོང་གི་གསུང་རྩོམ་ནི། ཕག་མོའི་རྣམ་བཤད་ཆེན་མོ་དང་། སྤྱོད་འཇུག་ཆེན་མོའི་འགྲེལ་པ། རྩིས་ཀྱི་བསྟན་བཅོས་རིན་ཆེན་གཏེར་མཛོད། གསོ་བ་རིག་པའི་རྒྱུད་བཞི་རྣམ་བཤད། སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ། རྡོ་ཞུན་གསལ་སྒྲོན་བཅས་མང་དུ་བཞུགས་སོ།། །།
༤༽ ཇོ་ནང་ཀུན་དགའ་གྲོལ་མཆོག་གི་རྣམ་ཐར།
ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་ནི།[4] རབ་བྱུང་དགུ་པའི་མེ་ཡོས་ལོ་སྟེ་ཕྱི་ལོ་ ༡༥༠༧ ལོར་གཙང་མངའ་རིས་སྨད་དུ་ཡབ་གཉགས་ཀྱི་རིགས་སུ་གྱུར་པ་དགུང་ལོ་ང་བརྒྱད་པ་དང་། ཡུམ་དགུང་ལོ་ཉེར་གཉིས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་པར་ཕུ་ཕག་དགོན་པའི་ཆོས་སྒོར་ཞུགས། ལོ་དེར་དྲུང་པ་ཆོས་རྗེའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བླངས། དེ་ནས་རང་ཁྱིམ་དུ་ལོག་སྟེ་ཡབ་ཡུམ་གྱིས་ཡི་གེའི་ཀློག་བསླབས། རིག་པ་རྣོ་ཞིང་ཚང་མ་འཕྲལ་དུ་རྟོགས་པས་ཡབ་ཡུམ་ཤིན་ཏུ་ཐུགས་དགྱེས་པར་མཛད། དགུང་ལོ་བདུན་པར་དྲུང་པ་ཆོས་རྗེ་ལས་གཤིན་རྗེ་གཤེད་དམར་གྱི་དབང་ཞུས་ཏེ་གསང་མཚན་ལ་དཔལ་ཞེ་སྡང་རྣམ་པར་དག་པའི་རྡོ་རྗེ་ཞེས་བཏགས། དེ་ནས་ས་སྐྱའི་ཆོས་སྐོར་དང་། གཞུང་ཆེན་གྱི་རྩ་བ་མང་པོ་བློར་འཛིན་ཐོག་དཔེ་ཚོགས་རེ་རེ་བཞིན་དུ་དྲུང་པ་ཆོས་རྗེའི་མདུན་དུ་ཡིག་རྒྱུགས་ཕུལ། དགུང་ལོ་བཅུ་པར་དྲུང་པ་ཆོས་རྗེ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་ཞུས། དགུང་ལོ་བཅུ་གསུམ་པར་གསེར་མདོག་ཅན་དུ་ཕེབས་ཏེ་དཔྱིད་ཆོས་ལ་སློབ་གཉེར་འགོ་བཙུགས། རྟགས་རིགས་དང་བློ་རིག་སོགས་ཚད་མ་ལ་སློབ་གཉེར་མཛད། དགུང་ལོ་བཅོ་བརྒྱད་པར་ངོར་ཆེན་གྱིས་མཁན་པོ་དང་དྲུང་པ་ཆོས་རྗེས་གསང་སྟོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བླངས། ཉིན་དེར་ཁོང་དྲུང་པ་ཆོས་རྗེའི་གདན་ཁྲིར་མངའ་གསོལ་བར་མཛད་ཅིང་། དྲུང་པ་རང་ཉིད་ཀྱི་ན་བཟའ་དང་ཕྱག་དྲིལ་སོགས་བླ་ཆས་ཚང་མ་གནང་། དགུང་ལོ་ཉེར་གསུམ་པར་པཎ་ཆེན་བྱམས་པ་གླིང་པ་བདེ་བར་གཤེགས་པས་དེའི་གདན་ས་ལོ་ངོ་གསུམ་གྱི་རིང་དུ་བསྐྱངས།
དགུང་ལོ་ཉེར་བདུན་པར་དབུས་སུ་ཆོས་མཇལ་དུ་ཕེབས་ནས་ཟླ་བ་དྲུག་ཙམ་དུ་བཞུགས་ཏེ་མཚུར་ཕུར་བཀའ་བརྒྱུད་ཀྱི་ཆོས་སྐོར་རྫོགས་པར་ཞུས། དེ་ནས་ལྷོ་མོན་དུ་བྱོན་ནས་འགྲོ་དོན་ཡུན་རིང་མཛད། དགུང་ལོ་སོ་གཅིག་པར་ཡུམ་ཆེན་གཤེགས་པའི་དགོངས་རྫོགས་སུ་གསེར་མདོག་ཅན་དང༌། སྟག་ལུང་སོགས་སུ་སྐུ་གསུང་ཐུགས་ཀྱི་རྟེན་གསར་བཞེངས་དང་། གཙང་གི་དགོན་སྡེ་ཆེ་ཁག་མང་པོར་ཕྱག་ཕེབས་མཛད། ས་སྐྱ་དང་། རྙིང་མ། དགེ་ལུགས་བཅས་ཀྱི་བླ་མ་མང་པོར་ཤངས་ལུགས་ཀྱི་དམ་ཆོས་མང་པོ་སྩལ། རིས་མེད་བླ་དཔོན་ཚང་མས་བསྟོད་ཅིང་བཀུར། སྐུ་ཚེ་ཧྲིལ་པོར་དམ་པའི་ཆོས་ཀྱི་མཛད་པ་ཁོ་ནས་དུས་འདའ་བར་མཛད་དེ་མཁས་གྲུབ་ཀྱི་བླ་མ་གྲགས་ཆེན་ཞིག་ཏུ་གྱུར། རབ་བྱུང་དགུ་པའི་ཤིང་གླང་ཕྱི་ལོ་ ༡༥༦༥ ལོར་སྐུ་ཞི་བར་གཤེགས་པར་འདོད་མཁན་ཡོད་ལ། འགའ་ཞིག་ཏུ་ལོ་ཚིགས་མི་གསལ་ཚུལ་འཁོད་ཡོད། འོན་ཀྱང་ཁོང་གི་སྤྲུལ་སྐུ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་རབ་བྱུང་བཅུ་པའི་ཤིང་ཕག་ལོ་སྟེ་ཕྱི་ལོ་ ༡༥༧༥ ལོར་འཁྲུངས་པར་དཔགས་ན་དགུང་ལོ་དྲུག་ཅུ་རེ་དྲུག་རེ་བདུན་ཙམ་ལ་འདས་སམ་སྙམ་པར་དཔྱད་དགོས་པར་སྣང་ངོ་།།
ཁོང་གི་གསུང་རྩོམ་ནི། དཀར་ཆག་དང་། བསྟོད་ཚོགས། ཆབ་ཤོག །རྣམ་བཤད། ལམ་ཡིག །རྣམ་ཐར། བློ་སྦྱོང་། དབང་བཤད། སྒྲུབ་ཐབས། བརྒྱུད་འདེབས། ཁྲིད་ཡིག །རྟོགས་བརྗོད། དག་ཡིག་བཅས་ཆོས་ཚན་དོན་དགུ་བཞུགས་སོ།། །།
༥༽ བདག་ཆེན་ཀུན་དགའ་བསོད་ནམས་ཀྱི་རྣམ་ཐར།
ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་མཆོག་ནི།[5] རབ་བྱུང་བཅུ་པའི་མེ་མོ་བྱ་ལོ་སྟེ་ཕྱི་ལོ་ ༡༥༩༧ ལོར་ས་སྐྱར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང་། ཡུམ་བསོད་ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཀྱང་ས་སྐྱའི་གདུང་རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་བཙུན་མོ་ཁབ་ཏུ་བཞེས་ཤིང་རིགས་སྲས་བསྐྲུན། ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་དད་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་སྤྱིར་མདོ་རྒྱུད་ཀྱི་བསྟན་བཅོས་རྣམས་དང་། སྒོས་སུ་དཔལ་ལྡན་ས་སྐྱ་པའི་གསུང་ངག་ལམ་འབྲས་དང་བཅས་པ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད།
དགུང་ལོ་ཉི་ཤུ་རྩ་དགུ་པ་རབ་བྱུང་བཅུ་པའི་ལྕགས་མོ་བྱ་ལོ་སྟེ་ཕྱི་ལོ་ ༡༦༢༡ ལོར་དཔལ་ལྡན་ས་སྐྱའི་གདན་ས་ཆེན་པོའི་ཁྲི་ལ་བཞུགས་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་དུ་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས་ཤིང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་ས་སྐྱའི་བསྟན་པ་གོང་ནས་གོང་དུ་འཕེལ་བར་མཛད། དགུང་ལོ་སུམ་ཅུ་སོ་བརྒྱད་པར་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་དང་། དགུང་ལོ་བཞི་བཅུ་ཞེ་ལྔ་པར་དག་ཡིག་མིག་དབང་རབ་གསལ་སྣང་བ། དགུང་ལོ་བཞི་བཅུ་ཞེ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་སྦྲུལ་ལོ་སྟེ་ཕྱི་ལོ་ ༡༦༤༡ ལོར་མགོན་པོ་གུར་གྱི་ཆོས་འབྱུང་བཅས་བརྩམས་པར་མཛད། འདིའི་མན་ཆད་ཀྱི་རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་ནི་ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་བཅུ་པ་དང་། སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ཉི་ཤུ་རྩ་དྲུག་པ་ཡིན་ནོ། །ཁོང་གི་ཡོངས་སུ་གྲགས་པའི་མཚན་གཞན་ལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཞེས་ཞུ་བ་བཅས་ཀྱི་རྣམ་ཐར་མདོར་བསྡུས་སོ།།
ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པའི་སྒོ་ནས་བརྩམས་པའི་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རྒྱ་མཚོ་ཞེས་པའི་ཆོས་འབྱུང་འདིར། སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ་དང་། དེའི་བཀའ་ཇི་ལྟར་བསྡུས་པ། བསྟན་འཛིན་ཤིང་རྟའི་སྲོལ་འབྱེད་བྱོན་ཚུལ། སྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར། དེའི་རྗེས་སུ་སློབ་པའི་བཤེས་གཉེན་བྱོན་ཚུལ། དེ་རྣམས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་བསྟན་བཅོས་ངོ་མཚར་ཅན་ཇི་ལྟར་མཛད་པའི་ཚུལ་བཤད་པ་བཅས་ལེའུ་དྲུག་གི་བདག་ཉིད་ཅན། རྒྱས་བསྡུས་འཚམ་པའི་སྒོ་ནས་བསྟན་ཡོད་པར་མ་ཟད། བརྗོད་བྱའི་དོན་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་ཀྱི་ཚིག་གོ་སླ་ཞིང་ཉམས་དང་ལྡན་པ་སོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བས་ན། སྐབས་འདིར་ལེའུ་བཞི་པ་སྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར་དེ་ཉིད་ཟུར་བཏོན་གྱིས་འདིར་ཕྱོགས་བསྒྲིགས་ཞུས་པ་ལགས་སོ།། །།
༦༽ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་ཐར།
༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་གི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་ནི།[6] གཙང་སྟོད་སྐྱིད་གྲོང་པད་ཁུད་ནང་པའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་། ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་ཕྱི་ལོ་ ༡༧༡༣ ལོར་སྐུ་འཁྲུངས། དགུང་ལོ་བདུན་ཐོག་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་དབུ་རྒྱན་ཆོས་འཕེལ་ཞེས་སྩལ། ཨ་ནིས་ཀློག་བསླབས། དགུང་ལོ་བརྒྱད་པར་བཀྲས་ལྷུན་དྲུང་རམས་པ་ནས་ཆོས་སྤྱོད་འཛིན་སྐྱོར་བྱེད་དུ་བཅུག །དགུང་ལོ་བཅུ་ཐོག་བཀྲས་ལྷུན་གྱི་ཆོས་སྒོར་ཞུགས། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་པ་ཕུལ། མཚན་ཡེ་ཤེས་རྒྱལ་མཚན་འདོགས་པར་མཛད། དགུང་ལོ་བཅུ་བདུན་པར་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། རྣམ་འགྲེལ་ཐོག་ནས་མིང་བཏགས་གནང་རྒྱུ་ཡིན་ནའང་རང་མཉམ་འགའ་ཞིག་གིས་སྒྲོ་སྐུར་ལ་བརྟེན་མིང་སྐམ་པོར་མ་ཆགས་པར་སྐྱིད་གྲོང་དུ་ཕེབས། དེའི་ལོར་སྡོད་ཁང་སྤྱིལ་བུ་གསར་རྒྱག་གིས་ལོ་གསུམ་རིང་སྒྲུབ་ལ་བརྩོན། དགུང་ལོ་ཉི་ཤུ་ལ་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
དགུང་ལོ་ཉེར་གཅིག་ལ་དབུས་སུ་ཕེབས། ཕུར་བུ་ལྕོག་བྱམས་པ་རིན་པོ་ཆེ་མཇལ་ནས་ཟབ་ཆོས་འགའ་ཞུས་ཏེ་ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་ཏེ་ལོ་གཅིག་བཞུགས། དགུང་ལོ་ཉེར་གསུམ་ལ་སྐྱིད་གྲོང་དུ་ཕེབས་ནས་གྲུབ་དབང་རིན་པོ་ཆེ་བསྙུན་ཚུལ་གྱིས་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབས། དགུང་ལོ་ཉེར་ལྔ་ལ་དིང་རིར་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་འཚོ་བ་ངན་ངོན་ལ་བརྟེན་ནས་སྔ་རྗེས་མི་ལོ་བཅུ་གཉིས་ཧྲིལ་པོ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། དགུང་ལོ་ཞེ་བཞི་ནས་རེ་ལྔའི་བར་སྐྱིད་གྲོང་བསམ་གཏན་གླིང་དང་། དགའ་ལྡན་ཕུག་པོ་ཆེ། ཆོས་སྡིངས་ཚུལ་ལྡན་གླིང་། བལ་ཡུལ་ཐང་དྷི་ཧ་ར་སོགས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོའི་མཛད་པ་གནང་། དགུང་ལོ་རེ་གཉིས་ལ་ཕེབས་སྐབས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་། པཎྜི་ཏའི་མཚན་བསྟོད་བཞེས་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་ནས་དགུང་ལོ་བརྒྱད་ཅུ་བར་ཡོངས་འཛིན་གནང་།
གསུང་རྩོམ་ལ། བླ་མ་མཆོད་པའི་ཁྲིད་ཡིག་དང་། སྐྱེས་རབས་སོ་བཞིའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ། ཤེར་ཕྱིན་སྟོང་ཕྲག་བརྒྱད་པ། མངོན་རྟོགས་རྒྱན་སྦྱར་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་གསལ་བར་སྟོན་པའི་ཤེར་ཕྱིན་གསལ་བའི་སྒྲོན་མེའི་ལེགས་བཤད། དམ་ཚིག་རྡོ་རྗེའི་སྒོམ་བཟླས་དངོས་གྲུབ་ཀུན་འབྱུང་སོགས་མདོ་སྔགས་ཆོས་དཔེ་མང་དུ་བརྩམས། དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཚང་མར་འདུལ་བའི་ཕྱག་ལེན་དང་། ལམ་རིམ་གྱི་འཆད་སྤེལ་ནར་མར་མཛད། དགུང་ལོ་དོན་བདུན་སྐབས་གྲིབ་ཚེ་མཆོག་གླིང་དགོན་པ་ཕྱག་བཏབ། དགུང་ལོ་གྱ་གཅིག་སྟེ་ཆུ་གླང་ཕྱི་ལོ་ ༡༧༩༣ ལོར་སྐུ་ཞི་བར་གཤེགས། འདིར་གསུང་འབུམ་པོད་བཅུ་དགུ་བཞུགས་པ་བཅས་གུས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༦ དགེ་བར།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྣར་ཐང་ཆོས་སྡེའི་ལོ་རྒྱུས། པོད། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣༡
[2] ཆོས་འབྱུང་ངོ་མཚར་རྒྱ་མཚོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༨
[3] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༩༩༥
[4] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༦༠༩
[5] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༩༠༢
[6] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༠ ལོ། ཤོག་ ༢༣༨
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༠༦ ནས་ ༡༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།