༄༅། །ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་པ་བཞུགས་སོ།།
༼བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་གྱིས་ (1100–1174) མཛད།༽
༄༅། །རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །ཇོ་བོ་ཨ་ཏི་ཤ་ (ཨ་ལས་རྣལ་འབྱོར་པ་ཆེན་པོ། ཏི་ལས་པཎྜི་ཏ་ཆེན་པོ། ཤ་ལས་དགེ་སློང་ཆེན་པོ་བྱ་བར་རོ།།) ཕྱག་འཚལ་ལོ། །
བཀའ་དྲིན་ཅན་རྣམས་ཀྱི་མཆོག་བླ་མ་རྗེ་བཙུན་ཆེན་པོ་ལྷ་གཅིག་རིན་པོ་ཆེ་དེའི་ཡོན་ཏན་མ་ལུས་པར་ནི་གང་གིས་ཀྱང་མི་རྟོགས་ཤིང་བརྗོད་པར་ཡང་མི་ནུས་ཀྱང་མོས་པ་གཙོར་བྱས་ཏེ། ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་གཅིག་སྤྱི་བོས་བླང་བར་བྱའོ། །(དགེ་བཤེས་སྟོན་པས་ཇོ་བོའི་ཡོན་ཏན་བརྗོད་པས་འོ་ན་ང་ལ་ཡོན་ཏན་དེ་ལས་མེད་དམ་གསུངས་ནས་མ་མཉེས་ཏེ་ཡོན་ཏན་ཆེན་པོར་འདུག་གོ།)
དེ་ལ་རྒྱ་གར་རིག་པའི་འབྱུང་གནས། ཤིང་རྟ་ཆེན་པོའི་སྲོལ་ཡོད་པའི་ས་དེ་ན་སྐྱེས་བུ་དམ་པ་བསྟན་བཅོས་རྩོམ་པ་ལ་དབང་བ་གསུམ་ལས་མེད་པ་ཡིན། དེ་གསུམ་གང་ཡིན་ན། ཡི་དམ་ལྷ་ཞལ་གཟིགས་ཤིང་དེ་ལ་གནང་བ་ཐོབ་པ་དང་། བླ་མ་སངས་རྒྱས་ནས་བརྒྱུད་པ་མ་ཆད་པའི་བཤད་བརྒྱུད་སྒྲུབ་བརྒྱུད་ཀྱི་གདམས་ངག་ཕྱིན་ཅི་མ་ལོག་པ་གཞན་ལ་སྟོན་པ་མཁྱེན་ཅིང་རང་སྐུ་ཉམས་སུ་བཞེས་པ་དང་། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་དང་གསུམ་པོ་དེ་ལས་གང་རུང་རེ་དང་ལྡན་ཡང་བཀའི་དགོངས་པ་འགྲེལ་པ་ཡིན། རང་ཅག་བོད་བཞིན་དུ་རྒྱ་གར་ན་འབར་རྒྱུགས་མི་བྱེད། གསུམ་པོ་དེ་ཚོ་ལ་ཡིད་ཆེས་པས་ཚད་མར་འཛིན་པ་ཡིན་གསུང་། དེ་ལ་ཡི་དམ་གྱི་ལྷ་ཞལ་མཐོང་ཞིང་དེ་ལ་སྣང་བ་ཐོབ་ན་ལྷ་དེ་ལ་དོན་འདི་མི་ནོར་རམ་བྱས་ནས་འཕྲལ་ལ་ཞུས་ཀྱིན་བྱས་པས་ཆོག་པ་ཡིན། བླ་མ་སངས་རྒྱས་ནས་བརྒྱུད་པའི་གདམས་ངག་ཟམ་མ་ཆད་པ་ཡོད་ན། མཛད་པ་པོ་སངས་རྒྱས་ཡིན་པས་སངས་རྒྱས་ལ་ནོར་བ་མི་སྲིད་པ་ཡིན། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཡིན་ན། པཎྜི་ཏས་སྨྲ་ཤེས་པ་ལ་བརྟེན་ནས་འགྲོ་ས་མེད་བྱ་བ་ཤེས་པ་ཡིན། བོད་ཀྱི་སྒྲ་འདི་ལོང་བ་ཕྱོགས་སུ་ལྷུང་བའི་སྒྲ་ཡིན་པས་དེ་མི་བཏུབ་པ་ཡིན། རྒྱ་གར་དུ་ཆོས་སློབ་ན་སཾ་སྐྲི་ཏའི་སྐད་གདངས་ནས་སློབ་དགོས་པ་ཡིན་གསུང་། དེ་ལ་ཇོ་བོ་ཆེན་པོ་ནི་ཡོན་ཏན་དེ་གསུམ་ཀ་དང་ལྡན་པ་ཡིན་གསུང་།
དེ་ལ་ཡི་དམ་གྱི་ལྷ་ཞལ་མཐོང་བ་ཡིན་ཏེ། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་མན་ངག་ལ་བརྟེན་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་གཟིགས། (ལོ་ཙཱ་བའི་བསྟོད་པ་བརྒྱད་ཅུ་པ་ལས་ཀྱང་། དཔལ་ལྡན་དགྱེས་པའི་རྡོ་རྗེ་དང་། །དམ་ཚིག་བཀོད་པའི་རྒྱལ་པོ་དང་། །དཔའ་བོ་འཇིག་རྟེན་དབང་ཕྱུག་དང་། །ཇོ་མོ་རྗེ་བཙུན་སྒྲོལ་མ་སོགས། །ཞལ་གཟིགས་སྣང་བ་ཐོབ་པ་ན། །རྨི་ལམ་ངན་ཡང་མངོན་སུམ་དུ། །ཟབ་པ་དང་ནི་རྒྱ་ཆེ་བའི། །དམ་ཆོས་རྟག་ཏུ་འཛིན་པའོ། །ཅེས་སོ།།) ཇོ་མོ་སྒྲོལ་མ་དང་། འཕགས་པ་སྤྱན་རས་གཟིགས་དང་། མི་གཡོ་བ་དང་། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང་། བདེ་མཆོག་འཁོར་ལོ་དང་། དགྱེས་པའི་རྡོ་རྗེ་དང་དྲུག་པོ་དེ་ཡིན་ལ་ཐུགས་དམ་གྱི་གཙོ་བོ་མཛད་པས་ཞལ་གཟིགས་སྣང་བ་ཐོབ། དངོས་སམ་རྨི་ལམ་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་གསན་པ་ཡིན་གསུང་། (ཡང་ན་ལྷ་དྲུག་གི་ཇོ་བོ་ཉིད་བཞེད་པས། དཀོན་མཆོག་གསུམ་རེ་རེར་འདྲེན། ཐུགས་དམ་ལྷ་དྲུག་གཅིག་ཏུ་འདྲེན། བླ་མ་གཅིག་ཏུ་འདྲེན། འགྲོ་དྲུག་གཅིག་ཏུ་བགྲངས་པས་དྲུག་ཏུ་འགྲོ་བ་དེ་ལ་ལྷ་དྲུག་ཟེར། དེ་ལ་ལོ་ཙཱ་བའི་བསྟོད་པ་ལས། དཀོན་མཆོག་གསུམ་དང་ཐུགས་དམ་ལྷ། །བླ་མ་རྣམས་དང་འགྲོ་བ་ལྔ། །འདི་དྲུག་ང་ཡི་ལྷ་དང་ནི། །ཇོ་བོ་ཡིན་ཞེས་རྟག་ཏུ་གསུང་། །ཞེས་གསུངས།) དངོས་སུ་མ་བདེ་བ་བྱུང་ན་ཡང་གསོལ་བ་བཏབ་པས་སྒྲོ་འདོགས་ཆོད་པའི་རྟོགས་པ་འབྱུང་གསུང་ངོ་།།
བླ་མ་སངས་རྒྱས་ནས་བརྒྱུད་པའི་གདམས་ངག་མངའ་བ་ཡིན་ཏེ། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས། ཇོ་བོ་བླ་མ་འཚོལ་བའི་ཆེད་དུ་རྒྱ་མཚོ་ཆེན་པོར་ཡང་ལན་གསུམ་ཞུགས། དམ་པའི་ཆོས་ཀྱི་ཕྱིར་རྟག་ཏུ་ངུ་བཞིན་དུ་ལུས་དང་སྲོག་ལ་ཡང་མི་ལྟར་བར་བྱ་སྟེ། རྒྱ་གར་ཡུལ་དབུས་ཆེན་པོ་འདི་དང་། ལྷོ་དང་། ཁ་ཆེ། ཟ་ཧོར། གསེར་གླིང་། ཟངས་གླིང་། ནས་གླིང་ལ་སོགས་པར་བྱོན་ནས། ཆོས་ལུགས་རེ་རེ་ལ་ཡང་བླ་མ་དཔག་ཏུ་མེད་པ་མངའ། ཨུ་རྒྱན་དུ་བྱོན་ནས་ཐེག་པ་ཆེན་པོ་གསང་སྔགས་ལ་མཁས་པར་གྲགས་པ་དང་མ་གྲགས་པའི་ཡོན་ཏན་ནང་དུ་སྦེད་པའི་རྣལ་འབྱོར་པ་མང་པོ་ལ་ཡང་ཆོས་ཞུས། བླ་མ་དེ་རྣམས་ཀྱང་ཐམས་ཅད་གྲུབ་པ་ཐོབ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པ་ཤ་སྟག་ཡིན་གསུང་། (དམ་ཉམས་དང་། འཆལ་བ་དང་། འདྲེ་ཁྱེར་དང་། ཚེ་འདི་དོན་དུ་གཉེར་བ་གཅིག་ཀྱང་མེད་པ་ཡིན་གསུངས།) བླ་མ་དེ་རྣམས་ཀྱི་ནང་ནས་ཀྱང་རྩ་བའི་བླ་མ་བཅུ་གཉིས་ (ཟུལ་ཕུ་བ་ཆེན་པོའི་ཞལ་ནས། དངོས་གྲུབ་ཐོབ་པའི་བླ་མ་བཅུ་གཉིས། བདེན་པ་མཐོང་བའི་བླ་མ་གཉིས། རིགས་ངན་རྣལ་འབྱོར་པ་བྱིན་གྱིས་བརླབས་པའི་བླ་མ་ཡིན་གསུངས།) འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པ་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བའི་བླ་མ་གསུམ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་བླ་མ་གཉིས། གསེར་གླིང་པ་འགྲན་གྱི་དོ་མེད་ཡིན་གསུང་། བླ་མ་གསེར་གླིང་པ་དྲན་པའམ་མཚན་ཐོས་པའི་དུས་སུ་ཕྱག་སྤྱི་བོའི་གཙུག་ཏུ་སྦྱོར་བསྟོད་པ་རེ་མཛད་པ་ཡིན་གསུང་། ཇོ་བོ་ལ་བླ་མ་གཞན་ལ་དེ་ལྟར་མི་མཛད། གསེར་གླིང་པ་ལ་མཛད་པ་ཇི་ལྟར་ལགས་ཞུས་པས། ངའི་སེམས་བཟང་པོ་འདི་གསེར་གླིང་པའི་བཀའ་དྲིན་ཡིན་གསུངས་ནས་ཡང་ཕྱག་སྤྱི་བོར་སྦྱོར། བླ་མ་དེ་རྣམས་ལ་ཡང་བརྒྱུད་པ་མང་ན་ཡང་། ཐེག་པ་ཐུན་མོང་བའི་བརྒྱུད་པ་དང་། ཐེག་པ་ཆེན་པོའི་བརྒྱུད་པ་གཉིས་ཡིན་གསུང་།
ཐེག་པ་ཐུན་མོང་བའི་བརྒྱུད་པ་ནི་འཕགས་པ་འཇམ་དཔལ་གྱིས་བུད་དྷ་ཡེ་ཤེས་ཞབས་ལ་གསུངས། དེས་མར་མེ་མཛད་བཟང་པོ་ལ། དེས་ཡི་གེ་པ་ལ། དེས་དཀར་རཱ་བ་ལ། དེས་མཁན་པོ་ཛྙཱ་ན་ཤྲཱི་མཻ་ཏྲི་ཆེན་པོ་ལ། དེས་ཇོ་བོ་ཆེན་པོ་ལ་གསུངས། བརྒྱུད་པ་བདུན་པོ་དེ་རྣམས་ཐེག་པ་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན་པ། དེ་རྣམས་ཀྱི་མཚན་ཐོས་པས་ཀྱང་སྡིག་པ་དཔག་ཏུ་མེད་པ་མཛད་པ་ཚོགས་དཔག་ཏུ་མེད་པ་རྫོགས་པ་ཡིན་གསུངས། དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་གསུང་། ཐེག་པ་ཆེན་པོའི་བརྒྱུད་པ་ལ། ཐེག་པ་གསང་སྔགས་ཀྱི་བརྒྱུད་པ་དང་ཕ་རོལ་ཏུ་ཕྱིན་པའི་བརྒྱུད་པ་དང་། སྔགས་ཕར་ཕྱིན་གཉིས་ཀའི་ཐུན་མོང་བའི་བརྒྱུད་པ་དང་། གྲུབ་པ་ཐོབ་པའི་བརྒྱུད་པ་ལ་ཡང་། གསང་སྔགས་མཐའ་དག་གི་བརྒྱུད་པ་དང་། གསང་འདུས་ཀྱི་བརྒྱུད་པ་དང་། མ་རྒྱུད་ཀྱི་བརྒྱུད་པ་དང་། ཀྲི་ཡོག་གི་བརྒྱུད་པ་དང་། གཤིན་རྗེའི་བརྒྱུད་པ་དང་ལྔའོ།།
གསང་སྔགས་མཐའ་དག་གི་བརྒྱུད་པ་ནི། སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་ཝ། མ་ཏི་ཙ་ལ། དེ་ལ་ཛི་ཀིཙཏ་ཏི་ལ། མཉྫུ་ཤྲི་བྷ་ཏྲ། བོ་དྷི་པ་ཏྲ། ཤནྟི་ཏི་པ། ཇོ་བོ་བརྒྱུད་པ་དགུ་པོ་དེ་རྣམས་ཀྱི་གསང་སྔགས་ཀྱི་གདམས་ངག་མ་ལུས་ཇོ་བོ་ལ་མངའ་བ་ཡིན་གསུང་། ཡང་གསང་སྔགས་མཐའ་དག་གི་བརྒྱུད་པ་ལུགས་གཅིག་པ། སློབ་དཔོན་སངས་རྒྱས་ཡེ་ཤེས། སངས་རྒྱས་གསང་བ། སངས་རྒྱས་ཞི་བ། ཀུ་སུ་ལུ་ཆེན་པོ། ཀུ་སུ་ལུ་ཆུང་བ། ཇོ་བོ་དྲུག་པོ་དེ་ཡང་གསང་སྔགས་མཐའ་དག་གི་བརྒྱུད་པ་ཡིན་ཏེ། བརྒྱུད་པ་དེ་རྣམས་ཀྱི་གདམས་ངག་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་ནོ།།
གསང་བ་འདུས་པའི་བརྒྱུད་པ་ལ་ཡང་། རྒྱལ་པོ་ཨིནྡྲ་བོ་དྷི། ཀླུ་མོ་རྣལ་འབྱོར་མ། བྲམ་ཟེ་ས་ར་ཧ། སློབ་དཔོན་ཀླུ་སྒྲུབ། ཙནྡྲ་ཀིརྟི། བིར་ཡ་ཨནྡྲི། ལོ་ཙཱ་པི་ཏ་ལ། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཤནྟི་པ། ཨ་ཏི་ཤ་བརྒྱུད་པ་བཅུ་གཉིས་པོ་དེ་དང་གསང་འདུས་པ་ལ། འཕགས་པ་ཀླུ་སྒྲུབ། (འཛམ་བུའི་གླིང་དུ་ལོ་དྲུག་བརྒྱ་བཞུགས།) ཟླ་བ་གྲགས་པ། (ལོ་བཞི་བརྒྱ་བཞུགས། ) རིགས་པའི་ཁུ་བྱུག (སུམ་བརྒྱ་བཞུགས།) ཀུ་སུ་ལུ་ཆུང་བ། ཇོ་བོ་ཆེན་པོ་དེ་ལྟར་བརྒྱུད་པ་ལྔ་དང་། ཡང་གསང་འདུས་ལ། བུད་དྷ་ཡེ་ཤེས་ཞབས། (ལོ་དྲུག་བརྒྱ་བཞུགས།) པད་མ་ཝ། རྒྱལ་པོ་ཨིནྡྲ་བོ་དྷི། ལྕམ་ལེགས་སྨིན་དང་བཅས། རྒྱལ་པོ་སྤྱི་བོ་སྐྱེས། འཇམ་དཔལ་བཤེས་གཉེན། སངས་རྒྱས་ཡེ་ཤེས། ཀམ་པ་ལའི་ཞབས། པདྨ་རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཤནྟི་པ། ཇོ་བོ་དེ་ལྟར་བརྒྱུད་པ་བཅུ་གསུམ་དང་། གོང་དུ་བརྒྱུད་པ་གཉིས་སྤྱིར་གསང་བ་འདུས་པ་ལ་བརྒྱུད་པ་ཚན་གསུམ་གྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་གསུང་།
མ་བརྒྱུད་ཀྱི་བརྒྱུད་པ་ནི། སློབ་དཔོན་ཀླུ་སྒྲུབ། དྷ་ཀི་པ། དྷ་རི་པ། བྲམ་ཟེ་ཛེ་ཏཱ་རི། ཇོ་བོ་བརྒྱུད་པ་ (སྤྱིར་ཇོ་བོ་ལ་གསང་སྔགས་ཁོ་ནས་སྒྲུབ་པ་མཉེས་པའི་བླ་མ་བཅུ་གཉིས་ཡོད་པ་ཡིན་གསུང་།) ལྔ་པོ་དེ་ཡང་བདེ་མཆོག་གིས་བྱིན་གྱིས་བརླབས་པ། མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པ། རྣལ་འབྱོར་པ་བསྒྲུབ་པ་ཚུལ་དང་མཐུན་པར་བྱས་པ། རིག་པ་ལས་སུ་རུང་ལ། མངོན་པར་ཤེས་པ་མཐའ་དག་དང་ལྡན་པ་ཡིན་ཏེ། དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན་གསུང་། ཀྲི་ཡོག་གི་བརྒྱུད་པ་ནི། བུད་དྷ་ཡེ་ཤེས། བུད་དྷ་ཞི་བ། བུད་དྷ་གསང་བ། ཀུ་སུ་ལུ་ཆེ་བ། ཀུ་སུ་ལུ་ཆུང་བ། ཨ་ཏི་ཤ་དེ་ལྟར་བརྒྱུད་པ་དྲུག་པོ་དེ་ཡང་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་གསུང་། གཤིན་རྗེའི་བརྒྱུད་པ་ལ། ཀ་མ་ལ་རཀྵི་ཏ། ནག་པོ་ཞབས་ཆེན་པོ། ཇོ་བོའི་བླ་མ་དེ་རྣམས་ཀྱང་གསང་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་ཡིན་ཏེ། དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་མངའ་བ་ཡང་ཇོ་བོ་ཡིན་གསུང་།
དེ་ལྟར་བླ་མ་དེ་རྣམས་ལ་གསང་སྔགས་ལ་གྲགས་པའི་ཡོན་ཏན་མ་ལུས་པ་མངའ་ཞིང་ཇོ་བོ་ལ་གདམས་པ་མ་ལུས་པ་གནང་བ་ཡིན། ཇོ་བོས་ཀྱང་བུམ་པ་གང་བྱོའི་ཚུལ་དུ་ལོན་པ་ཡིན། གསང་སྔགས་ལ་མཁས་པར་གྲགས་པར་མ་ཟད་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལ་ཡང་མངའ་བརྙེས་པ་ཡིན་གསུང་། ཇོ་བོའི་ཕ་རོལ་ཏུ་ཕྱིན་པའི་བརྒྱུད་པ་ལ། ཤིང་རྟ་ཆེན་པོའི་སྲོལ་གཉིས་ཡིན་པ་ལ་ལྟ་བ་རྣམ་པར་དག་པའི་བརྒྱུད་པ་དང་། སྤྱོད་པ་རྣམ་པར་དག་པའི་བརྒྱུད་པ་དང་གཉིས་ཡིན་གསུང་། ལྟ་བའི་བརྒྱུད་པ་ནི། སློབ་དཔོན་ཀླུ་སྒྲུབ། (ས་དང་པོའི་བདེན་པ་གཟིགས་པ་ཡིན། ཁ་ཅིག་ས་ལྔ་པ་ཐོབ་ནས་དྲུག་པ་སྦྱོང་བར་ཡང་འདོད། བཅོམ་ལྡན་འདས་ཀྱིས་མདོ་དུ་མ་ནས་ལུང་བསྟན་པ་ཡིན་གསུང་།) ཟླ་བ་གྲགས་པ། (སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་པ་ཡིན་གསུང་།) རིགས་པའི་ཁུ་བྱུག (བསྟན་པ་འདིའི་ཆོས་དང་རིག་པ་ཡོད་ཚད་མི་མཁྱེན་པ་མེད།) ཨ་ཝ་དྷཱུ་ཏི་པ་ཆེན་པོ། (བྱ་བ་རྟེན་དགེ་བསྙེན་དུ་བཞུགས་པས། ཀུ་སུ་ལུ་ཆེན་པོ་ཡང་ཟེར། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན་གསུང་།) ཨ་ཝ་དྷཱུ་ཏི་པ་ཆུང་ངུ་། (བྱ་བ་འདི་ཡང་རྟེན་རབ་བྱུང་ཡིན་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན།) ཇོ་བོ་བརྒྱུད་པ་དྲུག་པོ་འདི་ལྟ་བ་རྣམ་པར་དག་པའི་བརྒྱུད་པ་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་གཟིགས་པ་ཡིན། འདི་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་ཏེ། ཇོ་བོ་དང་པོ་ནི་བླ་མ་རཏྣ་ཨ་ཀ་ར་ཤནྟིའི་སེམས་ཙམ་རྣམ་རྫུན་པའི་ལྟ་བ་འཛིན་པ་ལ་དེ་བོར་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཀྱི་ལྟ་བ་འཛིན་པ་ཡིན། ལྟ་བ་དེ་བོར་བ་ལ་ཇོ་བོས་བླ་མ་རཏྣ་ཨ་ཀ་ར་ཤནྟི་པ་འབུལ་བ་ཆེན་པོ་གཅིག་བྱས། དེས་ཀྱང་མ་མཉེས་སློབ་མ་བྱ་བ་ལྟ་བ་འཛིན་པ་ཞིག་དགོས་པ་ཡིན་གསུང་། དེ་རྣམས་ལྟ་བ་རྣམ་པར་དག་པ་ཡིན་བྱས་སུ་ཟད། སྤྱོད་པ་རྣམ་པར་དག་པ་བྱམས་པ་དང་སྙིང་རྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། བྱམས་པ་ནས་བརྒྱུད་པ་དང་། འཕགས་པ་འཇམ་དཔལ་ནས་བརྒྱུད་པ་གཉིས་ཡིན།
དེ་ལ་བྱམས་པ་ནས་བརྒྱུད་པ་ནི། རྒྱལ་བ་བྱམས་པ། (ནི་ས་བཅུའི་བྱང་ཆུབ་སེམས་དཔའི་སྐྱེ་བ་གཅིག་གིས་ཐོགས་པ་རྒྱལ་ཚབ་ཏུ་དབང་བསྐུར་བ་དེ་བཞིན་གཤེགས་པའི་གསང་བའི་གནས་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ། ཤེས་བྱའི་སྒྲིབ་པ་དར་ལ་བབ་པས་ཆོད་པ་ལྟ་བུ་ལས་མི་མངའ་བས་སངས་རྒྱས་ལ་ཡོན་ཏན་ཇི་ཙམ་ཡོད་པ་མགོན་པོ་བྱམས་པ་ལ་མངའ་བ་ཡིན། ལུང་བསྟན་ནས་འཁོར་བར་ཅུང་ཞིག་བཞུགས་ནས་ས་བདུན་པར་ལུང་བསྟན་པའོ།།) ཐོགས་མེད་ (སངས་རྒྱས་ཀྱིས་ཀྱང་མདོ་སྡེ་དང་འཇམ་དཔལ་རྩ་བའི་རྒྱུད་ནས་ལུང་བསྟན་པ་དང་། མདོ་སྡེའི་གཞུང་ཁ་ཅིག་ལས་ས་གསུམ་པ་ཐོབ་པར་ལུང་བསྟན་པའོ།།) དབྱིག་གཉེན། (ནི་སྐྱེ་བ་ལྔ་བརྒྱར་པཎྜི་ཏ་བརྒྱུད་མར་བླངས་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་སྦྱོར་བའི་ལམ་ལ་གནས་པ་ཡི་དམ་ལྷའི་ཞལ་གཟིགས་པ། ཚིགས་སུ་བཅད་པ་འབུམ་སྡེ་བརྒྱད་ཅུ་ཐུགས་ལ་གནས་པའོ།།) སློབ་དཔོན་འཕགས་པ་རྣམ་པར་གྲོལ་བའི་སྡེ། (འདི་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འོ།།) སོ་སོ་སྐྱེ་བོ་རྣམ་གྲོལ་སྡེ། (བློ་གྲོས་མཆོག་ཏུ་ལྡན་པ་བསྟན་བཅོས་ཀྱང་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པ་འཇིག་རྟེན་འདི་ལ་མ་ཆགས་པ་ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ།།) དུལ་བའི་སྡེ། (ཡང་དཀའ་བ་དཔག་ཏུ་མེད་པ་དང་དུ་བླངས་ནས་ཆོས་བསྒྲུབས་པས་འཁོར་འདས་གཉིས་སུ་མེད་པར་རྟོགས་པ་འདི་ཡང་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ།།) མཁན་པོ་ཡང་དག་རྣམ་སྣང་མཛད་བཟང་པོ། (ཡང་སྒྲུབ་པ་ཁོ་ན་ལ་མཉེས་པས་འཕགས་པའི་ཆོས་མ་ལུས་པ་དང་ལྡན་པའོ།།) སེངྒེ་བཟང་པོ། (ཡང་ལུང་རིགས་སྨྲ་བ་རྣམས་ཀྱི་ནང་ན་སེངྒེ་ལྟ་བུར་གྱུར་པ། སྒྲ་ཚད་ཀུན་གྱི་དོན་ལ་མཁས་པ་རིག་པའི་འབྱུང་གནས་སུ་གྱུར་པའི་པཎྜི་ཏའོ།།) རིན་ཆེན་བཟང་པོ། (རཏྣ་ཕ་ལ་རཏྣ་གུ་ན་མི་ཏྲ་ཡང་ཟེར། ཡོན་ཏན་བཤེས་གཉེན།) རིན་ཆེན་མདོ། (སྒྲུབ་པའི་གདམས་ངག་དཔག་ཏུ་མེད་པ་དང་ལྡན་པ། སྒྲུབ་པ་སྐུ་ཉམས་སུ་བཞེས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཐབས་དང་ཤེས་རབ་གཉིས་ལ་མངའ་བརྙེས་པ། ཁྱད་པར་དུ་ཀུན་རྫོབ་བྱང་ཆུབ་སེམས་ལ་བློ་འབྱོངས་པའོ།།) གསེར་གླིང་པ། (ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ལོ་རྒྱུས་གོང་འོག་ཏུ་རྒྱས་པར་འབྱུང་བ་ཡིན་ནོ།།) ཇོ་བོའི་བླ་མ་དེ་རྣམས་ཀྱིས་ཀྱང་ལ་ལ་ལས་ནི་མཆོག་གི་དངོས་གྲུབ་ཐུབ། ལ་ལས་ནི་ཐུན་མོང་གི་དངོས་གྲུབ་ཐོབ། མཚན་ཙམ་ཐོས་པས་ཀྱང་སྒྲིབ་པ་དཔག་ཏུ་མེད་པ་འཛད་ཚོགས་དཔག་ཏུ་མེད་པ་རྫོགས་པ་ཡིན། བརྒྱུད་པ་དེ་རྣམས་ཀྱི་ཡང་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་ཡིན། བརྒྱུད་པ་དེ་རྣམས་སྤྱོད་པ་རྣམ་པར་དག་པའི་རྒྱུད་པར་བྱས་སུ་ཟད། ལྟ་བ་མེད་པ་ནི་མ་ཡིན་གསུང་།
འཕགས་པ་འཇམ་དཔལ་ནས་བརྒྱུད་པ་ལ། འཕགས་པ་འཇམ་དཔལ། (ནི་སངས་རྒྱས་ཟིན་ཀྱང་སེམས་ཅན་གྱི་དོན་ལ་འཁོར་བ་མ་སྟོངས་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་ཆ་བྱད་འཛིན་པའོ།།) བློ་གྲོས་མི་ཟད་པ། (ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ་མདོར་ན་ཡོན་ཏན་ཇི་ཙམ་དང་ལྡན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལ་གྲགས་པའི་ཡོན་ཏན་ལྔ་དང་། སྔགས་ཀྱི་ཐེག་པ་ལ་གྲགས་པའི་ཡོན་ཏན་བརྒྱད་དེ། བཅུ་གསུམ་གྱིས་བརྒྱན་པའོ། །གཞན་ཡང་མཚན་དྲུག་ཏུ་གྲགས། ངོ་མཚར་གྱི་གཏམ་བདུན་དང་ལྡན་པའོ།།) དགེ་སློང་ཨ་ལ་དྷ་རི། (དེ་ཡང་སློབ་དཔོན་བློ་གྲོས་མི་ཟད་པ་དང་ཡོན་ཏན་མཉམ་སྟེ། སྔོན་ལ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པ་ལ། ཕྱིས་འཕགས་པ་མཇལ་དཔལ་དང་མཇལ་ནས་བྱིན་གྱིས་བརླབས་པའོ།།) སློབ་དཔོན་དཔའ་བོ་རྡོ་རྗེ། (དེ་ཡང་རང་བཞིན་གྱིས་ཡོན་ཏན་མང་པོ་དང་ལྡན་པ་ཁྱད་པར་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའོ།།) མ་ཧཱ་ཤྲཱི། (ནི་ཐེག་པ་ཆེན་པོའི་རིགས་སུ་སྐྱེས་པའོ།།) རཏྣ་བོ་དྷི། (ནི་དཔལ་སྡེ་ཟག་མེད་ཀྱི་བདེ་བའི་དཔལ་ཐོབ་པའོ།།) སཏྭ། (ནི་རིན་ཆེན་སྡེ་རིན་ཆེན་དང་འདྲ་བར་རྟོག་པ་མེད་ཀྱང་གཞན་དོན་བྱེད་པར་འགྱུར་རོ།།) བྱང་ཆུབ་སེམས་དཔའ་ (ནི་མ་ཧཱ་ས་ཏྭ་ན་སེམས་དཔའ་ཆེན་པོ་ཞེས་མཚན་དོན་དང་ལྡན་པའོ།།) གསེར་གླིང་པ། ཇོ་བོ་ཨ་ཏི་ཤའོ། །བརྒྱུད་པ་བདུན་པོ་དེ་རྣམས་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་འགྲོ་བ་དཔག་ཏུ་མེད་པའི་དོན་བྱེད་ནུས་པ་ཡིན། བླ་མ་འདི་རྣམས་ཀྱི་ཡང་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་ནོ།།
སྤྱོད་པ་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་ཁོ་ནས་སེམས་ཅན་གྱི་དོན་མཛད་དེ་ལྟ་བ་མེད་པ་མ་ཡིན་གསུང་། སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀའི་བརྒྱུད་པ་ནི། སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ། ཟླ་གྲགས། ཏེ་ལ་ཛོ་ཀི །རིགས་པའི་ཁུ་བྱུག །ཡེ་ཤེས་བྱང་ཆུབ། འཇམ་དཔལ་བཟང་པོ། རཏྣ་ཨ་ཀ་ར་ཤནྟི། ཇོ་བོ་ཨ་ཏི་ཤའོ། །(བརྒྱུད་པ་དགུ་པོ།) འདི་རྣམས་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་མཁས་པ་ཡིན་ཏེ། དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་གསུང་། (གནས་ཞི་བ)
གྲུབ་པ་ཐོབ་པའི་བརྒྱུད་པ་ལུགས་གཉིས་ལས། འཇམ་དཔལ་བཟང་པོ། ཤནྟི་པ། ཇོ་བོ་ཉིད། (བརྒྱུད་པ་གསུམ) ཡང་ལུགས་གཅིག་ལ། སློབ་དཔོན་ཕྱག་ན་རྡོ་རྗེ། པད་མ་པ། རྒྱལ་པོ་ཨིནྡྲ་བོ་དྷི། ལྕམ་ལེགས་སྨིན། ཛྙཱ་ན་བོ་དྷི། ཙོའི་པ་ཏི། (ཏི་ལོ་བརྒྱ་ཐུབ་པ།) བཛྲ་བོ་དྷི། མཉྫུ་ཤྲི་བཛྲ། རཏྣ་ཨ་ཀ་ར་ཤནྟི། ཇོ་བོ་ཉིད། (རྒྱུད་པ་དགུ་པོ།) བླ་མ་འདི་རྣམས་གྲུབ་པ་ཐོབ་པའི་རྟགས་ཟམ་ལ་བརྒྱུད་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པ་མཚན་ཙམ་ཐོས་པས་ཀྱང་ཚོགས་དཔག་ཏུ་མེད་པ་རྫོགས་པ། སྒྲིབ་པ་དཔག་ཏུ་མེད་པ་འཛད་པར་ནུས་པ་ཡིན་ཏེ། འདི་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་ནོ།།
བྱིན་བརླབས་ཀྱི་བརྒྱུད་པ་ལ་ལུགས་གཉིས་ལས། (རྒྱུད་པ་བཞི་པ།) རྣལ་འབྱོར་པ་ཤེས་རབ་བཟང་པོ། (ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཆང་ཆེན་པོས་དངོས་སུ་བྱིན་གྱིས་བརླབས་པའོ།།) ནཱ་རོ་པ། ཌོཾ་བྷི་པ། (ན་རོ་པས་བྱིན་གྱིས་བརླབས་པའི་གཏམ་ནི། ནཱ་རོ་པ་གྲོང་ཁྱེར་དུ་གཤེགས་ནས་སྤྱོད་པ་མཛད་ཅིང་བཞུགས་པ་ལ། ཤིང་ཐུན་གཅིག་གིས་ཤིང་བཙོངས་ཤིང་། ཆང་ཆག་ཚང་ཀུ་བ་རེ་རེ་སློབ་དཔོན་ནཱ་རོ་པ་ལ་དྲངས་པས། ཁྱོད་ང་ལ་དད་དམ་གསུང་། དད་བྱས་པས་དེ་ཉིད་དུ་བྱིན་གྱིས་བརླབས། རྫུ་འཕྲུལ་དང་ཡང་ལྡན་པ་ཡིན་གསུང་། ཡང་ལུགས་གཅིག་ལ་ཌོཾ་བྷི་པ་ནི་རིགས་ངན་རྒྱལ་པོའི་བ་ལང་རྫི། ཀ་ཁ་ཡང་མི་ཤེས། ལྷ་ཡང་ཤང་དཀར་ཡང་ཏེ་ལོ་པས་བྱིན་གྱིས་བརླབས་པས་སྐྱོ་བ་འཁྲུངས་པ་དཀའ་བ་བཅུ་གཉིས་མཛད་ནས་བླ་མ་བསྟེན། ནཱ་རོ་པ་ཏེ་ལོ་པ་ལ་བརྟེན་པའི་དུས་ན་ཡུལ་ཐང་རིང་པོ་ནས་ཏེ་ལོ་པ་སྤྱན་འདྲེན་དུ་བྱུང་ནས། ནཱ་རོ་པ་དང་གཉིས་བཞུད་པས་ནཱ་རོ་པས་རྗེས་མ་སླེབས་པས་ཏེ་ལོས་བྱིན་བརླབས་བྱས་ཏེ་བྱོན། ཡོན་ཏན་བདག་གིས་བསྙེན་བཀུར་བྱས་ཙ་ན་ཏེ་ལོ་པའི་ཞལ་ནས། སངས་རྒྱས་བྱེ་བ་སྟོང་དག་ལ། །བསྙེན་བཀུར་རྒྱ་ཆེན་ངས་ཀྱང་བྱས། །ཀླུ་སྒྲུབ་དང་ཡང་ངས་གཏམ་བྱས། །ཆོས་ཉིད་བདེན་པ་ངས་ཀྱང་མཐོང་། །གསུངས་ནས་གར་སོང་ཆ་མེད་པར་སྟོར་ཏེ་སོང་། ནཱ་རོ་པས་ཕྱིར་ལོག་ནས་ཟངས་གླིང་དུ་བྱོན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་དེ་ཙ་ན་ཐོབ་གསུང་ངོ་།།) ཌོཾ་བྷི་པ། (ལ་ཅི་རང་ཙམ་ཅིག་ཡིན་པ་ལ། བ་ལང་འཚོ་བའི་ལམ་ཁ་ན་ནཱ་རོ་པའི་སྤྱིལ་བུ་ཡོད་པ་ལ་ཡར་ལམ་མར་ལམ་འགྲོ་རེས་ཀྱིས་ལྟ་ཞིང་འདུག །ནཱ་རོ་པ་དུས་མཁྱེན་པས་ང་ལ་དད་དམ་གསུང་། དད་བྱས་པས་ཆང་ཅིག་ཁྱེར་ལ་ཤོག་གསུང་། དེ་ནས་ཆང་ཆག་ཚང་ཀུ་བ་གང་དྲངས། བྱིན་བརླབས་བྱས་པས་ཏིང་ངེ་འཛིན་དང་ལྡན་པར་གྱུར། རྫུ་འཕྲུལ་དང་ཡང་ལྡན་པར་གྱུར་ནས་གྲོང་ཁྱེར་གྱི་བཞི་མདོར་བཞུགས། གོ་ལ་ལ་སོགས་ལྷག་མ་བོར་བ་བྱིས་པས་ཟོས་པས། རིགས་ཉམས་པར་བྱས་ཟེར་ནས་བསྐྲད་པས་བཞུད་དུ་གནང་། ལག་ནས་འཐེན་པས་མ་འགུལ། སྐྱེ་གནས་བཏགས་ཏེ་གླང་པོ་ཆེས་འཐེན་ཡང་མ་གཡོས་པར་གླང་པོ་ཆེ་ཕ་བོང་ལ་བཏགས་པ་བཞིན་དུ་ཚུར་འཁོར། བྲམ་ཟེའི་སྨྲང་ལས་ཡོན་ཏན་དེ་ལྟ་བུ་ཐོབ་ན་རིག་པ་སོར་ཆུད་པར་འདོད་པ་ད་འདི་ཉིད་དུ་ཞོག་བྱས་པས་གར་སོང་ཆ་མེད་དུ་སོང་སྐད།) དེའི་ཡོན་ཏན་ཇོ་བོས་གསན་ནས་མཇལ་དུ་ཕྱིན་པས་མ་རྙེད་ནས་གསོལ་བ་བཏབ་པས་ནུབ་ཚུབ་ཚུབ་ན་ཡེངས་ལ་རབ་ཏུ་བྱུང་བ་དཔོན་གཡོག་གསུམ་ལག་ཏུ་ཐོད་ཕོར་རེ་བཟུང་། མི་ཤ་ཟ་ཞིང་བྱུང་བས་མ་དད་པ་ཞིག་བྱུང་ནས་སྦོམ་པོ་མི་ཡོང་ངམ་བྱས་པས་དཔོན་དེ་ན་རེ། བུད་དྷ་ལ་འཁྲུལ་པ་མངའ་འམ་གསུང་། དེ་མི་མངའ་ཞུས་པས། འོ་ན་ཁྱོད་རང་ཡང་འདི་ཟོ་གསུངས་ནས་མཆན་ནས་མི་ཤ་ལག་པ་གཅིག་བཏོན་ནས་བྱིན་པས་སྲིན་ལག་གི་ཚིགས་མན་ཆད་ཟོས་པས། སྲོད་ནས་གྲོ་ཚུན་ཆད་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་འདུག་པས། ཇོ་བོའི་ཐུགས་དགོངས་ལ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས་ཡིན་ནམ། ཌོཾ་བྷི་པས་ཡིན་སྙམ་པ་ལ། དུས་ཕྱིས་བླ་མ་ཌོཾ་བྷི་པ་ལ་སྔགས་པ་གཅིག་གིས་གསོལ་བ་བཏབ་པས། བླ་མ་ཌོཾ་བྷི་པའི་ཞལ་ནས། ང་དང་ཁྱེད་ལ་འབྲེལ་བ་མེད། ངའི་སློབ་མ་ཡེ་ཤེས་ཀྱི་མཚན་ཅན་ཞིག་ལ་ངས་དུས་འདི་ཙམ་ན་བྱིན་གྱིས་བརླབས་ཡོད་པས་དེ་དང་ལས་ཀྱི་འབྲེལ་བ་ཡོད་པས་གསོལ་བ་ཐོབ་ཅིག་གསུངས་ནས་ལུང་བསྟན། དེར་སྔགས་པ་དེས་ཇོ་བོའི་སྤྱན་སྔར་བྱོན་ནས་ཉི་མ་འགའ་ལ་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། ཇོ་བོའི་ཞལ་ནས་ཁྱོད་འདི་རུ་སུས་བཏང་གསུང་། སྔགས་པས་གོང་གི་ལོ་རྒྱུས་བརྗོད་པས། བླ་མ་ཌོཾ་བྷི་པས་བྱིན་གྱིས་བརླབས་པར་མཁྱེན་ནས། དེ་ནས་སྔགས་པ་དེ་ལ་ཇོ་བོས་བྱིན་གྱིས་བརླབས་པས་ཧེ་རུ་ཀའི་དཀྱིལ་འཁོར་མངོན་སུམ་དུ་གྱུར་ཟེར་ཏེ། ཆོས་གཟིགས་པའི་དོན་ཡིན་གསུང་། དེ་ནས་སྔགས་པས་ནམ་བཟའ་འདྲ་བ་མངའ་བ་གོ་ལར་བཙོངས་ནས་དགེ་འདུན་ལ་དྲངས་ནས་བཀའ་དྲིན་གྱིས་ཁྱབ་བོ་གསུངས་ནས་ནགས་སུ་བཞུད་དོ། །ཇོ་བོ་དེ་དང་མཇལ་བར་བཞེད་པའི་ཐུགས་དགོངས་ནམ་འཁྲུངས་ལ་འདི་ན་ཡོད་གསུངས་ཤིང་བྱོན་པ་ཡིན་པ་ལ། བོད་དུ་མ་བྱོན་སྐད་མི་མཐུན་པས་ལན་པ་ཡིན་ནམ། འཇིག་རྟེན་ཁམས་གཞན་དུ་བཞུད་དམ་གསུང་བར་གདའ།
ཡང་བྱིན་རླབས་ཀྱི་བརྒྱུད་པ་ལུགས་གཅིག་ལ། སློབ་དཔོན་བུད་དྷ་པ་ལི་ཏ། སངས་རྒྱས་ཡེ་ཤེས། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སུ་ལུ་ཆེན་པོ། ཀུ་སུ་ལུ་ཆུང་བ། ཇོ་བོ་ཉིད་བརྒྱུད་པ་དྲུག་པོ་འདི་ཉིད་ཀྱང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། ཏིང་ངེ་འཛིན་བཟང་པོ་མངའ་བ། རྫུ་འཕྲུལ་དང་ལྡན་པ་ཡིན། འདི་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་པ་ཡིན། འདི་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་གསུང་། གཞན་ཡང་མཚན་ཉིད་ཀྱི་ཆོས་ཀྱི་བརྒྱུད་པ་དང་། སེམས་བསྐྱེད་པའི་བརྒྱུད་པ་དང་། གྲུབ་མཐའི་བརྒྱུད་པ་དང་། གདམས་པ་སྣ་ཚོགས་པའི་བརྒྱུད་པ་ཡང་ཇོ་བོ་ལ་མངའ་བ་ཡིན་ཏེ། སློབ་དཔོན་དྷརྨ་ཀིརྟི་ནས་བརྒྱུད་པ་ནི། དྷརྨ་ཀིརྟི་ལ་གསན། ས་བཟང་ནས་བརྒྱུད་པ་ནི་ཤནྟི་པ་ལ་དངོས་སུ་གསན། སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པ་ནི་རིགས་པའི་ཁྱུ་བྱུག་ལ་དངོས་སུ་གསན།
སེམས་བསྐྱེད་པའི་བརྒྱུད་པ་ནི་འཕགས་པ་བྱམས་པས། ཐོགས་མེད། དབྱིག་གཉེན། བློ་གྲོས་བརྟན་པ། ཀུ་སུ་ལུ་ཆེན་པོ། ཀུ་སུ་ལུ་ཆུང་བ། གསེར་གླིང་པ། ཇོ་བོ་ཉིད་དང་བརྒྱུད་པ་བརྒྱད་པོ་འདི་རྣམས་སེམས་བསྐྱེད་པའི་གོ་ཆ་ལ་མཁས་པ་ཡིན་ཏེ། འདི་རྣམས་ཀྱི་མན་ངག་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན། འདི་རྣམས་ཀྱི་མན་ངག་ལ་བརྟེན་ནས་སེམས་བསྐྱེད་པའི་ཆོ་གའི་ཡི་གེ་ཡང་མཛད་གསུང་། (སེམས་བསྐྱེད་པ་ལ་སློབ་དཔོན་ཀླུ་སྒྲུབ་ལུགས་དང་། ཨཱརྱ་ཐོགས་མེད་ལུགས་གཉིས་ཡོད་པ་ལས། གཉིས་ཀའི་ལུགས་ཇོ་བོ་ལ་མངའ་བ་ལ། སློབ་དཔོན་ཀླུ་སྒྲུབ་ལུགས། ཞི་བ་ལྷའི་ལུགས་ལ་གདམས་པ་མེད་པས་ལག་ལེན་མི་བཏུབ་གསུངས་ནས་མི་མཛད། ཇོ་བོ་ཉིད་སློབ་དཔོན་ཐོགས་མེད་ཀྱི་ལུགས་མཛད། དེའི་མན་ངག་ཀྱང་ཇོ་བོའི་སློབ་དཔོན་མན་ཤྲཱིའི་ཀིརྟིས་མཛད་པའོ།།) གྲུབ་མཐའི་རྒྱུད་པ་ལ་འཇམ་དཔལ་དངོས་སུ་ཞལ་གཟིགས་པའི་ཨ་ཝ་དྷཱུ་ཏི་པ། མར་མེ་མཛད་བཟང་པོ། ཤཱཀྱ་བཤེས་གཉེན། རི་བོ་བཟང་པོ། དེ་གཉིས་ཀྱིས་རྡོ་རྗེ་མཁའ་འགྲོ་མ་དངོས་ལ་གསན། དེ་ནས་དགེ་སློང་བསོད་སྙོམས་པ། ཁུ་བྱུག་ཞབས། ས་འགེབས་པའི་ཞབས། རཏྣ་ཨ་ཀ་ར་ཤནྟི། ཇོ་བོ་ཉིད་བརྒྱུད་པ་དགུ་པོ་འདི་རྣམས་གྲུབ་མཐའ་ལ་ཤིན་ཏུ་མཁས་པ་ཡིན། འདི་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན་ཏེ། ཇོ་བོ་གྲུབ་མཐའ་འབྱེད་པ་ལ་ཤིན་ཏུ་མཁས་པས་ཇོ་བོ་ཉིད་ཀྱི་ཞལ་ནས། ཕྱི་ནང་གི་ཁྱད་པར་འབྱེད་མཁྱེན་པ་ངའི་བླ་མ་གསེར་གླིང་པ་དང་། ཤནྟི་པ་དང་། ང་དང་གསུམ། ངའི་སློབ་མ་སའི་སྙིང་པོ་བཞི་ལས་མེད། དེ་ཡང་ཐེ་ཚོམ་གཅོད་པ་དང་། ཆོས་འདྲི་ས་རྒྱ་གར་ནང་ང་དང་། ངའི་བླ་མ་ཤནྟི་པ་གཉིས་ལ་བྱེད་པ་ཡིན་པ་ལ། བླ་མ་འདས། ང་བོད་དུ་འོངས་རྒྱ་གར་ཡང་ངན་པར་ཐལ་གསུང་། རེས་ཙ་ན་བླ་མ་དྷརྨ་རཀྵི་ཏ་ཡང་གྲོངས། ང་ཡང་བོད་དུ་འོངས་རྒྱ་གར་ཡང་ངན་པར་ཐལ་གསུང་། ཇོ་བོ་མི་བཞུགས་ན་རྒྱ་གར་ཙམ་ཡང་ངན་པར་འཛིན་པ་ཡིན་གསུང་། (ལོ་ཙཱ་བའི་བསྟོད་པ་ནས། རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན། །སེངྒེའི་ང་རོའི་སྒྲ་སྐད་ཀྱིས། །ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །ཞེས་གསུངས།)
གདམས་པ་སྣ་ཚོགས་པའི་བརྒྱུད་པ་ནི། སློབ་པོན་ཀླུ་སྒྲུབ། ན་ག་བོ་དྷི། སྤྱོད་པ་བ། སེངྒེ་བ། རཏྣ་ཨ་ཀ་ར་ཤནྟི། ཇོ་བོ་ཉིད། ཡང་གདམས་པ་ཤས་གཅིག་པ། ནཱ་ག་ཛུ་ན། ཟླ་བ་གྲགས་པ། རིགས་པའི་ཁུ་བྱུག །ཨ་ཝ་དྷཱུ་ཏི། གསེར་གླིང་པ། ཇོ་བོ་ཉིད། ཡང་གདམས་པས་ཤས་གཅིག་ལ། ནཱ་ག་ཛུ་ན། ཨཱ་རྱ་དེ་ཝ། ཟླ་བ་གྲགས་པ། ཏེ་ལོ་ཡོ་ཀིམ་ཏི་ཛྙཱ་ན་བོ་དྷི། ཇོ་བོ་ཉིད། བླ་མ་འདི་རྣམས་ལ་གདམས་པ་མ་ལུས་པ་མངའ་བ་ཡིན་ཏེ། འདི་རྣམས་ཀྱི་གདམས་པ་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན་གསུངས། གཞན་ཡང་ཇོ་བོ་ལ་བླ་མ་མང་དུ་ཡོད་དོ།།
མདོར་ན་ལྟ་བ་ལུང་སྟོན་པའི་བླ་མ་ནཱ་རོ་པ། བརྟུལ་ཞུགས་ཀྱི་བྱིན་རླབས་སྟེར་བའི་བླ་མ་ཌོཾ་བྷི་པ། ལས་ཚོགས་ཀྱི་བྱིན་རླབས་ (ལོ་ཙཱ་བའི་བསྟོད་པ་ནས། རྟག་ཏུ་བརྟེན་པའི་བླ་མ་ནི། །ཤནྟི་པ་དང་གསེར་གླིང་པ། །བྷ་ཏྲ་བོ་དྷི་ཛྙཱ་ན་ཤྲཱི་རི་དང་། །དངོས་གྲུབ་ཐོབ་པ་མང་པོ་དང་། །ཁྱད་པར་དུ་ནི་ཀླུ་སྒྲུབ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ཡིན། །ཞེས་གསུངས་སོ།།) སྟེར་བའི་བླ་མ་བྷ་ལིམ་ཨ་ཙརྱ་ཆེན་པོ། རྫུ་འཕྲུལ་གྱི་བྱིན་རླབས་སྟེར་བའི་བླ་མ་པཎྜི་ཏ་མི་ཆེན་པོ། ཕག་མོའི་བྱིན་རླབས་སྟེར་བའི་བླ་མ་བྷུ་ཏ་ཀོ་ཊི་པ། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བའི་བླ་མ་ཤེས་རབ་བཟང་པོ། ཚིག་དོན་རྒྱས་པར་བྱེད་པའི་བླ་མ་ཤནྟི་པ། ཁྱད་པར་དུ་བསྟན་པའི་སྒོ་འབྱེད་བློ་སྦྱོང་བའི་རིམ་པ་སྟེར་བར་བྱེད་པའི་བླ་མ་གསེར་གླིང་པ་ཡིན་གསུང་། བླ་མ་གསེར་གླིང་པ་དེ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། མ་ལུས་པར་ནི་བརྗོད་མི་ནུས། གཏམ་རྒྱུད་ཟུར་ཙམ་ཇོ་བོས་གསུངས་པ་ནི། གསེར་གླིང་ཞེས་པ་གླིང་དང་གླིང་ཕྲན་བརྒྱད་གང་དུ་ཡང་མ་གཏོགས་པ། འཛམ་བུའི་གླིང་དང་ཁད་ཉེ་བ་རིན་པོ་ཆེ་སྣ་ཚོགས་ཡོད་པའི་གླིང་གཅིག་ཡོད་པ་དེ་ལ་གསེར་གླིང་ཞེས་ཟེར་རོ།།
གླིང་དེའི་རྒྱལ་རིགས་སུ་སྐུ་འཁྲུངས་པ། རྒྱལ་བུ་སི་ན་སི་ན་ཞེས་བྱ་བ་སྐྱེས་མ་ཐག་ཏུ་དཀོན་མཆོག་གསུམ་ངག་ཏུ་བརྗོད་པ་ཞིག་བྱུང་། གླིང་དེ་མུ་སྟེགས་པའི་གླིང་ཡིན་ཡང་རྒྱལ་བུའི་བསོད་ནམས་ཀྱིས་སུས་ཀྱང་ངག་ལྕོག་མ་ནུས་སོ། །རྒྱལ་བུ་དེ་ཆེར་སྐྱེས་ནས་རི་ཕུག་གཅིག་ནས་ཤཱཀྱ་ཐུབ་པའི་སྐུ་ལུགས་མ་གཅིག་རྙེད་ནས་བྱུང་། དེ་ལ་ (རྒྱལ་བ་ཤཱཀྱ་ཐུབ་པས་གསེར་གླིང་པའི་དབུ་ལ་ཕྱག་གིས་བྱུགས་པས་སྐུ་ལུས་ཐམས་ཅད་འོད་ཀྱིས་ཁྱབ་པར་མཛད།) མཆོད་པ་སྣ་ཚོགས་བྱས་པས་གླིང་དེ་སྔ་མ་བས་ཀྱང་བདུན་འགྱུར་གྱིས་ལོ་ལེགས་པ་ནད་ཉུང་བ་ལ་སོགས་པ་བཀྲ་ཤིས་པར་གྱུར་ཏོ།།
དེར་ཡུལ་གསེར་གླིང་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས། རྒྱལ་བུ་འདི་ཆོས་འཚོལ་དུ་བཏང་ཟེར་བས་རྒྱལ་བུ་དགྱེས་ནས་འཛམ་བུའི་གླིང་རྡོ་རྗེ་གདན་མངོན་པར་བྱང་ཆུབ་པའི་གནས་ཡིན་པས་དེར་བྱོན་པ་དང་སྲིན་པོ་མཆོད་པ་བྱེད་པ་དུས་འཛོམས་པས་གང་ཟག་ཡོན་ཏན་ཐམས་ཅད་དེར་འདུ་བ་ཡིན་པས་སློབ་དཔོན་ཆེན་པོ་ཚེ་གྲུབ་པ་མ་ཧཱ་ཤྲཱི་རཏྣ་ཡང་དེར་བྱོན་པས། རྒྱལ་བུ་དེ་དམ་པ་གཞན་ལ་མོས་པ་མ་སྐྱེས། མ་ཧཱ་ཤྲཱི་རཏྣ་ལ་དད་པ་དང་མོས་པ་དང་གུས་པ་མང་དུ་སྐྱེས་སོ། །དེར་ཞག་བདུན་འགྲོགས་ནས་སློབ་དཔོན་དེ་མེད་སོང་། རྒྱལ་བུས་བོས་ཀྱང་མེད་བཙལ་ཀྱང་མེད་ཀུན་ཏུ་དྲིས་ཀྱང་རྩད་མ་ཆོད་ནས། དེར་རྒྱལ་བུས་ལུམྦིའི་ཚལ་དང་། ཝཱ་རཱ་ཎ་སཱི་དང་། ཐམས་ཅད་དུ་བཙལ་ཀྱང་མ་རྙེད་དོ། །དེར་རྒྱལ་བུ་ངལ་ནས་གཉིད་ལོག་པའི་རྨི་ལམ་དུ་བུས་པ་གཉིས་གླུ་ལེན་པ་ལ། རང་ཡུལ་འཁོར་དང་ལོངས་སྤྱོད་བོར། །སྨོན་པ་གཅིག་གིས་རྩ་བ་ཆོད། །རིང་ནས་ཕུང་ངམ་མྱུར་དུ་ཕུང་། །རིགས་དང་བཟང་སྟེ་ཤེས་རབ་ཆུང་། །ཟེར། དེར་རྒྱལ་བུ་གཉིད་སད་དེ་རྡོ་རྗེ་གདན་དུ་བྱོན་པ་ལ་ཅི་ཡང་མེད་དོ།།
དེ་ནས་རང་གི་ཡུལ་དུ་འགྲོ་སྙམ་སྟེ་འདུག་པ་ལ། མདུན་ན་བུ་མོ་གཉིས་གླུ་ལེན་པ་ལ། གཉེན་འདུན་འགྲོགས་ཤེས་མང་པོ་དག །ཡུལ་དུ་ཁང་ཁྱིམ་ནོར་ཆེན་དང་། །ཟས་སྐོམ་གོས་ཀྱི་ལོངས་སྤྱོད་པ། །མྱ་ངན་སྐྱེ་བར་འགྱུར་བ་ཡིན། །ཆོས་དང་རིང་དུ་འགྱུར་བ་ཡིན། །ནོར་མ་རྙེད་ཀྱི་ཚོང་པ་དག །ཡུལ་དུ་སྟོང་པར་ལོག་པ་འདྲ། །ཟེར་གྱི་འདུག་པ་ལ་ངེས་པར་ང་ལ་ཟེར་སྙམ་ཙ་ན་མེད་དེ་སོང་། དེར་རྒྱལ་བུ་དགྱེས་ཏེ་ངེས་པར་ཆོས་སྐྱོང་མ་གཅིག་ཡིན་པ་ལ་དྲི་ས་མེད་སྙམ་ནས་ལོང་ཡོད་ཀྱི་ལོ་བདུན་རྒྱ་གར་དུ་བཞུགས་ནས་བླ་མ་མང་པོ་ལ་ཆོས་དང་རིགས་པ་བསླབས་ནས། ཡང་རྡོ་རྗེ་གདན་དུ་མཆོད་པ་བྱེད་ཀྱིན་ཆོས་སྐྱོང་མ་དེ་དང་ཕྲད་ན་སྙམ་པ་ལ། རྒན་མོ་ཅིག་ན་རེ། སྐམ་སར་ཆུ་མ་དྲངས་པ་ཡིས། །ཉིན་དང་མཚན་མོ་འདས་པ་ཡིས། །མི་རྣམས་ཚེ་ནི་ཟད་པར་བྱེད། །རྨོངས་པ་ལོང་ཡོད་མ་ཟེར་ཅིག །ཅེས་ཟེར་ནས་མི་སྣང་བར་སོང་ངོ་།།
དེར་རྒྱལ་བུས་སློབ་དཔོན་མ་ཧཱ་ཤྲཱི་རཏྣ་ཡིད་ལ་བྱས་པ་དང་། རྒྱལ་བུའི་རྨི་ལམ་ན། སློབ་དཔོན་ན་རེ། རྒྱལ་སྲིད་ནི་དམན་པའོ། །དམ་པ་མ་ཡིན་པའོ། །དམ་པ་ལས་རིང་དུ་བྱེད་པའོ། །རྒྱལ་བུ་ལ་ཆོས་ཀྱི་རྒྱལ་སྲིད་འཛིན་ནུས་སམ་ལན་གསུམ་གསུངས། རྒྱལ་བུས་ཀྱང་ལན་གསུམ་དུ་འཛིན་ནུས་སོ་ཞེས་ཁས་བླངས་པ་དང་། གཉིས་སད་སློབ་དཔོན་དངོས་སུ་བཞུགས་འདུག་གོ །དེར་སློབ་དཔོན་གྱིས་བྱིན་གྱིས་བརླབས་ཏེ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་ཡིན་པ་བསྟན། སངས་རྒྱས་ཐམས་ཅད་ཀྱི་བཀའི་གདམས་པ་རྣམས་བསྟན། བྱམས་པ་དང་སྙིང་རྗེ་ཁོ་ན་ལ་དམིགས་པའི་ཆོས་མང་དུ་གསུངས། དེའི་ནང་ནས་ཀྱང་སློབ་དཔོན་བློ་གྲོས་མི་ཟད་པའི་ཆོས་བསླབ་བཏུས་སྤྱོད་འཇུག་ལ་གདམས་པ་ཁྱད་པར་ཅན་དཔེ་དགུ་དོན་དགུ་རྟོགས་ཚུལ་དགུ་ལ་སོགས་པ་ཐུན་མོང་མ་ཡིན་པ་རྒྱལ་བུ་ལ་གསུངས་སོ། །ཁྱད་པར་དུ་ཡང་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་ཆོས་མང་དུ་གསུངས། རྒྱལ་བུས་ཀྱང་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད། མཚན་ཡང་གསེར་གླིང་པ་ཆོས་ཀྱི་གྲགས་པ་ཞེས་བཏགས་སོ།།
དེ་ནས་གསེར་གླིང་དུ་བྱོན་ཏེ་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པ་ཐམས་ཅད་སྤངས་ཏེ། སངས་རྒྱས་ཀྱི་བསྟན་པ་མ་ལུས་པ་ལ་བཀོད་དོ། །གསེར་གླིང་པ་ཆོས་ཀྱི་གྲགས་པ་དེ་ནི་མཚན་དོན་དང་ལྡན་པ་ཡིན་ཏེ་ཆོས་ལ་བརྟེན་པའི་གྲགས་པས་འཛམ་བུའི་གླིང་ཁྱབ་བོ། །དེ་ལྟར་བླ་མ་མཁས་པ་ཆེན་པོར་གྲགས་པ་གསེར་གླིང་པ་དེ་ལ་སློབ་མ་པཎྜི་ཏ་གཅིག་ཡོད་པ་ལ། མཁས་པ་ཆེན་པོ་ཤནྟི་པ་དང་། ཇོ་བོ་དང་། མཁན་པོ་ཛྙཱ་ན་ཤྲཱི་མི་ཏྲ་དང་། རཏྣ་ཀིརྟི་དང་བཞི་ཡིན་པ་ལ། དེ་ཚོའི་ནང་ནས་ཀྱང་བསྟན་པའི་སྒོ་བ་ལྟ་བུ་ཤནྟི་པ་ཡིན་པས། བླ་མ་གསེར་གླིང་པའི་ཞལ་ནས་ཇོ་བོ་ལ་ཁྱོད་ཤནྟི་པ་ལ་ཆོས་ཉོན་ཅིག་གསུངས། དེ་ནས་ཇོ་བོས་ཕ་རོལ་ཏུ་ཕྱིན་པའི་གཞུང་ཆེ་བ་རྣམས་ཤནྟི་པ་ལ་ཉན། ཤནྟི་པ་ལ་མན་ངག་གི་བཤད་པ་མེད་ནས། མངོན་པར་རྟོགས་པའི་རྒྱན་བླ་མ་གསེར་གླིང་པ་རང་ལ་གསན། སྔགས་ཀྱི་རྟོགས་པ་ལ་ཕར་བཤད་ཚུལ་བཤད་བྱས། མཁན་པོ་ཛྙཱ་ན་ཤྲཱི་མི་ཏྲ་དང་། རཏྣ་ཀིརྟི་དང་གཉིས་ལ་ཡང་གསེར་གླིང་པའི་ལུགས་ཀྱི་ཆོས་གསན། གསེར་གླིང་པའི་མན་ངག་ཐམས་ཅད་མངའ་བ་ཡིན་གསུང་། གཞན་ཡང་ (ཇོ་བོའི་བླ་མ་གསེར་གླིང་པ་དེ་ལྟ་བ་སེམས་ཅན་རྣམ་བདེན་པ་བཞེད། རྣམ་བདེན་བུད་དྷའི་ལུགས་ལ་མི་བཞུགས། འབུམ་དྲང་དོན་ཡིན་གསེར་གླིང་པའི་སློབ་མ་ཇོ་བོའི་བླ་མ་ཡིན་པ་ཤནྟི་པ་ནི་སེམས་རྣམ་བདེན་པ་ལ་སྦྱོར་སྤྱོད་པ་ཟེར། རང་གི་རྣམ་རྫུན་པ་ལ་དབུ་མ་ཟེར། དབུ་མ་ལ་ཆད་ལྟ་ཟེར། ཇོ་བོ་གཉིས་ཀའི་སློབ་མ་ཡིན་ཏེ་ལྟ་བ་དབུ་མ་བཞེད་པ་ཡིན་གསུང་།) འཛམ་བུའི་གླིང་ན་ངོ་མཚར་ཅན་དུ་གྲགས་པ་ཐམས་ཅད་ཀྱི་ཡོན་ཏན་ཇོ་བོ་ལ་མངའ་བ་ཡིན་གསུང་། བུད་དྷ་མྱ་ངན་ལས་འདས་ནས་བསྟན་པ་འོད་སྲུང་ཆེན་པོ་ལ་གཏད། དེས་ཀུན་དགའ་བོ་ལ་གཏད། དེ་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མན་ངག་མངའ་བ་ཀུ་སུ་ལུ་ཆེན་པོ་ཡིན། གསང་བ་འདུས་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མན་ངག་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པ་དང་། སངས་རྒྱས་ཡེ་ཤེས་ནས་བརྒྱུད་པ་དང་། ཨིནྡྲ་བོ་དྷི་ནས་བརྒྱུད་པ་དང་། པཎྜི་ཏ་མགྲིན་པ་གསུམ་ནས་བརྒྱུད་པའི་མན་ངག་མང་བ་ཡང་ཀུ་སུ་ལུ་ཆེན་པོ་ཡིན། འཕགས་པ་ཐོགས་མེད་ཀྱིས་བྱམས་པ་མཉེས་པ་ནས་བརྒྱུད་པའི་མན་ངག་མངའ་བ་ཡང་ཀུ་སུ་ལུ་ཆེན་པོ་ཡིན། མདོར་ན་བུད་དྷ་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ངོ་མཚར་ཅན་དང་། ཡོན་ཏན་གར་བྱུང་ཐམས་ཅད་ཀྱི་མན་ངག་མངའ་བ་ཀུ་སུ་ལུ་ཆེན་པོ་ཡིན། དེའི་ཡོན་ཏན་མ་ལུས་པ་མངའ་བ་ཀུ་སུ་ལུ་ཆུང་བ་ཡིན། དེའི་ཡོན་ཏན་མ་ལུས་པ་མངའ་བ་བླ་མ་གསེར་གླིང་པ་ཡིན། བླ་མ་གསེར་གླིང་པའི་ཡོན་ཏན་མ་ལུས་པ་མངའ་བ་ཇོ་བོ་ཨ་ཏི་ཤ་ཡིན་པས་བླ་མ་ཉིད་ཀྱི་ཞལ་ནས་ངས་ཚོགས་བསགས་པས་གཟུགས་མཛེས་པས་བླ་མ་ཐམས་ཅད་ཀྱིས་ཐུགས་ལ་བཏགས་གསུངས།
དེ་ལྟར་བླ་མ་སངས་རྒྱས་ནས་བརྒྱུད་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་མ་ལུས་པར་མངའ་བ་ཇོ་བོ་རྗེ་ལྷ་གཅིག་རིན་པོ་ཆེ་དེ་ཡིན། དེ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཡིན་ཏེ། ལྷོ་བལ་ཕན་ཆད་ན་རིག་པའི་གནས་ལྔ་ལ་སློབ་པའི་སྲོལ་ཡོད་པ་ལ། འོ་སྐོལ་བོད་ལ། ལ་ལའི་སྲོལ་ཙམ་ཡོད། (ཚེ་སྔ་མ་ཇོ་བོ་དཀོན་མཆོག་གསུམ་མཆོད་པ་ལ་སོགས་པ་ཚངས་སྤྱོད་དཔག་ཏུ་མེད་པ་ལ་བརྟེན་ནས་མ་ཚང་བ་མེད་པ་བརྒྱད་ཐོབ་པར་བཤད་པ་ལ་ཇོ་བོ་ལ་གཟུགས་མ་ཚང་བ་མེད་པ་བྱ་བ་མངའ་བ་ཡིན་ཏེ། གཟུགས་ལྟ་བས་ཆོག་མི་ཤེས་པ་ནན་ཏར་མཛེས་པ་གཅིག་ཡོད་སྐད། ལོ་ཙཱ་བས་བསྟོད་པ་ལས་ཀྱང་། ཁྱོད་ཀྱི་སྐུ་ལུས་མཐོང་བ་ནི། །དང་པོ་ཐ་མའི་མིག་ཆགས་འགྱུར། །ཚོགས་ནི་བསགས་པ་དག་གི་རྒྱུས། །ཞབས་ལ་འཁོར་ལོའི་རྒྱན་གྱིས་བརྒྱན། །ཅེས་སོ།།) ལ་ལའི་མིང་ཙམ་ཡོད། ལ་ལ་མིང་ཙམ་ཡང་མེད་གསུང་། ཇོ་བོ་ཆེན་པོ་ནི་རིག་པའི་གནས་ལྔ་ལ་མཁས་པ་ཡིན་ཏེ། ནང་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། གསོ་བོ་རིག་པ། བཟོ་རིག་པའོ།།
དེ་ལ་དང་པོ་ནང་རིག་པ་ལ་མཁས་པ་ཡིན་ཏེ། ནང་པ་སངས་རྒྱས་པའི་ཆོས་སྡེ་སྣོད་གསུམ་ལ། ཐེག་པ་ཆེ་ཆུང་གཉིས་ལས། རེ་ཞིག་ཐེག་པ་ཐུན་མོང་བ་དབང་བཙན་དུ་བྱས་ནས། རྩ་བའི་སྡེ་བཞི་ལ། ཕལ་ཆེན་པའི་འདུལ་བ། མདོ་སྡེ། མངོན་པ་གསུམ་ཀ་ཇོ་བོས་མཁྱེན་པ་ཡིན་གསུང་། ཐམས་ཅད་ཡོད་སྨྲ་དང་། མང་པོས་བཀུར་བ་དང་། གནས་བརྟན་པ་དང་གསུམ་ལས། ཐམས་ཅད་ཡོད་སྨྲའི་མདོ་སྡེ། མངོན་པ་གཉིས་གསན། འདུལ་བ་མ་གསན་ཡང་མཁྱེན་གསུང་། གཞན་གཉིས་པོའི་མདོ་སྡེ་འདུལ་བ་མངོན་གསུམ་པོ་མཁྱེན་གསུང་། དེ་ལས་གྱེས་པའི་སྡེ་པ་བཅོ་བརྒྱད་ལ་རྟེན་འབྲེལ་གྱི་འཁོར་ལོ་རིགས་མི་འདྲ་བ་བཅོ་བརྒྱད། སྡོམ་པའི་གཏོང་ཐོབ་རིགས་མི་འདྲ་བ་བཅོ་བརྒྱད། (མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་གཅིག་འཇིག་རྟེན་གྱི་ཁམས་བཀོད་པ་མི་འདྲ་བ་དང་། ཆགས་འཇིག་མི་འདྲ་བ་བཅོ་བརྒྱད།) ཡོད་པ་དེ་ཐམས་ཅད་མ་འདྲེས་པར་མཁྱེན་གསུང་། (དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བོ་དེ་རྣམས་གསུང་པ་ལ་ཡི་གེ་འབྲི་བ་མ་གྲུབ། རྗེ་དེའི་མྱ་ངན་སངས་པ་མེད་གསུང་།) དེ་ཐམས་ཅད་ཀྱི་ཐུན་མོང་བ་འཕགས་པ་ (ཐེག་པ་ཐུན་མོང་ཆོས་བསྡུས་པ་ཞེས་བྱ་བའི་ལུང་དང་དེའི་འགྲེལ་པ་དང་། སློབ་དཔོན་ཐམས་ཅད་བསྲུངས་པས་མཛད་པ་མཁྱེན།) ཉེར་སྦས་ཀྱིས་མཛད་པའི་ (སྡེ་བཞི་ཐུན་མོང་གི་འགྲེལ་པ་མངོན་པ།) བྱེ་བྲག་ཏུ་བཤད་མཛོད་ཆེན་མོ་ (བམ་པོ་བརྒྱད་ཡོད།) ཡང་ཇོ་བོས་མཁྱེན་གསུང་། ཐེག་པ་ཆེན་པོ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ལས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ། ཕ་རོལ་ཏུ་ཕྱིན་པ་སེམས་ཙམ་རྣམ་རིག་པར་དཀྲོལ་བ་སློབ་དཔོན་རཏྣ་ཨ་ཀ་ར་ཤནྟིའི་ལུགས་དང་། ཕ་རོལ་ཏུ་ཕྱིན་པ་དབུ་མར་དཀྲོལ་བ་སེང་བཟང་གི་ལུགས་དང་། གཞན་ཡང་ཐེག་ཆེན་ལ་སློབ་དཔོན་ཀླུ་སྒྲུབ་ལུགས་དང་། ཐོགས་མེད་དང་རྟ་དབྱངས་ལ་སོགས་པའི་ལུགས་མ་ལུས་པར་མཁྱེན། ཐེག་ཆེན་གྱི་སྡེ་སྣོད་ལ་བདེན་པ་བཞིས་བསྡུས་པའི་བྱང་ཆུབ་སེམས་དཔའི་ཐེག་པ་དབྱིག་པ་གསུམ་གྱི་ཕྲེང་བ་དང་། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མདོ་སྡེ་རྒྱན་ལ་སོགས་པ་མཁྱེན། གཞན་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་ཆེན་པོའི་མདོ་སྡེ། འདུལ་བ། མངོན་པ་མ་ལུས་པ་དང་། མདོའི་འགྲེལ་པ་མ་ལུས་པ་ཇོ་བོས་མཁྱེན་པ་ཡིན། ཐེག་པ་ཆེན་པོའི་བསྟན་བཅོས་ལ་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་མང་པོ་དང་། སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པས་མཛད་པའི་རྣལ་འབྱོར་སྤྱོད་པའི་བསྟན་བཅོས་མང་པོ་དང་། གྲུབ་མཐའ་ལ་སོགས་པ་མ་ལུས་པ་ཇོ་བོས་མཁྱེན་པ་ཡིན། ཇོ་བོ་ཉིད་ཀྱི་ཞལ་ནས། རྒྱ་གར་ན་བཞུགས་ཚད་ཐམས་ཅད་ཀྱི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་བྲིས་ནས་བྲི་ཀ་མ་ལ་ཤི་ལར་བཞུགས་ཡོད་གསུང་། ཐེག་ཆེན་སྔགས་ལ་ཡང་ཇོ་བོ་མཁས་པ་ཡིན་ཏེ། ལ་ལ་རྒྱུད་སྡེ་བཞི་རུ་འདོད། ལ་ལ་ལྔ་རུ་འདོད་པ་ལ། ཇོ་བོའི་བཞེད་པས། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྟོག་པའི་རྒྱུད། གཉིས་ཀའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་བདུན་དུ་བཞེད། དེ་ཡང་དཔལ་ཡེ་ཤེས་ཀུན་ལས་བཏུས་པའི་རྒྱུད་ཆེན་མོ་ལས། བཅོམ་ལྡན་འདས་ཀྱིས་རྒྱུད་སོ་སོ་འདིར་དབྱེ་བ་གསུངས་པ། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །རྣལ་འབྱོར་གྱི་རྒྱུད་ལ་གྲངས་མེད་དོ། །རྣལ་འབྱོར་ཆེན་པོའི་རྒྱུད་ལ་སྟོང་ཕྲག་བཅུ་གཉིས། རྒྱས་པར་ཕྱེ་ན་གྲངས་མེད་དོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་ཡང་སྟོང་ཕྲག་བཅུ་གཉིས། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཇོ་བོ་རྒྱུད་དེ་རྣམས་མ་ལུས་པར་མཁྱེན་པ་ཡིན། དེ་ཡང་བྱ་བའི་རྒྱུད་ལ་གཟུངས་ཐམས་ཅད་དང་། རིག་པ་མཆོག་གི་རྒྱུད་དང་། གར་མཁན་མཆོག་གི་རྒྱུད་དང་། རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་དང་། དཔུང་པ་བཟང་པོའི་རྒྱུད་དང་། འཇམ་དཔལ་རྩ་བའི་རྒྱུད་ཆེན་པོ་དང་། (བཙུན་དྷའི་རྒྱུད་དང་། སྟོན་པའི་ཡི་གེ་ན་སྒྲོལ་མ་འབྱུང་བའི་རྒྱུད་བྱ་བའི་རྒྱུད་དུ་བྱས་འདུག །རྣལ་འབྱོར་རྒྱུད་དུ་བྱས་པ་ཡང་འདུག) འཇམ་དཔལ་གསང་བའི་རྒྱུད་དང་། རྡོ་རྗེ་གཙུག་ཏོར་དང་། ཨ་མོ་གྷ་པ་ཤ་དང་། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཞི་ཡོད་པ་ཇོ་བོས་མ་ལུས་པ་མཁྱེན། སྤྱོད་པའི་རྒྱུད་ལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་སྟོང་ཕྲག་བརྒྱད་ཇོ་བོས་མ་ལུས་པར་མཁྱེན། རྟོག་པའི་རྒྱུད་ལ་སྒྲོལ་མ་འབྱུང་བའི་རྒྱུད། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད། རྟོག་པ་ཀུན་ལས་བཏུས་པ་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཞི་བཞུགས་པ་ཇོ་བོས་མ་ལུས་པར་མཁྱེན། གཉིས་ཀའི་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། པདྨ་གར་གྱི་དབང་ཕྱུག་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཞི་བཞུགས་པ་མ་ལུས་པར་མཁྱེན། རྣལ་འབྱོར་གྱི་རྒྱུད་ཏ་ཏྲ་སང་ཏྲ་ཧ་དང་། དཔལ་མཆོག་དང་པོ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ཨ་མོ་གྷ་རྣམ་པར་རྒྱལ་བ་དང་། རྡོ་རྗེ་རྩེ་མོ་ལ་སོགས་གྲངས་མེད་དོ། །དེ་རྣམས་ཀྱང་ཇོ་བོས་མ་ལུས་པར་མཁྱེན། རྣལ་འབྱོར་ཆེན་པོའི་རྒྱུད་ནི་དཔལ་གསང་བ་འདུས་པ་བཤད་རྒྱུད་བཅས་པ་དང་། ཟླ་གསང་ཐིག་ལེ་དང་། གཤིན་རྗེ་ནག་པོ་དང་། དཔལ་མཆོག་དང་པོ་དང་། ལྷ་ཐམས་ཅད་འདུས་པ་དང་། ཐམས་ཅད་གསུང་བ་དང་། འདུལ་བ་དོན་ཡོད་པ་དང་། ཡེ་ཤེས་རྡོ་རྗེ་དང་། ཀུན་ལས་བཏུས་པ་དང་། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དང་། ནམ་མཁའ་དང་མཉམ་པ་ཆུང་ངུ་དང་། གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་དང་། རྡོ་རྗེ་གཙུག་ཏོར་ལ་སོགས་པ་སྟོང་ཕྲག་བཅུ་གཉིས་རྒྱས་པར་ཕྱེ་ན་གྲངས་མེད་པ་བཞུགས་པ་ལ་ཇོ་བོས་མ་ལུས་པར་མཁྱེན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་དཔལ་ནམ་མཁའ་དང་མཉམ་པ་དང་། འབུམ་པ་ཆེན་པོ་འཁོར་ལོ་སྡོམ་པ་དང་། རྡོ་རྗེ་གདན་བཞི་དང་། མ་ཧཱ་མ་ཡ་དང་། བུད་དྷ་མཉམ་སྦྱོར་དང་། བུད་དྷ་ཐོད་པ་དང་། དགྱེས་པ་རྡོ་རྗེ་འབུམ་ཕྲག་ལྔ་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཅུ་གཉིས་རྒྱས་པར་ཕྱེ་ན་གྲངས་མེད་བཞུགས་པ་ལ་ཇོ་བོས་མ་ལུས་པར་མཁྱེན། རྒྱུད་སྡེ་དེ་རྣམས་མ་ལུས་པ་མཁྱེན་པར་ཡང་རིགས་ཏེ། དུས་དང་གནས་སྐབས་གཞན་དུ་གསན་པ་མ་གཏོགས་པ་ནུབ་གཅིག་གི་རྨི་ལམ་རང་དུ་གསན་པ་ལ་ཡང་བློའི་ཡུལ་ལས་འདས་ཏེ། དེ་ཡང་སོ་མ་པུ་རིར་སྒོ་སྲུང་གི་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་བྱ་བ་དེ་ལ་གསེར་མ་ཏི་པ་ཏྲ་སྙིམ་པ་གང་ཕུལ་བའི་ཕྱག་ལན་བཅུ་གཉིས་བཙལ་ནས་རྒྱུད་འབུམ་ཕྲག་གཅིག་དང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན། དེའི་ནང་ནས་དོན་དམ་པའི་རྒྱུད་དྲུག་བྱ་བ་མཐར་ཐུག་འབའ་ཞིག་སྟོན་པ་ཡང་བཞུགས་ཀྱི་གདའ་སྐད།
ཇོ་བོ་ཉིད་ཀྱི་ཐུགས་དགོངས་ལ་ཐེག་པ་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་ཡོད་པ་ལ། ཡང་ནུབ་ཅིག་གི་རྨི་ལམ་ན་མདུན་གྱི་ནམ་མཁའ་ལ་མཁའ་འགྲོ་མ་མང་པོས་གསང་སྔགས་ཀྱི་གླེགས་བམ་མང་པོ་རྩེགས་ནས། རྒྱུད་འདི། འདི་སྐད་བྱ་བ་ཡིན་ན་འདི་ཡང་ཁྱོད་ཀྱིས་ཤེས་སམ་བྱ་བ་ལ་སོགས་པ་རྒྱུད་མང་པོ་ཡང་དག་པ་བསྟན་པས་ཇོ་བོས་མཚན་ཡང་མ་ཐོས་པའི་རྒྱུད་མང་པོ་བཞུགས་ཀྱི། ལོགས་ཤིག་ན་པོ་ཏི་ནག་ཆུང་ཁ་ཅིག་འདུག །འདི་རྣམས་ཅི་ཡིན་དྲིས་པས། འདི་རྣམས་ཁྱོད་ཀྱིས་ཤེས་པ་དེ་རྣམས་ཡིན་གསུངས་པ་དེར་ཐུགས་རྒྱལ་ཆག་ནས། ཇོ་བོའི་ཞལ་ནས། མི་ཡུལ་ན་ཐེག་པ་ཆུང་ངུའི་འདུལ་བ་ཉུང་། དེ་བས་ཐེག་པ་ཆུང་ངུའི་མདོ་སྡེ་དང་། དེ་གཉིས་ལོག་པ་བས་ཆུང་བའི་མངོན་པ་མང་། དེ་གཉིས་ཀ་བས་ཆེ་བའི་འདུལ་བ་མང་། དེ་ཚོ་བས་ཆེན་པོའི་མདོ་སྡེ་མང་། དེ་མན་ཆོད་པས་ཐེག་པ་ཆེན་པོའི་མངོན་པ་མང་། དེ་ཐམས་ཅད་བས་ཀྲི་ཡ་མང་། དེ་ཐམས་ཅད་བས་ཡོ་ག་མང་། དེ་ཐམས་ཅད་བས་མ་རྒྱུད་མང་། དེ་ཐམས་ཅད་ཕྱོགས་གཅིག་ཏུ་བྱས་པ་ཤེས་རབ་ཀྱི་རྒྱུད་མང་སྟེ། མི་ཡུལ་ན་བཞུགས་པ་མ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནས་ན་ཡང་བསམ་གྱིས་མི་ཁྱབ་པ་བཞུགས། འགྲོ་བ་མཐོ་དམན་མ་ལུས་པའི་འོན་ཀྱང་མི་ཡུལ་ན་བཞུགས་པའི་ཐེག་པ་ཆེན་པོ་གསང་སྔགས་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་དགོངས་པ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས་བསམ་ཡས་དཔེ་དཀར་གླིང་གི་དཀོར་མཛོད་གཅིག་སྒོ་ཕྱེ་ནས་རྒྱ་དཔེ་གཟིགས་པས་ཇོ་བོས་དེ་གོང་དུ་ཡེ་གསན་མ་མྱོང་གཟིགས་མ་མྱོང་བའི་རྒྱུད་སྡེ་མང་པོ་བཞུགས་གདའ་བས། (སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་བྱོན་ནས་ལྷ་དང་ཀླུའི་ཡུལ་ནས་ཀྱང་དཔལ་ནཱ་ལེནྡྲ་ནས་རྒྱུད་སྡེ་ཐམས་ཅད་སྤྱན་དྲངས་པས་རྒྱ་གར་བས་བསམ་ཡས་མང་བ་ཡིན་གསུང་།) ཐེག་པ་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ། མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ནམ་མཁའ་ནས་གཞལ་མེད་ཁང་དཔག་ཏུ་མེད་པའི་སྒོ་ཕྱེ་ནས་རྒྱུད་སྡེ་མང་པོ་བསྟན་པ་ཡིན་པ་ལ་འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡིད་རང་བ་མཛད་ནས་བོད་བསྟན་པ་དར་དུས་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་ངམ་གསུང་། དེ་ལྟར་ནང་པའི་ཆོས་མ་ལུས་པ་ཡང་མཁྱེན་པ་ཡིན།
ཕྱི་རིག་པ་བྱ་བ་ཕྱི་རོལ་མུ་སྟེགས་བྱེད་ཀྱི་ཆོས་ཡིན་ཏེ། རིག་བྱེད་པ་དང་། གྲངས་ཅན་པ་དང་། བྱེ་བྲག་པ་དང་། སྤྱོད་པ་བ་བྱ་བ་རྩ་བའི་སྡེ་བཞི་ལ་བརྟེན་ནས། ཕྱི་རོལ་པའི་གཞུང་ལུགས་མ་ལུས་པ་ལ་ཡང་ཇོ་བོ་མཁས་པ་ཡིན་ཏེ། ཁྱབ་འཇུག་གིས་བྱས་པའི་གཞུང་ལུགས་མང་པོ་དང་། དབང་ཕྱུག་ཆེན་པོས་བྱས་པའི་གཞུང་ལུགས་མང་པོ་དང་། དྲང་སྲོང་ཆེན་པོ་སེར་སྐྱས་བྱས་པའི་གྲངས་བདུན་ཅུ་པ་ལ་སོགས་པའི་ཕྱི་རོལ་པའི་བསྟན་བཅོས་མང་པོ་དང་། རྣལ་འབྱོར་སྙིང་པོ་ལ་སོགས་པའི་ཕྱི་རོལ་པའི་གསང་སྔགས་མང་པོ་དང་། གཞན་ཡང་མུ་སྟེགས་ཀྱི་གྲུབ་མཐའ་མ་ལུས་པ་ལ་ཇོ་བོ་མཁས་པ་ཡིན་གསུང་། པཎྜི་ཏ་སའི་སྙིང་པོ་རེས་ནང་པ་བྱས་རེས་ཕྱི་པ་བྱས་པས་ཕྱི་ནང་གཉིས་ཁྱད་ཙམ་མེད་ཟེར་བ་ལ། ཇོ་བོས་ཁྱད་ཤིན་ཏུ་གསལ་བར་ཕྱེ་བས་ཇོ་བོ་ལ་དད་ནས་སློབ་མར་གྱུར། དེ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པ་ལ་མཁས་པའི་པཎྜི་ཏར་གྱུར་གསུང་། ཇོ་བོའི་ཞལ་ནས། ངེད་ཀྱི་རྒྱ་གར་ན་མི་བརྒྱ་འཚོགས་ན་གྲུབ་མཐའ་འཛིན་པ་གཅིག་ལས་མི་འོང་། གྲུབ་མཐའ་འཛིན་པ་བརྒྱ་འཚོགས་ན་ནང་པ་གཅིག་ལས་མི་འོང་། ནང་པ་བརྒྱ་འཚོགས་ན་ཐེག་པ་ཆེན་པོ་བ་གཅིག་ལས་མི་འོང་གསུང་། དེ་ལྟར་ཕྱི་རིག་པའི་གཞུང་ལུགས་མང་པོ་ཡང་ཇོ་བོས་མཁྱེན་པ་ཡིན་གསུང་།
སྒྲ་དང་གཏན་ཚིགས་རིག་པ་ཡང་ཇོ་བོ་མཁས་པ་ཡིན་ཏེ། དེ་ཡང་སྒྲ་རིག་པ། གཏན་ཚིགས་རིག་པ། གཙུག་ལག་རིག་པ་གསུམ་ལས། སྒྲའི་བསྟན་བཅོས་ལ་འཕགས་པ་འཇམ་དཔལ་གྱིས་མཛད་པའི་སྒྲའི་བསྟན་བཅོས་དང་། ལྷ་རྟག་ཏུ་ཞི་བས་མཛད་པ་དང་། ཙནྡྲ་གོ་མིས་མཛད་པའི་སྒྲའི་བསྟན་བཅོས་ཙནྡྲ་བྷྱ་ཀ་ར་ན་དང་། མ་ནི་བྷྱ་ཀ་ར་ན་དང་། པ་ནི་བྷྱེ་ཀ་ར་ན། ཨིནྡྲ་བྷྱ་ཀ་ར་ན་ལ་སོགས་པ་བྱ་ཀ་ན་སྡེ་བརྒྱད་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་དང་། གཞན་ཡང་འཕགས་པས་མཛད་པ་མང་པོ་དང་། སོ་སོ་སྐྱེ་བོས་མཛད་པའི་སྒྲའི་བསྟན་བཅོས་མ་ལུས་པར་མཁྱེན། བྲམ་ཟེ་ནོར་ལྷས་མཛད་པའི་ཚིག་གི་སྒྲོན་མ་ལ་སོགས་པ་ཕྱི་རོལ་པའི་གཞུང་ལ་བརྟེན་པའི་སྒྲ་བསྟན་བཅོས་མ་ལུས་པ་ཡང་ཇོ་བོས་མཁྱེན། འོ་སྐོལ་བོད་ལ་སྒྲའི་མིང་ཡང་མེད་གསུང་། བང་སྟོན་གྱིས་ཐུགས་རྗེ་ཆེན་པོའི་གཟུངས་རིང་དེ་བཟླས་ཤིང་བྱིན་རླབས་བྱས་པ་བྱིན་རླབས་ཆེ་བར་བྱུང་བས། ཇོ་བོའི་ཞལ་ནས། བང་སྟོན་གྱི་སྔགས་ཀྱི་སྒྲ་དེ་ལ་བྱིན་རླབས་མི་ཡོང་། བསམ་པ་བཟང་པོ་དེའི་བྱིན་རླབས་ཡིན་གསུང་། ཇོ་བོའི་ཕྱག་གཅིག་སྙུང་བ་ལ་ཡང་བང་སྟོན་འདི་ལ་བྱིན་རླབས་གྱིས་དང་ཁྱོད་བསམ་པ་བཟང་གསུང་། དེ་ལྟར་སྒྲ་ལ་ཡང་ཇོ་བོ་ཤིན་ཏུ་མཁས་པ་ཡིན་གསུང་། (ཇོ་བོས་སྒྲ་གནས་གཅིག་ལ་རྐྱེན་བྱིན་ནས་འཕྲོས་པས་དགོང་མོ་ནས་འཕྲོས་པས་ནངས་པར་ལྡེ་མིག་སྤྲོད་མི་ཟེར་བར་དུ་འཕྲོས་པ་དེ་ལྟ་བུ་ཡོད།) གཏན་ཚིགས་རིག་པ་ཡང་ཇོ་བོ་མཁས་པ་ཡིན་གསུངས་ཏེ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་ལ་སོགས་པ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་ཆེན་པོ་བཞིན་དང་། འཁོར་ཡན་ལག་ལྟ་བུའི་བསྟ་བཅོས་ཆེན་པོ་གསུམ་ལ་སོགས་པ་མ་ལུས་པ་མཁྱེན། གཞན་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་དང་། དྲང་སྲོང་ཆེན་པོ་རྐང་པའི་མིག་གིས་མཛད་པའི་རིག་པའི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ཕྱི་རོལ་པའི་ཚད་མ་མ་ལུས་པ་ཡང་ཇོ་བོས་མཁྱེན། གཞན་ཡང་སློབ་དཔོན་ཞི་བ་འཚོའི་ལུགས་ཀྱང་མ་ལུས་པར་མཁྱེན་ཏེ། ཞི་བ་འཚོའི་བསྟན་བཅོས་དེ་ཁོ་ན་ཉིད་བསྡུས་པ་བྱ་བ་བོད་དུ་བསྣམས་ནས་བྱོན་ནས་བསྒྱུར་བར་བཞེད་པ་ལ་མ་གྲུབ་པར་རྒྱ་དཔེ་རྭ་སྒྲེང་ན་བཞུགས་གསུང་།
ཇོ་བོ་ཉིད་ཀྱི་ཞལ་ནས། ཁྱེད་བོད་ན་ཚད་མའི་མིང་ཙམ་གཅིག་འདུག །ཕྱི་རོལ་པ་རྩོད་པ་ལ་མི་འོང་པས་བཏུབ། ཁོ་བྱུང་ན་བོད་ཀྱིས་མི་ཐུབ་གསུང་། དེ་ལ་བལ་པོ་པཎྜི་ཏ་ཛ་ཧན་ལ་སོགས་པ་ཇོ་བོའི་ཡོན་ཏན་ལ་ཚམ་ཚོད་འཛིན་པ་ཁ་གཅིག །ཇོ་བོ་བཙུན་པོ་ཡིན་མཁས་པ་མ་ཡིན་ཟེར་བ་ལ། དེ་ལོ་ཙཱ་བའི་ཐུགས་མ་བདེ་ནས། ཏྲི་རྣ་པཎྜི་ཏ་བྱ་བ་གཅིག་ལ་ཇོ་བོ་རྒྱ་གར་ན་མཁས་པར་མ་གྲགས་སམ་ཞུས་པས། དེའི་རྒྱུ་མཚན་ཅི་ཡོད་གསུང་། དེར་བལ་པོའི་ལོ་རྒྱུས་དེ་གསོལ་བས། པཎྜི་ཏའི་ཞལ་ནས། བལ་པོ་ཛ་ཧུན་འདྲ་བ་ལ་དེའི་གཉེར་ཅི་ཡོད། ཇོ་བོ་སྒྲ་ཚད་ལ་མཁས་པའི་རྒྱུ་མཚན་ངས་བཤད་ཀྱིས་གསུངས་ནས། བླ་མ་འདི་ཉིད་ནང་པའི་བུད་དྷ་ཐམས་ཅད་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ནས། དཔལ་རྡོ་རྗེ་གདན་དུ་སྐོར་བ་མཛད་ཀྱིན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་སྦྱོང་བ་ལ། རྡོ་རྗེའི་གདན་དུ་ལོ་རེ་མན་ཆད་དུ་ཕྱི་པ་དང་ནང་པ་གཉིས་འཚོགས་ཤིང་རྩོད་པ་བྱས་ནས་གང་རྒྱལ་བའི་བསྟན་པ་ལ་ཞུགས་དགོས་པ་འོང་། ནང་པ་ནང་པར་རྩོད། ཕྱི་པ་ཕྱི་པར་རྩོད་པ་ལ། ཇོ་བོ་བཞུགས་པའི་དུས་ན་ལྷོ་ཕྱོགས་ན་མུ་སྟེགས་པའི་པཎྜི་ཏ་གདུགས་བཅུ་གསུམ་ཕུབ་པ་གཅིག་བྱུང་ནས་བུད་དྷ་བའི་བསྟན་བཅོས་པའི་བདག་པོ་ཁྱོད་ཡིན། མུ་སྟེགས་པའི་བསྟན་པ་ལ་འཇུག་དགོས་ཟེར་ནས་རྒྱལ་པོ་དཔང་དུ་བཙུགས་ནས་རྩོད་པ་བྱས་པ་ལ། ཇོ་བོས་ཚེགས་མེད་པར་ཚར་བཅད་པས་གདུགས་བཅུ་གསུམ་པོ་ཇོ་བོ་ལ་ཕུབ། ཞབས་སྤྱི་བོའི་གཙུག་ཏུ་བླངས། སློབ་མ་བྱས་ནས་ཕྱི་རོལ་པ་ཐམས་ཅད་ནང་པའི་བསྟན་པ་ལ་བཙུད་དོ།།
ཡང་སང་ཕོད་ལོ་དུས་ན་མུ་སྟེགས་པའི་སྟོན་པ་གདུགས་བརྒྱད་ཕུབ་པ་གཅིག་བྱུང་བ་ལ། དེ་ཡང་སྔ་མ་བཞིན་དུ་ཚར་བཅད། ཡང་མུ་སྟེགས་པའི་པཎྜི་ཏ་གདུགས་ལྔ་ཕུབ་པ་གཅིག་སྒྲ་ཚད་ལ་ཤིན་ཏུ་མཁས་པས་ཕུལ་དུ་སྐྱོལ་བ་གཅིག་ལྷོ་ཕྱོགས་ནས་བྱུང་ནས་སྔ་མ་ཁོ་ན་བཞིན་དུ་ཟེར་བ་ལ། ཇོ་བོས་ཀྱང་རྩོད་པ་བྱེད་པར་ཞལ་གྱིས་བཞེས་ནས་རྩོད་པའི་དུས་བོར། དུས་ལ་བབ་པ་ན་གདུགས་ཚོད་སྔར་གསོལ་ཏེ། རྒོལ་ཕྱི་རྒོལ་གྱི་གདན་བཤམས་པ་ན་པཎྜི་ཏ་མང་པོ་དང་སྐྱེ་བ་མང་པོའི་ཚོགས་འདུས་པར་གྱུར་ཏོ། །དེ་ནས་རྩོད་པ་བྱས་པ་དང་། པཎྜི་ཏ་སུམ་ཅུ་རྩ་གསུམ་གྱིས་གོ །གཞན་གྱིས་མ་གོ་ནས། དེ་ནས་ཉི་ཤུ་ཙམ་གྱིས་གོ །གཞན་གྱིས་མ་གོ །དེ་ནས་བཅོ་ལྔ་ཙམ་གྱིས་གོ །གཞན་གྱིས་མ་གོ །དེ་ནས་རབ་ཏུ་ཕྲ་བར་གྱུར་ནས་ཁོ་རང་གཉིས་ཀྱིས་གོ་གཞན་གྱིས་མ་གོ་བར་གྱུར་ཏོ།།
དེ་ནས་མུ་སྟེགས་པ་དེས་སྒྲ་བསྟན་བཅོས་ཀྱི་ཚིགས་སུ་བཅད་པ་གཅིག་གི་དོན་ཇོ་བོ་ལ་དྲིས་པས། ཇོ་བོས་ལན་དུས་སུ་མ་ཐེབས་ནས་ཁྱེད་དེར་སྡོད་ཅིག་ཟེར་ནས་བཞུད་དེ། ཇོ་མོ་སྒྲོལ་མ་ལ་མཎྜལ་ཕུལ་གསོལ་བ་བཏབ་པས་ཇོ་མོས་བྱིན་གྱིས་བརླབས་ནས་དེའི་དོན་ཐུགས་ལ་ཝལ་གྱིས་བྱུང་ནས་གསོལ་བ་བཏབ་པས། པཎྜི་ཏ་དེ་ཚར་བཅད་ནས་གདུགས་ལྔ་པོ་ཇོ་བོ་ལ་ཕུབ། ཞབས་སྤྱི་བོའི་གཙུག་ཏུ་བླངས། མུ་སྟེགས་པ་ཐམས་ཅད་སློབ་མར་གྱུར་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པ་ཡིན་པས་ཇོ་བོ་འདི་སྒྲ་ཚད་ལ་ཤིན་ཏུ་མཁས་པ་ཡིན་གསུང་།
གཏན་ཚིགས་རིག་པ་ལ་ཡང་ཇོ་བོ་མཁས་པ་ཡིན་གསུང་། (ལོ་ཙཱ་བའི་བསྟོད་པ་ན། བྱང་ཆུབ་སེམས་དཔའི་ཕོ་བྲང་དུ། །ཐམས་ཅད་འདུས་ཤིང་འཚོགས་པ་ན། །རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན། །སེངྒེའི་ང་རོའི་སྒྲ་སྐད་ཀྱིས། །ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །ཅེས་སོ།།) གཙུག་ལག་རིག་པ་ལ་ཡང་ཇོ་བོ་མཁས་པ་ཡིན་ཏེ། རྟེན་འབྲེལ་བཅུ་གཉིས་ལ་བརྟེན་པའི་གཙུག་ལག་དང་། འབྱུང་བ་ཆེན་པོ་བཞི་ལ་བརྟེན་པ་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་བརྟེན་པ་དང་། གཟའ་ཆེན་པོ་བརྒྱད་ལ་བརྟེན་པ་དང་། གཞན་ཡང་ཉི་མ་བརྟག་པ་དང་། བྱའི་སྐད་བརྟག་པ་དང་། ས་བརྟག་པ་དང་། (ཇོ་བོ་བོད་དུ་བྱོན་ཙ་ན། ཆུ་བོ་འདི་རཏྣ་ལྔ་ལས་གྲུབ་ལུགས་གསུང་། མཛོ་འཕྲང་ལ་ཚུད་འདུག་གསུང་བ་དང་། འདི་ན་འདི་ཡོད་གསུང་བ་ལ་སོགས་པ་མཛད་དོ།།) ནོར་བུ་རིན་ཆེན་བརྟག་པ་དང་། རལ་གྲི་བརྟག་པ་དང་། རྟ་དང་གླང་པོ་ཆེ་བརྟག་པ་དང་། སྐྱེས་པ་དང་བུད་མེད་བརྟག་པ་ལ་སོགས་མ་ལུས་པ་ཇོ་བོས་མཁྱེན་པ་མེད་པ་ཡིན་གསུང་། གཞན་ཡང་ལྷ་མོ་བཙུན་དྷ་དང་། ལྷ་མོ་སྒྲོལ་མ་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་པ་ཟླ་བའི་གཉིས་ཁྱེའུ་དང་བུ་མོ་ལ་ཕབ་ན་དུས་གསུམ་གྱི་དངོས་པོ་ཅིར་འགྱུར་བ་མཁྱེན་པ་ཡིན་གསུང་།
མདོར་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་མཁྱེན་པ་ཡིན་པས། སློབ་དཔོན་ལས་མཁས་པ་མེད། སློབ་དཔོན་གྱི་ཡོན་ཏན་མ་ལུས་པར་ཇོ་བོས་མཁྱེན་པ་ཡིན་ཏེ། ཇོ་བོ་ཡེར་པར་བཞུགས་ཙ་ན་ཐིགས་པས་མར་མེ་བསད་པས། ཇོ་བོའི་ཞལ་ནས། དཀོན་མཆོག་འོ་བརྒྱལ་ལོ་གསུངས་པས། འབྲོམ་སྟོན་པས་བཞེངས་ནས་མེ་བཏོན་ནས་མར་མེ་བཏང་བས། ཇོ་བོའི་ཞལ་ནས། ཅི་ཙུག་བྱས་གསུང་། མེ་བཏོན་པ་ལགས་ཞུས་པས། ཇོ་བོའི་ཞལ་ནས། སློབ་དཔོན་གྱི་ཡོན་ཏན་མ་ལུས་པར་ངས་ཤེས་པ་ལ་ཅི་ཙི་ཕག་མགོ་དང་། མེ་ཆ་ལ་སོགས་པ་སློབ་དཔོན་གྱིས་ཅིའི་ཕྱིར་མ་མཛད་གསུང་།
གསོ་བ་རིག་པ་ལ་ཡང་ཇོ་བོ་ཤིན་ཏུ་མཁས་པ་ཡིན་ཏེ། སྲོག་ཆགས་ཀྱི་གཙོ་བོ་མི་གླང་རྟ་གསུམ་ལ་བརྟེན་ནས་བཅོས་ཐབས་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་རྒྱལ་བ་ལྷས་མཛད་པའི་སྨན་ཡིག་དང་། གང་ཟག་མིས་མཛད་པའི་སྨན་ཡིག་དང་གཉིས་ལས། རྒྱལ་བ་ལྷས་མཛད་པའི་སྨན་ཡིག་ལ། རིགས་གསུམ་མགོན་པོས་མཛད་པའི་གསོ་བའི་བསྟན་བཅོས་མང་པོ་དང་། འཚོ་བྱེད་ཀྱི་ཞུས་པ་ཞེས་བྱ་བ་དང་། སྨན་སྤྱད་གཞན་ལ་ཕན་པའི་མདོ་དང་། རིག་པ་རྩའི་མདོ་དང་། འཚོ་བ་ཟས་ཀྱི་མདོ་ལ་སོགས་པ་བདེ་བར་གཤེགས་པས་གསུངས་པའི་སྨན་སྤྱད་མ་ལུས་པ་ཡང་ཇོ་བོས་མཁྱེན། གང་ཟག་མིས་མཛད་པ་ལ་དྲང་སྲོང་ལེགས་མཐོང་གིས་མཛད་པའི་སྨན་ཡིག་ལེགས་མཐོང་ལ་སོགས་པ་དང་། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་མཛད་པའི་ཡན་ལག་བཞི་པ་དང་། རྟ་དབྱངས་ཀྱིས་མཛད་པའི་ཡན་ལག་བརྒྱད་པ་ལ་སོགས་པ་མ་ལུས་པ་ཇོ་བོས་མཁྱེན་པ་ཡིན། ཇོ་བོས་བོད་དུ་བྱོན་ནས་ཐུགས་དགོངས་ལ་ངའི་གསོ་བ་རིག་པ་འདི་བོད་དུ་ནུབ་འགྲོ་ལ་ཆེ་སྨན་ཚོ་བོད་ནས་མི་རྙེད་པས་སྙམ་པ་ལ། རྗེ་བཙུན་མ་སྒྲོལ་མས་གཡུ་བྱ་ནེ་ཙོ་གཅིག་ཏུ་སྤྲུལ་ནས་སྨན་བསྟན་པར་བགྱིའི་གཤེགས་པར་ཞུ་ཟེར་བས། དེའི་ཕྱིར་བྱོན་པས་བོད་ཀྱི་རི་ཀླུང་ཐམས་ཅད་ཀྱི་སྨན་མ་ལུས་པར་བསྟན་པས། ཇོ་བོའི་ཞལ་ནས་རྒྱའི་སྨན་རེ་ལ་བོད་ན་སྨན་རེ་ཅི་ནའང་འདུག་སྟེ། སླར་ལ་བོད་ཀྱི་སྨན་རང་ནུས་པ་ཆེ་བ་ཙམ་འདུག་གསུང་། (ཇོ་བོའི་ཐང་སྨན་ཁ་གསོས་གཅིག་བསྡེབས་བྱ་བ་ལ་མཁས་པ་གཡུ་ཐོག་གི་རྒྱུད་པས་ཤེས་ཏེ། ནན་ཏར་སྨན་སྤྱད་མཁས་པ་ཡོད། ཁོང་གི་སྨན་ཡིག་ནས། འདི་ནི་ཇོ་བོ་ཉིད་ལ་ཇོ་མོ་སྒྲོལ་མས་ལུང་བསྟན་སྤྲུལ་ནས། བོད་ལ་ཕན་ཕྱིར་ལུང་ཡང་བསྟན། །དབུལ་འཕོངས་ནད་ཀྱིས་ཉེན་པ་ལ། །ཁ་གསོས་གཅིག་བསྡེབས་བསྟན་པ་ཡིན། །ཁོ་བོ་གསོ་བའི་དོན་མ་རྨོངས། །སྣང་བ་སྨན་དུ་ཤར་བ་འདི། །རྒྱ་ཡི་ལས་སྒོ་འགགས་གྱུར་ཀྱང་། །ཁོ་བོའི་གསོ་སྨན་འགག་མི་སྲིད། །ཅེས་བྱ་བ་ཡོད་གསུངས།) ཇོ་བོས་བསམ་ཡས་སུ་སྨན་སྤྱད་ཡན་ལག་བརྒྱད་པ་གསུངས་པའི་དུས་སུ་བྲག་རྒྱབ་ཀྱི་རྒད་པོ་འབུམ་པའི་ཕས་མཉན་པས་སྨན་སྤྱད་ལ་མཁས་པར་གྱུར་གསུང་། དེ་ལྟར་གསོ་བ་རིག་པ་ལ་ཡང་ཇོ་བོ་ཤིན་ཏུ་མཁས་པ་ཡིན་གསུང་།
བཟོ་རིག་པ་ལ་ཡང་ཇོ་བོ་མཁས་པ་ཡིན་ཏེ། གྲས་སུ་བྱས་པའི་བཟོའི་བསྟན་བཅོས་དང་། གྲུབ་པའི་བཟོའི་བསྟན་བཅོས་དང་། ལུགས་སུ་བྱ་བ་དང་། བྲིས་སུ་བྱ་བ་དང་། རིས་སུ་འབྲི་བ་ལ་སོགས་པའི་བཟོའི་བསྟན་བཅོས་མ་ལུས་པ་མཁྱེན། གཞན་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ལས་སྒྱུར་སྨྲ་བ་ལ་སོགས་པ་ནང་པས་མཛད་པའི་བཟོའི་བསྟན་བཅོས་དང་།
ལྷ་ཆེན་པོ་ཤང་དཀར་གྱིས་མཛད་པའི་ཧ་ར་མེ་ཁ་ལ་སོགས་པ་ཕྱི་རོལ་པའི་བསྟན་བཅོས་མང་པོ་ཡང་ཇོ་བོས་མཁྱེན་པ་ཡིན། (ཇོ་བོས་ལྷའི་སྐྱ་རིས་གཅིག་འདེབས་ཀྱིན་འདུག་པས་ལྷ་འབྲི་མཁྱེན་ནམ་ཞུས་པས་ཁོ་བོ་པཎྜི་ཏ་ཞིག་ལགས་དགོངས་སམ་གསུང་།) གཞན་ཡང་ལས་ཀྱི་མཐའི་བསྟན་བཅོས་མང་པོ་དང་། འཇིག་རྟེན་པའི་བསྟན་བཅོས་མ་ལུས་པ་ཇོ་བོས་མཁྱེན། བུ་རམ་ཤིང་པའི་ལས་ཀྱི་མཐའི་བསྟན་བཅོས་མ་ལུས་པར་མཁྱེན། འཇིག་རྟེན་པའི་བསྟན་ཆོས་ལུགས་ཀྱི་བསྟན་བཅོས་ལ། བྲམ་ཟེ་ཨ་ན་ཙ་རྒྱས་མཛད་པའི་རྩ་ན་ཨ་ཀྱ་ཞེས་བྱ་བའི་བསྟན་བཅོས་དང་། རྒྱལ་པོ་ཙ་ན་ཀས་མཛད་པའི་རྩ་ན་ཀའི་ལུགས་ཀྱི་བསྟན་བཅོས་ཞེས་བྱ་བ་དང་། གཞན་ཡང་མ་རྫུ་རཀ་ཤ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་དང་། བློ་ལྡན་མཆོག་སྲེད་ཀྱིས་མཛད་པ་ལ་སོགས་པའི་ལུགས་ཀྱི་བསྟན་བཅོས་མ་ལུས་པ་ཡང་ཇོ་བོས་མཁྱེན་པ་ཡིན། དེ་ལྟར་བཟོ་དང་ལས་ཀྱི་མཐའི་བསྟན་བཅོས་མ་ལུས་པ་ཇོ་བོས་མཁྱེན་པ་ཡིན། ཇོ་བོ་ཉིད་ཀྱི་ཞལ་ནས། ཁྱེད་བོད་ལ་བཟོའི་བསྟན་བཅོས་མེད་པས་བཟོ་ཚད་གཅིག་ཏུ་མི་འོང་བ་ཡིན། ངེད་རྒྱ་གར་ན་བཟོ་ཐམས་ཅད་ལ་བསྟན་བཅོས་ཡོད་པས་ཚད་གཅིག་ལས་འཕྱུགས་ས་མེད་པ་ཡིན་གསུང་། དེ་ལྟར་ཇོ་བོ་རྗེ་བཙུན་ཆེན་པོ་འདི་རིག་པའི་གནས་ལྔ་ལ་ཕུལ་དུ་ཕྱིན་པ་ཡིན་གསུང་། (དོན་ལ་ཤེས་བྱ་མཐའ་དག་ལ་མཁས་པས་མ་ལུས་པར་མཁྱེན་པ་རིག་པའི་གནས་ལྔ་དག་གིས་མཁྱེན་པར་བརྒྱན།)
དེ་ལྟར་ཇོ་བོ་ཆེན་པོ་ལྷ་གཅིག་རིན་པོ་ཆེ་འདི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་མང་པོས་བྱིན་གྱིས་བརླབས་པ། བླ་མ་གྲུབ་ཐོབ་རྣམས་ཀྱི་སྟེགས་ཟམ་ལ་བརྒྱུད་པ། མཁས་པ་རྣམས་ཀྱི་ཕུལ་དུ་སྐྱོལ་བ། བཙུན་པ་རྣམས་ཀྱི་ཕུལ་དུ་སྐྱོལ་བ། ཏིང་ངེ་འཛིན་ཁྱད་པར་མངའ་བ། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ། མདོར་ན་ཡོན་ཏན་མ་ལུས་པར་མངའ་བའི་བླ་མ་རྗེ་བཙུན་ཆེན་པོ་འདི་སྐུ་ཚེ་སྔ་མའི་ཡོན་ཏན་བརྗོད་པའི་དབང་དུ་བགྱིས་ན་ཡང་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ལགས་ཏེ། བཀའ་གདམས་པ་ཆེན་པོ་རྣམས་ཀྱི་བཞེད་པས་སྐྱེ་བ་དྲན་པ་ལ་སོགས་པ་རྣམས་ལ་གདམས་ངག་ཏུ་མི་མཛད། སྦས་པའི་གཏེར་སྲུང་བ་སླ་བ་བཞིན་ཡོན་ཏན་ཐམས་ཅད་ནང་དུ་སྦེད་པ་བཞིན་ཡིན། བླ་མ་རྗེ་བཙུན་ཆེན་པོ་འདི་ཉིད་ལ་དགེ་བཤེས་ཕྱག་དར་ལ་སོགས་པའི་བོད་སྟོན་ཁ་ཅིག་གིས། ཇོ་བོའི་སྐྱེ་བ་སྔ་མ་ཇི་ལྟར་བཞེས་པ་དང་། ཕྱི་མ་གང་དུ་སྐྱེ་བ་དང་། སངས་ཇི་ལྟར་དུ་རྒྱ་བའི་ལོ་རྒྱུས་ཤིག་ཡི་གེར་འབྲི་བར་ཞུས་པ་དང་། ཇོ་བོའི་ཞལ་ནས། ཁྱེད་ཀྱིས་གཙུག་ཏོར་འདོད་མ་མྱོང་ངམ་གསུང་། མྱོང་ལགས་ཞུས་པས། ཇོ་བོའི་ཞལ་ནས་ཆོད། གནོན། ཕུར་བུས་གདབ་བོ་བྱ་བ་དེ་གདོན་བགེགས་ལ་ནུས་པ་མེད་པར་བྱས་པ་ཡིན། དེ་བཞིན་དུ་བཀའ་དང་བླ་མའི་མན་ངག་བྱ་བ་ལ་ཚིག་གི་ཕུར་བུས་བཏབ་པས་བྱིན་རླབས་ཉམས་པར་འགྲོ་བ་ཡིན། དེ་བས་ན་ཆོས་ཚོང་འདུས་ཀྱི་འོ་མ་དང་འདྲ་བར་འགྲོ་བས་ཚིག་ཟིན་པར་བྱ། དོན་གོ་བར་བྱ་བའི་འོས་ཡིན་གྱི་ཡི་གེར་བྲི་བར་བྱ་བའི་འོས་མ་ཡིན་གསུང་། ཕྱག་དར་ལ་ནན་ཆགས་མཛད་ནས་ཡོན་ཏན་ཐམས་ཅད་གསང་བས་འགྲུབ་པ་གཅིག་ཡིན་གསུང་།
ཇོ་བོས་སྐྱེ་བ་འདི་ཉིད་ཀྱི་དབང་དུ་བགྱིས་ན་ཡང་ཡབ་གང་ཡིན་པ་དང་ཡུམ་གང་ཡིན་པ་དང་། རིགས་གར་གཏོགས་པ་དང་། ལོངས་སྤྱོད་ཇི་ལྟར་ཆེ་བ་དང་། བཙུན་པ་དང་མཁས་པ་ལ་སོགས་པའི་ཡོན་ཏན་མང་པོ་སློབ་མ་ཀུན་གྱིས་བྱས་པ་མང་པོ་ཡོད་དོ། །དེ་ཀུན་བས་ཀྱང་པཎྜི་ཏ་སའི་སྙིང་པོ་དང་། དགེ་བཤེས་ལོ་ཙཱ་བ་གཉིས་ཀྱིས་བཞེད་པས། ཇོ་བོའི་སྐྱེ་བ་འདིའི་སྐུ་ཆེ་བའི་ཡོན་ཏན་ཐམས་ཅད་ཁྱིམ་ན་བཞུགས་པའི་ཆེ་བ་དང་། ཐར་པར་གཤེགས་པའི་ཆེ་བའི་ཡོན་ཏན་གཉིས་སུ་བསྡུས་པ་ཡིན་གསུང་།
ཁྱིམ་ན་བཞུགས་པའི་ཆེ་བ་ལ་ཡང་། ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཆེ་བ་དང་། རིགས་ཕུན་སུམ་ཚོགས་པའི་ཆེ་བ་དང་གཉིས་ལས། དང་པོ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཆེ་བའི་དབང་དུ་བགྱིས་ན། དཔལ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ན། ཡུལ་ཆེན་པོ་བྷཾ་ག་ལ་བྱ་བ་ (འདི་ཇོ་བོའི་འབངས་ཡིན།) ཡོད། (བྷཾ་གྷ་ལའི་ཡུལ་དེ་ན་གྲོང་ཁྱེར་མང་པོ་ཡོད་དེ། བྷི་ཊ་པུ་རི་ཆེ་ཤོས་ཡིན། ཁ་ཆེ་གྲིབ་བསྟན་དང་མཉམ་པར་གྲགས་ཏེ། དེ་བས་གྲོང་ཁྱེར་འདི་ཆུང་།) དེའི་བྱེ་བྲག་ཟ་ཧོར་ཞེས་བྱ་བ་ཡོད། དེའི་ནང་ནས་གྲོང་ཁྱེར་བྷི་ཀྲ་མ་ན་པུ་རི་བྱ་བ་ཡོད། དེའི་ནང་ན་ཁྱིམ་འབུམ་ཚོ་ཉི་ཤུ་རྩ་བདུན་ཡོད་སྐད། དེའི་དབུས་ན་རྒྱལ་པོའི་ཕོ་བྲང་ཡོད། བདེ་བ། རྒྱས་པ། འབྱོར་པ། སྐྱེ་བོ་མང་པོ་དང་། མིས་གང་བ། ཐར་གྱིས་ཐོ་བ། རྒྱ་ཆེ་བ། གྲོང་ཁྱེར་དེ་མཐོ་བ། ཁྱད་པར་དུ་འཕགས་པ་གཞན་ནས་གསལ་བ། གསེར་གྱི་རྒྱལ་མཚན་མང་པོས་བརྒྱན་པ་ཡོད་པས་མིང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱའོ།།
དེའི་ནང་ན་འདོད་པའི་ཡོན་ཏན་མ་ལུས་པར་ཡོད་དེ། རྒྱ་ནག་སྟོང་ཁུན་རྒྱལ་པོའི་ལོངས་སྤྱོད་དང་འདྲ་བ་ཡིན་གསུང་། སྟོང་ཁུན་རྒྱལ་པོ་ལ་ལོངས་སྤྱོད་ཇི་ཙམ་ཡོད་ན། མི་རབས་བདུན་དུ་ཐབ་ཁུང་དུ་མེ་འབར་འཕྲོ་མ་ཆད་པ་དང་། རྒྱལ་པོའི་མདུན་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པའི་རྩིབས་རེ་རེ་ལ་ཟས་སྣ་རེ་རེ་བཞག་ནས་འདྲེན་པ་ལ་གང་འདོད་པ་དེ་མདུན་དུ་བསྐོར་ནས་འདྲེན། མི་འདོད་པ་དེ་རྒྱབ་ཏུ་བསྐོར་བས་ཆོག་པ་དང་། རྒྱལ་པོ་དེ་སྐོམ་པ་སྙམ་བྱེད་ན་ཐན་པ་འཇིག་རྟེན་དུ་འབྱུང་བས་རྒྱལ་པོ་མི་སྐོམ་པར་བྱེད། གྲང་བ་སྙམ་བྱེད་ན་ལྷགས་པ་ཡོང་བས་མི་གྲང་བར་བྱེད། བཀྲེས་པ་སྙམ་བྱེད་ན་མུ་གེ་ཡོང་བས་འཁོར་རྣམས་ཀྱིས་ཅི་ནས་ཀྱང་མི་བཀྲེས་པར་བྱེད་པས་ལོངས་སྤྱོད་དེ་ལྟ་བུ་དང་ལྡན་པ་ཡིན། གཞན་ཡང་སྟོང་ཁུན་རྒྱལ་པོའི་ལོ་རྒྱུས་མང་དུ་ཡོད་དེ་དེ་ཙམ་གྱིས་མཚོན་ནུས་གསུང་། དེ་ལྟ་བུའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་དེ་ཇོ་བོ་ལ་མངའ་བ་ཡིན་གསུང་།
རིགས་ཕུན་སུམ་ཚོགས་པའི་ཆེ་བ་ནི། ཡུལ་ཆེན་པོ་བྷཾ་ག་ལ་དེའི་རྒྱལ་པོ་དགེ་བའི་དཔལ་བྱ་བ་ཡིན། དེའི་སྲས་དགའ་བའི་དཔལ་བྱ་བ་ཡིན། དེའི་བཙུན་མོ་དཔལ་མོ་འོད་ཟེར་ཅན་ཞེས་བྱ་བ་ཡིན། ཡབ་ཡུམ་གཉིས་ལ་སྲས་གསུམ་འཁྲུངས་པ་ལས། པདྨའི་སྙིང་པོ། ཟླ་བའི་སྙིང་པོ། དཔལ་གྱི་སྙིང་པོ་ཞེས་བྱ་བ་གསུམ་འཁྲུངས་པ་ལས། པདྨའི་སྙིང་པོས་རྒྱལ་སྲིད་བཟུང་ནས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལས། སྲས་དབུ་འཁྲུངས་པ། སྲས་ཀྱི་ཐུ་བོ་བསོད་ནམས་དཔལ་བྱ་བ་ཡིན་པར་གདའ་སྟེ། དྷ་ན་ཤྲཱི་མི་ཏྲ་བྱ་བ་ཡིན། དྷ་བོ་དྷི་བྱ་བར་ཡང་གྲགས། ཇོ་བོའི་དབོན་པོ་ཡིན་རྟེན་དགེ་བསྙེན་པཎྜི་ཏ་མཁས་པ་ཡིན་གསུངས། ཆུང་བ་དཔལ་གྱི་སྙིང་པོ་རབ་ཏུ་བྱུང་ནས་དགེ་སློང་བྷིརྱ་ཙནྡྲ་བྱ་བ་ཁྱད་པར་དུ་སྔགས་ཀྱི་གདམས་པ་ཆེ་བ། དཔལ་འཁོར་དངོས་སུ་སྤྲུལ་ནུས་པ་གཅིག་བྱུང་། བོད་དུ་ཡང་བྱོན་ནས་སྟོད་ལུང་མཚོ་སྨད་དུ་བྱོན་ནས་ཡེར་པར་ཡང་ཕྱག་ཕབ། ངམ་ཤོད་དུ་ཡང་བྱོན་འདུག་གསུང་། འབྲིང་པོ་ཟླ་བའི་སྙིང་པོ་ནི་ཇོ་བོ་རྗེ་ལྷ་གཅིག་རིན་པོ་ཆེ་ཡིན། དང་པོ་བུ་ཆུང་གི་དུས་རང་ནས་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པ་ཡིན་ཏེ། ཇོ་བོ་ཆེན་པོ་འདི་རྟའི་ལོ་ལ་སྐུ་འཁྲུངས་ནས་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་གྱི་ཡང་ཐོག་ཅན་ནས་རིན་པོ་ཆེའི་ཁྲིའི་སྟེང་ན་ཉལ་ཡོད་པ་པ་ལ། (པཎྜི་ཏ་སའི་སྙིང་པོས་རང་གི་བླ་མ་ལ་རིགས་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ནས་ཀྱང་། ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །པདྨའི་སྙིང་པོ་ཟླ་བའི་སྙིང་པོ་དང་། །དཔལ་གྱི་སྙིང་པོ་ཟླ་སྙིང་ཞེས་བྱའོ། །རྒྱལ་བུ་པདྨའི་སྙིང་པོ་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ། །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། །ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བྷིརྱ་ཙནྡྲ་ཡིན། །འབྲིང་པོ་ཟླ་བའི་སྙིང་པོ་ནི། །ད་ལྟའི་དུས་ན་བླ་མ་རྗེ་བཙུན་ཡིན།།) ནངས་གཅིག་ཁང་པའི་ཐོག་མཚམས་ཇོ་བོ་བཞུགས་སའི་ཐད་ཀ་ནས་མར་ལ་ཙག་རྒྱངས་དང་འུར་རྒྱངས་ལ་སོགས་པ་བྱུང་ནས་ཡབ་ཡུམ་གཉིས་ཀྱིས་ལྟར་ཕྱིན་པས་སྡིག་པའི་ཕུང་པོ་ཆེན་པོ་གཅིག་ཤིག་གིས་བྱུང་སྐད། ཡི་དམ་གྱི་ལྷ་མཐོང་བ་དང་སྒྲུབ་པ་གཤའ་མར་བྱེད་པ་སྔོན་ལ་བར་ཆད་འོང་བ་ཡིན་པར་གདའ་སྟེ། ཇོ་བོ་ལ་འཇིགས་པ་བག་ཙམ་གཅིག་ཀྱང་མ་བྱུང་བས་ཁོང་རང་གྱེས་ནས་སོང་སྐད། དེའི་ནངས་པར་ཡང་གདུང་མཚམས་ཙག་རྒྱངས་དང་འུར་རྒྱངས་ཟེར། ཡང་ཅི་ཡོད་སྙམ་ནས་བལྟས་པ་དང་། ཨུཏྤལ་སྔོན་པོ་སྐྱེས་མ་ཐག་པ་ལྟ་བུ་གཅིག་བྱུང་བ་ཡང་ཡུམ་གྱིས་གཟིགས། ཇོ་བོ་ཉིད་ཀྱིས་ཇོ་མོ་སྒྲོལ་མའི་ཞལ་ཇི་ལྟ་བ་བཞིན་དུ་གཟིགས་པ་ཡིན་ཏེ། རང་གི་ལྷག་པའི་ལྷས་བྱིན་གྱིས་བརླབས་པ་ཡིན་གསུང་། དེ་ནས་ལོ་བཅུའི་བར་དུ་གསོ་བའི་སྤྱད་དང་། བཟོ་དང་ཡི་གེ་ལ་སོགས་པ་བསླབས་པས་མཁས་པའི་ཕུལ་དུ་སྐྱོལ་བ་མཁྱེན། དེ་ནས་ལོ་ཉི་ཤུ་རྩ་གཅིག་གི་བར་དུ་ཕྱི་རོལ་པའི་སྒྲ་དང་། ཚད་མ་དང་། ནང་པའི་སྒྲ་དང་ཚད་མ་མ་ལུས་པར་གསན། ཁྱད་པར་དུ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། སྒྲ་ཚད་ལ་མཁས་པའི་ཕུལ་དུ་ཕྱིན་པ་མཁྱེན་པ་ཡིན་གསུང་། (དགེ་བཤེས་ལོ་ཙཱ་བའི་བསྟོད་པ་ལས་ཀྱང་། ལོ་ནི་ཉི་ཤུ་རྩ་གཅིག་ན། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། །བཟོའི་གནས་ནི་ཐམས་ཅད་དང་། །ལེགས་པར་སྦྱར་བའི་སྐད་དང་ནི། །ཚད་མ་ཀུན་ལ་མཁས་པ་ལགས། །ཞེས་གསུངས།) དེ་ནས་ལོ་ཉི་ཤུ་རྩ་གཉིས་ལོན་པ་དང་། རི་ནག་པོའི་གཙུག་ལག་ཁང་གི་ཡང་ཐོག་ཏུ་རྣལ་འབྱོར་གྱི་དབང་ཕྱུག་དགྱེས་པ་རྡོ་རྗེའི་ཞལ་གཟིགས་པ། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པ། བླ་མ་ར་ཧུ་ལ་གུཔྟ་ལ་སོགས་པ་ལ་དབང་བསྐུར་རྫོགས་པར་ཞུས་ནས་གསང་བའི་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས། དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཞལ་མངོན་སུམ་དུ་གཟིགས། ཕ་རྒྱུད་མ་རྒྱུད་ཀྱི་གདམས་པ་མ་ལུས་པར་ཞུས་སོ། །
གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྒྱུད་ལ་སྐྱེས། དངོས་གྲུབ་བརྙེས་པའི་བླ་མ་གསུམ་མངའ་བ་ལ། (ཀུ་སུ་ལུ་ཆུང་བ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཨ་ཝ་དྷཱུ་ཏི་པ་གསུམ་གཟིགས། དེ་གསུམ་གྱི་མཚན་ཙམ་ཡང་མི་བརྗོད་པར་ཤནྟི་པ་ཆེན་པོ་དེ་སྐད་གསུང་། མཻ་ཏྲི་པ་ཆེན་པོ་དེ་སྐད་གསུང་བྱ་བ་བགར་ཡོང་གསུང་། ཤནྟི་པས་བརྒྱད་སྟོང་འགྲེལ་པ་གསུངས་པས་དེས་མེད་པ་གཅིག་དང་བཅོ་བརྒྱད། ཇོ་བོས་གསུངས་པ་དེས་མེད་པ་གཅིག་དང་བཅུ་དགུ་ལས་མེད་གསུང་།) སྐར་མ་ར་ཏྲི་ཏ་ཞེས་ཀྱང་བྱ་བ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཆང་འོ་མར་བསྒྱུར་བ། (གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཆང་འཐུང་བས་སྟོན་པས་སྒོ་ལ་འགྲོ་མི་རུང་གསུངས་ནས་རྩིག་པ་ལ་ཐལ་གྱིས་གཤེགས་ནས་ཆུ་ལ་གདིང་བ་བཏིང་ནས་གཤེགས་པའི་རྨ་རབ་སོང་བའི་གནས་ཆུང་གཅིག་གི་རྨི་ལམ་ན་བྱང་ཆུབ་སེམས་དཔའ་བྱོན་པས་གནས་ཁང་སྐྱང་ནུལ་གྱིས་ཤིག་ཟེར། བྱས་པས་མེད་པར་ཡང་ནུབ་ཅིག་བྱང་ཆུབ་སེམས་དཔའ་འོ་བརྒྱལ་དུ་མ་འཇུག་ཅིག་ཟེར། མ་མཐོང་ན་བྱས་པས་ཆབ་ཁ་ན་ཡོད་ཅིག་ཟེར་ལྟར་ཕྱིན་ད་དུང་ཆུ་འདབས་ན་ཡེངས་ཡེངས་སྣང་ནས་སྤྱན་དྲངས་ནས། གནས་ཆུང་སྟེ་ཤིན་ཏུ་བཟང་བར་གྱུར་པ་དང་། སྔ་མ་འདོད་པ་ལ་ཁྱེད་ཀྱིས་སྟོན་པས་བྱས་པས། བླ་མ་ཁྱེད་འདོད་དམ་གསུང་། འདོད་བྱས་པས། འོ་ན་དཔེ་ཆ་འོ་བརྒྱལ་གསུངས་ནས་བཞུད། ཡང་ཆང་གསོལ་བས་འདུལ་འཛིན་གྱི་ཞལ་ནས། ཁྱེད་ལ་མི་གནོད་ཀྱང་བཙུན་པ་གཞན་ལ་གནོད་ཟེར་གྲལ་ནས་བཏོན་པས་རེད་པར་གྱུར། ཡང་ཁྱོད་བོ་དྷིའི་འཚོ་བ་ཆོག་གཅིག་ཟེར་བ་རྨིས་པས། བཟོད་པར་གསོལ་བྱས་པས། ཁྱེད་ལ་ངན་སེམས་མེད་ཅིག་གསུང་།) ཆུ་བོ་གངྒཱ་ལ་གདིང་བ་བཏིང་ནས་བཞུད་པར་ནུས་པའི་བླ་མ་དེ་ལ་འདི་ལྟ་བུ་སེམས་ཙམ་རྣམ་རྫུན་འཛིན། ཇོ་བོ་དབུ་མ་བཞེད་པ་ལ་ཁྱེད་ཀྱང་འདི་ཙུག་གོ་བ་གསུངས་ནས་མི་མཉེས། སྔགས་ཀྱི་སྒོ་ནས་ཚོགས་བསགས་པས་ཕྱག་རྒྱ་མ་ཧཱ་མཆོག་གི་དངོས་གྲུབ་ཐོབ་པའི་རྗེས་ཐོབ་ལ་གཟིགས། ཕྱི་ནས་ལྟ་བ་འགྱུར་ནས་ཆོས་རྣམས་ཀྱི་རང་བཞིན་ཁྱོད་ཀྱི་རང་བཞིན་དུ་འདུག་གསུངས་ནས་མཉེས། ཇོ་བོ་འབུམ་བསྟན་པའི་གཏན་ཚིགས་སུ་ཡང་བཞེད། ཨ་ཝ་དྷཱུ་ཏི་པ་ཆེན་པོ་ལ་ལོ་བདུན་བསྟེན་པར་ཡང་འདོད། ལོ་བཅུ་གཉིས་སུ་བསྟེན་པར་ཡང་འདོད་པ་ཡོད་པ་ལ་དགེ་བཤེས་ལོ་ཙཱ་བའི་ཞལ་ནས་ལོ་དགུ་བསྟེན་པར་ཡང་གསུང་། དབུ་མའི་བཀའ་དྲིན་ཕལ་ཆེར་དེ་ལས་བརྙེས་པ་ཡིན་གསུང་། ཇོ་བོ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་འཛིན་པའི་རྒྱུ་ཅི་ལགས་ཞུས་པས། བླ་མ་ཉིད་ཀྱི་ཞལ་ནས། ངས་ཀྱང་ངའི་བླ་མ་ཨ་ཝ་དྷཱུ་ཏི་པ་ཆེན་པོ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་འཛིན་པའི་རྒྱུ་ཅི་ལགས་ཞུས་པས། བླ་མའི་ཞལ་ནས་ངས་འདིའི་སྒོ་ནས་ཆོས་མཐོང་བ་ཡིན་པས་ཁྱོད་ཀྱང་འདི་ཟུངས་ཤིག་གསུངས་ནས་བཟུང་བ་ཡིན། ངའི་བླ་མ་ཤནྟི་པ་བརྒྱད་སྟོང་པ་གསུང་ཙ་ན་དབུ་མར་བཤད་པ་ཐམས་ཅད་རེ་རེ་ནས་སུན་ཕྱུང་བས་ངའི་དབུ་མའི་ལྟ་བ་དེ་ཉིད་གསལ་བཏབ་པ་བཞིན་དུ་སོང་། རྣལ་འབྱོར་སྤྱོད་པའི་དབུ་མ་ཤིན་ཏུ་བརྟན་པར་གྱུར། བླ་མ་ཨ་ཝ་དྷཱུ་ཏི་པ་དེ་ལ་ལོ་དེ་ཙམ་བསྟེན་ཡང་ཐ་མལ་པའི་བློ་ཙམ་ཡང་མི་ཡོང་། རེས་བསྙེན་བཀུར་ཆེན་པོ་བྱས་གསེར་གྱི་མཎྜལ་ཆེན་པོ་ཕུལ་ཡང་ཆོས་ཞུས་པ་མི་གནང་། རེས་ཆོས་མ་ཞུས་པར་ལོང་ཡེ་མེད་པའི་དུས་སུ་ཡང་གསུང་། ནངས་གཅིག་ཇོ་བོ་དང་བླ་མ་གཉིས་ཆུ་བརྒལ་གྱིན་ཡོད་པའི་དུས་ཞལ་ཚུར་ལོག་མཛད་ནས་བླ་མའི་ཞལ་ནས། ཇི་སྲིད་དུ་བདག་ཏུ་འཛིན་པ་དང་མ་བྲལ་གྱི་བར་དུ་རྣམ་སྨིན་ (རྣལ་འབྱོར་པ་འདི་དང་མཁས་པ་ཆེན་པོ་འདི་ཀུན་ཏིང་ངེ་འཛིན་ཙམ་ཡོད་པ་མི་ལྟོ་སྙམ་ནས་སྡིག་པ་བྱས་པ་དམྱལ་བ་འདི་དང་ཡི་དྭགས་འདི་ན་འདུག་གསུང་།) ལ་འཛེམས་གཅིག་ཨང་གསུངས། (དེ་ཉིན་ཁོ་ནའི་དོན་རྣམས། རང་བཞིན་དག་ལ་གཏི་མུག་གཉིད་ལོག་པའི། ཁང་པར་ཆོམ་རྐུན་ཞུགས་པ་ཡིས། །ཁྱོད་ཀྱི་ཚུལ་ཁྲིམས་ནོར་ཆེན་ཕྲོགས་པའོ། །སྐད་ཅིག་ཙམ་ཡང་བྱ་བ་ངན་ལ་མ་ཡེངས་པར། །དེ་ཉིད་ཉི་མ་མ་ཤར་བར་དུ་མེལ་ཚེ་བྱོས། །དེ་ཉིད་ཉི་མ་དག་ནི་ཤར་བ་ན། །སྲིད་པ་ནོར་བུ་བཞིན་དུ་ཅི་དགར་སྤྱོད། །ཅེས་ཟེར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ལྟ་བའི་དོན་ཐམས་ཅད་དེར་འདུས་པ་ཡིན་གསུང་།) སྔར་ནས་ཐུགས་རྒྱུད་སྦྱངས་སྦྱངས་པ་འབྲས་བུ་ཡོངས་སུ་སྨིན་པ་རྩ་བུ་ལ་བསྡོད་པ་དང་འདྲ་བར་སོང་ནས། ཚིག་རེ་རེས་ཀྱང་རྟོགས་པ་ཁྱད་པར་ཅན་བསྐྱེད་ནུས་པ་གཅིག་ཡོད་ཚུལ་དུ་འདུག་གསུང་། བླ་མ་ཌོཾ་བྷི་པ་དང་ཞལ་མ་མཇལ་བྱིན་རླབས་ཀྱི་བརྒྱུད་པའི་སྐབས་སུ་བཤད་ཟིན། སྔགས་ཀྱི་སྒོ་ནས་གྲུབ་པ་བརྙེས་པའི་བླ་མ་མང་པོ་ལ་བཀའ་དྲིན་ཞུས། ཁྱད་པར་དུ་ཡང་བླ་མ་བསོད་སྙོམས་པ་ལ་བཀའ་དྲིན་ཞུ་བའི་ཕྱིར་རྒྱ་མཚོ་ཆེན་པོར་ཞུགས་ནས་གསང་སྔགས་ཤེས་རབ་ཀྱི་རྒྱུད་ཀྱི་དབང་དང་བྱིན་རླབས་དང་རྒྱུད་གདམས་ངག་མ་ལུས་པར་ཞུས་པ་ཡིན་གསུང་། གཞན་ཡང་གོང་དུ་བླ་མ་བརྒྱུད་པ་དང་ལྡན་པའི་སྐབས་སུ་བསྟན་པའི་བླ་མ་དེ་རྣམས་ལ་གསང་སྔགས་མཐའ་དག་དང་ཁྱད་པར་དུ་དཔལ་གསང་བ་འདུས་པའི་བརྒྱུད་པ་གསུམ་གྱི་དབང་བྱིན་རླབས་རྒྱུད་མན་ངག་མ་ལུས་པར་ཞུས།
མདོར་ན་བླ་མ་མང་པོ་ལ་བཀའ་དྲིན་ཞུས་ནས་གསང་སྔགས་ཀྱི་དཀྱིལ་འཁོར་མང་པོའི་ཞལ་གཟིགས། སྤྱོད་པའི་དབང་དུ་བྱས་ན་ཨ་ཝ་དྷཱུ་ཏི་པའི་སྤྱོད་པའི་ཚད་དུ་ལོངས་པ་ཡིན་ཏེ། ལེན་དང་འཇིགས་པ་དང་ངོ་ཚ་བ་སྤངས་པ་ཨ་ཝ་དྷཱུ་ཏི་ཡིན་ཞེས་པ་དེའི་ཚད་དུ་ལོངས་པ་ཡིན་ཏེ། བླ་མ་ཇོ་བོ་ཉིད་ཀྱི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་མཛད་པར་ཡང་འདོད། ལོ་གསུམ་མཛད་པར་ཡང་འདོད་པ་ཡིན་ཏེ་དོན་ལ་འགལ་བ་མེད་པར་འདུག་གསུང་། བླ་མ་ཆེན་པོ་དཔལ་ཡེ་ཤེས་གསང་བའི་རྡོ་རྗེ་འདི་ཉིད་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་དུས་ན། ཨུ་རྒྱན་གྱི་གསང་བའི་གདན་དུ་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེ་ཆོས་ཀྱི་གླུ་བྱ་བ་ཟབ་མོའི་དོན་འབའ་ཞིག་གླུར་བླངས་པ་གསན། དེའི་མགོ་ན། ཉན་ཐོས་རྣམས་དང་དམན་པའི་སྐྱེ་བོ་ནི། །རྨོངས་པ་ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །དུམ་གཅིག་གཏོར་མས་བཀང་བ་ཐོགས་ནས་སུ། །ཅང་ཏེའུ་བརྡུང་ཞིང་ཏིང་འཛིན་གླུ་འདི་བླངས། །ཞེས་བྱ་བ་ཡོད་པ་ལ། དེ་ཐུགས་ལ་བཞག་ནས་ཕྱིས་རབ་ཏུ་བྱུང་ནས་གོ་སོ་མ་པུ་རིར་དཔའ་བོའི་སྟོན་མོ་གཅིག་གི་དུས་སུ། ཇོ་བོའི་མགུར་དུ་བཞེངས་པ་དེའི་མགོ་ན། མར་མེ་མཛད་དཔལ་ཡེ་ཤེས་བདག་ལ་ནི། །ཤིན་ཏུ་ཟབ་པའི་རྒྱུད་ཀྱི་དོན་སྟོན་པ། །རྗེ་བཙུན་དམ་པའི་གསང་བའི་སྒྲ་གཅན་འཛིན། །བླ་མ་ཉི་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་མགོ་ན་ཡོད། སྔ་མ་དེ་གཤམ་ན་ཡོད་པ་བསྟན་ནས་ཡོད། དེའི་དུས་ན་རྒྱ་བརྩོན་སེང་དང་།
དགེ་བཤེས་ལོ་ཙཱ་བ་གཉིས་ཡོད་པས། ཡི་གེ་འབྲི་བ་དང་བསྒྱུར་བ་ཞུས་པས་གནང་ནས་བླ་མ་དེ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་ཅིང་ཞུས་སོ།།
ཡང་ཤར་ཕྱོགས་གྷ་རུ་རའི་གྲོང་ཁྱེར་ན་བཞུགས་པའི་ནཱ་རོ་པའི་སློབ་མ་རྣལ་འབྱོར་པ་ཨ་ཝ་དྷཱུ་ཏི་པ་མངོན་པར་ཤེས་པ་ཅན་དེས་བྷྲི་ཀ་མ་ལ་ཤི་ལར་བྱོན་པ་ལ་རྫོགས་རིམ་གྱི་དབང་བསྐུར་རྫོགས་པར་ཞུས་པའི་མཚན་ནི་བླ་མ་མངོན་པར་ཤེས་པ་མངའ་བས་སྔར་གྱི་མཚན་ཉིད་དེ་ཉིད་དུ་བཏགས་སོ། །དགེ་བཤེས་ལོ་ཙཱ་བ་ནི་རབ་ཏུ་མ་བྱུང་བའི་གོང་དུ་བྷྲི་ཀྲ་མར་ཞུས་པར་བཞེད་དེ། རབ་ཏུ་མ་བྱུང་བར་ཞུས་པ་རང་བདེ་གསུང་། ཡང་བྲི་ཀ་མ་ན་བཞུགས་པའི་དུས་ཤིག་ན་ཇོ་བོས་གཟིགས་པའི་བུད་མེད་གཅེར་མོ་རུས་པའི་རྒྱན་གསོལ་བ་གཅིག་རེས་ངུ་རེས་དགོད་པ་གཅིག་གཟིགས་པས་ཡོན་ཏན་ཅན་ཡིན་པར་མཁྱེན་ནས་ཡིད་ཀྱིས་ཕྱག་བྱས་མཆོད་པ་བྱས་ནས་གདམས་ངག་གཅིག་ཞུ་དང་བྱས་པར། ང་ལ་གདམས་ངག་གཅིག་ཡོད་གསུངས་ནས་ཤར་ཕྱོགས་སུ་བྷཾ་ག་ལར་བཞུད། ཇོ་བོས་ཕྱིར་བྱོན་པས་དུར་ཁྲོད་ཆེན་པོ་གཅིག་ན་བཞུགས་ནས། ཁྱོད་ཀྱིས་ང་ལ་ཡོན་ཏན་ཡོད་པར་མཐོང་ངམ་གསུང་། མཐོང་ལགས་ཞུས་པས། རེས་ངུ་རེས་དགོད་པའི་དོན་ཤེས་སམ་གསུང་། མི་ཤེས་ཞུས་པས། ངུ་བ་ནི་སེམས་ཅན་རྣམས་ཀྱིས་མ་རྟོགས་པའི་དུས་ན་སྡུག་བསྔལ་སྣ་ཚོགས་སྤྱོད་པས་ངུ་བ་ཡིན། རྟོགས་པའི་དུས་ན་ད་ལྟ་ཉིད་ལ་སངས་རྒྱས་ཡིན་པས་དགོད་པ་ཡིན་གསུང་། དེ་ནས་རྡོ་རྗེ་རྣལ་འབྱོར་མས་ཚེགས་ཆུང་ལ་དོན་ཆེ་བ་བྱིན་རླབས་ཀྱི་ལུགས་བྱ་བ་བསྐུར་ནས་དེའི་དུས་སུ་རྡོ་རྗེ་རྣལ་འབྱོར་མའི་ཞལ་ཇི་ལྟ་བ་བཞིན་དུ་གཟིགས་གདམས་མ་ལུས་པར་ཞུས་སོ།།
དེའི་དུས་སུ་ཤར་ཕྱོགས་བྷཾ་ག་ལར་ཕྱི་ནང་གཉིས་རྩོད་པ་ཆེན་པོ་བྱུང་ནས། བྷཾ་ག་ལའི་བསྟན་པ་ཕལ་ཆེར་མུ་སྟེགས་པ་ལ་ཤོར་བས་ནང་པའི་གནས་བརྟན་ཆེན་པོ་གཅིག་ནན་ཏར་ཐུགས་མ་བདེ་ནས་ནང་པའི་ནང་ནས་མུ་སྟེགས་པའི་རྩོད་པ་བཟློག་པའི་རྣལ་འབྱོར་པའམ་པཎྜི་ཏ་བཙལ་བས་མ་རྙེད་པའི་སྐབས་སུ། ཇོ་བོ་རྗེ་བྷཾ་ག་ལ་ན་བཞུགས་པ་དང་དུས་མཚུངས་ནས་བུ་མོ་གཅིག་གིས་ཇོ་བོའི་ལུས་ལ་འོད་འཕྲོ་བ་གཅིག་འདུག་ན་རྣལ་འབྱོར་པ་གཅིག་ཡིན་ཏེ་དེ་ལ་རྩོད་པ་ཞུས་ན་ཟེར་བས། གནས་བརྟན་གྱིས་བལྟས་པས་ཇོ་བོར་སྣང་ནས། ཞུ་བ་ཕུལ་བས་ཞལ་གྱིས་བཞེས་ནས་ཇོ་བོ་ནི་བསྟན་པ་འཛིན་སྐྱོང་སྲུང་གསུམ་ལ་ཇོ་བོ་ཙམ་མ་བྱུང་བྱས་ཀྱང་འགལ་བ་མེད། བསྟན་པ་སྲུང་བ་ལ་རྣལ་འབྱོར་གྱི་སྟོབས་ཀྱིས་བསྲུང་བ། དབང་ཕྱུག་གི་སྟོབས་ཀྱིས་སྲུང་བ། རིག་པའི་སྟོབས་ཀྱིས་སྲུང་བ། རིགས་པའི་སྟོབས་ཀྱིས་སྲུང་བ་དང་བཞི་ལས། ཇོ་བོ་དེ་བཞི་ཀའི་སྒོ་ནས་བུད་དྷའི་བསྟན་པ་སྲུང་བ་ཡིན་པས་མུ་སྟེགས་པ་ཐམས་ཅད་ཚར་བཅད་ནས་སྔར་ཤོར་བའི་པཎྜི་ཏ་དང་གནས་ཐམས་ཅད་ཕྱིར་ཐོབ། ཕྱི་རོལ་པ་ཐམས་ཅད་ཀྱང་བསྟན་པ་ལ་བཙུད། གནས་བརྟན་དེའི་ཐུགས་དགོངས་ལ་གང་ཟག་གང་འདི་ལྟ་བུའི་ཐུགས་དགོངས་སྤྲང་པོའི་ཆ་བྱད་བྱེད་པ་འཕངས། རབ་ཏུ་བྱུང་ན་བསྟན་པ་ལ་ཕན་པར་དགོངས་ནས་རབ་ཏུ་འབྱུང་བར་ཞུས་པས་མ་གནང་བཞུགས་པར་ཞུས་པས་ཀྱང་མ་གནང་། ཇོ་བོའི་ཐུགས་དགོངས་ལ་གསང་སྔགས་ཀྱི་གདམས་པ་དང་བྱིན་རླབས་དང་ནུས་མཐུ་དང་མཁྱེན་རྒྱ་ང་ལས་ཆེ་བ་མེད་སྙམ་པའི་ཐུགས་རྒྱལ་ཡང་དུས་དེར་བག་ཙག་བྱུང་ནས། རྒྱ་གར་ནུབ་ཕྱོགས་སུ་བྱོན་པའི་ཤུར་ཁར་རྨི་ལམ་དུ་ཡང་མཁའ་འགྲོ་མ་རྣམས་ཀྱིས་གོང་དུ་སྔགས་ལ་མཁས་པའི་སྐབས་སུ་བསྟན་པའི་རྒྱུད་སྡེ་མང་པོས་ཐུགས་རྒྱལ་བཅག །རང་གི་ལྷག་པའི་ལྷ་སེང་ལྡེང་ནགས་ཀྱི་སྒྲོལ་མས་ཞལ་མངོན་སུམ་དུ་བསྟན་ཏེ་ཇོ་བོའི་མདུན་དུ་བྱོན་ནས། ཁྱོད་པཎྜི་ཏ་སྔགས་མཁན་ཡིན་ནམ་གསུང་། ཇོ་བོས་ཡིན་གསུངས་པས། འོ་ན་སྒྲུབ་ཐབས་འགའ་ཞུ་བའི་ཞུ་བ་ཕུལ་ནས་འདི་མཁྱེན་ནམ་འདི་མཁྱེན་ནམ་ཞུས་པས། ཇོ་བོའི་ཞལ་ནས། དེ་ཀུན་གྱི་དཔེ་ཡང་མཐོང་མ་མྱོང་ཞུས་པས། འོ་ན་ཁྱོད་སྔགས་ལ་མཁས་པའི་ཐུགས་རྒྱལ་ཆེ་ན་གསུང་། ཡང་གསུངས་པ། ཁྱེད་མིའི་ཡུལ་ན་རྟའི་སྤུ་རྩེ་ཙམ་ལས་མེད། སྔགས་ཀྱི་དཔེ་དོན་མང་པོ་དེ་མཁའ་འགྲོ་རྣམས་ཀྱི་ལག་ན་ཡོད་པ་ཡིན་གསུངས་ནས་མི་སྣང་བར་གྱུར། ཇོ་བོའི་ཐུགས་རྒྱལ་ཡང་དེར་ཆག་གསུང་།
གཞན་ཡང་བླ་མ་ནུས་པ་ཐོན་པ་དང་། གྲུབ་རྟགས་ཡོད་པ་དང་། ཐུན་མོང་གི་དངོས་གྲུབ་བརྙེས་པའི་བླ་མ་མང་དུ་བསྟེན་ནས། སྒྲུབ་པ་སྐུ་ཉམས་སུ་ལེན་པའི་དུས་སུ། ནུབ་ཅིག་གི་རྨི་ལམ་ན་དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁའ་ལ་བྱོན་ནས་རྨི་ལམ་དུ་ལུང་བསྟན་པ་ཐོབ་སྟེ་རིགས་ཀྱི་བུ་ཨ་ཝ་དྷཱུ་ཏིའི་སྤྱོད་པས་གར་ཡང་མི་ཕྱིན་པས་ཁྱོད་རབ་ཏུ་བྱུང་ཞིང་། དུས་ཕྱིས་གཅིག་ཙ་ན་རབ་ཏུ་བྱུང་བའི་གདུལ་བྱ་མང་པོ་ཡོང་བར་འདུག་གིས་ཞེས་ལུང་བསྟན། ཡང་ནུབ་ཅིག་གི་རྨི་ལམ་ན་གཙུག་ལག་ཁང་ཆེན་པོ་གཅིག་གི་ནང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་མང་པོའི་འཁོར་དང་བཅས་ནས་གདུགས་ཚོད་གསོལ་གྱི་འདུག །དེ་ཚོའི་གྲལ་ཞབས་ན་ཇོ་བོ་ཁོང་རང་བཞུགས་འདུག་པས་གྲལ་མགོ་ནས་སངས་རྒྱས་ཀྱིས་གཟིགས་ནས་མི་མ་གི་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་གསུངས་པ་གཅིག་རྨིས་པས། ཇོ་བོའི་ཐུགས་དགོངས་ལ་ད་ནི་བདག་ངེས་པར་རབ་ཏུ་བྱུང་དགོས་པར་འདུག་སྙམ་པའི་ཐུགས་དགོངས་བྱུང་ངོ་། །དེ་རྣམས་ནི་ཁྱིམ་ན་བཞུགས་པའི་ཆེ་བའི་ཡོན་ཏན་ནོ།། (པཎྜི་ཏ་སའི་སྙིང་པོའི་བསྟོད་པ་ནས། དེ་ལྟ་བུ་ཡང་བྷཾ་གྷ་ལའི། །རྒྱལ་སྲིད་སྤངས་ནས་ཐར་པར་གཤེགས། །ཇོ་བོ་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ།།) ཐར་པར་གཤེགས་པའི་ཆེ་བའི་དབང་དུ་བྱས་ན། བཙུན་པའི་ཡོན་ཏན་དང་། མཁས་པའི་ཡོན་ཏན་དང་། སྒྲུབ་པའི་ཡོན་ཏན་ནོ། །བཙུན་པའི་ཡོན་ཏན་ལ་ཡང་། ཉན་ཐོས་ཀྱི་འདུལ་ཁྲིམས་ལ་བཙུན་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་བཙུན་པ་དང་། གསང་སྔགས་ཀྱི་དམ་ཚིག་ལ་བཙུན་པའོ།།
ཉན་ཐོས་གྱི་འདུལ་ཁྲིམས་ལ་བཙུན་པ་ལ་སོགས་པའི་དབང་དུ་བྱས་ནས། བླ་མ་རྗེ་བཙུན་ཆེན་པོ་དེས་དགུང་ལོ་ཉི་ཤུ་རྩ་དགུ་ལ་དཔལ་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་བརྙེས་པའི་གནས་མ་ཏི་བྷི་ཧ་རའི་གཙུག་ལག་ཁང་དུ་ལྷ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བརྒྱུད། ཕལ་ཆེན་ (ཐམས་ཅད་ཡོད་པར་སྨྲ་བ་ལ་མོས་པས་གྲོགས་པོ་གཅིག་གིས་བསྒྱུར་ནས།) སྡེ་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ (ལོ་ཙཱ་བས་བསྟོད་པ་ནས་ཀྱང་། ཁྱོད་ཀྱི་མཁན་པོ་སྦྱོར་ལམ་པ། །ཡིན་པར་ཀུན་ལ་གྲགས་པ་ཡིན། །ཞེས་སོ།།) སྦྱོར་བའི་ལམ་དེ་ཁོ་ན་ཉིད་ལ་ཕྱོགས་གཅིག་ཏུ་བྱུང་བའི་ཏིང་ངེ་འཛིན་བརྙེས་པའི་ཤིང་པ་རག་ཤི་ཏ་ལ་ཞུས་ནས་རབ་ཏུ་བྱུང་བའི་མཚན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བར་བཏགས་སོ། ། (ལྷ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བརྒྱུད་མིང་ཡང་ཡེ་ཤེས་ཀྱི་མཐའ་ཅན་དུ་འདོགས་པས། ཇོ་བོའི་མཚན་ཡང་།) དཔལ་མར་མེ་མཛད་ཡེ་ཤེས་ཞེས་བྱའོ། །དེ་ནས་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་བླ་མ་མང་པོ་ལ་ཐེག་པ་མང་པོའི་གཞུང་ཤིན་ཏུ་མང་བར་གསན་ཏེ། ཐེག་པ་ཆུང་ངུའི་གཞུང་ལ་རྩ་བའི་སྡེ་ཆེན་པོ་བཞི། མདོ་སྡེ། འདུལ་བ། མངོན་པ་གསུམ་ཀ་གསན། སྡེ་པ་བཞི་ཆར་གྱི་ལག་ལེན་མ་འདྲེས་པར་ཐ་ན་བྱིན་ལེན་སྟོབས་པ་ཡན་ཆོད་ཀྱང་བླ་མས་འབྱེད་མཁྱེན། དེ་ཐམས་ཅད་ཐུན་མོང་བའི་རྩ་བ་བྱེ་བྲག་ཏུ་བཤད་མཛོད་ཆེན་མོ་དགྲ་བཅོམ་ལ་ཉེར་སྦས་ཀྱིས་མཛད་པ་བམ་པོ་བརྒྱད་བརྒྱ་ཡོད་པ་དེ་བླ་མ་དྷརྨ་རཀྵི་ཏ་ལ། ཨོ་ཏནྟ་པུ་རིར་གསན་པས་ལོ་བཅུ་གཉིས་ནས་ཐོན་ཏེ། དེ་ཡང་ཞག་དྲུག་དྲུག་གསན། བདུན་པའི་ནུབ་མོར་ཕྱིར་བྱོན་ཡང་དྲུག་དྲུག་ཕྱིར་ཐེབས་རེ་བྱོན་ནས་གསན་པ་ཡིན་ནོ། །ཉན་ཐོས་ཀྱི་ནང་དུ་ཞག་བདུན་མི་བཞུགས་པ་ལ་དགོངས་པ་ཡིན་ཞེས་རྔོག་ཟེར།
ཐེག་པ་ཆེན་པོའི་གཞུང་ལ་སློབ་དཔོན་ཤཱཀྱ་ཀླུ་སྒྲུབ་ནས་བརྒྱུད་པའི་གཞུང་རྣམས་ཉན་པའི་ཕྱིར་རྒྱ་མཚོ་ཆེན་པོར་ཞུགས་ནས། བླ་མ་རྗེ་བཙུན་དགོན་པ་བ་ལ་ཡུན་རིང་དུ་བསྟེན་ནས་བཀའ་དྲིན་ཞུའོ། །གཞན་ཡང་བླ་མ་མང་པོ་ལ་ཐེག་པ་མཐའ་དག་གི་ཆོས་མ་ལུས་པར་ཞུས་པའི་ལོ་རྒྱུས་གོང་དུ་བླ་མ་བརྒྱུད་པ་དང་ལྡན་པའི་སྐབས་སུ་བསྟན་ཟིན་ནོ། །བླ་མ་དེ་རྣམས་དང་གང་ཡང་མི་མཉམ་པ་འགྲན་གྱི་དོ་མེད་ནི་བླ་མ་གསེར་གླིང་པ་ཡིན་ཏེ། མཚན་ཆོས་ཀྱི་གྲགས་པ་བྱ་བ་ཁོང་གསེར་གླིང་ན་བཞུགས་ཀྱང་ཁོང་གི་གྲགས་པས་འཛམ་བུའི་གླིང་དུ་ཁྱབ་པ་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། ཁྱད་པར་དུ་བྱམས་པ་དང་སྙིང་རྗེ་ལས་བརྩམས་ནས་ཆོས་སྟོན་པ་གཅིག་ཡོད་ཟེར་བ་ཇོ་བོས་གསན་ནས། ཚེ་རབས་དཔག་ཏུ་མེད་པ་ནས་ཀྱི་བླ་མ་ཡིན་པས་མཚན་ཐོས་པས་དད་གུས་ཐུན་མོང་མ་ཡིན་པ་སྐྱེས། དེས་ཐུགས་འཕྲོགས་པ་བཞིན་དུ་གྱུར་ནས་གསེར་གླིང་དུ་ནོར་བུ་རིན་ཆེན་ལེན་དུ་འགྲོ་བའི་ཚོང་པ་ཚན་གཅིག་དང་འགྲོགས་ནས་གཟིངས་ཆེན་པོ་བཅས་ནས་བྱོན་པ་ན། དུང་གི་མཚོ་དང་། འོ་མའི་མཚོ་དང་། མཚོ་ས་གནོན་པར་གཟིངས་རླུང་གིས་དེད། ཆུ་སྲིན་ཆེན་པོ་ཉ་རློན་མིད་དང་། ཉ་རློན་མིད་ཆེན་པོ་ཡང་མཐོང་གསུང་། ཇི་ཙམ་གདའ་ཞུས་པས། དབུ་རུ་གཡུ་རུའི་བར་གྱི་རི་རྒྱུད་འདི་ཙམ་འདུག་གསུང་། རྒྱ་མཚོ་ཆེན་པོ་ན་གསེར་གྱི་སྐུ་གཅིག་འདུག་པ་ལ། དེའི་ཞབས་བརྐྱངས་པའི་སྒྱིད་པའི་འོག་ན་ཕར་ལ་མི་གཅིག་ཟན་ཟ་འགྲོ་དགོས་པར་འདུག །སྤྱི་བོ་ན་བྱ་མང་པོ་ཡང་འབངས་ཀྱི་འདུག་ངས་དེ་ལྟ་བུ་ཡང་མཐོང་། ཁྱེད་ཀྱིས་དཀའ་བའི་ལས་མ་བགྱིས་པར་སྙིང་པོའི་དོན་རྙེད་པ་བསོད་ནམས་ཤིན་ཏུ་ཆེའོ། །དོན་བཟང་པོ་གྲུབ་ཀྱིས་ལེགས་པར་ནན་ཏན་གྱིས་ཤིག་སྤྱོད་ཅིག་གསུངས་ནས་ནན་ཏན་ཆེར་མཛད་ཀྱང་། དེ་ནས་གསེར་གླིང་དུ་བྱོན་ཙམ་ན་མཐོང་བ་ཙམ་གྱིས་ཉམས་དགའ་བ། བསྡད་པ་ཙམ་གྱིས་འབྲལ་མི་ཕོད་པ། གར་ཕྱིན་པ་ཐམས་ཅད་ཆོས་ལ་ལོངས་སྤྱོད་པས་དད་པ་སྐྱེ་བ། རྟེན་བཟང་པོ་རབ་བྱུང་དང་བཞེངས་པ་གྲངས་མེད་པ་བཞུགས་འདུག་གསུང་། དེར་གསེར་གླིང་པ་ཆོས་ཀྱི་གྲགས་པ་གང་ན་བཞུགས་བྱས་པ་ལ། བཙུན་པ་གཅིག་ན་རེ། བླ་མ་གསེར་གླིང་པ་ཞག་བདུན་གྱི་གོང་ནས་འཛམ་བུ་གླིང་པའི་རིང་དུ་མ་མཇལ། གསེར་གླིང་དུ་ཡང་འཛམ་བུ་གླིང་པའི་པཎྜི་ཏ་ཆེན་པོ་གཅིག་བྱོན་བྱ་བའི་གྲགས་པ་བྱུང་། དེར་དུས་ནམ་ཞིག་ན་མི་གཅིག་ན་རེ། གསེར་གླིང་པ་ཆོས་ཀྱི་གྲགས་པ་འཚོལ་བ་དེ་ཁྱོད་ཡིན་ནམ་ཟེར། ཡིན་བྱས་པས་ངའི་ཕྱིར་འདེངས་སྤྲད་ཀྱིས་ཟེར་ནས་ཕྱིན་ཙ་ན་མིང་གསེར་གླིང་པ་ཆོས་ཀྱི་གྲགས་པ་བྱ་བ་ཡིན་པ་དོན་མེད་པའི་སྐྱེས་བུ་གླེན་པ་གཅིག་དང་སྤྲད་དོ། །དེར་ཡི་མུག་ནས་བསྡད་པ་ལ་དགེ་ཚུལ་གཅིག་ན་རེ། ཁྱོད་འཛམ་བུ་གླིང་པ་ཡིན་ནམ་ཟེར། ཡིན་བྱས་པས་ཆོས་འཚོལ་ལམ་ནོར་འཚོལ་ཟེར། ཆོས་འཚོལ་བྱས་པ་ལ་དགེ་ཚུལ་དེ་གསེར་གླིང་པའི་སློབ་མར་འདུག་པས་ཆོས་ཀྱི་གཏམ་མང་མོ་ཡང་བྱས་སོ། །དེར་དགེ་ཚུལ་དེ་ལ་བརྡ་སྤྲོད་པར་ཞུ་བྱས་པས། བླ་མ་ནི་ཀུན་དང་མཇལ་བ་ཡིན་པ་ལ། ཁྱོད་མི་མཇལ་བ་དེ་ཁྱོད་ཀྱི་སྣོད་རྟོག་པ་ཡིན། བླ་མ་ཡང་ཁྱོད་འདྲི་ཡིན་ཡོད་ཀྱིས་མཇལ་དུས་གཅིག་ཡོང་གསུངས་པས་དེར་བློ་བདེའོ།།
དེ་ནས་ཀྱང་ཟླ་བ་བཅུ་གཉིས་སུ་མ་མཇལ་ལོ། །དེ་ནས་མཆོད་པ་གཅིག་གི་སར་མཇལ། གཉིས་ཀ་ཚེ་སྔ་མ་ནས་ཀྱི་འབྲེལ་ཡོད་པས་གཅིག་གིས་གཅིག་ངོ་ཤེས་པར་གྱུར་ནས་རྐྱང་ཕྱག་ཤིང་རྩ་བ་ནས་བཅད་པ་ལྟར་བྱས་སོ། །དེ་ནས་བླ་མས་ཇོ་བོའི་དབུ་ལ་ཕྱག་བཞག་ནས་ཤིས་པ་མང་པོ་བརྗོད། བླ་མའི་ཞལ་ནས། ཁྱོད་ཀྱིས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སློབ་པར་ནུས་སམ་བྱ་བ་དང་། འདིར་ལོ་བཅུ་གཉིས་ (མངོན་པར་ཤེས་པ་མངའ་བས་ལོ་གསུམ་གསུམ་ན་ཚོང་པ་ཐེབས་རེ་ཡོང་བས་ལན་གཉིས་སུ་རྫིངས་ཤིག་ནས་ཚོང་པ་མ་ཐོན་པས།) སྡོད་ཁོམ་མམ་གསུངས་པ་ལ་ཇོ་བོས་ཀྱང་ཞལ་གྱིས་བཞེས་སོ། །དེ་ནས་ཤཱཀྱ་ཐུབ་པའི་གསེར་སྐུ་ (ཕྱིས་ཁུ་སྟོན་ལ་གནང་བ་དེ་ཡིན་པར་བྱེད། རིན་ཆེན་སྒང་ན་བཞུགས་ཡོད་པར་ཡང་བྱེད། དོན་ལ་རྭ་སྒྲེང་ན་བཞུགས་ཡོད་གསུང་།) གཅིག་ཀྱང་ཇོ་བོ་ལ་གནང་། བསྟན་པའི་བདག་པོར་མངའ་གསོལ་བའི་རྟེན་འབྲེལ་ཡིན་གསུང་།
དེ་ནས་ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ནས་ཐེག་པ་ཆེན་པོའི་ཆོས་མ་ལུས་པར་བསླབས། ཁྱད་པར་དུ་ཡང་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པའི་གདམས་པ་ཤིང་རྟ་ཆེན་པོའི་སྲོལ་འབྱེད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ལམ་གྱི་རིམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པ་དང་། སྤྱོད་པ་ལ་འཇུག་པའི་གདམས་པ་ཐུན་མོང་མ་ཡིན་པ་དང་། ལྷག་པའི་བསམ་པ་རྣམ་པར་དག་པ་བདག་གཞན་བརྗེ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་གདམས་པ་ཐུན་མོང་མ་ཡིན་པ་ཡང་བླ་མ་གསེར་གླིང་པ་ལས་བྱུང་བས་བླ་མ་འདི་དང་གང་ཡང་མི་མཉམ་པས་འགྲན་གྱི་དོ་མེད་ཡིན། བླ་མ་འདི་དྲན་པའམ་མཚན་ཐོས་པའི་དུས་ནས་ཕྱག་ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་ནས་བསྟོད་པ་ཚིག་བཞི་པ་རེ་རྒྱངས་རྩེར་མཛད། གཞན་ཡང་བཀའ་གདམས་ཀྱི་གཙང་སྦྲ་ཕུན་སུམ་ཚོགས་པ་གཟིམས་ཁང་ཀུན་ཡང་འོད་དུ་འབར་བ་འདི་ཡང་བླ་མ་གསེར་གླིང་པའི་སྲོལ་ཡིན་ཏེ་བླ་མའི་གཟིམས་ཁང་གི་གཙང་སྦྲ་དང་། དཀོན་མཆོག་གི་མཆོད་པ་འདྲ་བ་སུས་ཀྱང་མི་འགྲུབ་གསུང་། བླ་མ་དང་ཇོ་བོ་གཉིས་ཡོལ་བ་གཅིག་གིས་བཅད་ནས་བཞུགས་པ་ལ་ཡོལ་བ་དལ་བུས་བསལ་ནས་ཁྱོད་ཀྱི་གཏོར་མ་དེ་མ་ལགས་མ་རྒྱུད་ཀྱི་གཏོར་མ་མ་ལགས་སམ་གསུང་། ཕྱི་ནས་ཇོ་བོ་ཉིད་ཀྱང་དགེ་སློང་གཏོར་མ་དམར་པོ་གཏོང་ཙ་ན་སངས་རྒྱས་ཀྱི་བསྟན་པ་མར་ལ་མར་ལ་འཇིག་པའི་རྟགས་ལས་གསུང་། དེ་ལྟར་བཀའ་གདམས་ཀྱི་རྣམ་པར་ཐར་པ་ཕལ་ཆེར་བླ་མ་གསེར་གླིང་པ་ལས་བྱུང་སྟེ། ཇོ་བོ་ལ་བཀའ་དྲིན་གྱིས་ཁྱབ་པའི་བླ་མ་མང་དུ་ཡོད་ཀྱང་བླ་མ་གཞན་ལ་འདས་མཆོད་མི་མཛད། བླ་མ་གསེར་གླིང་པ་ལོ་བཅུ་གཉིས་བསྟེན་ནས་བླ་མའི་དགོངས་པ་མ་ལུས་པར་ལོན་ནས་འཛམ་བུ་གླིང་པའི་ཚོང་པ་དང་འགྲོགས་ནས་འཛམ་བུ་གླིང་དུ་བྱོན་ནོ།།
དེའི་དུས་ན་རྡོ་རྗེ་གདན་གྱི་ལྷ་ཁང་གཅིག་ནས་ཁར་སར་པ་ཎི་རང་བྱུང་གཅིག་བཞུགས་པ་ལ་རབས་ཆད་རྒན་རྒོན་གཉིས་ཀྱིས་བསྙེན་བཀུར་ཆེན་པོ་བྱེད་ཀྱིན་ཡོད་པ་ལ། རྒད་པོའི་རྨི་ལམ་ན་ང་ལ་མ་བྱེད་པར་གནས་འདི་ན་དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་ཀྱིས་དེ་ལ་བསྙེན་བཀུར་གྱིས་ཤིག་བསོད་ནམས་ཤིན་ཏུ་ཆེའོ། །ཞེས་གསུངས་པ་རྨིས་པས། རྒད་པོས་ནངས་པར་སྔ་བར་ལངས་ནས་བཙལ་བས་མ་རྙེད། རྩ་བའི་སྡེ་བཞི་ཆར་གྱི་གསེབ་ཏུ་ཕྱིན་ནས་བལྟས་ཀྱང་དེ་འདྲ་མེད་ཟེར། ཐམས་ཅད་ཡོད་པའི་སྨྲ་བའི་གནས་བརྟན་གཅིག་ན་རེ། ཁ་སང་འགྲོན་པོ་གཅིག་འོངས་པ་འགྲོན་ཁང་ན་འདུག་གོ །དེ་མིན་ནམ་དྲིས་གསུངས། རྒད་པོས་དེར་ཕྱིན་པས་སྒོམ་གྱིན་བཞུགས་ནས་འདུག་པ་དང་ཕྲད། དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཡིན་ནམ་ཞུས་པས་ཡིན་དུ་ཡང་རུང་གསུང་། འོ་ན་ངའི་མཆོད་གནས་མཛད་ན་ཆོས་སྟོན་གསོལ་ནས་ཅི་གནང་ཞུས་པས་གནང་ནས་དཔལ་རྡོ་རྗེའི་གདན་དུ་བཞུགས་སོ། །དེའི་དུས་ན་བླ་མ་རྗེ་བཙུན་ཆེན་པོའི་ཐུགས་དགོངས་ལ། བླ་མ་མང་པོ་ལ་ཐེག་པ་མཐའ་དག་གི་ཆོས་དང་རིགས་པ་ཡང་མ་ལུས་པར་བསླབས། ཡི་དམ་གྱི་ལྷ་མང་པོའི་ཞལ་ཡང་མཐོང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མང་པོ་ཡང་ཐོབ། གསང་སྔགས་ཀྱི་དཀྱིལ་འཁོར་མང་པོ་ཡང་མངོན་སུམ་དུ་གྱུར། ད་ནི་སེམས་རྩེ་གཅིག་ཏུ་བཞག་ལ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱའོ་སྙམ་པའི་ཐུགས་དགོངས་བྱུང་བ་དང་། སྔགས་ཀྱི་བླ་མ་རི་ནག་པོའི་ཁོང་གསེང་གི་གཙུག་ལག་ཁང་ན་བཞུགས་པའི་ར་ཧུ་ལ་སི་བྷུ་ན་པ་ཏ་མངོན་པར་ཤེས་པ་དང་ལྡན་པ་དེར་བྱོན་ནས་ཇོ་བོ་ལ་གསུངས་པ། ཡི་དམ་ལྷ་ཞལ་མཐོང་བ་དང་། དཀྱིལ་འཁོར་གྱི་ལྷ་མང་པོ་མངོན་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་མང་པོ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པར་གར་ཡང་མི་ཕྱིན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུང་། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་ཆོས་ཤིག་གསུངས་པས། ཇོ་བོ་བླ་གསེར་གླིང་པ་ཐུགས་ངེས་མཛད་པའི་སྟེང་དུ་དེ་བས་ཀྱང་ཆེར་ངེས་པར་གྱུར་གསུང་།
ཡང་ཇོ་བོ་ཉི་མ་ཕྱེད་ཀྱི་དུས་དྲོ་ཐོན་པའི་དུས་སུ་རྡོ་རྗེ་གདན་གྱི་འཁོར་ས་ན་ཕར་སྐོར་བ་མཛད་པའི་ཚེ། འཁོར་ས་ན་ཕར་ལྡེར་ཚོ་མང་པོ་བཞུགས་ནས་གདའ་བས་ལྡེར་ཚོ་གཅིག་བཞེངས་ནས། ལྡེར་ཚོ་གཅིག་ལ་ཞུ་བ་བྱེད་ཀྱིན་འདུག་པ་ལ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གང་ལ་བསླབ་པར་བྱ་ཟེར་གྱི་འདུག་པ་ལ། ལྡེར་ཚོ་གཅིག་ན་རེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཀྱང་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཟེར། དེར་གཅིག་ན་རེ། བྱང་ཆུབ་ཀྱི་སེམས་སྦྱང་ན་ཇི་ལྟར་སྦྱང་ཟེར་བ་ལ། འདི་ལྟར་སྦྱང་ཟེར་ནས་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཀྱི་སེམས་ཇི་ལྟར་སྦྱང་ཐབས་བཟང་བ་གཅིག་གསུང་གིན་འདུག་པ་ལ། ཇོ་བོས་སྐོར་བ་མཛད་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་ཐུགས་སུ་ཆུད་པར་གྱུར། ལྡེར་ཚོ་གཉིས་གཅིག་གིས་མ་ཤེས་ནས་གཅིག་ལ་འདྲི་བ་ལྟ་བུ་ནི་མ་ཡིན། ཇོ་བོའི་ཐུགས་ངེས་ཤེས་སྐྱེ་བར་བྱ་བའི་དོན་དུ་དེ་ལྟར་མཛད་པ་ཡིན། བུད་མེད་དེ་གཉིས་སྒྲོལ་མ་དང་ཁྲོ་གཉེར་ཅན་ཡིན་སྐད། ཡང་ཇོ་བོ་རྡོ་རྗེ་གདན་གྱི་བདུད་བཏུལ་བའི་མཆོད་རྟེན་གཅིག་ལ་སྐོར་བ་མཛད་ཀྱིན་བཞུགས་པའི་དུས་སུ་བུད་མེད་གཉིས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་ཐོས་གསུང་སྟེ་ཇི་ལྟར་ཐོས་ལུགས་མི་གསུང་། ཡང་ཇོ་བོས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྡོ་རྗེ་ར་བ་གཅིག་ན་བཞུགས་ཙ་ན། སྒྲོལ་མ་ལྷ་ཁང་གི་རྩ་ན་བུད་མེད་རྒན་གཞོན་གཉིས་འདུག་པས་གཞོན་པ་དེས་རྒན་པ་དེ་ལ་ཆོས་ཞུ་ཡི་འདུག་པས་ཇོ་བོས་གསན་པས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས་པ་དང་།
ཡང་རྡོ་རྗེ་གདན་གྱི་གནྡྷོ་ལར་སྐོར་བ་མཛད་ཀྱིན་བཞུགས་ཙ་ན། བྱ་འདབས་ཀྱི་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས། ཇོ་བོ་ལ་བྷ་ཏན་ཏ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་རྡོ་རྗེ་ར་བའི་ཁང་བུ་ལ་སྐོར་བ་མཛད་ཅིང་བཞུགས་ཙ་ན། བ་སོའི་རྒྱལ་བ་ཤཱཀྱ་ཐུབ་པ་ཞལ་ལྷོར་གཟིགས་པ་གཅིག་གི་ཞལ་ནས། ཛོ་ཀི་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས་པས། ཇོ་བོ་བྱང་ཆུབ་ཀྱི་སེམས་ལ་སྔ་ནས་ཀྱང་ཐུགས་ངེས་པ་མངའ་བ་ལ་དེ་བས་ཀྱང་ངེས་པ་ཆེར་སྐྱེས་པར་གྱུར། སྤྲུལ་པའི་སྐུ་དངོས་ཡིན་གསུང་།
ཡང་ཇོ་བོ་རྡོ་རྗེ་གདན་ན་བཞུགས་པའི་ཚེ་ཁ་ཆེ་བའི་དགེ་ཚུལ་གཅིག་གིས་ (ཤར་ཕྱོགས་སུ་ཕྱིན་ཟེར། ཁ་ཅིག་ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ཕྱིན་ཟེར་བ་ལ་དགེ་བཤེས་དགོན་པ་བའི་ཞལ་ནས་བ་རྩི་གེ་ར་རང་ཡིན་གསུང་། བླ་མེད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་གཞན་དོན་ལ་བསྐུལ་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་མཛད་ཀྱི་ཨང་།) བ་རྩི་གེ་ར་གླིང་བྱ་བར་གྲགས་པའི་སློབ་དཔོན་ཀླུ་སྒྲུབ་སྐུ་འཁྲུངས་པའི་ཡུལ་ཨུ་རྒྱན་བྱ་བ་དེ་རང་ཡིན་ཏེ་དེར་སྐྱེས་ཚད་བསོད་ནམས་བསགས་པ་ཡིན། རང་བཞིན་གྱིས་རྣལ་འབྱོར་པ་དང་། རྣལ་འབྱོར་པ་ཉི་ཚེ་ཡིན་ཟེར་ནས་ལྟར་ཕྱིན། ད་ནི་སངས་རྒྱས་བྱོན་ནོ་ད་ནི་སངས་རྒྱས་བཞུད་དོ་ཟེར་སྨྱོན་པ་ལྟ་བུར་སྣང་བ་མིན་པ་རྣལ་འབྱོར་པར་གསལ་བ་གཅིག་ཀྱང་མ་མཐོང་། ཡུལ་གྱི་མདའ་གཅིག་ན་ཐམས་ཅད་ལ་ལུང་སྟོན་བྱེད་པ་ལྟ་བུར་འདུག་པ་རྣལ་འབྱོར་པར་མངོན་པ་གཅིག་འདུག་ནས་དེ་ལ་ཕྱག་གཅིག་ཀྱང་བྱས། དེ་ནས་ཡུལ་དབུས་སུ་ལོག་ཡོང་བའི་ལམ་ཁར། ཚོང་པ་མང་པོ་གཅིག་ལོ་རྒྱུས་ངོ་མཚར་ཅན་ཟེར་གྱིན་འདུག་པ་ལ། དགེ་ཚུལ་གཅིག་ན་རེ། ཟེར་དགུ་ཅོག་ཀྱང་མི་བདེན་པར་འདུག །བ་རྩི་གེ་ར་གླིང་ན་ཕོ་སྐྱེས་མོ་སྐྱེས་ཐམས་ཅད་རྣལ་འབྱོར་ཕོ་མོ་ཡིན་ཟེར་བ་ལ། ངས་བལྟས་པས་དེ་ལྟར་མི་འདུག་བྱས་པས། ཚོང་པ་ཚོའི་ནང་ནས་ཀུ་སུ་དགེ་བ་བྱ་བ་རྣལ་འབྱོར་པ་གཅིག་བཞུགས་པའི་ཐུགས་དགོངས་ལ་འདི་ཁོ་རང་གིས་མ་མཐོང་བར་སྡིག་པ་གསོག་པར་འདུག །ལོག་རྟོག་སེལ་དགོངས་ནས། དགེ་ཚུལ་དེ་དཔག་གཅིག་ཏུ་ཁྲིད་ནས། རྩི་ལུང་ཁྱོད་རང་ལ་ཡོན་ཏན་ཅི་ཡོད་གསུང་། ང་ལ་ཡོན་ཏན་ཅི་ཡང་མེད་ཟེར། འོ་ན་རྣལ་འབྱོར་པ་ནང་ལ་ (དེ་ནས་བཞུགས་ཚད་རྣལ་འབྱོར་པ་ཡིན་ཏེ་རྣལ་འབྱོར་པ་བྱ་བ་ཡོན་ཏན་ཐམས་ཅད་དུ་སྦེད་པ་ཡིན།) ནང་ཤེས་པ་ཡིན་གྱི་ཁྱོད་ལྟ་བུས་མི་ཤེས་གསུང་། དགེ་ཚུལ་ན་རེ། འོན་ཀྱང་གཅིག་ཙམ་མཐོང་ཟེར། ཁྱོད་ཀྱིས་མཐོང་བའི་དེ་ནི་རྣལ་འབྱོར་པ་གཤའ་མ་མཁན་མིན། ཚེ་འདི་ཆེས་ཆེར་གཉེར་བའི་རྟེན་གྱི་གང་ཟག་ཡིན་གསུང་། དགེ་ཚུལ་དེས་འོ་ན་ཁྱོད་རྣལ་འབྱོར་པ་ཡིན་ནམ་དྲིས་པས། ངས་ཀྱང་དངོས་གྲུབ་ཕྲ་མོ་ཐོབ་པ་འདྲ་ཡོད་གསུང་། དེར་དགེ་ཚུལ་གྱི་རྒྱབ་ན་ཀ་བ་ལི་ཡོད་པ་ལ། འོ་ན་ངའི་འདི་ན་ཅི་ཡོད་བྱས་པས། འདི་ན་འཕགས་པ་རྒྱལ་བ་བློ་གྲོས་ཀྱི་མདོ་ཐུང་གཅིག་འདུག །འདི་ནས་གསེར་ཅིག་འདུག །འདི་ན་སྤུ་གྲི་ཅིག་འདུག་གསུང་། (སྤྱན་སྔའི་ཞལ་ནས། འཇིག་རྟེན་པའི་བསྟན་བཅོས་འདི་དང་འདི་ཡོད། འཇིག་རྟེན་ལས་འདས་པའི་བསྟན་བཅོས་འདི་དང་འདི་ཡོད་བྱ་བ་གསུང་། དགེ་བཤེས་ཁ་ཅིག་རིན་པོ་ཆེ་སྣ་ལྔ་དང་། རྨ་བྱའི་སྒྲོ་ལ་སོགས་པ་གཞན་ཡོད་པའི་ལོ་རྒྱུས་གསུང་སྟེ། དེ་ན་ཅི་ཡོད་རྣལ་འབྱོར་པའི་མངོན་པར་ཤེས་པས་མཁྱེན་པའི་གཏམ་ཡིན་གསུང་།) དེར་རྣལ་འབྱོར་པར་གོ་ནས་དེ་ལ་གུས་པ་བྱས་ནས་ཡུལ་དབུས་སུ་འགྲོགས་ནས་ཡོང་བའི་ཚེ་རྣལ་འབྱོར་པའི་ཞལ་ནས། ཁྱོད་ཀྱི་ཡུལ་དབུས་ན་གང་ཟག་ངོ་མཚར་ཅན་འདྲ་བ་སུ་ཡོད་འདྲི་བ་ལ། དགེ་ཚུལ་གྱིས་ཇོ་བོ་ཨ་ཏི་ཤ་བྱ་བ་ངོ་མཚར་ཅན་ཅིག་རྡོ་རྗེ་གདན་ན་བཞུགས་བྱས་པས། རྣལ་འབྱོར་པའི་ཞལ་ནས། སྐྱེས་བུ་དམ་པ་མཐོང་བ་རྙེད་པར་དཀའ་བ་ཡིན་པས་ཞལ་ལྟར་འདོང་གསུངས་ནས་རྡོ་རྗེ་གདན་དུ་བྱོན་ནོ། །དེར་དགེ་ཚུལ་གྱིས་ངོ་མཚར་ཆེ་བའི་ཇོ་བོ་བཞུགས་པའི་བྲང་ཁང་དུ་ཕྱིན་ནས། ངས་བ་རྩི་གེ་ར་རྣལ་འབྱོར་པ་གྲུབ་པ་ཐོབ་པ་མང་པོ་ཡོད་ཟེར་ནས་ལྟར་ཕྱིན་པ་ལ། གྲུབ་ཐོབ་མང་པོ་ཡོད་པར་འདུག་པ་ལ་ངས་ངོ་མ་ཤེས་པར་འདུག །ད་ལྟ་ང་དང་འགྲོགས་ནས་འོངས་པའི་རྣལ་འབྱོར་པ་གྲུབ་པ་ཐོབ་པ་གཅིག་ངས་ངོ་མ་ཤེས་པ་ལ་ཁོ་རང་གིས་ཚུར་སྦྲན་ནས་ཞལ་བསྟན་པ་ཞིག་འདི་ན་བདོག་ཞུས་པས། ཇོ་བོའི་ཞལ་ནས། སྐྱེས་བུ་དམ་པ་མཐོང་བ་ནི་དོན་དང་བཅས་པ་ཡིན་པས་ཞལ་བལྟ་བར་བགྱི། ཁྱོད་ཀྱིས་མཚོན་པ་གྱིས་ཤིག་གསུངས་ནས་བལྟར་བྱོན་པའི་དུས་ན། རྣལ་འབྱོར་པ་རྡོ་རྗེ་གདན་གྱི་བྱང་ཤར་གྱི་ཕྱོགས་མཚམས་ན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་གཙུག་ལག་ཁང་ཅིག་ཡོད། དེའི་རྩ་ན་ཤིང་ནྱ་གྲོ་ཏའི་ཕུང་པོ་གཅིག་ཡོད་པའི་དྲུང་དུ་དོ་ནུབ་ཉལ་བའི་གཤིས་ཀྱི་ཤིང་ལོ་རྣམས་ཕར་འཆག་ཚུར་འཆག་བྱེད་ཀྱི་གདའ་སྐད། དེར་རྣལ་འབྱོར་པ་དེས་ཇོ་བོ་ལ་ལུས་ཐམས་ཅད་ཕབ་པའི་ཕྱག་བྱས་ནས། ངག་ཏུ་ཡང་འཛམ་བུ་གླིང་གི་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་ལོ་གསུང་སྐད། ཇོ་བོས་ཀྱང་ཡིད་ཀྱིས་ཕྱག་བྱས་ཁོང་རྟེན་དམན་པས་ལུས་ཀྱིས་ཕྱག་མ་བྱས་པར་ཞལ་དུ་མཁས་པ་བྱ་བ་ཁྱོད་ཡིན་ཏེ། (སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ལ་སྤྱོད།) དོན་ལ་མཁས་པ་ཡིན་ལ་ང་ནི་ཚིག་ལ་མཁས་པ་ཡིན་ (ཡིན་ཏེ་ཚེ་འདི་གཡེང་ངེས་གཡེང་ངེ་།) གསུང་ངོ་། །
(དེ་ནས་གཅིག་ལ་གཅིག་ཞུ་བ་མི་བྱེད།) དེའི་ཚེ་ཇོ་བོའི་གྲོགས་པོ་ཕྱིས་ནས་སློབ་མར་གྱུར་པའི་པཎྜི་ཏ་གྲགས་པའི་ཆ་བྱད་བྱ་བ་གཅིག་གིས། རྣལ་འབྱོར་པ་དེ་ལ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བྱ་ཞེས་ཞུས་པས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པར་བྱ་བྱས་པས་ཁོ་ཡིད་མ་ཆེས་པ་ལ། རྣལ་འབྱོར་པའི་ཞལ་ནས། འོ་ན་ཁྱེའུ་གཙང་མ་གཅིག་ཁྲིད་ལ་ཤོག་གསུངས་ནས། རྣལ་འབྱོར་པ་དེས་རྗེ་བཙུན་མ་སྒྲོལ་མའི་པྲ་ཕབ་པས་རྗེ་བཙུན་མ་སྒྲོལ་མའི་སྣང་བ་འཆར་དུ་བཅུག་ནས། རྗེ་བཙུན་མ་སྒྲོལ་མས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པར་བྱའོ། །ཞེས་བྱ་བས་དེ་ལ་ཡང་ཁོ་ཡིད་མ་ཆེས་ནས། དེ་ནས་འཕགས་པ་སྤྱན་རས་གཟིགས་དང་། འཕགས་པ་འཇམ་དཔལ་དང་། དཔལ་ཕྱག་ན་རྡོ་རྗེའི་པྲ་ཕབ་པས་དེ་ལ་ཡང་ཡིད་མ་ཆེས། (དགེ་བཤེས་འཆིང་བུ་པའི་ཞལ་ནས། པཎྜི་ཏ་མ་ཉན་པ་ཞིག་བྱུང་གསུངས་པ་ལ་དགེ་བཤེས་པའི་ཞལ་ནས། རྣལ་འབྱོར་པ་ཁོ་དེ་བས་ཀྱང་མ་ཉན་པ་ཞིག་བྱུང་གསུང་།) དེ་ནས་རྒྱལ་བ་རིགས་ལྔས་གཙོ་མཛད་པའི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣང་བ་འཆར་དུ་བཅུག །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་དུས་གཅིག་ལ་ཀུ་དེ་རི་ལ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པར་བྱའོ། །ཞེས་གསུངས་པས་གདོད་ཡིད་ཆེས་པ་ཡིན། དེས་ན་ཆོས་ཟབ་མོ་ལ་ཡིད་ཆེས་པ་ལ་ཚོགས་དཔག་ཏུ་མེད་པ་གསོག་དགོས་པ་ཡིན། ཐེག་པ་ཆེ་ཆུང་ཡང་ལྟ་བས་ཕྱེ་བ་མ་ཡིན་སྙིང་རྗེས་ཕྱེ་བ་ཡིན་གསུང་། ཇོ་བོ་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་པ་ཆེན་པོ་མངའ་བ་ལ་དེ་བས་ཀྱང་ཆེར་ངེས་པར་གྱུར་གསུང་། དེ་ནས་ཇོ་བོ་བྲང་ཁང་དུ་བཞུད་པའི་ཤུལ་དུ་པཎྜི་ཏ་གཅིག་གིས་བསུ་བ་ཆེན་པོ་བྱས་ནས་ཁོང་རང་གི་ཁང་པར་སྤྱན་དྲངས་ནས་མངོན་པར་ཤེས་པ་འཆར་བར་འདོད་པས། ཆོས་གང་ལ་བསླབ་པར་བྱ་ཞུས་པས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པར་བྱའོ་གསུང་། ཡང་པཎྜི་ཏ་གཅིག་གིས་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་གང་ལགས་ཞུས་པས་ཀྱང་བྱང་ཆུབ་ཀྱི་སེམས་ཡིན་གསུང་། དེས་ན་སངས་རྒྱས་ཐོབ་པར་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་འདི་ཐོག་མ་དང་བར་དང་ཐ་མ་གསུམ་དུ་གལ་ཆེ་བ་ཡིན་གསུང་། (ཇོ་བོ་ལ་རང་བཞིན་གྱི་རྣལ་འབྱོར་པ་དང་རྣལ་འབྱོར་མ་མང་པོས་བྱང་ཆུབ་ཀྱི་སེམས་ལ་བསྐུལ་བ་ཡིན།) གཞན་ཡང་ལེན་ཀེ་ར་ཞེས་བྱ་བ། རྩ་བ་ཆིག་རང་ཡང་ཟེར་བ་དེ་ན་རྣལ་འབྱོར་མ་གཅིག་བཞུགས་པའི་ཞལ་ནས། ཇོ་བོ་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུང་།
ཡང་རྡོ་རྗེ་གདན་གྱི་གྲི་གུ་ན་བུད་མེད་གཅིག་གིས་འཆགས་སའི་བུ་ག་བྱས་ལོ་བཅུ་གཉིས་སྒྲུབ་པ་བྱས་པས་དངོས་གྲུབ་ཐོབ་པའི་རྣལ་འབྱོར་མ་གཅིག་འདུག་པ་ལ་ཡིད་ཀྱིས་ཕྱག་དང་ཆོས་ཞུས་པས་དེས་མཁྱེན་ནས་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུང་། གཞན་ཡང་བླ་མ་མང་པོས་བྱང་ཆུབ་ཀྱི་སེམས་ལ་བསྐུལ་ཏེ། ཇོ་བོའི་བླ་མ་དྷརྨ་རཀྵི་ཏ་སྐད་པ་དེ་ལྟ་བ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་འཛིན་པ་ཡིན་ཏེ་སྙིང་རྗེ་མཆོག་ཏུ་ཆེ་བས། མི་གཅིག་ལྷེངས་ལྷེངས་ན་བ་ལ་བླ་མས་གཟིགས་ནས་མི་གཅིག་ལ་ཅི་ཕན་དྲིས་པས་མི་མ་ཤི་བའི་ཤ་ཁྲག་ཕན་ཟེར། བླ་མས་བརླ་ལ་ཤ་བཅད་ནས་བྱིན་པས། ཤིན་ཏུ་སྙུང་བའི་དུས་སུ་མི་དེ་ལ་ཕན་ནམ་གསུངས། ཕན་བྱས་པས་ཤིན་ཏུ་དགྱེས་ནས། ནམ་སྨད་ལ་རྣལ་ཐུམ་པ་གཅིག་བྱུང་བ་ལ་མི་དཀར་པོ་གཅིག་བྱུང་ནས། རིགས་ཀྱི་བུ་བླ་ན་མེད་པའི་བྱང་ཆུབ་ནི་བརྩོན་འགྲུས་ཆེན་པོ་མི་འདོར་བ་ཁྱོད་ལྟ་བུས་བསྒྲུབ་དགོས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །ལེགས་སོ་ལེགས་སོ་འགྱོད་པ་མ་སྐྱེས་ཟེར་ནས་ཕྱག་གིས་ཡུལ་ཡུལ་བྱས་པས་སྙུང་སོས་ནས་རྨེན་པ་རང་ཡང་མེད་པ་གཅིག་རྨིས། དེ་ནས་སད་པ་དང་དེ་བཞིན་དུ་འདུག །མི་དེ་སྤྱན་རས་གཟིགས་ཡིན་གསུང་། བླ་མ་འདི་ལ་ཡང་བྱང་ཆུབ་ཀྱི་སེམས་སྦྱོང་བའི་བཀའ་དྲིན་ཞུས་པས། ཁོང་རང་སྙིང་རྗེ་ཆེ་བས་ནན་ཏར་ཕན་པར་བྱུང་གསུང་། ཡང་ཇོ་བོའི་བླ་མ་དགེ་བསྙེན་གཅིག་ཁྲི་ཁ་ན་བཞུགས་པ་ལ། མི་གཅིག་གིས་ཁྱི་ལ་དབྱུག་པ་བརྒྱབ་པས། བླ་མ་ལིང་གིས་འགྱེལ། བལྟས་པས་ཁྱི་ལ་གར་ཕོག་བླ་མ་ལ་བརྩན་ནས་འདུག །བདག་གཞན་མཉམ་པའི་ཚད་དེ་ལྟ་བུ་ཡོད། བླ་མ་དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་བཀའ་དྲིན་ཞུས། ཡང་ཇོ་བོའི་བླ་མ་གཅིག་ལ་རི་དྭགས་དམན་མ་ཐམས་ཅད་སྐྱབས་ཞུ་བ་ཅིག་ཡོད། དེ་ལ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བཀའ་དྲིན་ཞུས་གསུང་།
དེ་ལྟར་ཇོ་བོ་བླ་མ་རྗེ་བཙུན་ཆེན་པོ་དེས་བླ་མ་མང་པོ་ལ་བྱང་ཆུབ་སེམས་ཀྱི་བཀའ་དྲིན་ཞུས། ཁྱད་པར་དུ་བླ་མ་གསེར་གླིང་པ་ལ་བྱང་ཆུབ་ཀྱི་སེམས་ཀྱི་བཀའ་དྲིན་ཞུས་པས་ཐུགས་རྒྱུད་ཁྱད་པར་ཅན་དུ་གྱུར་པས་གསེར་གླིང་པ་དང་གང་ཡང་མི་མཉམ་པ་ཡིན། བླ་མ་ཉིད་ཀྱི་ཞལ་ནས། ངའི་སེམས་བཟང་པོ་དུམ་པ་འདི་བླ་མ་གསེར་གླིང་པའི་བྱིན་རླབས་ཡིན། ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་ཀྱིས་བྱིན་རླབས་འབྱུང་གིས། བྱིན་རླབས་ཆེ་ཡིས་ཞེས་དགེ་བཤེས་སྟོན་པའི་དྲུང་དུ་གསུང་སྐད།
དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པ་དང་། གྲུབ་པ་ཐོབ་པའི་བླ་མ་དཔག་ཏུ་མེད་པས་བྱང་ཆུབ་སེམས་ཀྱི་གདམས་ངག་དང་རྗེས་སུ་བསྟན་པ་མཛད་ནས་གཞན་དོན་ལ་སྦྱར་རོ། །ཇོ་བོ་ཉིད་ཀྱི་ཐུགས་དགོངས་ལ་ཡང་། ད་ནི་བདག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་དམ་བསྐང་བ་དང་། བླ་མ་རྣམས་ཀྱི་གསུང་རྗེས་སུ་བསྒྲུབ་པ་དང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་གཞན་གང་ཡང་མི་འདུག་པས། ཐུགས་རྗེ་ཆེན་པོ་ལ་ཡི་དམ་དུ་བཟུང་ལ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་མེད་དོ་སྙམ་པའི་ཐུགས་དགོངས་འཁྲུངས་ནས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་ཏུ་མེད་པའི་ལྷ་ཁང་ཡོད་པས། དེའི་ནང་དུ་བྱམས་པའི་ཐུགས་དམ་མཛད་ཀྱིན་བཞུགས་པས་ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས་ནས་ཐུགས་རྗེ་ཆེན་པོའི་ཞལ་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །བྱ་བ་བྱས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སོ། །འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ལྷ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཀྱིན་བཞུགས། ཁྱོད་ཀྱི་གདུལ་བྱ་ཡང་མང་པོ་དེ་ན་ཡོད་པས་བྱང་ཕྱོགས་སུ་སོང་ཞིག་གསུངས་ནས་ལུང་བསྟན་ནོ།།
ཡང་ཇོ་བོ་རྡོ་རྗེ་གདན་གྱི་མ་ཏི་བྷི་ཧ་རའི་གཙུག་ལག་ཁང་ཞལ་འགྱུར་ཏ་རའི་ལྷ་ཁང་བྱ་བ་སྒྲོལ་མའི་ལྷ་ཁང་གཅིག་ཡོད་པ་དེ་གཟིགས་སུ་བྱོན་པས། ལྡེ་མིག་པ་མེད་ནས་དེའི་བར་ལ་བྱམས་པའི་ཐུགས་དམ་མཛད་ཀྱིན་བཞུགས་པས་ལྷ་ཁང་ནང་ཇི་ལྟ་བ་བཞིན་གཟིགས་གསུང་། ཕྱིས་ལྡེ་མིག་པ་བྱུང་ནས་གཟིགས་པས་དང་ཁྱད་པར་མ་བྱུང་གསུང་། གཞན་ཡང་བྱམས་པའི་ཐུགས་དམ་མཛད་པས་ཏིང་ངེ་འཛིན་བཟང་པོ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་ཡང་ཐོབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་ཡང་གཟིགས། འགྲོ་བ་མང་པོའི་དོན་ཡང་བྱམས་པའི་སྒོ་ནས་མཛད་པ་ཡིན་ཏེ། ཇོ་བོ་རྡོ་རྗེ་གདན་ན་བཞུགས་ཙ་ན་མ་ག་ཏའི་རྒྱལ་པོ་ནེ་ཡ་པ་ལ་དང་ནུབ་ཕྱོགས་ཀར་ནའི་མུ་སྟེགས་ཀྱི་རྒྱལ་པོ་གཉིས་རྩོད་པ་ཆེན་པོ་བྱུང་བའི་ཚེ། ཀ་ར་ནའི་རྒྱལ་པོས་མ་ག་ཏར་དམག་བྱས་པའི་ཚེ་གྲོང་ཁྱེར་མ་ཐུབ་ནས་གནས་གཞི་རྣམས་སུ་དྲངས་པས་རབ་ཏུ་བྱུང་བ་བཞི་དགེ་བསྙེན་གཅིག་དང་ལྔ་བཀྲོངས། ཡོ་བྱད་མང་པོ་ཡང་སྣངས་སུ་ཁྱེར་བའི་དུས་སུ་ཇོ་བོ་ལ་ཞེ་སྡང་མི་མངའ་བས་ཀོ་ལོང་ལ་སོགས་གང་ཡང་མི་མཛད་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་གཡུལ་ལོག་ནས་ཀར་ནའི་དམག་མི་ཐམས་ཅད་གསོད་པ་ལ་ཐུགས་ཀྱིས་མ་བཟོད་ནས་རྒྱལ་པོ་དང་དམག་མི་ཐམས་ཅད་བསྐྱབས་ནས་བཏང་བས། ཀར་ནའི་རྒྱལ་པོ་དེ་དད་ནས། ནུབ་ཕྱོགས་སུ་ཇོ་བོ་སྤྱན་དྲངས་ནས་བསྙེན་བཀུར་བཟང་པོ་གཅིག་བྱས། ཇོ་བོས་ཀྱང་རྒྱལ་པོ་གཉིས་ཀྱི་འདུམ་མཛད། འཚོ་བའི་ཡོ་བྱད་མ་གཏོགས་པའི་ཕྱག་ན་ཡོད་ཚད་འདུམ་ལ་བཏང་། ལུས་དང་སྲོག་ལ་མ་གཟིགས་པར་བར་ན་ཆུ་ཆེན་པོ་ཡོད་པ་ལ་ཡང་ཡང་བརྒལ་ནས་དེ་གཉིས་བཏུལ་བར་མཛད་དེ། སེམས་ཅན་མང་པོ་བདེ་བ་ལ་བཀོད་དོ།།
དེ་ལྟར་བྱང་ཆུབ་ཀྱི་སེམས་སྦྱོང་ཞིང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ། (ལོ་ཙཱ་བའི་བསྟོད་པ་ནས། རྒྱལ་པོ་དོ་ཡང་པ་ལ་དང་། །ནུབ་ཕྱོགས་ཀར་ནའི་རྒྱལ་པོ་གཉིས། །རྩོད་པ་ཆེན་པོ་བྱུང་བའི་ཚེ། །ནུབ་ཕྱོགས་ཀར་ནའི་རྒྱལ་པོ་ཡིས། །མ་ག་དྷར་ནི་དམག་དྲངས་པས། །གྲོང་ཁྱེར་མ་ཐུབ་གནས་གཞིར་དྲངས། །རབ་བྱུང་དགེ་བསྙེན་ལྔ་ཡང་བསད། །ཡོ་བྱད་མང་པོ་སྣངས་སུ་ཁྱེར། །ཁྱོད་ལ་ཞེ་སྡང་མི་མངའ་བས། །ཀོ་ལོང་མ་མཛད་སྙིང་རྗེ་འཁྲུངས། །གཡུལ་ལོག་ཚེ་ན་དམག་མི་བསྐྱབས། །ཕྱི་ནས་བླ་མས་འདུམ་མཛད་དེ། །འཚོ་བའི་ཡོ་བྱད་མ་གཏོགས་པ། །ཡོ་བྱད་ལྷག་མ་མེད་པར་བཏང་། །ལུས་དང་སྲོག་ལ་མ་བལྟས་པར། །ཆུ་བོ་ཆེན་པོ་ཡང་ཡང་བརྒལ། །དེ་གཉིས་བསྡུམས་ནས་མཛའ་བོར་མཛད། །ཅེས་བྱའོ།།) འཁོར་མང་པོ་ལ་ཡང་བྱམས་པ་དང་སྙིང་རྗེ་ཁོ་ནའི་ཆོས་གསུངས་པས་གྲུབ་པ་ཐོབ་པ་མང་པོ་བྱུང་སྟེ། ཇོ་བོའི་སློབ་མ་དགེ་སློང་གཅིག་བྷི་ཀ་མ་ལ་ཤི་ལ་ན་ཡོད་པས། དགེ་སློང་གཞན་རྣམས་སྦྱིན་བདག་གཅིག་གིས་དུས་སྟོན་ལ་སྤྱན་དྲངས་པས་དགེ་སློང་གཞོན་ནུ་དེ་བཞག་པས་དགེ་བསྙེན་གཅིག་གིས་ཁོང་མ་མཉེས་ཡོད་བསྙེན་བཀུར་གཅིག་བྱ་དགོངས་ནས་ལྟར་ཕྱིན་པས། དགེ་སློང་དེ་ཀར་ཞུང་གཅིག་ན་ཚུར་བྱོན་ནས་ཕར་བལྟ་ཚུར་བལྟ་བྱས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བཞུད་ནས་བྱང་སྒྲ་མི་སྙན་ནས་བསོད་སྙོམས་ལྷུང་བཟེད་གང་བླངས་ནས་བྱུང་། དེ་དགེ་བསྙེན་དེས་ཇོ་བོ་ལ་བཤད་འདོད་པས་བརྗེད། ཡང་ཕྱི་ལོ་དེ་ལ་ཡང་དེ་ལྟར་མཛད་བྱུང་བས་ཇོ་བོ་ངོ་མཚར་ཅན་གྱི་གཏམ་ལ་དགྱེས་པས་བརྗེད་དོ་བཏགས་ནས་ཇོ་བོ་ལ་བཤད། ཇོ་བོའི་ཞལ་ནས་ངའི་སློབ་མ་ཅིག་ཡོད། དེ་ཡིན་ཏེ་འོང་ཁོང་འདུག་བྱེད་ཀྱིན་འདུག་གསུང་། དེ་ནས་ཇོ་བོས་དེའི་རྩར་བྱོན་ནས་དེ་བདེན་ནམ་བྱས་པས་དེ་བདེན་ཟེར། དེ་གང་གི་མཐུ་ཡིན་གསུངས་པས་བྱང་ཆུབ་ཀྱིེ་སེམས་ཀྱི་མཐུ་ཡིན་གསུང་། ཇོ་བོའི་ཞལ་ནས་དེ་ཡིན་དེ་ཡིན་གསུངས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གསུངས་ནས་བསྟན་པར་མཛད།
ཡང་ཇོ་བོའི་སློབ་མ་གཅིག་གིས་ཇི་ལྟར་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་པས་ཇོ་བོའི་ཞལ་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་དང་གསུང་། དེས་དེ་ལྟར་བསྒོམས་པས་མོད་ལ་དངོས་གྲུབ་ཐོབ། ཡང་ཁྲོ་བོ་སྒོམ་པའི་རྣལ་འབྱོར་པ་གཅིག་ཡོད་པ་ལ། དེའི་ཁ་མིག་ཐམས་ཅད་ཀྱང་ཇེ་ཟླུམ་ཇེ་ཟླུམ་ལ་ཁྲོ་བོ་ཙུག་སོང་ནས་བལྟས་པ་ཙམ་གྱིས་རྦུད་རྦུད་འཆི་བས། ཇོ་བོས་དེ་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསྒོམ་དུ་བཅུག་པས་བལྟས་པ་ཙམ་གྱིས་མ་ཤི་ཇོ་བོ་ཚུར་བྱོན་ཙ་ན་ཁ་མིག་ཐམས་ཅད་སོར་ཚུད་ནས་ཡོད་གསུང་། དེ་ལྟར་ཇོ་བོ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་འགྲོ་བ་མཐོ་དམན་མང་པོའི་དོན་མཛད། (ལོ་ཙཱ་བའི་བསྟོད་པ་ནས། སེམས་ཅན་རྫུ་འཕྲུལ་ཅན་གཟིགས་ནས། །ཐུགས་ཀྱིས་མི་བཟོད་སྤྱན་ཆབ་འབྱུང་། །སྙིང་རྗེས་ཐུགས་ནི་གདུངས་པ་ཁྱོད། །རྟག་ཏུ་གཞན་དོན་འབའ་ཞིག་མཛད། །ཅེས་གསུངས་སོ།།
དགེ་བཤེས་རྣལ་འབྱོར་པའི་ཞལ་ནས། བྱམས་པ་དང་སྙིང་རྗེ་མེད་པར་ཁྲོ་བོ་བསྐྱེད་པའི་རིམ་པ་བསྟན་ན། དེས་སུ་ལ་བལྟས་ཀྱང་གནོད་པ་ཡོང་བ་ཡིན་གསུང་། དགེ་བཤེས་ནེམ་ཟུར་བས་དགེ་བཤེས་དགོན་པ་བ་ལ་བདེན་ནམ་མི་བདེན་ཞུས་པས། གཏད་པ་ཅི་ཡང་མེད་ཁྲོ་བོའི་སྐུ་གཅིག་པུར་མ་ཟད་ཐམས་ཅད་དེ་ལྟར་ཡིན་མོད་གསུང་།) སེམས་ཅན་རྫུ་འཕྲུལ་ཅན་གཟིགས་ན་ཐུགས་ཀྱིས་མི་བཟོད་པར་སྤྱན་ཆབ་རང་དབང་མེད་པར་འབྱུང་། ཞལ་ནས་ཀྱང་། ངན་སོང་ཐམས་ཅད་འཇིགས་པ་དང་། །སྒྲིབ་པ་ཐམས་ཅད་ལས་གྲོལ་ཞིང་། །རྫོགས་སངས་གོ་འཕང་སྩོལ་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་དང་། ངན་འགྲོ་ཐམས་ཅད་བཟློག་བགྱིད་ཅིང་། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་རྟག་ཏུ་གསུང་། ཕྱིས་བོད་དུ་བྱོན་ནས་ཀྱང་དགེ་བཤེས་སྟོན་པ་ལ་སོགས་པ་ལ་བྱང་ཆུབ་ཀྱི་སེམས་མེད་ན་ཆོས་མཉན་པ་དང་། བལྟས་པ་དང་། བསམ་པ་དང་། སྒོམ་པ་དང་། བསྐྱེད་རིམ་དང་། རྫོགས་རིམ་དང་། དབུ་མའི་ལྟ་བ་སྒོམ་པ་དང་། བཟླས་བརྗོད་ལ་སོགས་གང་བྱས་ཀྱང་ཕན་མེད། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་སྦྱོར་དང་། བྱང་ཆུབ་ཀྱི་སེམས་ལ་གནོད་པའི་དགེ་སྦྱོར་ཐམས་ཅད་བདུད་ཀྱི་ལས་ཡིན། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་ལུས་ངག་གི་དགེ་སྦྱོར་ལྟེམ་ལྟེམ་ཐམས་ཅད་མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱ་བ་ལགས་ཏེ་ཀུན་འབྱུང་དུ་ཆ་བ་ཡིན་གསུང་།
ཡང་ཇོ་བོས་ཕྱག་དར་ལ་སོགས་ལ་ལོགས་སུ་གསུངས་པ། བླ་མའི་མན་ངག་གསང་བས་འགྲུབ་པ་ཡིན་ཏེ། བསྟན་པ་ཉམས་དམས་པའི་དུས་སུ་བཟླ་དགོས། ཁྱོད་ཤེས་རབ་ཤིན་ཏུ་ཆེ་བར་འདུག་པས་ངས་ཇི་སྐད་བཤད་པ་བཞིན་དུ་གོ །ཇི་སྐད་ཟེར་བ་བཞིན་དུ་བྱེད། གཞན་རྣམས་ཀྱིས་བསྟན་ཀྱང་མ་གོ །མ་གོ་བས་དེ་མིན་པ་གཅིག་ལོགས་ནས་ཡོད་དམ་སྙམ་ནས་ཡོང་། ཁྱོད་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་བསྒོམས་ཤིག་གསུང་། ཡང་རྣལ་འབྱོར་པ་ཕྱག་ཁྲི་མཆོག་ལ་ཇོ་བོའི་ཞལ་ནས། མིང་དང་རུས་དང་ཡུལ་ཡིད་ལ་མ་བྱེད་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིད་ལ་གྱིས་ཤིག་གསུང་། དེ་ལྟར་ཇོ་བོ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་དོ། །དགེ་བཤེས་སྟོན་པ་ལ་སོགས་པ་ལ་ཐུགས་དམ་གྱི་གཙོ་བོར་སྣང་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་ཐུགས་དམ་གྱི་ལྷ་མང་པོའི་ཞལ་གཟིགས་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་དང་། མཐོང་བ་དང་། ཐོས་པ་དང་། རེག་པ་དང་། གཏམ་དུ་བརྗོད་པ་དང་། མཚན་ཙམ་གྱིས་འགྲོ་བ་དཔག་ཏུ་མེད་པའི་གསོས་སུ་འགྱུར་བ་དེ་ཇོ་བོའི་བྱང་ཆུབ་ཀྱི་བཀའ་དྲིན་ཡིན་གསུང་། དེ་ལྟར་གཞན་དོན་རྩེ་གཅིག་ཏུ་མཛད་པའི་བླ་མ་རྗེ་བཙུན་ཆེན་པོ་ཉིད་བྷི་ཀ་མ་ལ་ཤི་ལར་ (དགེ་བཤེས་སྟོན་པས་དགེ་བསྙེན་ཞལ་གསུམ་ལ་གནང་། ཞལ་གསུམ་ལ་བརྟེན་ནས་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་གྲངས་དང་གྲངས་ཀྱིས་བྱོན། ལོ་ཙཱ་བའི་བསྟོད་པ་ནས། རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་བདག་གི་བླ་མ་ཡིན། །དངོས་སམ་བརྒྱུད་པས་རྟག་ཏུ་གཞན་དོན་མཛད། །བླ་མ་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་བྱ། ཡང་བསྟོད་པ་ནས། ཁྱོད་ནི་མཐོང་དང་ཐོས་པ་དང་། །རེག་པར་གྱུར་ན་ཐམས་ཅད་ཀྱིས། །མོས་ཤིང་བསྙེན་བསྐུར་བྱེད་པ་སོགས། །ཁྱོད་འདྲ་འཛམ་བུ་གླིང་ན་མེད། །ཅེས་བྱ།)
ཇི་ལྟར་སྤྱན་དྲངས་པའི་ལོ་རྒྱུས་ཀྱི་ཞར་བྱུང་དུ་བྷི་ཀ་མ་ལ་ཤི་ལ་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཟུར་ཙམ་གསུངས་པ་ལ། རྒྱ་གར་གྱི་ཡུལ། དཔལ་ཤྲཱི་ནཱ་ལེནྡྲ་ན་སློབ་དཔོན་ཆེན་པོ་ཀཾ་པ་ལ་བྱ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་གཅིག་བཞུགས་པའི་ཐུགས་དགོངས་ལ། ཆུ་བོ་གངྒཱའི་འགྲམ་ན་བྲག་དེའུ་གཅིག་ཡོད་པར་ཁར་གཙུག་ལག་ཁང་གཅིག་བརྩིགས་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་བར་མངོན་ཤེས་ཀྱིས་གཟིགས་སྐད། དེ་རྩིག་པ་ལ་རབ་ཏུ་བྱུང་བ་བས་རྒྱལ་པོའི་རྟེན་ནུས་པ་ཆེ་བར་གཟིགས་སོ། །དེ་ཙ་ནའི་རྒྱལ་པོ་གཽ་པཱ་ལའི་སྲས་དྷརྨ་པ་ལ་བྱ་བ་མངའ་ཐང་ཤིན་ཏུ་ཆེ་བ་གཅིག་ཡོད་པ་ལ་དེའི་སྲས་སུ་སྐྱེ་བར་གཟིགས་པས། དེ་ལ་རྒྱལ་པོ་དེ་ཀུན་གྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། དུས་ཚོད་དེ་ཙ་ན་རྒྱ་གར་ཡུལ་དབུས་ཀྱི་རྣལ་འབྱོར་པ་གཅིག་གིས་ས་སྡེ་བཙུགས་ནས་རྒྱལ་པོའི་དངོས་གྲུབ་གཅིག་འདོད་ནས་ལྷ་མོ་འོད་ཟེར་ཅན་བསྒྲུབས་པས་གྲུབ། རྒྱ་གར་ཤར་ཕྱོགས་སུ་ལུང་བསྟན། ཤར་ཕྱོགས་སུ་བྱོན་པས་གྲོང་ཁྱེར་གཅིག་ན་རྒྱལ་པོ་རེ་མོས་བྱེད་པ་གཅིག་གདའ་སྐད། དེའི་རེ་མོས་བ་ལང་རྫི་མ་སྨད་གཉིས་ལ་བབས་ནས་བློ་མི་བདེ་བར་འདུག་པ་ལ། རྣལ་འབྱོར་པ་དེས་ཡིད་མི་བདེ་བ་ཅི་ཉེས་དྲིས་པས་ངའི་བུ་ལ་རྒྱལ་པོའི་རེ་མོས་བབ་ཟེར། རྣལ་འབྱོར་པ་དེས་དེ་དགའ་བ་མིན་ནམ་བྱས་པས། རྒྱལ་པོའི་རེ་མོས་སུ་ལ་བབས་པ་འཆི་རེས་བབས་པ་ཡིན་ཟེར་སྐད། རྣལ་འབྱོར་པ་དེས་འོ་ན་ཁྱེད་གཉིས་ཀྱི་རྒྱལ་པོའི་རེ་མོས་ངས་བྱས་སམ་བྱས་པས། མ་སྨད་གཉིས་དགའ་ནས་རྣལ་འབྱོར་པས་དོད་པོ་བྱས་ནས་རྒྱལ་སར་དབང་བསྐུར་རོ། །དེ་ནས་རྣལ་འབྱོར་པའི་ཅན་དུ་རྒྱལ་པོའི་བཙུན་མོ་དེ་བྱུང་བས། དེ་ཀླུ་མོ་གདུག་པ་ཅན་གཅིག་གིས་སྔར་གྱི་རྒྱལ་པོ་ཐམས་ཅད་ཀྱང་ཟོས་ནས་འདུག །རྣལ་འབྱོར་པ་དེ་ཡང་ཟ་བར་བྱུང་བ་ལ། ལྷ་མོ་འོད་ཟེར་ཅན་གྱི་ང་རྒྱལ་དང་ལྡན་པས་ཚར་བཅད་དོ། །
དེ་ནས་ནངས་པར་རྒྱལ་པོའི་རོ་དུར་ཁྲོད་དུ་སྐྱེལ་དུ་འོངས་པ་ཡིན་པ་ལ། རྒྱལ་པོ་དེ་མ་ཤི་ནས་ཐམས་ཅད་ངོ་མཚར་སྐྱེས་ནས་དེ་ཉིད་ལ་རྒྱལ་པོ་ཞུས་སྐད། དེར་རྒྱལ་པོ་དེ་བ་ལང་རྫི་དངོས་མ་ཡིན་ཀྱང་དེའི་དོད་པོ་ཡིན་པས་རྒྱལ་པོའི་མིང་རྒྱལ་པོ་གཽ་པཱ་ལ་བྱ་བ་ལགས་སྐད་དེ། བ་ལང་སྐྱོང་བྱ་བ་ལགས་པར་གདའ། དེར་རྒྱལ་པོ་དེ་ལ་བཙུན་མོ་ལྔ་བརྒྱ་ཡོད། བཙུན་མོ་རེ་ལ་མཆོད་གནས་དགེ་སློང་མ་ལྔ་བརྒྱ་ཡོད་པ་ལས་བཙུན་མོ་ནང་གི་ཆུང་ཤོས་མ་དེ་རྒྱལ་པོ་དང་མ་འཕྲད་ནས་མཆོད་གནས་དགེ་སློང་མ་དེས་རྒྱལ་པོ་དང་འཕྲད་པའི་སྨན་སྦྱར་ཏེ་རྒྱལ་པོ་ལ་མ་ཐེངས། གཞན་ལ་སོང་ནས་རིགས་ལད་ནས་ཆ་བས་དེ་ན་མཚོ་གཅིག་ཡོད་པའི་ནང་དུ་ཕོ་བས། མཚོའི་ལྷ་དེ་རྒྱལ་པོར་རྫུས་ཀྱིན་འོངས་པ་ལ་དེ་རྒྱལ་པོས་གསན་ནས་ལྷ་དེ་བཟུང་ནས་དྲིས་པ་ལ། ང་ལ་དབང་མེད་སྨན་དེས་ཉེས་པས་སྨན་དེ་ཡང་ཐོན། བཙུན་མོ་ལ་ཡང་བྱིས་པ་གཅིག་ཡོད་པ་ཡང་རྒྱལ་པོ་ལ་འབུལ་ཟེར། དེ་ཕུལ་བའི་སྲས་དེ་དྷརྨ་པཱ་ལ། དེར་རྒྱལ་པོ་དྷརྨ་པཱ་ལ་དེ་མངའ་རིས་ཀྱང་ཤིན་ཏུ་ཆེ་བས། ཡང་དུས་ཚོད་དེ་ཙ་ན་ཇོ་མོ་སྒྲོལ་མ་བསྒྲུབ་པའི་རྣལ་འབྱོར་པ་གཅིག་ཡོད་པའི་ཐུགས་དགོངས་ལ། རྒྱ་གར་ཤར་ཕྱོགས་ན་མུ་སྟེགས་པ་ཤིན་ཏུ་དར་བས། མུ་སྟེགས་རྟེན་འཇིག་པར་འདོད་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས། སྒྲོལ་མས་ལུང་བསྟན་ནས་རྒྱལ་པོ་དྷརྨ་པཱ་ལ་ལ་ཞུས་དག་གསུངས། རྣལ་འབྱོར་པ་དེས་རྒྱལ་པོ་ལ་སྡེ་བཙུགས་ནས་ཞུས་པས། རྒྱལ་པོས་གནང་ནས། བྷ་གྷ་ལ་ཙམ་དམག་ཏུ་དྲངས་ནས་འགྲོའི་ཡོད་པའི་ལམ་དུ་སྔོན་ལ་ཐག་མི་རིང་མི་ཐུང་བ་ནས་མི་གུལ་མི་མགྱོགས་པར་མི་ནག་པོ་གཅིག་སོང་སྐད། རྒྱལ་པོ་དེས་མི་བཏང་ནས་འདྲི་རུ་བཅུག་པས། མི་ནག་པོ་དེ་ན་རེ། ང་མགོན་པོ་མ་ཧཱ་ཀ་ལ་བྱ་བ་དེ་ཡིན་ཟེར། འོ་ན་ངེད་ཀྱི་གྲོགས་བྱེད་དགོས་བྱས་པས་ང་ཟེར་བ་ལ་ཉན་ན་གྲོགས་ཀྱང་བྱེད། མ་ཉན་ན་གནོད་པ་ཡང་སྐྱེལ་ཟེར། དེ་རྒྱལ་པོ་ལ་གསོལ་བས་ཉན་པར་ཞལ་གྱིས་བཞེས། དེར་མི་ནག་པོ་ན་རེ། བྱེ་མའི་ཕུང་པོ་འདིའི་འོག་ན་བྷིད་དྷ་འོད་སྲུང་གི་གཙུག་ལག་ཁང་གཅིག་ཡོད་པས་འདི་ཡང་སོལ། མུ་སྟེགས་པའི་རྟེན་འཇིག་པའི་དུས་སུ་དམག་མི་ཐམས་ཅད་ཀྱིས་ཁྲིམས་སུ་བཅའ་བ་གྱིས་ལ་རོལ་མོའི་སྒྲ་དུས་གཅིག་ལ་དཀྲོལ་ཅིག་ཟེར་ནས་མི་སྣང་བར་གྱུར་སྐད། དེར་རཱ་ཛའི་དམག་མི་རྣམས་ཀྱིས་རི་བསལ་བས་གཙུག་ལག་ཁང་གཅིག་བྱུང་སྟེ་དེའི་མིང་ཏྲི་ཀ་དུ་ཀའི་གཙུག་ལག་ཁང་ཞེས་ཀྱང་བྱ། རྒྱ་མཚོ་སྦས་པའི་མགོ་སོ་མ་པུ་རིའི་གཙུག་ལག་ཁང་ཞེས་ཀྱང་བྱ་སྟེ། འོད་སྲུང་གི་པཎྜི་ཏ་བཞི་ཡང་དེ་ན་ཡོད་སྐད། དེར་རོལ་མོའི་སྒྲ་དང་བཅས་པས་མུ་སྟེགས་ཀྱི་རྟེན་གྱིས་མཐའ་མ་བསྐོར་བ་དེ་རྣམས་རང་ཞིག་ཏུ་སོང་། དེ་བས་ན་རོལ་མོའི་སྒྲ་དཀྲོལ་ཞིང་བྱས་པ་དེ་ཡང་མགོན་པོའི་འཕྲིན་ལས་ཀྱིས་གྲོགས་ཡིན་གསུང་། དེར་རཱ་ཛའི་མངའ་རིས་སུ་བྷ་ལེན་ཏྲ་པ་ཐམས་ཅད་འདུས་ནས་རཱ་ཛ་དེ་བས་ཀྱང་མངའ་ཐང་ཆེའོ། །རཱ་ཛ་དེའི་སྲས་སུ་གྷུ་རུ་ཀཾ་པ་ལས་སྐུ་སྐྱེ་བ་བཞེས་པར་འདོད་ནས། དེའི་བཙུན་མོའི་རྨི་ལམ་དུ་ཆོས་གོས་དམར་སེར་གོན་པ། ལག་ན་ལྷུང་བཟེད་དང་འཁར་གསིལ་ཐོགས་པ་གཅིག་གནས་གཡར་ཟེར་སྐད། དེ་རཱ་ཛ་ལ་བཟླས་པས། དོ་ནུབ་ཀྱང་རྟོགས་ལ་བྱོན་ན་བཏང་གིས་གསུང་། དེ་ཡང་བྱུང་ནས་བཙུན་མོས་གནས་བཏང་གིས་བྱས་པས་དེའི་སྲས་སུ་སྐུ་སྐྱེ་བ་བཞེས་ནས་རཱ་ཛ་དྷེ་ཝ་པཱ་ལ་བྱ་བར་སྐུ་སྐྱེ་བ་བཞེས། མངའ་ཐང་ཤིན་ཏུ་ཆེ་སྟེ་རྒྱ་གར་ཡུལ་དབུས་མ་ག་དྷ་ཡང་མངའ་རིས་སུ་འདུས། དེར་རཱ་ཛ་དེས་བྲག་དེའུ་དེའི་ཁར་གཙུག་ལག་ཁང་བཞེངས་ཏེ། དེ་ལ་ཕྱོགས་བཞིར་མིང་བཞི་གྲགས་པ་ལས། བྱང་ཕྱོགས་སུ་གྲགས་པ་ནི་བྷྲི་ཀ་མ་ལ་ཤི་ལ་བྱ་བ་ཡིན་ཏེ། ཚུལ་ཁྲིམས་ཀྱི་དྲི་ངད་དང་ལྡན་པ་བྱ་བར་ཡོང་བ་ཡིན་གསུང་། དེ་ནས་རྩ་བའི་སྡེ་བཞི་ལས་དགེ་སློང་ཉི་ཤུ་རྩ་བདུན་བདུན་བཞུགས་པས་སྤྱིར་བརྒྱ་རྩ་བརྒྱད་བཞུགས་དེ་ཚོའི་ཡང་འཚོ་བ་སླ་འཚོར་ཡོད། གཞན་ཡང་སྒྲ་དང་ཚད་མའི་ས་ཀྲ་ཡང་ཡོད། བྷ་ལིམ་ཨ་ཙརྱ་བྱ་བ་གཏོར་མ་མཁན་པོའི་ཡང་འཚོ་བ་ནར་མར་ཡོད། དེ་ལ་སོགས་པ་ས་ཀྲ་གཞན་ཡང་མང་དུ་ཡོད། སྤྱིར་རབ་ཏུ་བྱུང་བ་བརྒྱ་ཕྲག་མ་ལོངས་ཙམ་ཡོད། ཡོད་ཚོ་མ་ནི་པཎྜི་ཏ་ཤ་སྟག་ཡོད་པ་ཡིན་གསུང་། དེའི་དུས་ན་ཨོ་ཏནྟ་པུ་རི་ན་རབ་ཏུ་བྱུང་བ་བརྒྱ་ཕྲག་ཕྱེད་གསུམ་ཡོད། མ་ག་དྷའི་སྐོར་ན་གནས་གཞི་ཡང་བསམ་གྱིས་མི་ཁྱབ། རབ་ཏུ་བྱུང་བ་དང་རྣལ་འབྱོར་པ་ཀུ་སུ་ལུ་པ་དང་མཁས་པ་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་བཞུགས་པ་དེ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ཐམས་ཅད་ཀྱི་ལུང་ལེན་པ་དང་། ཐེ་ཚོམ་གྱི་དྲ་བ་གཅོད་པ་ཇོ་བོ་ཡིན།
མདོར་ན་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་བསྟན་པའི་སྲོག་ཤིང་ཡིན་པས། མུ་སྟེགས་དང་རང་གི་གྲུབ་མཐའ་ངན་པ་ཐམས་ཅད་ཀྱང་ཇོ་བོས་ལུང་རིགས་ཀྱིས་ཚར་བཅད་ནས་ཡང་དག་པའི་ལམ་ལ་བཙུད་པ་ཡིན་གསུང་། (ལོ་ཙཱ་བའི་བསྟོད་པ་ནས། ཨོ་ཏནྟ་ཡི་པུ་རི་ན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བྷྲི་ཀྲ་མ་ནི་ཤི་ལ་ན། །རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་པའི་ཁེ་གྲགས་ཁྱོད་མི་མཛད། །མ་ག་དྷའི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་གྱུར། །ཁྱོད་ཀྱི་སྡེ་པ་བཅོ་བརྒྱད་ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པ་ན། །ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། །ཞེས་གསུངས་སོ།།) དེ་ལྟ་བུའི་པཎྜི་ཏ་ལྷ་གཅིག་རིན་པོ་ཆེ་དེ། རཱ་ཛ་དྷེ་ཝ་པཱ་ལའི་གདུང་རྒྱུད་དུ་གྱུར་པ་རཱ་ཛ་མཧཱ་པཱ་ལ་བྱ་བའི་སྐུ་དྲིན་ལ་དཔལ་རྡོ་རྗེའི་གདན་ནས་བྷི་ཀ་མ་ལར་གདན་དྲངས་ནས་དེ་ན་བཞུགས་པ་ཐམས་ཅད་ཀྱིས་ཀྱང་གཙུག་གི་ནོར་བུ་ལྟར་བཀུར་བ་ཡིན། སྡེ་པ་བཞི་ཆར་གྱི་ཆོས་ལུགས་ཐ་ན་བྱིན་ལེན་ཚུན་ཆོད་པ་མ་འདྲེས་པར་ཤག་གེ་མཛད་པ་ཡིན་པར་གདའ། བྷྲི་ཀ་མ་ལ་ཤི་ལའི་མངའ་གདོང་གཡས་ལ་སློབ་དཔོན་ཀླུ་སྒྲུབ། གཡོན་ལ་ཇོ་བོ་རྗེའི་སྐུ་འབག་བྲིས་ནས་ཡོད་སྐད་དེ། སློབ་དཔོན་ཀླུ་སྒྲུབ་དང་མཉམ་པ་ཡིན་གསུང་། དེ་ལྟ་བུའི་བླ་མ་རྗེ་བཙུན་ཆེན་པོ་དེས་བསྟན་བཅོས་མཐའ་དག་ལ་བསླབས་ཤིང་། ཐུགས་ཀྱི་རྒྱུད་སྦྱངས་པས་ཐོགས་པ་མི་མངའ་བར་བསྟན་བཅོས་རྩོམ་པའི་ཚད་དང་ལྡན་པས་མཁས་པའི་མཆོག་ཏུ་གྱུར་པ་བཙུན་པའི་མཆོག་ཏུ་གྱུར་པ་ཡིན་གསུང་སྟེ། སོ་སོར་ཐར་པའི་སྒོར་ཞུགས་ནས་ཉེས་བྱས་ཕྲ་མོ་ལ་ཡང་ཤིན་ཏུ་འཇིགས་པར་གཟིགས་ཤིང་ཚུལ་ཁྲིམས་ཀྱི་ཡན་ལག་གཡག་རྔ་བཞིན་དུ་སྲུང་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་པས་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པར་མཛད། (དེ་ལ་ལོ་ཙཱ་བས་བསྟོད་པ་ནས། ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་མཛད་ཅིང་། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཛད། །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཞེས་བྱའོ།།)
ཇོ་བོ་ལ་རབ་ཏུ་བྱུང་ནས་མི་ཆོས་སར་བྱོན་མྱོང་ངམ་མ་མྱོང་ཞུས་པ་ལ། ཁོང་ང་ལ་ཡང་མི་དགའ་ང་ཁོང་ལ་ཡང་མི་དགའ་བས་འགྲོ་མ་མྱོང་གསུང་། ཉེ་དུ་ལ་སོགས་ཇོ་བོའི་རྩར་བྱུང་ངམ་མ་བྱུང་ཞུས་པས། ཚང་ཟླ་གཅིག་ཡོད་པས་ཁོང་ཚོང་བྱེད་པའི་ལམ་ལོགས་སུ་ཡུག་ཅིག་བྱུང་ནས་ངས་ཡོན་ཏན་རིག་པ་སློབ་སྡོད་བྱས་པས་མ་ཉན། དེ་མིན་ལ་འཕྲད་མ་མྱོང་གསུང་། (དགེ་བཤེས་ཞང་རོམ་ན་རེ། འོ་ཅག་རབ་ཏུ་བྱུང་ནས་དགའ་བོ་སུམ་ཅུ་རྩ་གསུམ་མཐོང་བ་དང་འདྲ་བར་ཕ་མ་ཉེ་དུ་འབྲེལ་བའི་རྩར་ཉི་མ་རེ་ལན་གསུམ་གསུམ་འགྲོ། གྲོས་ཕུགས་ཐམས་ཅད་བྱེད། ཡོ་བྱད་ཀྱི་ཕན་འདོགས། མུན་ནག་རབ་ཡོང་གསུང་།) ཇོ་བོ་བུད་མེད་དང་འབྲེལ་བའི་དངོས་པོ་གང་ཡིན་ཡང་ཕྱག་ཏུ་མི་བཞེས། རྫ་མའི་ནང་ནས་ཕྱུང་བའི་ཕྱེ་ཡང་མི་གསོལ། དེ་ཇི་ལྟར་ཡིན་ཞུས་པས། པུ་རའི་སྣོད་ནས་བྱུང་བ་ཡིན་པས་མི་རུང་གསུང་། ཕལ་ཆེན་སྡེ་པ་ཆང་ལ་རྩ་བ་གཅིག་བྱེད་པས་དེ་ལྟ་བུའི་དོག་མཐའ་ཡོད་པ་ཡིན་སྐད། དེ་ལྟར་འཆལ་བའི་དྲི་མས་གཏན་ནས་མ་གོས་པས་ཚུལ་ཁྲིམས་ཀྱི་དྲི་མ་དང་ལྡན་པས་རིང་ན་གནས་པ་ཐམས་ཅད་འདུན་པ་ཡིན་གསུང་།
བྱང་ཆུབ་སེམས་དཔའི་བསླབ་པ་ལ་བཙུན་པའི་དབང་དུ་བྱས་ན། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་སྒོར་ཞུགས་ནས་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ཤིན་ཏུ་བརྟན་ཞིང་བྱམས་པ་དང་སྙིང་རྗེས་ཐུགས་ཀྱིས་རྒྱུད་བརླན་པས། འགྲོ་བ་མཐའ་ཡས་པ་ལ་དངོས་དང་བརྒྱུད་པས་ཕན་པ་དང་བདེ་བའི་དོན་དུ་གཡོ་དང་སྒྱུ་མེད་པར་ལྷག་པའི་བསམ་པ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་དུ་སྐུ་ཉམས་སུ་བཞེས་པས་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་ཡིན་གསུང་། (ལོ་ཙཱ་བས་བསྟོད་པ་ནས། ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་གྱུར་ཅིང་། །བྱང་ཆུབ་སེམས་ཀྱིས་འགྲོ་རྣམས་མི་གཏོང་བ། །བླ་མ་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ།།) རྒྱས་པར་ནི་གོང་དུ་བྱང་ཆུབ་ཀྱི་སེམས་ཇི་ལྟར་སྦྱངས་པའི་སྐབས་སུ་བསྟན་ནོ། །
གསང་སྔགས་ཀྱི་དམ་ཚིག་ལ་བཙུན་པའི་འཇོག་པའི་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེའི་ཐུགས་དམ་དང་ལྡན་པ་ཡིན་ཏེ་རྒྱས་པར་ནི་ཐེག་པ་གསང་སྔགས་ལ་མཁས་པའི་སྐབས་སུ་བསྟན་ནོ། ། (ལོ་ཙཱ་བའི་བསྟོད་པ་ནས། ཁྱོད་ནི་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །རང་ལྷར་གཟིགས་ཤིང་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏི་པ། །སྦས་པའི་བརྟུལ་ཞུགས་ཞབས་ལ་ཕྱག་འཚལ་ལོ། །ལོ་ཙཱ་བས་ཇོ་བོ་ལོ་བཅུ་དགུ་བསྟེན་པ་ལ། །སྐུ་གསུང་ཐུགས་ཀྱི་ནོངས་པ་མཐོང་མ་མྱོང་བ་ཡིན་པར་འདུག་སྟེ། འདི་ཁོ་ན་ངོ་མཚར་ཆེ་གསུངས་སོ། །ཁོང་རང་གི་ཞལ་ནས། ལོ་ནི་བཅུ་བདུན་བསྟེན་པ་ལ། །ཉེས་པའི་དྲི་མ་བྱུང་བ་མཐོང་རེ་སྐན། །གསུང་།) དེ་ལྟར་ཐེག་པའི་རིམ་པ་མཐའ་དག་གི་སྡོམ་ཁྲིམས་མ་ལུས་པ་དང་ལྡན་ཞིང་། དྲན་པ་དང་ཤེས་བཞིན་བག་ཡོད་ཀྱི་སྒོ་ནས་ཚུལ་ཁྲིམས་མ་ཡིན་པ་ཡིད་ལ་མི་མཛད། བཤགས་པར་འོས་པ་བཤགས། བསྡམ་པར་འོས་པ་སྡོམ། མཐོལ་བར་འོས་པ་མཐོལ་ནས་ཉེས་པ་དང་ཞག་ཏུ་མི་འགྲོགས་པ་ཡིན་གསུང་། དེ་ལ་ཁ་ཅིག་ཇོ་བོ་ལ་ཉེས་པ་དང་པོ་རང་ནས་མ་འགོས་པ་ཡིན་ཟེར་བའང་ཡོད། དེ་མི་སྲིད་པ་ཡིན་གསུང་། བླ་མ་ཉིད་ཀྱི་ཞལ་ནས། ང་ལ་སོ་སོར་ཐར་པའི་ཉེས་པས་གཏན་མ་གོས་བྱར་བཏུབ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཉེས་པ་ཅལ་ལེ་ཙམ་གྱིས་གོས། གསང་སྔགས་ཀྱི་དམ་ཚིག་ལ་ཉེས་པ་ཅར་རེ་ཉེ་རེ་བརྒྱབ་སྟེ་ཉེས་པ་དང་ཞག་ཏུ་འགྲོགས་མ་མྱོང་གསུང་། (བསྟོད་པ་ནས། དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཤི་ལ་མ་ཡིན་ཡིད་མི་མཛད། །བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མི་གོས། །ཞེས་གསུངས།) མཁས་པའི་ཡོན་ཏན་ནི། གོང་དུ་རིག་པའི་གནས་ལྔ་ལ་མཁས་པའི་སྐབས་སུ་བསྟན་ནོ། །བསྒྲུབས་པའི་ཡོན་ཏན་ནི་ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང་། ཏིང་ངེ་འཛིན་ཁྱད་པར་ཅན་མངའ་བ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་ལ་སོགས་པ་ལོ་རྒྱུས་ཀྱི་བར་བར་ན་ཡོད་དོ། །
དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་བླ་མ་དགེ་བའི་བཤེས་གཉེས་པཎྜི་ཏ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དེས་བྷྲི་ཀ་མ་ལ་ཤི་ལར་བཞུགས་ནས་རྒྱ་གར་ན་པཎྜི་ཏས་ལྡེ་མིག་ཚགས་བྱེད་པས་ཇོ་བོས་ཀྱང་ལྡེ་མིག་བཅོ་བརྒྱད་ཀྱི་བདག་མཛད་ནས། དགེ་སློང་ཉི་ཤུའི་སྡེ་ཤས་ཤིག་གི་ས་ཀྲ་ཡང་བཙུགས། ཅི་སྟེ་ཤས་ཤིག་སྟོན་པས་དེ་རྣམས་ཇོ་བོ་ལ་སྡིག་པ་ཡང་སོག་པར་གྱུར་སྐད། ཁྱད་པར་དུ་མངའ་བདག་མཻ་ཏྲི་པ་བྱ་བ་དེ་དེ་ན་བཞུགས་པས་ཁོང་རང་གི་ལྟ་བ་སྤྱོད་པ་འབྲུམ་གསུམ་ཀ་ལ་བླ་མ་ཤནྟི་པས་སྐྱོན་བཀལ་ནས་སྒོ་སླད་མ་བྲིས། མཻ་ཏྲི་པ་དེ་རྣལ་འབྱོར་མ་ལ་ཐུགས་དམ་མཛད་པས་རྣལ་འབྱོར་མའི་དམ་རྫས་ཀྱི་ཆང་ཞིག་སྦས་ཡོད་པས་བཙུན་པ་གཅིག་གིས་མཐོང་ནས་དགེ་འདུན་ལ་བཤད། དགེ་འདུན་རྣམས་ན་རེ། ཉམས་པ་གནས་ནས་འབྱིན་དགོས་ཟེར་ནས་བསྐྲད་པས། བཞུད་དུ་མ་བཏུབ་པར་འདིས་ང་ལ་མ་གནོད་ཀྱིས་བྱས་པས་ཁྱོད་ལ་མ་གནོད་ཀྱང་གཞན་ལ་གནོད་ཟེར་ནས་བཏོན་པས། ཉམས་པ་སྒོ་ལ་འགྲོར་མི་རུང་གསུངས་ནས་རྩིག་པ་ལ་ཐལ་གྱིས་བཞུད་དོ། །
ཇོ་བོའི་ཐུགས་དགོངས་ལ་ལེགས་སམ་མ་ལེགས་སྙམ་ནས། དེའི་ནུབ་མོ་སྒྲོལ་མ་ལ་མཆོད་པ་ཕུལ་བསྟོད་པ་བྱས་ནས་གསོལ་བ་བཏབ་པས། ཇོ་བོ་བྲང་ཁང་ན་གཉིད་བག་ཙམ་གཟིམས་པའི་སྣང་བ་ལ། བུ་མ་ལེགས་སོ་བྱ་བའི་སྒྲ་ལན་གསུམ་བྱུང་། ཕྱིར་བྱོན་ནས་བལྟས་པས་ཅི་ཡང་མ་གཟིགས། དགེ་སློང་ཅི་བདེ་བ་བཏོན་པའི་གསེབ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གཅིག་བཞུགས་པ་དེ་མངའ་བདག་མཻ་ཏྲི་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་སྡིག་བསགས་ན་རྣམ་སྨིན་ཤིན་ཏུ་ཆེའོ་གསུང་། ཇོ་བོས་འདི་ལ་རྣམ་སྨིན་ཇི་ལྟ་བུ་འབྱིན་ཞུས་པས། རི་རབ་ལ་ལན་གསུམ་འཁོར་བའི་སེམས་ཅན་ཆེན་པོ་གཅིག་ཏུ་སྐྱེས་ནས་བྱ་སྣ་ཚོགས་ཀྱིས་ཟ་བར་བྱེད་གསུང་། འོ་ན་དེ་ལ་ཕན་ཞུས་པས། བྱང་ཕྱོགས་སུ་སོང་ནས་ཐེག་པ་ཆེན་པོའི་ཆོས་དར་བར་བྱས་ན་ཕན། ཉི་མ་རེ་ལ་སཙྪ་བདུན་བདུན་བཏབ་ན་ཕན་གསུང་སྟེ། དོན་ལ་ཇོ་བོ་སེམས་ཅན་གྱི་དོན་ལ་བོད་དུ་འབྱོན་དུ་འཇུག་པའི་སྙད་ཡིན་གསུང་།
ཡང་ཇོ་བོས་བླ་མ་གྷ་གྷ་པ་ཏ་ལ་ལ་གང་ཕན་ཞུས་པས་གང་ཡང་ཕན་ཏེ། ཁྱོད་ཀྱིས་ཕན་སེམས་ཀྱིས་བྱས་པས་ཉེས་པ་མེད། ཁྱོད་འབྲས་ཆན་བྲེ་གང་སྦྱིན་པར་བཏང་བ་གཅིག་བོད་ན་རྒྱལ་པོ་བྱེད། དེའི་མཆོད་གནས་ལ་ཁྱོད་འགྲོ་བར་འདུག་གསུང་། དེ་ལྟ་བུའི་སྐུའི་ཡོན་ཏན་མ་ལུས་པ་དང་ལྡན་པ་བླ་མ་རྗེ་བཙུན་ཆེན་པོ་འདི། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སྤྱན་དྲངས་པའི་ལོ་རྒྱུས་ནི། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་གཤེགས་ནས། གནམ་ལ་ཁྲི་བདུན། བར་དུ་སྟེང་གཉིས། ས་ལ་ལེགས་དྲུག །སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་སོང་བར་བླ་མ་བཞད་ནས་བཤད། དེ་ལ་སྐྱིད་པའི་གདུང་རབས་ཟེར་བ་དེ་ཆོས་བྱས་པས་བདེ་སྐྱིད་ཕུན་སུམ་ཚོགས་པ་སྐྱིད་པའི་གདུང་རབས་ཟེར་བ་ཡིན། དེ་ལ་གདུང་རབས་རིལ་པོ་བཅུ་གཉིས། མངའ་བདག་ཁྲི་རལ་པ་ཅན་སྐུ་ཚེ་ཐུང་བས་ཕྱེད་དུ་བཞག་གོ །
དེ་ལ་ (ཀུན་ཏུ་བཟང་པོའི་སྤྲུལ་པ།) ལྷ་ཐོ་ཐོ་རི་གཉན་ཤལ་གྱི་སྐུ་རིང་ལ་བོད་དུ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་གདུང་རབས་ལྔ་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྲོང་བཙན་སྒོམ་པོའི་སྐུ་རིང་ལ་དམ་པ་ཆོས་ཀྱི་སྲོལ་བཏོད། དེ་ནས་གདུང་རབས་ལྔ་ནས་འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དམ་པ་ཆོས་དར་ཞིང་རྒྱས་པར་མཛད། རྒྱས་པ་ཁྲི་སྲོང་ལྡེ་བཙན་ལ་སྲས་གསུམ། མུ་ནེ་བཙན་པོ་ (དུག་གིས་བཀྲོངས།) མུ་དུར་བཙན་པོ་ (སྤྱུགས།) སད་ན་ལེགས་མཇིང་ཡོན། དེ་ལ་སྲས་གསུམ། རྩང་མ་ (སྤྱུགས།) དར་མ། (གླང་དར་མ་ཁྲི་དུམ་བཙན་གྱི་རིང་ལ་ཆོས་བསྣུབས་པས་དཀོན་མཆོག་གི་དབུ་གཡོགས་བྱུང་།) རལ་པ་ཅན་ (གདུང་ཆད།) དར་མ་ལ་སྲས་ཡུམ་བརྟན། འོད་སྲུང་ལ་གཉིས་ (ཡིན་ཏེ་རྒྱལ་སྲིད་ལ་མ་མཐུན་ནས་དབུ་རུ་གཡུ་རུའི་འཁྲུག་པ་ཤོར།) འོད་སྲུང་ལ་མངའ་བདག་དཔལ་འཁོར་ (ཡུམ་བརྟན་ལ་མངའ་བདག་སྔོན་བྱོན། དེའི་སྲས་ཚ་ན་ཡེ་ཤེས་རྒྱལ་མཚན། དེའི་ཁྲི་བ། ཁྲོ་བོ་གཉིས། ཁྲི་བའི་རྒྱུད་ལ་འཕྲང་པོ་བ་དང་། ཚ་རོང་པ་ཡིན། ཁྲི་པའི་སྲས་དགེ་སློང་དང་ཞང་ངེ་གཉིས། ཞང་ངེའི་རྒྱུད་པ་བསམ་ཡས་ཕུ་པ་ཡིན། དགེ་སློང་གི་རྒྱུད་པ་རྩད་པོ་ཨ་ཙ་ར། དེའི་སྲས་བོ་དྷི་རཱ་ཛ། དེའི་སྲས་མངའ་བདག་མགོན་ནེ། དེའི་སྲས་དང་དབང་ཕྱུག་འོད་ཟེར་དང་། ལྷ་བཙུན་སྔོན་པོ་ཡིན།) བཙན། དེ་ལ་སྲས་ཁྲི་སྐྱིད་ལྡེ་ཉི་མ་མགོན་དང་། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ (གྱིས་རྩང་དུ་བཞུགས་པས་སྨད་ཀྱི་ལྡེ་གསུམ་བྱུང་སྟེ་ས་ལྡེ་འོད་ལྡེ་སྐྱིད་ལྡེ་གསུམ་བྱུང་ངོ་།།) ལོ། །ཁྲི་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་གཤེགས་པའི་དུས་སུ་བློན་པོ་ཞང་པ་ཚབ་རིན་ཆེན་ཏོ་དང་། ཅོ་རོ་ཡ་ཡག་དགྲ་ལྷ་ལེགས་གཉིས་ཀྱིས་གཙང་བྱེ་མ་གཡུང་དྲུང་དུ་བསྐྱལ། དེར་འབྲས་བའི་དུས་སུ་ངུས་ཏེ། གཅིག་གིས་སྤྱང་ཐུལ་གཅིག་ཕུལ། གཅིག་གིས་དྲེའུ་གཅིག་ཕུལ་བའི་རྒྱལ་པོའི་ཞལ་ནས། ད་ངས་མངའ་རིས་སྟོད་ཡ་གིར་རྒྱལ་སྲིད་གཅིག་ཟིན་ན་ཁྱེད་གཉིས་ཀྱི་བུ་མོ་རེ་རེ་ང་ལ་བཙུན་མོར་ཞུ་གསུངས་པས། གཉིས་པོས་ཁས་བླངས།
དེ་ནས་ (བློན་པོ་ཡང་ཟངས་ཁ་གཅིག་གིས་བྱས་ཏེ།) ཡར་བྱོན་ནས་མངའ་རིས་སྟོད་དུ་ (སྐུ་མཁར་རྟ་གཟུངས་བྱ་བ་བཟུང་ནས།) རྒྱལ་སྲིད་རྒྱ་ཆེ་བར་ཟིན་ནས་ (དབུས་ཀྱི་) བློན་པོ་གཉིས་ཀྱི་བུ་མོ་ལེགས་པོ་ཡོད་པས་རྒྱལ་པོ་ལ་བཙུན་མོར་ཕུལ། དེར་པ་ཚབ་ (བོ་དྷི་རཱ་ཛའི་ཟངས་ཁང་བཟའ་གཅིག་ཀྱང་ཁབ་ཏུ་བཞེས་ནས་བཙུན་མོ་གསུམ་ལ།) བཟའ་རབས་ཆད། ཅོག་རོ་གཟའ་ལ་གསུམ། བཀྲ་ཤིས་མགོན། དཔལ་གྱི་མགོན། ལྡེ་གཙུག་མགོན་གསུམ་ལས་བཀྲ་ཤིས་མགོན་མངའ་རིས་སུ་བཞུགས། དཔལ་གྱི་མགོན་ཟངས་དཀར་དུ་བཞུགས། (ཡང་ལུགས་གཅིག་ལ་ཡབ་མེས་ཀྱི་རྒྱལ་སྲིད་མ་དགོས་པར་བཞག་པ་བྱུགས་ལ་བཞག་ནས་བཀྲ་ཤིས་མགོན་ལ་པུ་རངས་བྱིན། དཔལ་གྱི་མགོན་ལ་ཞང་ཞུང་བྱིན། ལྡེ་གཙུག་མགོན་ལ་མང་ཡུལ་བྱིན། མེས་མཆེད་གསུམ་ལ་མངའ་རིས་སོ་སོར་བྱིན་པས་མངའ་རིས་སྐོར་གསུམ་ཞེས་གྲགས་སོ།།) ལྡེ་གཙུག་མགོན་མང་ཡུལ་དུ་བཞུགས། བཀྲ་ཤིས་མགོན་ལ་སྲས་མངའ་བདག་ཁོ་རེ་དང་སྲོང་ངེ་གཉིས། ཁོ་རེ་ལ་སྲས་ན་ག་རཱ་ཛ་དང་། དྷེ་ཝ་རཱ་ཛ་གཉིས་ལས་ཡབ་སྲས་གཉིས་ཀ་རབ་ཏུ་བྱུང་། ཡབ་ལ་ལྷ་བླ་མ་ཡེ་ཤེས་འོད་བྱ་བར་གྲགས། རྒྱལ་སྲིད་མངའ་བདག་སྲོང་ངེ་ལ་གཏད། སྲོང་ངེ་ལ་སྲས་མངའ་བདག་ལྷ་སྡེ། དེ་ལ་སྲས་ཕོ་བྲང་ཞི་བ་འོད། ལྷ་བཙུན་པ་བྱང་ཆུབ་འོད། མངའ་བདག་འོད་ལྡེ་གསུམ་ལས། འོད་ལྡེའི་སྲས་མངའ་བདག་རྩེ་ལྡེ། རྩེ་ལྡེའི་སྲས་བྷ་ལེ། བྷ་ལེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་བེ་དོ། དེའི་སྲས་ན་བྲའོ། །
དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་འདི་འཇམ་དཔལ་རྩ་བའི་རྒྱུད་ནས་ལུང་བསྟན་ཏེ། རྒྱལ་པོ་འོད་ཀྱི་མཐའ་ཅན་ཞེས་བྱ་བ་དང་། བློན་པོ་ནོར་གྱི་མཐའ་ཅན་བྱ་བ་དེ་གཉིས་འབྱུང་གསུང་། ཁོང་ལ་བསོད་ནམས་ལས་གྲུབ་པའི་བློན་པོ་མིག་གིས་མངོན་པར་ཤེས་པ་དང་ལྡན་པས་ས་འོག་གི་གཏེར་ཐམས་ཅད་མཐོང་བ་གཅིག་ཡོད་སྐད་དེ། རྒྱ་གར་དུ་བསྐུར་བའི་གསེར་ལིང་པ་ཆེན་པོ་དེ་ཡང་བློན་པོ་དེས་ས་འོག་ནས་བཏོན་པ་ཡིན་གསུང་། ཁོ་རྒྱལ་སྲིད་སྐྱོང་གིན་བཞུགས་པ་ལ་འཁོར་བ་ལ་སྐྱོ་བ་སྐྱེས། ཡབ་མེས་ཀྱིས་དམ་པའི་ཆོས་ཀྱི་དབུ་བརྙེས་སྲོལ་བཏོད་དར་ཞིང་རྒྱས་པར་མཛད་པའི་ཕྱག་བཞེས་རྣམས་རྒྱ་ཆེར་གཟིགས་པས། ཡབ་མེས་ཀྱི་གདུང་བསབས་པར་དགོངས་ནས་རྒྱལ་སྲིད་གཅུང་པོ་མངའ་བདག་སྲོང་ངེ་ལ་བཏད་ནས་དཀོན་མཆོག་གི་རྟེན་ཉིད་ལ་རབ་ཏུ་བྱུང་། སྲས་ཀུན་ཀྱང་ཆོས་སྒོར་བཅུག་ནས་ཆོས་ཀྱི་རྒྱལ་པོ་མཛད་དེ། དམ་པའི་ཆོས་ཐེག་པའི་རིམ་པ་མཐའ་དག་གཟིགས་པས། སྔགས་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱང་ཆོ་ག་འགལ་བར་གཟིགས། ལག་ལེན་ལ་ཡང་གསང་སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད། འདུལ་བ་ལ་བརྟེན་ནས་གསང་སྔགས་ཅ་འབྱིད་པས་ཐེ་ཚོམ་སྐྱེས་ནས། འདི་གང་རུང་གཅིག་ཡིན་ཏེ་གང་རུང་ཅིག་མིན་ནམ། འོན་ཏེ་ཚིག་ལ་འགལ་ཡང་དོན་ལ་མ་འགལ་བ་གཅིག་ཡིན་ནམ། སྙམ་ནས་མངའ་རིས་སྐོར་གསུམ་ན་བློ་འབྲིང་མན་ཅད་བོར་ཏེ། བློ་རབ་ཏུ་རྣོ་བ་དེ་ཡང་ལོ་བཅུ་ལོན་པ་རྣམས་བསགས་ཏེ། ཆོས་ཀྱི་ཚིག་དུས་འདི་ཙམ་ཚུན་ཆོད་ལ་འདི་ཙམ་ཟུངས་ཤིག་ཅེས་བྱ་བ་ལ་སོགས་པ་རྣམས་བྱས་ནས་བློ་བརྟགས་པས། བློ་རབ་འབྲིང་དགུའི་ཡང་རབ་བདུན་རྙེད་ནས། དེ་རྣམས་ཀྱི་ཕ་མ་ལ་བླུད་བཅལ་ཏེ། ཡི་གེ་བསླབས་ནས་རབ་ཏུ་བྱུང་ནས་བྱིས་པ་བདུན་པོ་དེ་ལ་གཡོག་པོ་རེ་དང་ཡང་གཡོག་རེ་རེ་བཏང་ནས་དཔོན་གཡོག་ཉི་ཤུ་རྩ་གཅིག་བྱས་ནས་ཁ་ཆེ་གྲིབ་བསྟན་དུ་ཆོས་འཚོལ་བར་བཏང་སྟེ། དེ་ཡང་ཀུན་དགའ་སྙིང་པོའི་ཆོས་ཚོལ་ལ་ཤོག་བྱ་བ་དང་། དམ་པའི་ཆོས་འདུལ་བ་མཐའ་དག་ཚོལ་ལ་ཤོག་ཅིག་བྱ་བ་དང་གསུམ་བསླབས།
གཞན་ཡང་རྒྱ་གར་ཤར་ཕྱོགས་ཀྱི་དྷརྨ་པཱ་ལ་བྱ་བ་སྤྱན་དྲོངས་ལ་གསེར་ལ་མ་རྩེག་གཅིག །ཁ་ཆེའི་བྲམ་ཟེ་རིན་ཆེན་རྡོ་རྗེ་བྱུང་ན་གསེར་ལ་མ་རྩེག་གཅིག་བྱ་བ་དང་། དེ་མ་ཡིན་པ་ཡང་བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཇི་ལྟ་བུ་འདུག་དྲིས་ལ་ཤོག་བྱ་བ་དང་། དེ་ལས་གཞན་པའི་ཡང་དྲི་བ་དང་བསླབ་བྱ་མང་དུ་བྱས་ཏེ་བཏང་བས། མི་བཅུ་དགུ་ཤི་ནས། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལུས། ཁོང་གཉིས་ཀྱིས་རྒྱ་གར་མཁས་པ་རྣམས་ཀྱི་སྤྱན་སྔར་ཕྱིན་ནས་མང་པོར་ནི་གསན། ཐེ་ཚོམ་བཅད། ཤེས་པར་ནི་བསླབས་ནས་ད་ནི་བོད་ལ་ཕན་ཐོགས་པའི་པཎྜི་ཏ་གཅིག་སྤྱན་དྲོངས་ན་དྲང་། མ་འདྲོངས་ན་དྲིས་ལ་འགྲོ་དགོས་སྙམ་ནས། རྒྱ་གར་གྱི་སྤྲང་པོ་ལ་བྱ་དགའ་ཁས་བླངས་ནས་བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཡོད་དམ་མེད་འདྲིར་བཏང་བས་མ་རྙེད་ནས། བྷྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་ཕྱིན་ནས་པཎྜི་ཏ་རྣམས་ལ་བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཡོད་དམ་མེད་དྲིས་པས། ཇོ་བོའི་མཚན་ནས་ཕྱུང་ནས་འདི་ན་རྒྱལ་རིགས་ལས་རབ་ཏུ་བྱུང་བ། ནང་པ་སངས་རྒྱས་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ། ལྔ་བརྒྱ་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པར་གྱུར་པ་གཅིག་ཡོད་དེ། དེ་ཁྱེད་ཀྱིས་སྤྱན་མི་འདྲོངས། དེ་མིན་བོད་ལ་ཕན་ཐོགས་པ་མེད་གསུང་། དེར་ཇོ་བོ་རྩད་ཆོད། བོད་དུ་སྤྱན་འདྲེན་པའི་ཞུ་བ་རྔོ་མ་ཐོག་ནས། སླར་བོད་དུ་ལོག་ནས་རྒྱ་གར་གྱི་མཁས་པ་ཐམས་ཅད་ཀྱི་མཛད་སྤྱོད་དང་བཞེད་པ་རྒྱལ་པོའི་སྙན་དུ་གསོལ། གང་ཟག་གི་སྦྱངས་པའི་ཁྱད་དང་། དབང་པོ་རབ་འབྲིང་གི་བྱེ་བྲག་དང་། བསོད་ནམས་ཆེ་ཆུང་གི་ཁྱད། སྣོད་ཀྱི་ལེན་ལ་དགོངས་ནས་ཐེག་པའི་རིམ་པ་མང་པོར་སངས་རྒྱས་ཀྱིས་གསུངས་པ་ཡིན། དོན་ལ་གང་ཡང་མེད་ཅེས་སྙན་དུ་གསོལ། བོད་ལ་ཕན་ཐོགས་པའི་པཎྜི་ཏ་རྒྱ་གར་ཤར་ནུབ་གང་ནས་ཀྱང་མ་རྙེད། བྷྲི་ཀ་མ་ལའི་གཙུག་ལག་ཁང་ན། རྒྱལ་པོའི་སྲས་ལས་ཐར་པར་གཤེགས་པ་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པ། དཔལ་མར་མེ་མཛད་ཡེ་ཤེས་ཞེས་བྱ་བ། དཔལ་རྡོ་རྗེ་གདན་ནས་རྒྱལ་པོ་མ་ཧཱ་པཱ་ལ་བྱ་བས་སྤྱན་དྲངས་ནས་བཞུགས་པའི་པཎྜི་ཏ་ཆེན་པོ་གཅིག་འདུག །དེ་སྤྱན་འདྲོངས་ན་བོད་ལ་ཕན་ཐོགས་པར་བྷྲི་ཀ་མ་ལ་ཤི་ལའི་པཎྜི་ཏ་རྣམས་ཀྱིས་ལུང་བསྟན་ནོ། །ཞེས་རྒྱལ་པོའི་སྙན་དུ་གསོལ་བས་རྒྱལ་པོའི་ཡང་ཐེ་ཚོམ་ཆོད། ཇོ་བོ་ལ་དད་པ་ཡང་སྐྱེས་ནས་དགྱེས་པ་ཡིན་པར་གདའ་གསུང་།
དེ་ནས་ཡང་རྒྱལ་པོ་ལྷ་བླ་མའི་ཐུགས་ལ་ཇོ་བོ་དེ་ཅི་ནས་ཀྱང་གདན་འདྲེན་དགོས་དགོངས་ནས། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་བྱ་བ་རྩང་སྟག་ཚལ་བ་གཅིག་ཡོད་པ་དེ་ལ། གསེར་ཐིག་པ་ཤིང་སྲང་བཅུ་དྲུག་ཡོད་པའི་ལིང་གཅིག་ཡོད་པས་སྣ་དྲངས་པའི་གསེར་སིལ་མ་མང་དུ་བསྐུར་ནས་འཁོར་ཡང་བརྒྱ་ཙམ་དང་བསྡེབས་ནས་རྒྱ་གར་དུ་ཇོ་བོ་སྤྱན་འདྲེན་དུ་བཏང་བས། ལོ་ཙཱ་བས་ཀྱང་སྐུ་གཉེར་བ་བཞེས་ནས་བྷྲི་ཀ་མ་ལ་ཤི་ལར་བྱོན་ནས་གསེར་ལིང་པ་དེ་ཇོ་བོ་ལ་ཕུལ་ནས་བོད་དུ་བྱོན་པའི་ཞུ་འབུལ་བྱས་པས། བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན་ཏེ། ཡང་ན་འདོད་པ་རིན་པོ་ཆེ་གསེར་ལ་དམིགས་ནས་འགྲོ་བ་ཡིན་ཏེ། དེ་ཡང་ང་ལ་གསེར་གྱི་དགོས་པ་མེད། ཡང་ན་བྱང་ཆུབ་ཀྱི་སེམས་རང་བས་གཞན་གཅེས་ཀྱིས་འགྲོ་བ་ཡིན་ཏེ། དེ་ཡང་ང་ལ་མེད་པས་མི་འགྲོ་གསུངས་ནས་གསེར་ཚུལ་ལ་གཏད་ནས་མ་གནང་། ལོ་ཙཱ་བས་ཆོས་གོས་ཀྱི་གཤམ་ལ་འཇུས་ནས་བཤུམས་པས་ཀྱང་མ་གནང་། དེའི་རེས་ལ་ལོ་ཙཱ་བའི་འཁོར་ཡང་ཕལ་ཆེར་ཚད་པས་གུམ། གསེར་སིལ་མ་ཐམས་ཅད་ཀྱང་དེའི་དུས་སུ་བརླགས་པས་ཇོ་བོའི་ཞལ་ནས་ཁྱེད་བོད་རྣམས་སྙིང་རྗེ་གསུང་།
དེ་ནས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་ཚུར་ལ་ལོག་ནས་གསེར་ལིང་པ་རྒྱལ་པོ་ལ་གཏད་ནས་ཇོ་བོ་སྤྱན་འདྲེན་པའི་གཉེར་མ་ཞུམས་པའི་ལོ་རྒྱུས་རྒྱལ་པོའི་སྙན་དུ་གསོལ་བས། རྒྱལ་པོའི་ཞལ་ནས། ལོ་ཙཱ་བས་དཀའ་བ་དང་བསྡོས་ལུས་སྲོག་ཐེད་ལ་བཏང་ནས་བྱོན་ཐུགས་ལ་བཏགས། ཇོ་བོ་སྤྱན་མ་འདྲོངས་པ་དབང་མེད། ད་ཇོ་བོའི་འོག་ན་ཆེ་བའི་པཎྜི་ཏ་གཅིག་སྤྱན་འདྲེན་དགོས་གསུང་། དེའི་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་ལ་དགེ་བཤེས་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་མངོན་པ་མཉན་པའི་ཞུ་འབུལ་བྱས་པས། རྒྱའི་ཞལ་ནས། ང་སླར་རྒྱ་གར་དུ་ལོག་ནས་ཇོ་བོ་ལ་གདམས་པ་ཞུར་འགྲོ་བས་ལོང་མི་ཡོང་གསུང་།
འོ་ན་རྒྱ་གར་རང་དུ་མཆི་བར་ཞུ་བྱས་པས། ཁྱེད་རང་སྙིང་ཁམས་ཀྱིས་ཕེར་ན་འདེང་གསུངས་ནས། ཡང་དཔོན་གཡོག་ལྔ་དྲུག་ཙམ་གྱིས་རྒྱ་གར་དུ་བྱོན་ནོ། །དེའི་དུས་སུ་ཇོ་བོ་ལྷ་བླ་མ་དེ་ཡང་པཎྜི་ཏ་སྤྱན་འདྲེན་པའི་གསེར་བསྒྲུབ་པར་མཐའ་ཁམས་སུ་བཞུད་པས། རྒྱ་གར་མཐའ་ཁམས་ཀྱི་མུ་སྟེགས་ཀྱི་རྒྱལ་པོ་གཅིག་གིས་བཙོན་དུ་བཟུང་ནས། ཁྱོད་ནང་པ་སངས་རྒྱས་པའི་རཱ་ཛ་ཡིན་པས་ཁྱེད་རང་གི་རྒྱལ་ཁམས་ཐམས་ཅད་མུ་སྟེགས་པའི་ལྟ་བ་ལ་འགོད་ན་བླུད་མ་མི་འདོད་པའི་སྟེང་དུ་བྱ་དགའ་ཆེན་པོ་སྟེར། དེ་ལྟར་མ་ཡིན་ན་ལུ་མ་གསེར་ཁྱེད་རང་གི་ལུས་དང་མཉམ་པ་འདོད་ཟེར་བ་ལ། སྲས་གཉིས་པོ་དང་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཁམས་གསུམ་གླིང་དགུའི་འབངས་རྣམས་ལ་གསེར་བསྡུས་པས་པས་དབུ་མ་གཏོགས་པའི་སྐུ་ལུས་དང་མཉམ་པ་རྙེད་ནས་བླུས་པས། དབུ་ཙམ་མ་བྱུང་བར་མི་གཏོང་ཟེར་བས། ཇོ་བོ་ལྷ་བླ་མས་བཙུན་པ་བྱང་ཆུབ་འོད་ལ་འཕྲིན་བསྐུར་ནས། ད་ཁྱེད་ཀྱིས་བྱ་ཐབས་དེ་ལས་མེད། གསེར་དེ་ཚོས་ང་ལ་བླུ་བར་རྒྱ་གར་ནས་ཇོ་བོ་སྤྱན་འདྲོངས་ན་རབ་ཡིན་ཏེ་མི་འདྲོངས། ཇོ་བོའི་འོག་ནས་ཆེ་བའི་པཎྜི་ཏ་གཅིག་སྤྱན་དྲོངས། མཐོ་ལྡིང་དུ་མཆོད་པ་ཆེན་པོ་གྱིས། ཡབ་མེས་ཀྱི་ལྷ་ས་བསམ་ཡས་ལ་ཞིག་གསོས་གྱིས། ཞེས་ཞལ་འཕྲིན་བསྐུར་ནས་བྱུང་བ་ལ། ལྷ་བཙུན་པའི་ཐུགས་དགོངས་ལ་ད་རུང་དུ་གསེར་རང་བཙལ་ལ་བླུ་དགོས་དགོངས་པའི་བར་དུ། ཇོ་བོ་ལྷ་བླ་མ་དེ་གཤེགས་ནས་བླུ་རྒྱུ་མེད་པར་སོང་བས། ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་ཐུགས་དགོངས་ལ། ད་ཞུ་ཞུ་ཁོང་རང་གི་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱ་བ་དང་། དགེ་བའི་རྩ་བ་རྒྱ་ཆེན་པོ་གཅིག་ཀྱང་བྱེད་དགོས་པས་དེ་གཉིས་བསྡོམས་ལ། རྒྱ་གར་ནས་པཎྜི་ཏ་ཆེན་པོ་གཅིག་སྤྱན་འདྲེན་དགོས་དགོངས་ནས། སྤྱན་འདྲེན་པའི་བང་ཆེན་འོས་བཙལ་བས་འོས་ཁ་ནས་མ་རྙེད་པ་ལ། འོན་ཀྱང་དགེ་བཤེས་གུང་ཐང་པ་དེ་རྒྱ་གར་དུ་བཞུད་པ་དེ་ཐུགས་ལ་མངའ་བས། ཞང་ཞུང་ནས་བྱོན་ནས། གུང་ཐང་ལྷ་བཙན་གདོང་བྱ་བ་དགེ་བཤེས་གུང་ཐང་པའི་གདུང་ཆོས་ཀྱི་དྲུང་དུ་བྱོན་ནས་ཁྱེད་ཀྱི་འདུལ་འཛིན་པ་དེ་རྒྱ་གར་ནས་བྱོན་ན་ང་ལ་སྐད་ཐོངས་ཤིག་བྱ་བའི་འཕྲིན་བཞག་གོ །དེའི་དུས་དགེ་བཤེས་གུང་ཐང་པས་རྒྱ་གར་དུ་བྱོན་ནས་ལོ་གཉིས་བཞུགས་ནས་ལོ་ཙཱ་བ་རྒྱ་བརྩོན་སེང་ལ་མངོན་པ་ཡང་གསན། ལོ་ཙཱ་བསླབས་པས་མཁས་པ་ཕུལ་དུ་སྐྱོལ་བ་ཤེས་ནས། རྒྱ་གར་རང་དུ་ཡང་ཆོས་བསྒྱུར་བ་ལ་བདེན་པ་གཉིས་ལ་འཇུག་པ་དང་། དེའི་འགྲེལ་པ་དང་། བླ་མ་ཉིད་ཀྱིས་མཛད་པའི་སྙིང་པོ་བསྡུས་པ་དང་། དེའི་འགྲེལ་པ་སའི་སྙིང་པོས་མཛད་པ་དང་། དབུ་མ་རིན་པོ་ཆེའི་ཕྲེང་བ་དང་། ཡོ་ག་རྩར་ཡ་དང་། དེའི་པི་དྷར་ཏ་དང་རྣམས་བྷྲི་ཀ་མ་ལར་ལོ་ཙཱ་ཆེ་ཆུང་གཉིས་ཀྱིས་བསྒྱུར། འགོ་སོ་མ་པུ་རིར་རྡོ་རྗེ་ཆོས་ཀྱི་གླུ་བསྒྱུར་ནས་དེ་རྣམས་བོད་དུ་སྤྱན་དྲངས་ནས་རྒྱགས་ལེན་དུ་བྱོན། ཡང་ཐོག་ལྷ་ཁང་ན་བཞུགས་ཡོད་པའི་དུས་སུ་མི་ཆོས་རྣམས་ཀྱིས་ལྷ་བླ་མ་ལ་ཡང་བྱོན་ནས་ཡོད་བྱས། དགེ་བཤེས་གུང་ཐང་པ་ལ་ཡང་ལྷ་བླ་མའི་ཅན་དུ་བཞུད་དགོས། ཁོང་ན་ནིང་ནས་རྩད་གཅོད་བྱས་པས། གུང་ཐང་པས་ཡར་ལ་ལྷ་བཙུན་པ་ཅན་དུ་བྱོན་ནས་དོན་ཅི་བདོག་ཞུས་པས། ལྷ་བཙུན་པའི་ཞལ་ནས། འོ་སྐོལ་བོད་འདིར་བསྟན་པའི་འཕེལ་འགྲིབ་འདི་ཤིན་ཏུ་མང་བར་བྱུང་། བྲག་རྒྱབ་པའི་རྒད་པོ་གཅིག་ཤེད། ངའི་རིང་ལ་ཡང་ཤམ་ཐབས་འཆིང་ལུགས་གསུམ་བྱུང་ཟེར། ཁྱད་པར་དུ་ཡང་ཨ་ཙ་ར་དམར་པོ་བྱ་བ་གཅིག་བྱུང་ནས་གསང་སྔགས་ཐིག་ལེའི་སྐོར་བྱ་བ་གཅིག་བསྒྱུར་ནས། རབ་བྱུང་ཐམས་ཅད་ཕབ་ནས་སེར་ཁྱིམ་བྱས། གསང་སྔགས་པ་ཐམས་ཅད་ཀྱིས་ཀྱང་གསང་སྔགས་སྒྲ་བཞིན་ཁྱེར་ནས་ཆོས་ལོག་ལ་འགོད་པ་གཅིག་བྱུང་། དེ་ཕྱི་རོལ་པ་གཅིག་རང་མ་ལགས་སམ། ཤམ་ཐབས་སྔོན་པོ་ཅན་བྱ་བ་གཅིག་ཀྱང་བྱོན་ནས་གསང་སྔགས་རྩིང་ཆོས་བྱས། སྦྱོར་བ་དང་གྲོལ་བ་བྱ་བའི་ཆོས་ལོག་སྣ་ཚོགས་བསྟན་ནས་བསྟན་པ་ལ་ཆོ་འཕྲུལ་སྣ་ཚོགས་བྱུང་བས། བསྟན་པ་འགྲིབ་ལ་ཐུག་པས་དེ་སྔར་ཡང་ཕ་ཡབ་མེས་ཀྱིས་པཎྜི་ཏ་ཆེ་ཆུང་དེ་འདྲ་བཅུ་གསུམ་ཙམ་སྤྱན་དྲངས་འདུག་སྟེ། བསྟན་པ་ལ་མ་ཕན་པར་སླར་གནོད་པ་བྱས་པ་བཞིན་དུ་སོང་། ད་བྷྲི་ཀ་མ་ལའི་གཙུག་ལག་ཁང་ན་པཎྜི་ཏ་ཇོ་བོ་དཱི་པཾ་ཀ་ར་བྱ་བ་གཅིག་བཞུགས་པས། དེ་ལ་སྤྱན་འདྲེན་ལན་གཅིག་རྫངས་པ་ལ་གཉིས་ཀ་ལ་གསེར་བརླགས་པ་དང་། ཕོ་ཉ་ཚུར་མ་ལོག་པ་ལས་མ་བྱུང་། ད་འདུལ་བ་འཛིན་པ་ཁྱོད་ལམ་རྒྱུས་ཀྱང་ཡོད། ཚད་པ་ལ་ཡང་གོམས། ལོ་ཙཱ་ཡང་ཤེས་པས་པཎྜི་ཏ་སྤྱན་འདྲེན་པའི་ཕོ་ཉ་ལ་གཏོང་དགོས་པར་འདུག །ད་ཇོ་བོ་སྤྱན་མི་འདྲོངས། དེའི་འོག་ལ་ཆེ་བ་གཅིག་སྤྱན་འདྲེན་དགོས་པས། དེ་འདུལ་བ་འཛིན་པ་ལ་ཞུ་བ་ལགས་གསུངས་པས། དེར་འདུལ་བ་འཛིན་པས་ཕར་ཇོ་བོ་ལྷ་བཙུན་པ་ལ་ཞུ་བ་ཕུལ་ཏེ། དེ་སྐད་མི་གསུང་བར་ཞུ། ཁོ་བོ་སློབ་གཉེར་གཅིག་ལ་འགྲོ་བས་དེའི་བར་དུ་ཡང་འགྲོ། པཎྜི་ཏ་སྤྱན་འདྲེན་པ་ཁོ་བོས་རྔོ་མི་ཐོགས་གཉེར་མི་ཞུམས་ལགས་སོ་ཞེས་ཞུ་བ་ཕར་ཕུལ་བས། ལྷ་བཙུན་བྱང་ཆུབ་འོད་ཀྱི་ཞལ་ནས། ངེད་རྒྱལ་པོ་བྱ་བའི་བཀའ་གཅག་ཏུ་མི་རུང་བ་ཡིན་པས། ད་རེས་ང་དགའ་བ་བྱས་ན་ཕྱིས་འདུལ་བ་འཛིན་པ་དགའ་བ་ཡང་ངས་བྱེད་དེ། རྒྱ་གར་དུ་སློབ་གཉེར་མཛད་རུང་། སློབ་གཉེར་མི་མཛད་པར་བཞུགས་རུང་ཞབས་ཏོག་བགྱིད་པས། ད་རེས་ཅི་ནས་བཞུད་དགོས་གསུངས་ནས་ཞུ་བ་ནན་ཅན་ཕུལ་བས། དེར་འདུལ་བ་འཛིན་པ་ལ་དབང་མེད་ནས་འགྲོ་བར་ཞལ་གྱིས་བཞེས་སོ། །
དེའི་དུས་ན་དགེ་བཤེས་གུང་ཐང་པ་དེ་དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པ། འདུལ་བ་མཁྱེན་པས་འདུལ་བ་འཛིན་པ་བྱ་བར་གྲགས་པ། གདུང་རུས་ནག་ཚོ། ཡུལ་གུང་ཐང་པ། (རྒྱལ་པོ་སྲོང་བཙན་སྒམ་པོས་ཚངས་པ་རླུང་གནོན་གྱི་གཙུག་ལག་ཁང་བཞེངས་པ་ལ། སྐྱི་ཤོད་ནས་ཤིང་བཟོ་མཁན་མི་བདུན་གཏོང་བས་བུད་མེད་འགྲོ་མ་ཉན་པ་ལ། རྒྱལ་པོས་དེ་ཚོའི་བུད་མེད་ལ་བྱ་དགའ་ཁས་ལེན་པ་ལ་ཁོ་རང་འདེམས་སུ་བཅུག་པས། ལྟོ་སྔོན་ལ་འདྲེན་པ། ཡོས་མི་འཐག་པ། ངོ་ཚ་མི་བསྲུང་བའི་བྱ་དགའ་འདོད་ཟེར་བས། རྒྱལ་པོས་དེ་རྣམས་ཁས་བླངས་ནས་ཕྱིན་པས་གུང་ཐང་དུ་ཆགས། བུ་ཚ་ཆུང་བས་བུ་སྲིང་བག་མར་ལེན་འཕེལ་དྲན་པས་ཁྱི་མི་བདུན་བྱ་བའི་མི་ཚན་ཆེན་པོ་ཡོད་སྐད།) མཚན་ཚུལ་ཁྲིམས་རྒྱལ་བ་ལགས། དེར་ཁོང་ལ་འཁོར་བརྒྱ་ཙམ་གཏོང་བའི་གྲབས་བྱས་པས། ལོ་ཙཱ་བའི་ཞལ་ནས། དེ་ཙམ་མང་འཁོར་ལྔ་ཙམ་གྱིས་ཆོག །ཕར་ལམ་ཚུར་ལམ་གྱི་རྒྱགས་དང་བཅས་པས་གསེར་དྲག་ཏུ་བསྐུར་བར་ཞུ་གསུང་།
དེ་ནས་པཎྜི་ཏ་ལ་ཞུ་རྟེན་དུ་གསེར་ཐིག་པ་སྲང་བཅུ་དྲུག་འདུལ་བ་འཛིན་པ་ལ་སྲང་བདུན། ཕར་ལམ་ཚུར་ལམ་གྱི་རྒྱགས་ལ་ཡང་སྲང་བདུན། སྔར་འགྲོ་མྱོང་བ་འཕྲལ་སྐད་ཤེས་པ་གཅིག་ལ་སྲང་ལྔ། ཨན་སྟོན། སྐལ་སྟོན། རྒྱ་སྟོན་གསུམ་ལ་ཡང་སྲང་ཤས་རེ་བསྐུར་ནས་ཁོང་དཔོན་གཡོག་ལྔ་རྫངས་ནས་བྱོན་པ་ལ། རྒྱ་གར་ཐང་ཁོབ་ཏུ་བྱོན་ནས་གཉུག་མའི་ཁང་པ་གཅིག་ཏུ་བྱོན་པས། ཨ་ཙ་རས་གསེར་ཡོད་པ་ཚོར་ནས་གསོད་པའི་གྲོས་བྱེད་པ་ལོ་ཙཱ་བས་ཚོར་ནས། དེའི་ནུབ་མོ་གཉུག་མའི་ཁང་པར་ཉལ་བ་བཞིན་བྱས་པ་དང་། ཨ་ཙ་རས་གཉུག་ཁང་གི་མདོ་བཀག་ནས་ནམ་ལ་གསོད་པའི་གྲབས་བྱས་པས། ལོ་ཙཱ་བ་དཔོན་གཡོག་ལྔས་གཉུག་ཁང་ལ་བུག་པ་ཕུག་ནས་ནམ་ལ་བྲོས་པས་མ་ཟིན། དེ་ནས་བལ་པོའི་རྒྱལ་ཕྲན་གཅིག་རྒྱ་གར་དུ་འགྲོ་བའི་དཔོན་གཡོག་བཅུ་ཙམ་དང་འགྲོགས་ནས་བྱོན། དེར་རྒྱ་གར་ཡུལ་དབུས་སུ་ཕྱིན་ཏེ་ཉི་མ་ (སྔོན་ལ་རྡོ་རྗེ་གདན་དུ་བྱོན། རྡོ་རྗེ་གདན་ནས་བྷྲི་ཀ་མ་ལ་ཤི་ལའི་འགན་ལྗི་ར་ཉི་ཟེར་ལ་རྩེ་རེ་མཐོང་བ་ཡིན་སྐད། རྒྱ་གར་ཐང་ཆེ་བ་ལ་མཆི་ན་དགུང་གསུམ་དགོས་པར་འདུག་གསུང་། དེ་ནས་བྷྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་འགྲོ་བ་ལ་བར་ན་ཆུ་བོ་གྷ་གྷ་ཡོད) རྒས་པ་གཅིག་གི་དུས་ན་ཆུ་བོ་གངྒཱའི་འགྲམ་གཅིག་ཏུ་བྱོན་པ་དང་། གྲུ་པས་འགྲོན་པོ་ཚན་པ་གཅིག་བཅུག་ནས་གྲུ་བསྡུས་ནས་སོང་བ་དང་། སྐད་བཏང་བས། ད་རེས་མི་ཐེག་ཕྱི་རེས་བསུ་བར་བགྱི་ཟེར་རོ། །
དེ་ནས་སྲོད་འཁོར་ཙ་ན་གྲུ་བྱུང་ནས་ཡང་སྔོན་ལ་རྒྱལ་པོ་མི་ཆེ་བར་བྱས་ནས་བསྒྲལ། ད་གྲུ་ཡེ་མི་ཡོང་སྙམ་ནས་ལོ་ཙཱ་བ་དཔོན་གཡོག་གིས་ཐུགས་ཐག་བཅད་ནས་གཟིམས་པའི་གྲབས་བྱས་ནས་ཡོད་པ་ལ་འཕྱི་རྒུ་ལ་ཆུ་ལ་སྐྱ་བ་ཅབ་ཅབ་བྱུང་། ད་མི་ཡོང་སྙམ་བྱས་པ། ངེད་ཁྲིམས་ཡོད་ཀྱི་ཡུལ་ཡིན་པས་སྐད་ཀྱིས་སླེབས་ནས་མ་བསུས་ན་ངེད་ལ་ཆད་པ་ཡོང་ཟེར་ནས་ནམ་ལ་བསྒྲལ་ལོ། །དེར་ཆུ་བོ་གངྒཱའི་འགྲམ་ན་བྲག་དེའུ་གཅིག་གི་ཁ་ན་བྷྲི་ཀ་མ་ལ་ཤི་ལ་ཡོད་པས། དེར་འཛེགས་ནས་བྱོན་པས་དེའི་ནུབ་མོ་འགྲོན་ཁང་དུ་བྱོན་ནས། ཀྭའི་འདི་ན་བོད་སུ་ཡོད་བྱ་བ་ལན་གསུམ་བོས་པས། རྒྱ་བརྩོན་སེང་སྒོ་ཁང་གི་སྟེང་བར་ཁང་བསིལ་སྔས་ཀྱི་ཐད་ཁ་ན་གཟིམས་མལ་བཅས་ནས་མར་མེ་ལ་ལྟ་རྟོག་བྱེད་ཀྱིན་བཞུགས་པས་གསན་ནས། བོད་ང་ཡོད་གར་ཡང་མ་འགྲོ་བར་དོ་ནུབ་དེ་རང་དུ་སྡོད་ཅིག་ནངས་པར་མཇལ་ལོ་གསུང་།
དེ་ནས་རྒྱ་བརྩོན་སེང་གི་ཐུགས་དགོངས་ལ་ཁར་སང་ནི་འཕྱི་མོ་ཚུན་ཆད་ལ་བོད་ཀྱི་མི་སྒུགས་པས་མ་བྱུང་། ནམ་ལ་བྱུང་བ་དེ་ཀུན་སུ་ཡིན་སྙམ་ཙ་ན། ལོ་ཙཱ་བས་ནངས་པར་སྔན་ལྡེར་བོད་སྐད་དུ་མདོ་བཏོན་པས་རྒྱ་བརྩོན་སེང་སྙིང་སངས་སངས་བྱས་ནས་ནངས་པར་སྔ་མོར་ལངས་ནས་འགྲོན་ཁང་དུ་བྱུང་བས་དཔོན་སློབ་མཇལ་ནས། ལོ་ཙཱ་བ་དཔོན་གཡོག་གིས་གསེར་བག་རེ་ཕྱག་རྟེན་བྱས་པ་དང་། རྒྱ་བརྩོན་སེང་གི་ཞལ་ནས། ད་ཁྱེད་དཔོན་གཡོག་ཚོ་པཎྜི་ཏ་འདྲ་བ་སྤྱན་འདྲེན་དུ་འོངས་སམ། སློབ་གཉེར་བྱེད་དུ་འོངས་གསུངས། དེར་ལོ་ཙཱ་བས་བོད་ཀྱི་རྒྱལ་པོས་པཎྜི་ཏ་སྤྱན་འདྲེན་དུ་བཏང་བའི་ལོ་རྒྱུས་གསུངས་པས། རྒྱའི་ཞལ་ནས། པཎྜི་ཏ་གང་སྤྱན་འདྲེན་གསུངས་པས། ལོ་ཙཱ་བའི་ཞལ་ནས། ཇོ་བོ་ཆེན་པོ་སྤྱན་མི་འདྲོངས། ཇོ་བོའི་འོག་ལ་ཆེ་བའི་པཎྜི་ཏ་གཅིག་སྤྱན་འདྲོངས་ལ་ཤོག་ཅེས་རྒྱལ་པོ་གསུངས་པས། ཇོ་བོའི་འོག་ལ་ཆེ་བའི་པཎྜི་ཏ་ཇི་ལྟ་བུ་ཡོད་ཞུས་པས། རྒྱའི་ཞལ་ནས། ཇོ་བོའི་འོག་ལ་ཆེ་བ་ཏ་ཐཱ་ག་ཏ་རཀྵི་ཏ་བྱ་བ་དང་། སུ་མ་གྷིརྟི་བྱ་བ་དང་། བཻ་རོ་ཙ་ན་རཀྵི་ཏ་བྱ་བ་དང་། བ་ལོ་ཀ་ན་ཀ་ཧྲི་བྱ་བ་ལ་སོགས་པ་པཎྜི་ཏ་སུམ་ཅུ་ཙམ་གྱི་མིང་ཤར་གྱིས་བཏོན་ནས། པཎྜི་ཏ་དེ་ཙམ་ཡོད། དེ་ཚོས་བོད་ལ་ཕན་མི་ཐོགས། ཇོ་བོ་ཆེན་པོ་འདི་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ཐུན་མོང་མ་ཡིན་པ་ཡོད་པས་ཇོ་བོ་བོད་ལ་ཕན་ཐོགས་ནས་ཡོང་བ་ཡིན་པས་ད་རུང་ཇོ་བོ་རང་སྤྱན་འདྲེན་དགོས་པ་ཡིན་པས་ཁྱེད་རྣམས་ཀྱང་པཎྜི་ཏ་སྤྱན་འདྲེན་པ་སྐད་མ་ཟེར་བར་སློབ་གཉེར་ལ་ཡོང་བ་སྐད་གྱིས། བྷྲི་ཀ་མ་ལ་ཤི་ལའི་གནས་བརྟན་རཏྣ་ཨ་ཀ་ར་གནས་ཀྱི་སློབ་དཔོན་ཞུས་གསུང་།
དེ་ནས་ཉིན་གཅིག་དབེན་པའི་དུས་གཅིག་ཏུ། ལོ་ཙཱ་བ་ལ་ཤོག་གསུངས་ནས། ཇོ་བོའི་གཟིམས་ཁང་དུ་ཁྲིད་ནས་དབུ་སྔས་ན་ཐུགས་དམ་གྱི་མཎྜལ་ཁྲུ་གང་ཡོད་པའི་དཀྱིལ་དུ་གསེར་ལིང་པ་དེ་བཞག །གསེར་སིལ་མ་རྣམས་ཀྱིས་ཚོམ་བུར་བཀོད་ནས་ཇོ་བོ་ལ་ཕུལ་ཏེ། ལོ་ཙཱ་བ་རྒྱ་བརྩོན་འགྲས་སེངྒེས་གཏམ་བཏང་སྟེ། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་ལུགས། ཆོས་རྒྱལ་མེས་དབོན་གསུམ་གྱི་དྲིན་ལ་ཆོས་ཇི་ལྟར་དར་ལུགས། གླང་དར་མས་བསྟན་པ་ཇི་ལྟར་བསྣུབས་ལུགས། བླ་ཆེན་པོའི་དྲིན་ལས་བསྟན་པ་ཇི་ལྟར་སྤེལ་ལུགས། ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་སྤྱན་འདྲེན་པའི་དཀའ་སྤྱད་བྱས་ལུགས། ད་ལྟ་བོད་ལ་ཆོས་ལོག་ཇི་ལྟར་དར་ལུགས་རྣམས་ཞིབ་རྒྱས་དང་བཅས་པ་གསུངས་ནས། ད་ཡང་བོད་ལ་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས། ཚེ་དང་ལྡན་པ་འདི་སྤྱན་འདྲེན་དུ་བཏང་གདའ་བས། ན་ནིང་སྐད་མི་གསུང་བར་བོད་ལ་ཐུགས་རྗེས་གཟིགས་པར་ཞུ་གསུངས་པས། ཇོ་བོའི་ཞལ་ནས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །ཆོས་རྒྱལ་མེས་དབོན་གསུམ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན་ཏེ། དེ་བས་བླ་ཆེན་པོ་ཡང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན། དེ་མིན་ན་བསྟན་པའི་མེ་རོ་བསླང་བར་མི་ནུས། ཇོ་བོ་ལྷ་བླ་མ་ཁུ་དབོན་དེ་ཀུན་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པར་འདུག །བྱང་ཆུབ་སེམས་དཔའི་བཀའ་བཅག་ཏུ་མི་རུང་གསུང་།
རྒྱལ་པོ་དེ་ལ་ང་ངོ་ཡང་གནོང་པར་ཡོད་ངའི་དྲིན་ལ་ཁོང་གི་མི་ནོར་མང་པོ་ཆུད་ཟོས་ལ་སོང་། ཁྱེད་བོད་རྣམས་སྙིང་ཡང་རྗེ་བར་འདུག་སྟེ། ང་ཡང་ན་སོ་རྒས། ལྡེ་མིག་མང་པོ་འཛིན་བྱ་བ་མང་པོའི་འཕྲོ་ཡང་ཡོད་པས་བོད་དུ་ཐོན་ཏེ་མི་འོང་། འོན་ཀྱང་ང་ཡིས་བརྟག་པ་བྱ་ཡིས། རེ་ཞིག་ཁྱེད་རང་གི་གསེར་ཁྱེད་རང་ཚགས་གྱིས་གསུངས་ནས་ཕྱིར་གཏད། དེ་ནས་ཇོ་བོས་དེའི་ནུབ་མོ་ནས་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་གསུམ་བཏབ་པ་ལ། བོད་དུ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་སམ་མི་ཐོགས་བྱ་བ་དང་། རྒྱལ་པོ་བྱང་ཆུབ་སེམས་དཔའི་ཐུགས་དགོངས་རྫོགས་སམ་མི་རྫོགས་བྱ་བ་དང་། རང་གི་ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་བྱ་བ་དང་གསོལ་བ་གསུམ་བཏབ་པས། དེའི་ནུབ་མོ་རྨི་ལམ་ན་བྷྲི་ཀ་མ་ལ་ཤི་ལའི་ཙ་ན་མུ་ཁྱེར་བ་བྱ་བ་མུ་སྟེགས་པའི་གྲོང་ཁྱེར་ཆེན་པོ་ཡོད། དེའི་དབུས་ན་ནང་པའི་ལྷ་ཁང་རྙིང་པ་ཆུང་ངུ་ཞིག་ཡོད་སྐད། དེར་ནངས་པར་སོང་ལ་རྣལ་འབྱོར་མ་གཅིག་ཡོང་གིས་དེ་ལ་དྲིས་དང་ཞེས་ལུང་བསྟན་ནོ། །
དེ་ནས་ནངས་པར་ཇོ་བོས་མེ་ཏོག་སྙིམ་པ་གང་བླངས་ནས་བྱོན་ཏེ་ལྷ་ཁང་དེ་ན་མཎྜལ་གཅིག་མཛད་ཀྱིན་བཞུགས་ཙ་ན། རྣལ་འབྱོར་མ་རལ་པ་ས་ལ་ཁྱེར་བ་གཅིག་བྱུང་སྐད། (དེ་ཇོ་མོ་སྒྲོལ་མའི་སྤྲུལ་པ་ཡིན་གསུང་།) དེ་ལ་མེ་ཏོག་རྣམས་ཕུལ་ནས། ང་བོད་ཀྱི་རྒྱལ་པོས་སྤྱན་འདྲེན་ན་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ཞུས་པས། བོད་དུ་བྱོན་ན་ཕན་ནི་ཐོགས་ནས་ཡོང་། ཁྱད་པར་དུ་ཨུ་པ་སི་ཀ་གཅིག་ལ་ཕན་ཐོགས་ནས་འོང་བར་འདུག་གསུང་། (དེ་ལ་བྱིན་གྱིས་རློབས་ཤིག་གསུང་། དེ་དབུས་པ་ན་རེ། སྟོན་པ་ཡིན་ནམ་ཟེར། རྩང་པ་ན་རེ། དགེ་བ་ཡིན་ཟེར་བ་ལ། ཕྱིར་རྗེས་ལྟར་ན་སྟོན་པ་ཡིན་པར་འདུག) ཚེ་ནི་བོད་དུ་བྱོན་ན་ཐུང་ཡོང་བར་འདུག་གསུང་། ཇི་ཙམ་གྱིས་ཐུང་ཞུས་པས། བོད་དུ་མ་བྱོན་ན་ལོ་དགུ་བཅུ་གོ་གཉིས་ཐུབ། བོད་དུ་བྱོན་ན་བདུན་ཅུ་རྩ་གཉིས་ལས་མི་ཐུབ་གསུང་། དོན་ལ་ལོ་ཉི་ཤུ་ཐམ་པས་ཐུང་དུ་སོང་བ་ཡིན་སྐད། ཇོ་བོའི་ཐུགས་དགོངས་ལ་བོད་ལ་ཕན་ཐོགས་སུ་ཉན་ན་ཚེ་ཐུང་ན་ཡང་ཐུང་སྟེ་ཚེ་ལ་མི་ལྟ་སྙམ་པའི་ཐུགས་དགོངས་ཆེན་པོ་སྐྱེས་ཏེ། རང་བས་གཞན་གཅེས་བྱ་བ་དེ་ལྟ་བུ་ཡིན་གསུང་། (དགེ་བཤེས་ཕྱག་སོར་བ་དེ་ལོ་རྒྱུས་དེ་ལ་གསོལ་ནས། ཇོ་བོ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་གཅིག་ཡིན་པར་ཤེས། བོ་དྷི་ཆེན་པོ་གཅིག་ཡིན་པར་ཤེས། བོ་དྷི་སཏྭ་ཆེན་པོ་གཅིག་ཡིན་པར་ཤེས། ཨ་ཙ་ར་ཕལ་ཆེར་ཡང་གསོལ་བ་འདེབས་ཀྱང་བོད་དུ་ཕྱིན་ན་གསེར་རྙེད་དམ་མི་རྙེད་ལ་འདེབས་པར་འོང་སྟེ། ཇོ་བོས་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ལ་གསོལ་བ་འདེབས། རང་གི་སྲོག་ལ་ཡང་མི་ལྟ་གསུང་།)
ཡང་ཇོ་བོའི་ཐུགས་དགོངས་ལ་ད་རུང་རྡོ་རྗེའི་གདན་ལ་མཆོད་པ་ཞིག་བྱས་ལ་གསོལ་བ་གདབ་དགོས་དགོངས་ནས་བཞུད་པར་ཆས་པ་དང་། མཁན་པོ་ཛྙཱ་ན་ཤྲཱི་མི་ཏྲས་འགྲོན་བུ་སྦར་བ་གང་བསྐུར་ནས་རྡོ་རྗེའི་གདན་པའི་ལྷ་རིས་པའི་གསེབ་ན་རྒན་མོ་རལ་པ་སེར་ཤར་རེ་བ་གཅིག་ཡོད་ཀྱིས་དེ་ལ་ཕུལ་གསུང་སྐད། དེ་ནས་ཇོ་བོ་དཔོན་གཡོག་བདུན་ལོ་ཙཱ་བ་དཔོན་གཡོག་ལྔ་སྟེ་བཅུ་གཉིས་ཀྱིས་མཆོད་པ་ལ་ཕྱིན་པའི་ལམ་ཁར། བུད་མེད་མིའི་ལུས་ལས་འདས་པ་ལྷའི་ལུས་སུ་ཅུང་མ་ཆོག་ཙམ་གཅིག་དང་མཇལ། ཇོ་བོས་དེ་ལ་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་དེ། ངས་མཐའ་འཁོབ་ཀྱི་རྒྱལ་ཁམས་སུ་ཕྱིན་ན་འགྲོ་བ་ལ་ཕན་ཐོགས་སམ་མི་ཐོགས་ཞུས་པས། ཁྱེད་ངེས་པར་ལུས་དང་སྲོག་ལ་མ་བལྟ་བར་སོང་ཞིག་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འགྱུར་རོ་གསུང་། ཇོ་བོའི་ཞལ་ནས་དེ་རྗེ་བཙུན་མ་སྒྲོལ་མ་ཡིན་ནོ་གསུང་སྐད།
དེ་ནས་རྡོ་རྗེ་གདན་དུ་བྱོན་ཙ་ན་རྒན་མོ་རལ་པ་སེར་ཤར་རེ་བ་གཅིག་ཇོ་བོ་ཛྙཱ་ན་ཤྲཱི་མི་ཏྲས་བསྐུར་བའི་འགྲོན་བུ་ཚུར་ཐོངས་གསུངས། དེ་ལ་ཡང་ཇོ་བོས་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་པས་ཀྱང་གོང་མ་དང་མཐུན་པར་བྱུང་། དེ་རང་བཞིན་གྱིས་རྣལ་འབྱོར་མ་ཡིན་གསུང་། དེར་རྡོ་རྗེའི་གདན་ལ་མཆོད་པ་བྱས་གསོལ་བ་བཏབ་ནས་ཚུར་ལོག་ནས་ཇོ་བོས་ལོ་ཙཱ་བ་གཉིས་བསགས་ནས། ཇོ་བོའི་ཞལ་ནས། བླ་མ་རྣམས་དང་ཡི་དམ་ལྷ་རྣམས་ཀྱིས་ཞལ་ནས་བོད་དུ་སོང་འགྲོ་བ་ལ་ཕན་ཐོགས་གསུང་། ཁྱེད་ཀྱང་ནན་ཆེ་བས་བོད་དུ་འདེང་གིས། ད་བྱ་བ་གསར་པའི་འཕྲོ་མི་དོད་སྔར་གྱི་རྙིང་པའི་འཕྲོ་བསྟུན། ཆོས་སྣ་མང་པོ་བཏགས་པ་དང་། གཙུག་ལག་ཁང་གི་གཉེར་གཏད་པ་ལ་སོགས་ཚར་བ་ལ་བརྩོན་འགྲུས་བསྐྱེད་ཀྱང་ཟླ་བ་བཅོ་བརྒྱད་དགོས་པར་འདུག་ན་སྡོད་ནུས་སམ་གསུངས་པ་ལ། ལོ་ཙཱ་བ་གཉིས་པོའི་ཞལ་ནས་ཟླ་བ་བཅོ་བརྒྱད་པས་ལོ་གསུམ་གསུང་ཡང་སྡོད་པར་རྔོ་ཐོགས་ལགས་གསུང་། འོ་ན་དེའི་བར་ལ་སློབ་གཉེར་རང་མཛོད་གསུངས། དེར་ལོ་ཙཱ་ནི་རྒྱ་བརྩོན་འགྲུས་སེངྒེ་འདྲ་བ་ཡོད། པཎྜི་ཏ་ཇོ་བོ་འདྲ་བ་ཡོད་པས་སློབ་གཉེར་ཤིན་ཏུ་འཕེལ་བར་བྱུང་གསུང་ངོ་།།
དུས་དེ་ཙ་ན་རྗེ་བཙུན་ནཱ་རོ་པ་ཆེན་པོ་བྷྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་བྱོན་ནས་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་བསུ་བ་མཛད་དེ། ཇོ་བོ་ཆེན་པོས་ཕྱག་གཡས་ནས་བརྟེན། ཛྙཱ་ན་ཤྲཱི་མི་ཏྲས་ཕྱག་གཡོན་པས་བསྟེན་ནས་མདོ་ལི་ལ་སྤྱན་དྲངས་སོ། །དེའི་སྐབས་སུ་རྗེ་ནཱ་རོ་པའི་ཞལ་ནས། ཇོ་བོ་དཱི་པཾ་ཀ་ར་དུས་དེང་སང་ནས་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ནི་ཁྱོད་ཡིན། ཞེས་སངས་རྒྱས་ཀྱི་བསྟན་པ་གཏད་པ་ལ། ཇོ་བོའི་ཞལ་ནས། ཁྱེད་ཉི་མ་དང་ཟླ་བ་ལྟ་བུ་བཞུགས་བཞིན་དུ་ཁོ་བོ་སྲིན་བུ་མེ་ཁྱེར་ལྟ་བུས་འཇིག་རྟེན་སྣང་བར་ག་ལ་ནུས་ཞེས་ཞུས་པ་ལ། ནཱ་རོ་པའི་ཞལ་ནས། ང་ནི་ཡུན་རིང་པོ་མི་སྡོད་པ་ཡིན་པས་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ནི་ཁྱོད་ཡིན་ནོ་གསུངས། དེ་ནས་དེར་ཞག་ཉི་ཤུ་ཙམ་བཞུགས་པ་ཇོ་བོ་དང་གཉིས་གཅིག་ལ་གཅིག་ཆོས་ནི་མི་ཞུ་བར་འདུག་ཅེས་ལོ་ཙཱ་བ་གསུང་། དེ་ནས་དཔལ་ནཱ་རོ་པ་ལྷོ་ཕྱོགས་སུ་གཤེགས་ཏེ་ཞག་ཉི་ཤུ་ཙམ་ན་གྲོངས་ནས་གདུང་གཅིག་ཇོ་བོས་སྤྱན་དྲངས་ཏེ་ད་ལྟ་སྙེ་ཐང་གི་མཆོད་སྡོང་ནང་ན་བཞུགས་ཡོད་གསུང་། ཡང་དགེ་བཤེས་ལོ་ཙཱ་བས་གཟིགས་པ་ལ་ལྷོ་ཕྱོགས་མཐར་སྐྱེས་ཀྱི་གྲོང་ཁྱེར་བྱ་བ་ན་མུ་སྟེགས་པ་རླུང་སེམས་ལ་དབང་ཐོབ་པ། ལོ་སུམ་བརྒྱ་ལོན་ཟེར་བ་དང་། བཞི་བརྒྱ་ལོན་ཟེར་བ་དང་། ལྔ་བརྒྱ་ལོན་ཟེར་བའི་རྒད་པོ་མགོ་སེ་ཡོ་རེ་བ་འདུག་པ་ཡང་མཐོང་བས་ཇི་ལྟ་བུ་ཡིན་ཇོ་བོ་ལ་ཞུས་པས། དོན་མེད་རླུང་འཛིན་པ་འཕྱི་བ་དང་གྲུམ་པས་ཀྱང་ཤེས་གསུང་།
ཡང་དགེ་བཤེས་ལོ་ཙཱ་བ་ཇོ་བོའི་ཕྱགས་ཕྱིར་གཅིག་ལ་ཕྱིན་ཙ་ན། བྲམ་ཟེ་རྒན་པོ་གཅིག་གིས་རྒྱལ་པོའི་ཕྲུ་གུ་ལོ་བཅུ་ཙམ་ལོན་པའི་རོ་གཅིག་ཁྱེར་བྱུང་ནས་ཆུ་ལ་བཀྲུས་པས་དར་གཅིག་ན་རྒྱལ་པོའི་ཕྲུ་གུའི་རོ་དེ་ལངས་ནས། བྲམ་ཟེའི་རོ་དེ་ཆུ་ལ་བསྐུར་ནས་སོང་བས། ཇོ་བོའི་ཞལ་ནས། གསང་སྔགས་འདི་ལ་ཡོན་ཏན་འདི་ལྟ་བུ་ཡོད་གསུང་། ཡང་ཇོ་བོའི་སློབ་མ་གཅིག་སྤྱོད་པ་ལ་འགྲོ་བའི་ཞུ་བ་འབུལ་གྱིན་འདུག་པ་ལ། ཡང་ཇོ་བོའི་ཞལ་ནས། སྤྱོད་པ་ལ་འགྲོ་རན་ནམ་གསུངས་པས། དེ་ན་རེ། མ་དད་པ་མ་མཛད་ཅིག་གསུངས་ནས་ཆོས་གོས་དང་ལྷུང་བཟེད་བཞག་ནས་སྤྱང་ཁུ་ཆེན་པོ་གཅིག་ཏུ་བྱས་སོང་ནས་དུར་ཁྲོད་ནས་མི་རོ་གཅིག་ཁྱེར་བྱུང་ནས་ཟོས། དེ་ནས་དགེ་སློང་དུ་ཁྲོངས་བྱུང་བས། ཇོ་བོའི་ཞལ་ནས། ཅི་བདེར་མཛོད་ཅིག་གསུང་སྐད། དགེ་བཤེས་ལོ་ཙཱ་བ་དེ་བོད་ན་བཞུགས་ཙ་ན་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་བྱ་བ་དེ་དགེ་ཚུལ་ཁྱུང་གྲགས་བྱ་བ་གཅིག་གིས་བྱས་པའི་བོད་མ་ཡིན་ཟེར་ནས་རྩིས་མི་འདུག་པ་ལ་ (དགེ་ཚུལ་ཁྱུང་གྲགས་ཀྱིས་རྒྱུད་འདིའི་རྩ་འགྲེལ་བསམ་ཡས་ཀྱི་དཀོར་མཛོད་ནས་རྙེད་ནས་གཟིགས་རྟོག་མཛད་པས། བོད་དུ་འགྱུར་བའི་ཆོས་མ་ལགས་གསུངས་ནས་བསམ་ཡས་སུ་བཤད་པས་ཁོང་རང་གིས་བྱས་པ་ཡིན་ཟེར་ཉན་མཁན་མ་བྱུང་སྐད།) བྷྲི་ཀ་མ་ལའི་པཎྜི་ཏ་རྣམས་ཉན་བཤད་བྱེད་ཀྱིན་འདུག །དེ་ལ་གདམས་པ་ངོ་མཚར་ཅན་ལག་ལེན་བདུད་རྩི་འཁོར་ལོ་བྱ་བ་ཡང་འདུག །དེ་ལོ་ཙཱ་བས་བོད་དུ་ཡང་བསྒྱུར། འདི་ལ་ལོ་ཙཱ་བ་ཤིན་ཏུ་རྩིས་ཆེ་བར་མཛད་པས་དེ་རྣམས་ཐམས་ཅད་ཡིད་ཆེས་པ་ཡིན་གསུང་།
དེ་ནས་ཇོ་བོ་བྱ་བ་དེ་རྣམས་ཚར་ནས་བོད་དུ་འབྱོན་ཁ་རུ་ (ཇོ་བོའི་བླ་མ་ཧ་ར་ནག་པོ་བྱ་བ་གཅིག་གིས་ས་དཔྱད་རིན་ཆེན་འཕྲུལ་གྱི་མེ་ལོང་བྱ་བ་གཅིག་ཇོ་བོ་ལ་བསྐུར་ནས། ཁྱོད་བོད་དུ་འགྲོ་བར་འདུག །ཁྱོད་ལ་གདན་ས་ལུང་བསྟན་པའི་གདན་ས་དེ་ཡང་དང་པོ་སྙེ་ཐང་ཡིན་ཟེར་བ་ལ། ཕྱིས་ཀྱི་བྱེད་པས་རང་རེ་ཡིན་པར་མངོན། བྱང་སྐྱོབས་པ་ལྷོ་གཞོལ་བ། ཤིང་རྩི་དང་ནགས་ཚལ་ལྡན་པ་ཞིག་ཡོང་བར་འདུག །བོད་ནས་ཚུར་ལོག་པར་ཡང་མི་འདུག །དེའི་དུས་སུ་ཁྱོད་ལ་བུ་སློབ་མང་པོ་ཡོང་བར་འདུག །དེ་རྣམས་ཀྱིས་སྡེ་དགོན་མང་པོ་བཞེངས་པར་འགྱུར། དེ་ཙ་ན་འདི་དགོས་པ་ཡིན། ཁྱོད་ཀྱི་བུ་སློབ་དེ་རྣམས་བུ་ཚ་བོ་བས་ཡང་ཚ་ལེགས་པར་འོང་། དེ་ནས་ཆོལ་གྱིས་འགྲོ་ཉེན་ཡོད་ཅེས་ལུང་བསྟན་པས་ཇོ་བོས་བོད་དུ་བྱོན་པ་ལ།) གཞན་གྱི་མིག་འབྲིད་པའི་ཕྱིར་རེས་གར་གཤེགས་རེས་གར་གཤེགས་ནས། གནས་ཆེན་པོ་བརྒྱད་ལ་ཡང་མཆོད་པ་མཛད། ད་ནི་ང་དཔལ་རྡོ་རྗེའི་གདན་དུ་མཆོད་པ་ལ་འགྲོ་གསུངས་ནས། དགེ་བཤེས་ལོ་ཙཱ་བ་ལ་ད་ནི་ང་བོད་དུ་འགྲོ་བ་ཡིན་པས་གྲབས་གྱིས། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་ཡང་སྤྱན་དྲོངས་ཤིག་གསུང་། དེ་ཙ་ན་རྒྱ་བརྩོན་སེང་དཔལ་ཤྲཱི་ལེན་ནཱ་ལེནྡྲ་ན་ཚད་པ་ར་ཧུས་ཐེབས་ནས་ཡོད་པས་མདོ་ལི་ལ་སྤྱན་དྲངས། དེར་རྡོ་རྗེའི་གདན་ལ་མཆོད་པ་བྱས་ནས་ཇོ་བོའི་ཞལ་ནས། འཁོར་རྣམས་ལ་རྒྱ་གར་མཐའ་འཁོབ་ན་ཙིན་ཏི་ལི་ཏྲ་མ་བྱ་བ་ཆོས་བློན་ཅིག་གིས་ལྷ་ཁང་གཅིག་རྩིག་པའི་ས་གནོན་བཅོལ་བས་ན་ནིང་བར་འགྲོ་མ་ཁོམ། ད་འགྲོ་བ་ཡིན་པས་ཁྱེད་རྣམས་ལོག་ཅིག་གསུངས་ནས་འཁོར་བྱོན་པོ་ལོག་ནས་གནས་བརྟན་རཏྣ་ཨ་ཀ་ར་ལ་སོགས་པ་འཁོར་དྲུག་ཅུ་ཙམ་གྱིས་བྱོན་ནས་བློན་པོ་དེའི་ས་གནོན་མཛད།
ཡང་ཇོ་བོའི་ཞལ་ནས། ང་རང་བྱུང་ལ་མཆོད་པ་བྱེད་པ་ལ་འགྲོ་བས་ཁྱེད་རྣམས་ལོག་ན་གསུངས་པས། དེར་གནས་བརྟན་རཏྣ་ཨ་ཀ་རའི་ཞལ་ནས། ད་ངས་གོ་ཨ་ཡུ་མན་ཏ་འདི་ཡང་སློབ་གཉེར་ལ་ཡོང་བར་མི་འདུག །བོད་ཀྱི་རཱ་ཛས་ངེད་ཀྱི་ཇོ་བོ་རྐུར་བཏང་འདུག །སྔར་ཡང་སྤྱན་འདྲེན་བྱུང་བ་ལ་ངེད་ཀྱིས་མ་བཏང་བ་ཡིན། ད་ཡང་ངས་ཐབས་བྱས་ན་པཎྜི་ཏ་ཡང་མི་ཐོན་ཏེ། ཇོ་བོ་ཡང་བསམ་པ་དག་པས་འབྱོན་པ་ལ་དགྱེས་པར་འདུག་པས་མ་བཏང་ན་གཞན་དོན་གྱི་བར་ཆད་དུ་འགྲོ། ཚེ་དང་ལྡན་པ་ཡང་མི་དགའ་བ་བྱས་ན་ང་རང་གི་སློབ་མ་ཡིན་པས་དམ་ཚིག་གི་སེལ་དུ་འགྲོ། བོད་ཀྱི་མི་མང་པོ་ཡང་ཤི་བས་ཁྱེད་སྙིང་རྗེ་བར་འདུག་པས་ལོ་གསུམ་ཁྱེད་ལ་གཡར་དུ་འཇུག་ (ལོ་གཅིག་གཡར་དུ་བཅུག་ཀྱང་ཟེར་ཏེ་རོང་པའི་ཞལ་ནས་དོན་ལ་འདྲ་བར་འདུག་གསུང་། ལོ་གསུམ་དང་ལོ་གཅིག་ཇི་ལྟར་འདྲ་ན་ཕར་ལམ་ཚུར་ལམ་ལ་ལོ་རེ་རེ། བོད་དུ་ལོ་གཅིག་སྟེ་ལོ་གསུམ་ཟེར། ལོ་གཅིག་ལམ་ལ་མ་གཏོགས་པའི་དབང་དུ་བྱས་གསུང་། ཞང་རོམ་ནི་ཟླ་བ་དགུ་ཟེར།) དེ་ནས་ང་རང་གི་པཎྜི་ཏ་ཚུར་སྤྱན་དྲོངས། ཚེ་དང་ལྡན་པས་ཀྱང་བལ་ཡུལ་ཚུན་མ་བསྐྱལ་ན་དམ་ཚིག་ཉམས་སོ་གསུངས། ལོ་ཙཱ་བས་ཀྱང་རྩིགས་དང་ག་ག་བྱས་སོ། །དེའི་དུས་སུ་དགེ་བཤེས་ལོ་ཙཱ་བ་གསེར་དེ་ཁྱེར་ཤོག་གསུངས་ནས་སྔར་གྱི་གསེར་ལིང་པ་དེ་ལ་ཆ་བཞིར་བགོས་ཏེ་ཆ་གཅིག་ཇོ་བོ་ཉིད་ཀྱི་བླ་མ་རྣམས་ལ་བསྔོས། ཆ་གཅིག་གནས་བརྟན་རཏྣ་ཨ་ཀ་རས་གཙོ་མཛད་པའི་བྷྲི་ཀ་མ་ལ་ཤི་ལའི་དགེ་འདུན་རྣམས་ལ་བསྔོས། ཆ་གཅིག་རྒྱལ་པོ་ལ་གཏད་ནས་ཇོ་བོ་ཉིད་ཀྱི་བླ་མཚོར་བསྔོས་ནས་གཏད་གཉེར་ཐམས་ཅད་གནས་བརྟན་ཨ་ཀ་ར་ཇོ་བོའི་ཐུགས་ཟིན་ཡིན་པས་ཁོང་ལ་མཛད་དོ། །དེ་ཚོའི་བར་ལ་ལོ་ཁྱུར་པོ་གསུམ་ངོ་ལྔ་བྱ་བ་གཅིག་སོང་། དེའི་བར་དུ་དམ་པའི་ཆོས་བསྒྱུར་བ་ནི། དཔལ་གཤིན་རྗེའི་རྒྱུད་ཆུང་ངུ་། སངས་རྒྱས་ཀྱི་ས་དང་། ཤེས་རབ་སྙིང་པོའི་འགྲེལ་པ་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྒྱལ་བས་མཛད་པ་དང་། སྨན་སྤྱད་མཚོ་བའི་སྙིང་པོ་དང་བདུད་རྩི་ཟ་མ་ཏོག་ཁ་ཆེ་བ་རྣམས་བླ་མ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེ་ནས་ཇོ་བོའི་དཔོན་གཡོག་ཉི་ཤུ་ཙམ་པ་ཞིག་བྱོན་པ་ལ་རྒྱ་གར་གྱི་ས་ཆ་ན་གཙུག་ལག་ཁང་ཆུང་ངུ་ཅིག་ཡོད་པས། ཇོ་བོ་དཔོན་གཡོག་ལ་སྣ་ལེན་བཟང་པོ་གཅིག་བྱས་ནས། ཇོ་བོ་བོད་དུ་འབྱོན་ནས་རྒྱ་གར་བསྟན་པ་ནུབ་པ་དང་འདྲ་བ་ཡིན་པས་བཤོལ་གདབ་དགོས་ཞེས་གྲོས་བྱས་པས། དཔོན་དེ་ན་རེ། ངེད་བས་བྷྲི་ཀ་མ་ལ་ཤི་ལ་བ་དྲག་སྟེ་བཤོལ་མ་ཐེབས་པར་འདུག་ན་ཉིད་ཀྱིས་བཤོལ་མི་ཐེབས་ཟེར་ནས་མ་བཏབ་བོ། །དེས་ན་ཇོ་བོ་བོད་དུ་བཞུད་པ་ལ་རྒྱ་གར་བསྟན་པ་ནུབ་པ་དང་འདྲ་བར་ལྟ་བ་ཡིན་གསུང་། དེ་ནས་ཇོ་བོ་དཔོན་གཡོག་གིས་རྒྱ་གར་མཐའ་འཁོབ་ཀྱི་ས་ཆ་ན་ཚུར་ལ་བྱོན་ཙ་ན། མུ་སྟེགས་ཀྱི་གནས་ཤིག་འདུག །དེ་ན་མུ་སྟེགས་ཀྱི་སྟོན་པ་བཅོ་ལྔ་བྱ་བ་འདུག་པས། དེ་རྣམས་ཉིན་ཧྲིལ་གྱིས་ཇོ་བོ་ལ་མུ་སྟེགས་ཀྱི་ཆོས་དྲིས་པས། ཇོ་བོ་ཕྱི་རིག་པ་བྱ་བ་མུ་སྟེགས་ཀྱི་ཆོས་ལ་ཤིན་ཏུ་མཁས་པ་ཡིན་པས་དེ་རྣམས་ལ་ཆོས་གསུངས་པས། སྟོན་པ་བཅོ་ལྔས་གདུགས་བཅོ་ལྔ་ཕུལ། ཇོ་བོ་བཀའ་འཁོར་གྱི་གསེབ་ཏུ་བསྐྱལ། ཇོ་བོའི་ཞལ་ནས། ཁོ་བོས་མུ་སྟེགས་པ་དེ་རྣམས་དགའ་བར་བགྱིས་གསུང་།
ཡང་མུ་སྟེགས་པ་དེ་རྣམས་ཀྱིས་བོད་དུ་ནང་པའི་བསྟན་པ་འཕེལ་གྱིས་དོགས་ནས་ཇོ་བོ་ལ་བཀྲོངས་མི་བཏང་བས། ཇོ་བོས་ཇག་ཆིངས་བྱས་ནས་ལྡེར་ཚོ་བཞིན་བཏང་། ཐག་རིང་རབ་ནས་ཇོ་བོའི་ཞལ་ནས། སྙིང་རྗེ་གསུངས་ནས་བྱེ་མ་ལ་སྔགས་བཏབ་ནས་བསྐུར། དེ་ཚོ་ལ་བཏབ་པས་སྡོད་འགྲོ་ཤེས་པར་བྱུང་སྐད། ཡང་རྒྱ་གར་མཐའ་འཁོབ་ན་ཚུར་ལ་བྱོན་ཙ་ན། འབྲོག་པ་ཕོ་མོ་བསྐྱས་ཆུང་བྱས་པའི་ཤུལ་གཅིག་ན་མ་མོ་ཁྲིད་པའི་ཁྱི་གུ་གསུམ་ལུས་འདུག་པ་ཇོ་བོས་གཟིགས་ནས། ཁྱིའི་བུ་ཆུང་སྙིང་རྗེ་གསུངས་ནས་ན་བཟའི་གསེབ་ཏུ་བཅུག་ནས་བྱོན། དེའི་ཁྱི་རྒྱུད་ད་ལྟ་རྭ་སྒྲེང་ན་ཡོད་གསུང་། དེ་ནས་བལ་ཡུལ་དུ་བྱོན་པ་དང་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་ནན་ཏར་སྙུང་བས་ཇོ་བོའི་ཞལ་ནས་ཁྱོད་ཀྱིས་ཅི་བྱས་གསུང་། གཞན་ཅི་ཡང་མ་བྱས་ཏེ་མུ་སྟེགས་པ་གཅིག་ལ་ངན་སྔགས་གཅིག་ཞུས་པས་དེའི་རྔན་པ་གསེར་བག་ཙམ་གཅིག་མ་ཁྱེར་བར་ཡོད་པས། དེ་གསེར་སྡུད་ཅིག་ཁྱེར་བས་མ་འདོད། གཞུ་ལས་ཁྱོག་ཟེར་བའི་མ་ཕོད་པའི་བར་དུ་དེ་དང་འགྲས། དེ་ (ནུབ་མོ་ཉལ་ཁར་ཡོད་ཙ་ན་དྲིལ་བུའི་སྐད་འདྲ་བ་གཅིག་སིལ་གྱིས་ཐོག་ཏུ་བྱུང་། བལྟས་པས་ཅི་ཡང་མ་མཐོང་། ནངས་པར་སྙིང་གི་ཐད་ཀ་ནས་ལྕགས་ཕུར་གཅིག་ཐམ་མེ་འདུག) ནས་ཁམས་མ་བདེ་བ་ཡིན་ཞུས་པས། སྤྱིར་ཡང་དེ་ལྟ་བུ་ཞུ་བ་མིན། དེ་ནས་ང་ལ་བཤད་པ་མིན་ནམ་ཐབས་ཡོད་པ་ཡིན་ཏེ་གསུངས་ནས་ཇོ་བོས་བྱིན་རླབས་བྱས་པས་ཐལ་འདུག་གསུངས། (ཇོ་བོས་མུ་སྟེགས་ཀྱི་རྦད་འདྲེ་རྣམས་ལ་དབྱུག་པ་གཟིར་བས་འདྲེ་དེ་རྣམས་ཀྱིས་སྙིང་ཁྱེར་ནས་བྲོས་པས་མ་ཟིན་པར་ཐེམ་པ་འདས་པས།) དེར་བལ་ཡུལ་དུ་བཞུགས་པའི་ནུབ་གཅིག་ལོ་ཙཱ་བ་འགུམ་པར་འདུག་པས། བལ་པོ་ཕན་ཆོད་ན་ཡུལ་ཆོས་ཀྱིས་ཁྱིམ་དུ་ཤི་ན་དེའི་ནོར་ཁྱིམ་པ་དེས་ཁྱེར་ནས་འགྲོ་བས། དེའི་ནུབ་མོ་ཐང་བྲང་བཏབ་ནས་བཞུགས་པས་ལོ་ཙཱ་བ་རྒྱ་བརྩོན་སེང་འདས་ནས་ཁོང་གི་སྤྱད་པ་ཕལ་ཆེར་ཚུར་ཐོན། དཔེ་ཆ་ཕལ་ཆེ་བ་བལ་ཡུལ་དུ་ཡོན་བདག་གཅིག་ལ་བཅོལ་བས། དེའི་གསེབ་ཏུ་རྩ་ལྟུང་རྩ་ཆེར་འགྲེལ་བྱ་བ་ཇོ་བོ་དང་རྒྱ་བརྩོན་སེང་གཉིས་ཀྱིས་བསྒྱུར་བ་གཅིག་ཡོད་པ་དེ་ཡང་དེར་ལུས་ནས་ཕྱིས་བླངས། དེ་བོད་དུ་འགྱུར་བའི་ཆོས་ལ་འགྱུར་བཟང་བ་ཡིན་སྐད། དེ་ལྟ་བུའི་ལོ་ཙཱ་བ་དེ་འདས་པས་ཇོ་བོའི་ཞལ་ནས། ང་བོད་དུ་ཕྱིན་པ་དོན་མེད། ད་ངའི་ལྕེ་ཆད་པས་བོད་ལ་ཕན་མི་ཐོགས། བོད་སྤྱི་མཐུན་ལ་རྒྱ་བརྩོན་སེང་མི་འཆི་ཙམ་གྱི་བསོད་ནམས་ཤིག་མེད་པ་གསུངས་པ་ལ། དེར་དགེ་བཤེས་ནག་ཚོ་ལོ་ཙཱ་བའི་ཞལ་ནས། བླ་མ་དེ་སྐད་མི་གསུང་བར་ཞུ། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་དང་། དགེ་བའི་བློ་གྲོས་དང་། དགེ་བཤེས་ཁུ་ལོ་ཙཱ་བ་ལ་སོགས་པ་ལོ་ཙཱ་བ་མང་བར་མཆིས། ཁོ་བོས་ཀྱང་ལོ་ཙཱ་བ་ཕྲ་མོ་ཤེས་པས་ཐུགས་ངལ་བ་མ་མཛད་ཞུས་པས། ཇོ་བོའི་ཞལ་ནས། མཁན་སློབ་དང་མཐོ་ཤོས་ཀྱི་མྱ་ངན་སངས་པ་སློབ་མ་དང་དམའ་ཤོས་ཀྱིས་བྱེད་པ་ཡིན། ངེད་རྒྱ་གར་ན་པཎྜི་ཏའི་མྱ་ངན་སངས་པ་རྣལ་འབྱོར་པས་བྱེད་ལ། རྣལ་འབྱོར་པའི་ཆོས་ཀྱི་རྒྱབ་ཐམས་ཅད་པཎྜི་ཏས་བྱེད་པ་ཡིན། འོན་ཀྱང་ལོ་ཙཱ་བ་དེ་ཀུན་བས་ཀྱང་ཁྱོད་རང་དྲག་ནས་ཡོང་། ངས་ཀྱང་ཁས་སློབ་བྱས་པས་ཆོག་གི་གསུང་། དེའི་དུས་སུ་རྒྱལ་པོ་ནེ་པ་ལ་རྫངས་པའི་འཕྲིན་ཡིག་བླ་མ་ཉིད་གཉིས་ཀྱིས་བསྒྱུར་རོ། །
དེ་ནས་བལ་ཡུལ་གྱི་འོལ་ཀ་བྱ་བར་གནས་བརྟན་འོན་པ་བྱ་བ་ཇོ་བོའི་གྲོགས་པོ་ཞིག་གིས་ཡོན་བདག་མཛད་ནས་ཟླ་བ་གཅིག་བཞུགས། དེའི་དུས་སུ་གནས་བརྟན་འོན་པས་ཞུ་བ་ཕུལ་ནས། སྔར་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཉིན་ཞག་ཕྲུགས་གཅིག་གི་བྱ་བ་མི་གཡེང་བ་གཅིག་ཞུ་བ་ཕུལ་བས། གནས་བརྟན་སྔགས་ལ་མ་མོས་ཀྱང་སྔགས་ཕར་ཕྱིན་གཉིས་ཀ་ལ་བྱང་ཆུབ་བསྒྲུབ་ཐབས་ཡོད་གསུངས་ནས་སྤྱོད་པ་བསྡུས་པའི་སྒྲོལ་མ་གསུངས་པས། བླ་མ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར། དེ་ནས་ཇོ་བོ་ཐང་བྷི་ཧ་ར་བྱ་བའི་གཙུག་ལག་ཁང་ཆེན་པོ་གཅིག་བཞེངས། སྤྱིར་བྷི་ཧ་ར་གཉིས་ཡོད་པ་ལས། ཪཱ་ཛཱ་བྷི་ཧ་ར་བྱ་བ་ཡོད་དེ། རྒྱལ་པོས་བཞེངས་པ་ཡིན་སྐད། དེའི་ནང་ན་རྔོག་རིན་ཆེན་རྒྱལ་མཚན་ཞེས་བྱ་བ་དང་། ཁོང་རང་གི་ལྟེ་བ་གུང་ཐང་དུ་བཅད་པ། ཕ་ཡུལ་དབུས་པ་ཡིན་པ། ལོ་ཙཱ་ཆང་ཆུང་ཤེས་པ་གཅིག་གིས་རྡོ་རྗེ་འབྱུང་བ་དང་། གཙུག་ཏོར་དགུ་པ་དང་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་དང་། བསྟོད་འགྲེལ་དང་བཞི་རྙེད་ནས་ཇོ་བོ་ལ་གསང་འདུས་ཀྱི་ཆོས་སྐོར་ཞུ་བའི་རྟེན་དུ་ཕུལ་ལོ། །
དེ་རྣམས་ཇོ་བོ་དང་ལོ་ཙཱ་བ་ལ་གཉིས་ཀྱིས་བསྒྱུར་བ་ལས་བསྟོད་འགྲེལ་ལ་ཇོ་བོས་རང་འགྱུར་བྱས་པས་འགྱུར་ངན་གཅིག་ཡོད། (དེ་ཕྱིས་ལྷ་བྱང་ཆུབ་འོད་ཀྱིས་ནུབ་མོ་ལྟ་བ་ཡིན་ཟེར་ནས་རྐུ་ཐབས་སུ་བྲིས་པ་གཅིག་མང་ཡུལ་དུ་སྤྱུགས་ནས་བོད་དུ་མ་སྟོངས་སོ། །དེ་གནས་ཕྱིས་པཎྜི་ཏ་ཤྲི་ཤན་ཏི་ཀ་མ་ལ་གུཔྟ་དང་མང་ཡུལ་སུམ་དམར་སྤྱན་དྲངས་གཞི་ནས་བསྒྱུར་ཅིང་བཅོས་གཏན་ལ་ཕབ་བོ། །ཕྱིས་ཐ་མ་ལ་རྒྱ་གར་ཤར་ཕྱོགས་སུ་དྷརྨ་པ་ལ་བལ་ཡུལ་དུ་མི་རྣམས་ལ་ཕན་སེམས་ཀྱིས་བྱོན་པ་ལ་ཚད་པས་ཐེབས་ནས་བོད་ཀྱི་གངས་ཆུ་འཐུང་དུ་བྱོན་པའི་དུས་སུ་ཡང་བཅོས་ཤིང་གཏནལ་ཕབ་བོ། །རྡོ་རྗེ་འབྱུང་བ་དཔེ་ག་མི་མཐུན་པ་གཉིས་ཡོད་པ་ལ། ཁ་ཆེའི་དཔེ་དང་། རྔོག་གིས་བལ་ཡུལ་ནས་ཡོང་བའི་དཔེ་གཉིས་ཡོད་དེ། དེ་ནི་བརྒྱུད་པའི་ལོ་རྒྱུས་སོ། །ཇོ་བོའི་ཡོ་གའི་འཁོར་འདུས་པ་དང་པོ་ལོ་ཆུང་ལེགས་ཤེས་ཡིན་གསུང་།) དེའི་བར་ལ་བལ་ཡུལ་དུ་ལོ་གཅིག་སོང་། དེ་ནས་མང་ཡུལ་གུང་ཐང་དུ་བྱོན། བཟོ་གནས་ཆེན་པོར་ཕྱགས་ཕབ་ནས། དགེ་བཤེ་ལོ་ཙཱ་བས་ཡོན་ (དེའི་དུས་སུ་ཇོ་བོའི་ཞལ་ནས། ཁྱེད་བོད་ལ་ཆུ་གཏོར་གྱི་ལུགས་ཡོད་དམ་མེད་གསུང་། འཇམ་དཔལ་མ་ལ་སོགས་ཕྱིས་ཞུས་པས་དེ་ཀྲི་ཡའི་སྔགས་དྲུག་ཕྱག་རྒྱ་དྲུག་བྱེད་པ་དེ་ཡིན་ཏེ། གཙང་སྦྲ་དང་ལྡན་པས་བྱེད་དགོས་པ་ལ་བོད་ལ་དེ་མེད། དེ་བས་སླ་རབ་ཅིག་ཡོད་གསུངས་ནས། གུང་ཐང་གི་རྒྱབ་ན་གྲ་མ་གདོང་བྱ་བར་ཆབ་གཏོར་འཇམ་ཆུང་མ་མཛད་དོ། །དེ་ལ་དཱི་པཾ་མ་ཟེར།) བདག་མཛད་ནས་ལོ་གཅིག་བཞུགས། དེ་ནས་སྤུ་རངས་ན་ཕར་ལ་བྱོན་ཏེ། མཚོ་མ་ཕམ་གྱི་རྩར་དྲོ་བཏབ་པ་ལ་ཇོ་བོ་ཆུ་སྦྱིན་མཛད་པ་ལ་དགེ་བཤེས་གུང་ཐང་པས་ཀྱང་ཞུས་པས། ཁ་སར་པ་ཎིའི་ཆུ་སྦྱིན་གནང་ངོ་། །དེ་ནས་མཐོན་འཐིང་གི་གཙུག་ལག་ཁང་ཆེན་པོར་ཕྱགས་ཕབ་སྟེ། དེའི་དུས་སུ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཇོ་བོ་ལ་བསུ་བ་ཆེན་པོ་བྱས་ཏེ། རག་དུང་འདི་ཡང་ལྷ་བཙུན་པའི་ཐུགས་ཀྱིས་དྲན་ནས་ལོ་པཎ་སྤྱན་འདྲེན་དུང་དུ་གྲགས་སོ།།
དེའི་དུས་སུ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཇོ་བོ་ལ་སྙུན་མེད་འདི་སྐད་བྱ་སྟེ། ཨེ་མ་ཧོ། རྗེ་བཙུན་བླ་མ་ཆེན་པོའི་ཞལ་སྔ་ནས། ལྷོ་བལ་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན། །ཤུལ་ཐག་རིང་པས་ཤིན་ཏུ་སྐུ་ཉོན་མོངས། །འདུ་བ་རྣམ་བཞིས་སྐུ་སྙུན་མི་མངའ་འམ། །སྐུ་ཉམས་བདེའམ་དགྱེས་པར་བཞུགས་ལགས་སམ། །སྐུ་གསུང་ཐུགས་ལ་གནོད་པ་མི་མངའ་འམ། །ཞེས་བྱས་ནས། ཡང་བོད་ཐམས་ཅད་ཀྱིས་བཟོད་གསོལ་ཇོ་བོ་ལ་བྱས་པ། བདག་ཅག་བོད་ཀྱི་སྐྱེ་བོ་ཕལ་ཆེར་ནི། །བླ་མ་དང་བྲལ་རང་དགར་སྨྲ་བ་སྟེ། །ཀླ་ཀློའི་སྤྱོད་པ་མ་རུངས་རྩིང་བ་རྣམས། །ཨ་ཏི་ཤ་ཡིས་བཟོད་པ་མཛད་དུ་གསོལ། །
དེ་ནས་དགེ་བཤེས་ལོ་ཙཱ་བ་ལ་བཟོད་པ་གསོལ་བ། སློབ་དཔོན་ཚུལ་ཁྲིམས་རྒྱལ་བའི་སྤྱན་སྔ་ནས། །རེ་བ་ཆེ་བས་བདག་གིས་ཐུགས་དམ་ཞུས། །ཐུགས་ལ་བཏགས་ནས་ལྷོ་བལ་ཡུལ་དུ་བྱོན། །དཀའ་བ་མང་པོ་སྤྱད་པ་བཟོད་པར་མཛོད། །དེ་ནས་རང་གིས་དཀའ་བ་བྱས་ནས་སྤྱན་དྲངས་པའི་བླ་མ་འདིས་བོད་ལ་ཕན་ཐོགས་པར་སྨོན་ལམ་བཏབ་པ། ཨེ་མ་ཧོ། དགེ་སློང་བྱང་ཆུབ་འོད་བདག་གིས། །རྟག་ཏུ་བསམས་པའི་བླ་མ་སྤྱན་འདྲོངས་པས། །བོད་ཀྱི་ཡུལ་དུ་སྐྱེས་བུ་དམ་པ་འདིའི། །གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག །ཅེས་སྨོན་ལམ་བཏབ་ནས། བོད་ཀྱི་རྒྱལ་ཁམས་སུ་ཆོས་ཟབ་ཟབ་པོ་དང་མཚར་མཚར་པོ་བས་ཀྱང་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ། ཞེས་གསུངས་པས། དེ་ལ་ཇོ་བོ་ནན་ཏར་མཉེས་ནས་ཇོ་བོའི་ཞལ་ནས། ཆོས་ནན་ཏར་ཟབ་པ་ལས་རྒྱུ་འབྲས་ཡིན། ཡི་དམ་གྱི་ལྷ་ཞལ་མཐོང་བ་བས་ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པ་ཐོབ་ན་དེ་ཉིད་མཆོག་ཏུ་གྱུར་པ་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་ཡི་དམ་གྱི་ལྷ་ཞལ་མཐོང་ནས། ད་ནི་འདི་ཙམ་ལ་ལྟོས་ཏེ་མི་ཡོང་གི་སྙམ་ནས་དགེ་འདུན་གྱི་ཡོ་བྱད་ལ་ཐུབ་ཐུབ་བྱས་ཏེ་སྤྱད་པས། ཡི་དྭགས་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་གཅིག་ཏུ་སྐྱེས་པ་དང་། བྷྲི་ཀ་མ་ལ་ཤི་ལའི་ལག་བདེ་བས་དགེ་འདུན་གྱི་བསྙེན་བཀུར་ནངས་པར་དུ་བསྒྱུར་བས་དེའི་ནུབ་མོ་ཡི་དྭགས་སུ་སྐྱེས་པ་དང་། ཡང་དགེ་འདུན་གྱི་གནས་བརྟན་ཞིག་གིས་དགེ་འདུན་ལ་དབང་ཆེ་བྱས་ནས་འབྲས་བྲེ་ཕྱེད་ཐུབ་ཐུབ་སྤྱད་པས་ཡི་དྭགས་དབང་ཆུང་བར་སྐྱེས་པ་ལ་སོགས་པའི་གཏམ་རྒྱུད་མང་དུ་གསུངས་ནས། བོད་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞལ་གྱིས་བཞེས་སོ།།
དེ་གོང་ཕན་ཆོད་དུ་ཇོ་བོ་སྙིང་རྗེ་ཆེ་བས་བྱང་ཆུབ་སེམས་དཔའ་ཆོས་པ་བྱ་བར་གྲགས་པ་ལ། དེ་ནས་ལས་རྒྱུ་འབྲས་ལ་བྱ་བར་གྲགས་པས་མིང་དེ་ཙམ་གྱིས་བསྟན་པ་ལ་ནན་ཏར་ཕན་ཆེ་བར་བྱུང་སྐད། དེ་ནས་ལྷ་བཙུན་པས་དགོས་ཀྱིས་བླ་མཚོ་མ་སྣང་བྱ་བར་ཇོ་བོ་དཔོན་གཡོག་བཞུགས་སུ་བཅུག་ནས་ཞབས་ཏོག་མཛད་ཀྱིན་བཞུགས་ཙ་ན། བོད་དབུས་གཙང་གི་མཁས་པ་མང་པོས་ཀྱང་དེར་སྙེགས་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལས་བརྩམས་ཏེ། ཇོ་བོ་ལ་ལྟ་བ་གང་བཞེད་དྲིས་པས། ཁྱེད་རང་གང་འདོད་གསུང་། དེ་ལ་གཏམ་རྙིང་གི་བཞིན་དབུ་མ་སེམས་ཙམ་སོགས་གང་འདོད་པ་ལ་ཡང་དེ་འདོད་གསུང་། དེ་ལ་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་འདི་བདོག་སྟེ། ཤིན་ཏུ་ལེགས་པ་ལགས་ཞེས་ཐམས་ཅད་ལ་གསུང་། མངའ་རིས་པ་བློ་གྲོས་གསལ་བ་ཞེས་བྱ་བ་མངའ་རིས་སྐོར་གསུམ་ན་བློ་རྣོ་བ་གཅིག་གིས། ཇོ་བོ་ཉིད་ཀྱི་བཞེད་པ་མི་གསུང་བར་ཀུན་ལ་མཐུན་པར་འགྱུར་གནང་བ་ཇི་ལྟར་ལགས་ཞུས་པས། ང་ཡང་བུད་དྷའི་རྗེས་སུ་སློབ་པའི་དགེ་སློང་ལགས་པས་གདུལ་བྱའི་བསམ་པ་དང་མཐུན་པར་ལན་བཏབ་པ་ཡིན་གསུང་།
ཡང་སྨེ་བཙུན་ཡོན་ཏན་ཤེས་རབ་བྱ་བ་གཅིག་གིས་ཇོ་བོ་ཉིད་ཀྱི་བཞེད་པ་ཇི་ལྟར་ལགས་ཞུས་པས། ང་ལ་འདོད་པ་མེད་གསུངས་པ་ལ། དོན་དམ་དུ་བཞེད་པ་མི་མངའ་ཡང་། ཀུན་རྫོབ་ཏུ་ཇི་ལྟར་བཞེད་པ་ལགས་པ་གཅིག་གསུང་བར་ཞུ་ཕུལ་བས། ཇོ་བོའི་ཞལ་ནས། རབ་རིབ་ཅན་གྱིས་སྐྲ་ཤད་ཇི་ལྟར་མཐོང་བ་ལྟར་འདི་དག་ཐམས་ཅད་དེ་ལྟར་གནས་ཡིན་གསུངས་པ་ལ། དེ་ཉིད་ཀྱང་ཇི་ལྟར་ལགས་ཞུ་བ་ནི་མེད། ཀུན་དང་མི་མཐུན་པའི་ལྟ་བ་གཅིག་ཡོད་པར་འདུག་སྙམ་ཡང་ཇོ་བོ་ལ་སྣང་བ་སེལ་བ་ལགས་སམ་མི་སེལ་བ་ལགས་ཞུས་པས། འབྲས་ཅན་ལ་རབ་རིབ་དག་པ་ལྟ་བུ་གཅིག་ཡིན་གྱི། ཁྱེད་རང་སྤྱོད་དང་གསུང་། ཡང་ཇོ་བོ་ལ་རིགས་པའི་ཤེས་པ་ལ་ཆོས་ཅན་སྣང་ངམ་མི་སྣང་ཞུས་པས། རིགས་པའི་ཤེས་པ་ལ་ཆོས་ཅན་མི་སྣང་སྟེ་མེད་ནས་མི་སྣང་བ་དང་ཡུལ་མ་ཡིན་ནས་མི་སྣང་བ་གཉིས་ཡིན་པ་ལས། སྐབས་འདིར་རིགས་ངོ་ནས་ཆོས་ཅན་མེད་ནས་མི་སྣང་བ་ཡིན་ནོ་གསུང་། ཇོ་བོའི་ཞལ་ནས། ཁྱེད་སྣང་བར་འདོད་དམ་མི་སྣང་བར་འདོད་གསུང་། སྣང་བར་འདོད་ཞུས་པས། བོད་ཆོས་ཅན་སྣང་བར་འདོད་པས་བཟོད་པ་མཛོད་ཅིག་གསུང་། སངས་རྒྱས་པའི་ས་ན་ཡེ་ཤེས་ཀྱི་རྒྱུན་མངའ་འམ་མི་མངའ་ཞུས་པས། སངས་རྒྱས་མ་མྱོང་ཆ་མེད་གསུང་། དེ་ནས་ཇོ་བོའི་ཞལ་ནས་སྒྱུ་མ་མཁན་པོས་བློན་པོ་བསླུས་པ་ལྟ་བུ་གཅིག་ཡིན་གྱིས་ཁྱེད་རང་སྤྱོད་གསུངས་པས། ཡེ་ཤེས་ཀྱི་རྒྱུན་མི་མངའ་བར་བཞེད་པར་བརྟགས་ནས་ཐམས་ཅད་རྒྱལ་འབོག་པ་བཞིན་དུ་གྱུར་པ་ལ། ཇོ་བོའི་ཞལ་ནས། ཁྱེད་བོད་ལ་ངའི་དབུ་མའི་ལྟ་བ་ལས་སེམས་ཙམ་བལྟས་ཀྱང་མི་བཟོད་གསུང་། ཡང་ཇོ་བོའི་ཞལ་ནས། ཁྱེད་དབུ་མ་བ་ལ་སྒྱུ་མ་ཇི་ལྟར་དཔེར་ལེན་ཞེས་ཚུར་སྨྲ་བ་ལ། བོད་སྟོན་རྣམས་ཀྱིས་རྡེའུ་ཤིང་བུ་ལ་དམིགས་སྔགས་བཏབ་པས་རྟ་གླང་དུ་སྣང་བ་དེ་ལྟ་བུ་ལགས་ཞུས་པས། ཇོ་བོ་ཞལ་འཛུམ་ནག་ཏིང་གིས་མཛད་ནས། བོད་ངན་པར་ཐལ། དེ་སེམས་ཙམ་མན་ཆད་ཀྱི་ལུགས་ལགས་གསུང་། འོ་ན་དབུ་མ་པ་ཇི་ལྟར་བཞེད་ཞུས་པས། དམིགས་སྔགས་བཏབ་པ་ཙམ་གྱིས་ནམ་མཁའ་སྟོང་པ་ལ་རྟ་གླང་ལ་སོགས་སྣ་ཚོགས་སུ་སྣང་བ་ལྟར་འདི་ལྟར་སྣང་བ་འདི་ཡང་སྣ་ཚོགས་སུ་སྣང་བ་ཙམ་ལས་འཁྲུལ་གཞི་དེ་ལྟ་བུ་ཀུན་རྫོབ་ཙམ་དུ་ཡང་མི་བཞེད་པ་ལགས་གསུང་། ཇོ་བོ་མ་བྱོན་ཙ་ན་ཐམས་ཅད་དབུ་མར་མ་སོང་བར་ནོར་ནས་སྣང་། རྒྱུས་ཆོས་རྒྱུ་ལ་དེ་ཙ་ནའི་ལྟ་བ་མཐོང་དག་ཡིན་པས་ཇོ་བོ་ལ་དྲིས་པས་ངན་པར་ཐལ་དྷརྨ་མུ་ཏྲའི་དེ་ཡང་སེམས་ཙམ་དུ་འདུག་གསུང་། དེའི་དུས་སུ་མ་སྣང་སྒོམ་ཆེན་བྱ་བ་གཅིག་གིས་རི་རབ་ཀྱི་དཔེ་བྱ་བ་དེ་ཇི་ལྟར་བཞེད་ཞུས་པས། རྒྱ་གར་དུ་རྒན་མོ་གཅིག་ལ་བུ་ཤིན་ཏུ་བྱམས་པ་གཅིག་ཡོད་པས་ཁོང་ཚོང་ལ་འགྲོ་བའི་ཤུལ་དུ་མ་འོ་བརྒྱལ་གྱིས་དོགས་ནས་ཁོང་རང་གི་ཆུང་མ་ལ་ང་ལ་མ་བྱུང་གི་བར་དུ་ངའི་མ་འདི་ལ་བསྙེན་བཀུར་ལེགས་པ་གཅིག་གྱིས་ཤིག་ཅེས་བསླབས་ནས་སོང་། དེར་མནའ་མས་དེ་བཞིན་དུ་བྱས་པས་རྒན་མོ་ལྟོ་སྣུམ་པས་མིག་འགྲིབས་ཏེ། ཟས་ཐམས་ཅད་སྐྲ་ཤད་དུ་མཐོང་བས་རྒན་མོ་འཁྲུལ་ཏེ་ཁོང་པར་སྐྲན་ཞུགས། མནའ་མ་ལ་ཡི་མུག་པར་གྱུར་ཏེ། དེ་ནས་བུ་འཁོར་བ་དང་རྒན་མོས་ཡུས་གསོལ། བུས་ཆུང་མ་ལ་དེ་ཇི་ལྟར་ཡིན་བྱས་པས། ཆུང་མ་ན་རེ། ངས་ནི་གུས་པར་བྱས། མོ་རང་མིག་འཁྲུལ་བ་ཡིན་ཏེ། ཁྱོད་རང་གིས་ཟས་བྱིན་ཅིག་ཟེར། བུས་ཟས་ལེགས་པར་གཡོས་པ་གཅིག་བྱིན་པས་སྔ་མ་བཞིན་མཐོང་། རྒན་མོ་ན་རེ། མནའ་མ་དང་ཁྱེད་ཀྱང་དེ་ལྟར་བྱེད་དམ་ཟེར། བུ་ན་རེ། དེ་ལྟར་མ་ཡིན་ཁྱེད་རང་འཁྲུལ་བ་ཡིན་པས་ཟས་དེ་སྦོས་ཤིག་ཟེར་ནས་སྨན་པ་མཁས་པ་བཀུག་སྟེ་ཕྱིའི་སྨན་དང་། ནང་གི་སྨན་གྱིས་མིག་གསོས་པས་མིག་སོས། དེ་ནས་ཟས་ལ་སྐྲ་ཤད་མེད་པར་ཤེས་པས་ཁོང་པའི་ནད་རང་བཞིན་གྱིས་སོས་པ་གཅིག་བྱུང་། དེ་བཞིན་དུ་སྡེ་སྣོད་གསུམ་གྱི་ཆོས་ཀྱིས་ཕྱིའི་སྒྲོ་འདོགས་ཆོད། བླ་མ་དམ་པའི་གདམས་ངག་གིས་ནང་གི་སྒྲོ་འདོགས་ཆོད་པ་ཡིན་གསུངས་པས། བོད་སྟོན་ཐམས་ཅད་སྤོབས་པ་མེད་ཅིང་ངོ་མཚར་དུ་གྱུར་ནས། ཆོས་འདི་ལ་རྒྱ་གར་ཁ་སྤུ་ཅན་རང་དགོས་པར་འདུག་ཟེར་ནས་ཐམས་ཅད་ཀྱི་ཐེ་ཚོམ་ཆོད་དོ།།
དེ་ཙ་ན་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་ལོ་ཙཱ་བ་ཆེན་པོ་ཟེར་ནས་གང་བས་ཀྱང་བཟང་བར་བྱེད། ཁོང་རང་གི་ཐུགས་དགོངས་ལ་ཡང་ཇོ་བོ་ལ་ཆོས་ཞུ་རྒྱུ་མེད། ཐེག་པ་ཆེན་པོ་གསང་སྔགས་ལ་ང་མཁས། འོན་ཀྱང་ང་བོད་ཀྱི་མི་ཆེན་ཡིན། ཁོང་རྒྱ་གར་གྱི་པཎྜི་ཏ་རྩོད་མེད་ཡིན་པས་སྣ་ལེན་བཟང་བ་གཅིག་བྱ་དགོས་སྙམ་ནས། ཁོང་རང་གི་མཐོན་འཐིང་དུ་གསང་སྔགས་ཀྱི་ལྷ་ཁང་སུམ་ཐོག་པ་གཅིག་བཞེངས་ནས་དེ་ཇོ་བོ་ལ་གཟིགས་སུ་ཕུལ་ཞིང་སྣ་ལེན་བྱེད་པ་ལ་ཇོ་བོ་སྤྱན་དྲངས་པས། ཇོ་བོས་ལྷ་དེ་རྣམས་ལ་རང་རང་གི་རྒྱུད་དང་མཐུན་པའི་བསྟོད་པ་ཚིག་བཞི་པ་རེ་འཕྲལ་ལ་མཛད་ཀྱིན་དབུ་གཏུགས་པས། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྟོད་པ་དེ་རྣམས་ཟིན་ནས་རྟོགས་དཔྱོད་བཏང་བས་འདི་ནི་གསང་སྔགས་ཀྱི་བདག་པོ་ཆེན་པོ་གཅིག་འདུག་སྙམ་ནས་ཆོས་ཀྱི་དྲི་རྟོག་མང་དུ་མཛད། ཇོ་བོའི་ཞལ་ནས་ཀྱང་ལོ་ཙཱ་བས་འདི་མཁྱེན་ནམ་འདི་མཁྱེན་ནམ་མང་དུ་གསུངས་པ་ལ། དེ་ཡང་འཚལ་ལགས་དེ་ཡང་འཚལ་ལགས་ཞུས་པས་ཇོ་བོ་ཤིན་ཏུ་དགྱེས་ནས། ཕ་ལ་ཕ་ལ་ཁྱེད་འདྲ་བ་བོད་ན་ཡོད་ན་ང་ཡོང་མི་དགོས་པར་འདུག་པ་ལ་གསུངས།
དེ་ནས་དེའི་ནུབ་མོ་ཡང་ལྷ་ཁང་དེར་བཞུགས་ནས་ཆོས་ཀྱི་དྲི་རྟོག་མཛད་པ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་སྲོད་ལ་འོག་ཁང་དུ་བསྐྱེད་རྫོགས་བསྒོམས། ནམ་ཕྱེད་ལ་བར་ཁང་དུ་བསྒོམས། ཐོ་རངས་སྟེང་ཁང་དུ་བསྒོམས་པས། ཇོ་བོ་དེ་ལ་མ་མཉེས། དེ་ནས་ཡང་ནངས་པར་ཆོས་ཀྱི་དྲི་རྟོག་མང་དུ་མཛད་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་མཁྱེན་པ་ཆེ་བར་གདའ་ཡིས་ཆོས་དེ་རྣམས་གང་ཟག་གཅིག་གིས་གདན་ཐོག་གཅིག་ཏུ་རང་གི་རྒྱུད་ཐོག་ཏུ་ཧྲིལ་གྱིས་དྲིལ་ནས་ཉམས་སུ་ལེན་ན་ཇི་ལྟར་ལེན་གསུངས་པ་ལ། ལོ་ཙཱ་བས་སོ་སོ་ནས་ཇི་སྐད་བཤད་པ་བཞིན་དུ་ཉམས་སུ་ལེན་པ་ལགས་མོད་ཞུས་པས། ཇོ་བོ་ཞལ་ནག་ཏིང་གིས་སོང་ནས་ལོ་ཙཱ་བ་དེར་རུལ་འདུག །ཁོ་བོ་བོད་དུ་ཡོང་དགོས་པར་འདུག་གསུངས་ནས་མ་མཉེས་སྐད། དེ་ནས་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་ཇོ་བོ་ལ་གསེར་སྲང་བདུན་ཕུལ་ནས་ཇོ་བོ་ལ་བདེ་མཆོག་གི་རིམ་པ་གཅིག་དང་། རྗེ་བཙུན་མའི་བྱིན་རླབས་གཉིས་ཞུས། བྱིན་རླབས་ཐོབ་པ་དང་རྟོགས་པ་དང་ཉམས་མྱོང་བཟང་པོ་སྐྱེས་ནས། ཇོ་བོ་ལ་གསེར་སྲང་བརྒྱ་རྩ་བརྒྱད་ཀྱི་ཞབས་ཏོག་བྱས། དཔེ་དང་མཆོད་གནས་མ་གཏོགས་པ་ཇོ་བོ་ལ་ཕུལ་ནས། ཇོ་བོའི་བདེ་མཆོག་དང་རྗེ་བཙུན་མ་གཉིས་ཐུགས་དམ་མཛད། དེ་གོང་དུ་མཁྱེན་པ་ཆེ་ཡང་སྒྲུབ་པའི་གདམས་པ་ཡེ་མི་གདའ་སྐད། དེའི་དུས་སུ་བླ་མ་ཉིད་ཀྱིས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་བས། དེ་ནས་ཇོ་བོའི་ཞལ་ནས། ངའི་ལོ་ཙཱ་ལ་འགྲོ་དགོས་གསུངས་པས། ལོ་ཙཱ་བ་རིན་ཆེན་བཟང་པོས་དབུ་བསྟན་ནས་མགོ་དཀར་པོ་འདི་ལྟར་སོང་བས་ཁོ་བོས་སྒྲུབ་པ་གཅིག་མཛད་པར་ཞུ་ཕུལ་བས། ཇོ་བོའི་ཞལ་ནས་ཀྭ་ཡེ་རིན་ཆེན་བཟང་པོ་ཁྱོད་སྒྲུབ་པ་གཤའ་མར་བྱེད་ན་སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་བྱས་པའི་མཐུ་ནི་ཡོད། དལ་འབྱོར་གྱི་ལུས་ནི་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་ནི་འཕྲད། དེ་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་འཛོམས། སྲེད་པའི་ནད་རབ་ཏུ་ཞི་བར་བྱེད་པའི་དམ་པའི་ཆོས་ཀྱི་སྨན་ནི་རྙེད། སྲེད་པའི་མུན་པ་སེལ་བའི་ཆོས་ཀྱི་སྒྲོན་མེ་ནི་རྙེད། སྲེད་པའི་ཆུ་བོ་སྒྲོལ་བའི་ཐབས་ཤེས་རབ་ཀྱི་གྲུ་དང་གཟིངས་རྙེད་པའི་སྐབས་འདིར་སེམས་བྱ་བ་ངན་པ་རྣམས་ཀྱིས་མ་གཡེངས་པར་མཛོད་ཅིག་གསུངས། དེ་ཐུགས་ལ་བཞག་ནས་སྒྲུབ་ཁང་གི་སྒོ་ལ་ལྕགས་གཟེར་བཏབ་ནས་ཆོས་སྟོན་བུག་པ་གཅིག་ནས་ཚུར་བླངས། སྒོའི་ཡ་ཐེམ་ལ་ཡི་གེ་བྲིས་ནས་གནས་ཁང་འདིའི་ནང་དུ་ཐ་མལ་པའི་རྟོག་པ་སྐྱེས་ན། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོ་བོ་ཚལ་པ་བརྒྱར་ཁོས་བྱ་བ་བྲིས་ནས་སྒྲུབ་པ་རྩེ་གཅིག་ཏུ་བྱས་པས་དཔལ་བདེ་མཆོག་གི་ཞལ་གཟིགས་སོ། ། (དེའི་དུས་སུ་དགེ་བསྙེན་རྣམ་གཉིས་སྐད་པ་དེ་ལ། པུ་རངས་པ་རྒྱ་བརྩོན་འགྲུས་ཤེས་རབ་དང་། འཇང་དར་མ་བློ་གྲོས་སྐད་པ་གཉིས་ཀྱིས་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་ཡང་ཡང་དུ་ཞུ་བ་ཕུལ་བས། གོང་གི་ལོ་རྒྱུས་གསུངས་ནས་དེ་ཙུག་ཏུ་སྒྲུབ་ནུས་ན་ངས་བྱིན་ཅིག་གསུངས། དགེ་བསྙེན་རྣམ་གཉིས་ཀྱིས་སྒྲུབ་པར་དམ་བཅས་ནས་ཞུས་པས། དང་པོ་བྱིན་རླབས་མཛད། དེ་ནས་མཎྜལ་མཛད་ནས་བསྐྱེད་རྫོགས་ཀྱི་གདམས་པ་མ་ལུས་པ་ཞུས་སོ། །
དེ་ནས་དགེ་བསྙེན་རྣམ་གཉིས་ཀྱིས། པུ་རངས་སུ་ལོ་གཅིག་བཞུགས་ནས་མར་ལ་བྱོན་པའི་དུས་སུ། བླ་མ་ལོ་ཙཱ་བའི་ཞལ་ནས། རྣལ་འབྱོར་པ་ལ་ལུགས་གསུམ་ཡོད་པ་ལ་ཁྱོད་སྤྲང་པོ་ལྟ་བུའི་རྣལ་འབྱོར་པ་གྱིས་ལ་སྐྱེ་བ་འདི་ཡོངས་སུ་ཐོངས། འུ་ཅག་དཔོན་གཡོག་དགའ་ལྡན་དུ་མཇལ་ཕྲད་བྱ་གསུངས། དེར་དགེ་བསྙེན་རྣམ་གཉིས་པོས་འོ་ན་ངེད་གཉིས་གར་བསྡད་ཙུག་བྱ་དྲིས་པས། ཁྱེད་གཉིས་དབུས་སུ་སོང་། དབུས་ཀྱི་རྒྱལ་ཁམས་ན་དགེ་བའི་བཤེས་གཉེན་བཟང་པོ་གསུམ་བྱ་བ་ཡོད། དེ་རྣམས་ལ་ཕན་ཐོགས་ཏེ་འོང་བས། དེ་རྣམས་ལ་ཆོས་ཤོད། དེ་ནས་རྒྱ་ནག་རི་བོ་རྩེ་ལྔ་ལ་སོང་། སྒྲུབ་པ་མཐར་ཕྱིན་པ་དང་འདོད་པའི་ལྷ་དང་མཇལ་ནས་ཡོང་བར་འདུག་གིས་གསུངས། དེ་དུས་ན་རྒྱ་ལྕགས་རི་གོང་དཀར་བ་དེ་ལྷ་ས་ན་ཇོ་བོ་ལ་གསོལ་བ་འདེབས་ཀྱི་ཡོད་པའི་རྨི་ལམ་ན་བདེ་མཆོག་གི་ལྷ་ཁང་གི་ལྡེ་མིག་གཏད་པ་གཅིག་རྨིས་པས། དེ་ནས་ཞག་གཉིས་ན་དགེ་བསྙེན་རྣམ་གཉིས་པོ་ལྷ་སར་བྱོན། དེ་གཉིས་ལ་ཆོས་ཞུས་པས་དབང་བྱིན་རླབས་དང་། དཔེ་ཆ་དང་། མཆོག་གནས་ཐམས་ཅད་གནང་ནས་སྣོད་ལྡན་བྱུང་ན་སྟོན་ཅིག་གསུངས་ནས་བཞུད། དེ་ནས་ཁམས་སུ་ལྡན་མ་དབང་ཕྱུག་བྱང་ཆུབ་གཞོན་ནུ་བྱ་བའི་དགེ་བསྙེན་གཅིག་ལ་གནང་། དེ་ནས་མདོ་སྨད་སེ་ཕན་སྟོན་ཆུང་སྐད་པ་དགེ་བསྙེན་གཅིག་ལ་གནང་བ་ལགས་སྐད། དགེ་བསྙེན་རྣམ་གཉིས་པོ་དེ་རྒྱ་ནག་རི་བོ་རྩེ་ལྔ་ལ་ལོ་དགུ་བཞུགས་ནས་ཕུང་པོ་ལྷག་མེད་དུ་གཤེགས་སོ།།) དེ་ནས་དགེ་བཤེས་ལོ་ཙཱ་བས་འདིར་ལོ་གཅིག་ལས་བཞུགས་སུ་མེད་པའི་ཆད་སོ་ཡོད་པས་ཆོས་ཞུ་བ་ཀུན་དེའི་བར་ལ་ཞུས་ཤིག་ཅེས་ལྷ་བཙུན་པ་ལ་སོགས་ལ་བསྐུལ་བས། དེར་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་གསེར་གུག་སྲང་སུམ་བརྒྱ་ཕུལ་ནས་བོད་ཀྱི་ཡུལ་འདི་ན་བུད་དྷའི་བསྟན་པ་ཐེག་པ་ཆེན་པོའི་ལམ་འདི་ལ་ལོག་པར་རྟོག་པའི་གང་ཟག་བླ་མ་དགེ་བའི་བཤེས་གཉེན་གྱིས་མ་ཟིན་པ་དག་ཕན་ཚུན་རྩོད་ཅིང་རང་རང་གི་རྟོག་གེས་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་སྤྱོད་ཅིང་སོ་སོ་ནས་མི་མཐུན་པ་མང་དུ་མཆིས་པས་དེ་དག་གི་ཐེ་ཚོམ་བསལ་དུ་གསོལ་བྱས་པ་དང་། གཞན་ཡང་ཐེག་པ་ཐུན་མོང་བའི་དྲི་བ་གཉིས། ཕ་རོལ་ཏུ་ཕྱིན་པའི་དྲི་བ་གཉིས། གསང་སྔགས་ཀྱི་དྲི་བ་གསུམ་བྱ་བ་ཡང་མཛད་ནས། ཕྱི་ཐ་ལ་ཐེག་པ་ཆེན་པོ་མ་ལུས་པའི་དོན། ཚིག་ཉུང་ལ་དོན་འདུས་པ་བླ་མ་ཉིད་ཀྱིས་ཇི་ལྟར་སྐུ་ཉམས་སུ་བཞེས་པའི་བསྟན་བཅོས་ཤིག་མཛད་པར་ཞུ་བ་དང་། རྒྱུད་གསང་བ་འདུས་པ་བསྟེན་པ། མན་ངག་གི་ལྷ་བུད་དྷ་ཡེ་ཤེས་ཞབས་ཀྱི་ལ་བརྟེན་པ། དཀྱིལ་འཁོར་གྱི་གཙོ་བོ་འཇིག་རྟེན་དབང་ཕྱུག་གིས་བྱས་པའི་སྒྲུབ་ཐབས་ཤིག་ཞུ་བགྱིས་ནས་ཞུ་བ་གཅིག་པུ་དེ་ནན་གྱིས་ཕུལ་བས། ཇོ་བོའི་ཞལ་ནས། སློབ་དཔོན་འཕགས་པ་རིན་པོ་ཆེའི་ཕྲེང་བ་བོད་ན་འདུག་པ་དེ་ཁོ་ནས་ཆོག །དེ་ལས་ལོགས་པ་མི་རྙེད་བྱ་བ་ཡང་འདུག་གསུངས། དེ་ནས་ཇོ་བོས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས། ཁྱེད་བོད་ན་མཚན་གྱི་འདོགས་ལུགས་ཇི་ལྟ་བུ་ཡོད་ཅེས་བཀའ་སྨེད་པ་ལ། བོད་སྟོན་རྣམས་ཀྱིས་དོན་ལ་མཚན་དུ་གསོལ་བ་དང་། དཔེ་དང་། ཡུལ་ལ་དང་། ཞུ་བ་པོ་ལ་མཚན་དུ་གསོལ་བ་ལ་སོགས་པས་བདོག་ཞུས་པས། ཨ་ལེ་བོད་ན་རྒྱ་གར་ན་མེད་པའི་གཏམ་མང་པོ་འདུག་གསུངས་ནས་རོལ་རྙེད་མ་ཕྲོགས་པ་དང་། གནོད་སྦྱིན་ཁ་ཤ་བསད་པའི་གཏམ་རྒྱུད་ཟངས་ཀྱིས་གསུངས་ནས། ཆོས་ (ཁྱུང་པོ་གྲགས་ན་རེ། ལམ་ཁར་སྒྲོན་མེ་བཏེགས་ནས་བརྩམས་པས་ལམ་སྒྲོན་ཟེར།) ཐམས་ཅད་དོན་ལ་མཚན་གསོལ་བ་ཡིན་གསུང་། དེ་ནས་དགེ་བ་ (སྔགས་པ་གང་ཟག་ཁྱད་པར་ཅན་ཞིག་ཡོད་གསུང་།) བློ་གྲོས་དང་བླ་མ་གཉིས་ཀྱིས་མཐོ་ལྡིང་གསེར་ཁང་དུ་བསྒྱུར་རོ།།
དེ་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཁོང་རང་ཇི་ལྟར་བཞེད་པ་བཞིན་དུ་མཛད་ནས་དགེ་བཤེས་ལོ་ཙཱ་བ་དང་། བླ་མ་ཉིད་ཀྱིས་བསྒྱུར་རོ། །དེའི་དུས་སུ་ཆོས་གཞན་ཡང་མང་དུ་བསྒྱུར་ཏེ། མྱ་ངན་ལས་འདས་པའི་མདོ་བམ་པོ་གཉིས་པ་དང་། གཞོན་ནུ་གསེར་མདོག་གི་རྟོགས་པ་བརྗོད་པའི་མདོ་དང་། ཆོས་བཞི་བསྒྲུབ་པའི་མདོ། དཔའ་བོ་ཆིག་བསྒྲུབ་ཀྱི་རྒྱུད། འཆི་བ་བསླུ་བའི་མན་ངག་དང་། དགེ་སློང་མ་དཔལ་མོས་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་དགེ་བཤེས་ལོ་ཙཱ་བས་བསྒྱུར་རོ། །བླ་མ་ཉིད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཡི་གེ་བསྡུས་པ་དང་། ཡང་བླ་མ་ཉིད་ཀྱིས་མཛད་པའི་དེ་ཉིད་ཤིན་ཏུ་བསྡུས་པ་དང་། བླ་མ་ཉིད་ཀྱིས་མཛད་པའི་རང་གི་བྱ་བའི་རིམ་པ་བསྐུལ་མ་དང་བཅས་པ་བླ་མ་ཉིད་དང་ལོ་ཙཱ་བ་དགེ་བ་བློ་གྲོས་ཀྱིས་བསྒྱུར། དེ་ལ་སོགས་ཏེ་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་རབ་ཏུ་བྱུང་བ་ཐམས་ཅད་སྡོམ་པ་ལ་བཀོད། རྟེན་རབ་གནས་མེད་པ་ལ་རབ་གནས་མཛད། ཡོན་བསྔོ་བ་མེད་པ་ལ་བསྔོ་བ་མཛད། གཤིན་པོ་ལ་དགེ་བ། གསོན་པོ་ལ་རིམ་གྲོ། ནད་པ་ལ་སྨན་དཔྱད། སཙྪ། གཏོར་མ། ཀློག་འདོན། སྦྱིན་གཏོང་ལ་སོགས་པའི་སྲོལ་བཟང་བཙུགས། བུད་དྷའི་བསྟན་པ་ལ་ཕན་བཏགས། ཆོས་ཐམས་ཅད་ལག་ལེན་ལ་གདབ་ཏུ་རུང་བར་མཛད། ཇོ་བོའི་ཆོས་ལ་ད་ལྟར་ཡང་པུ་རངས་ལས་དར་བ་མེད་གསུང་།
ཇོ་བོ་ཆེན་པོ་དེས་དེར་ལོ་གཅིག་བཞུགས་ནས་དགེ་བཤེས་ལོ་ཙཱ་བས་སྤྱན་དྲངས་ཏེ་སླར་རྒྱ་གར་དུ་གཤེགས་པའི་ཐུགས་དགོངས་ཡོད་པ་ལ། དེའི་དུས་སུ་དགེ་བཤེས་སྟོན་པ་སྐད་པ་སྐུ་སྐྱེ་བ་བྱང་ཕྱོགས་སུ་བཞེས་པ་གདུང་རུས་ནི་འབྲོམ། དེའི་ནང་ནས་སྣུམ་པ། དེའི་ནང་ནས་ཡང་བཞེར། དེའི་ནང་ནས་ཡང་རྟགས་གསུམ་ལགས། ཁོང་གི་ཡབ་རྟགས་གསུམ་ཤུ་བཞིན། ཡུམ་ཁུ་རྡོ་གཟའ་ལྷན་ཅིག་བྱ་བ་ཡིན་པ་ལ། ཡུམ་དེ་སྔོན་དུ་གུམ། ཡབ་ཀྱིས་མ་ཡར་གཅིག་བླངས། དེ་དང་འགྲོགས་ནས་ཡོད་པ་ལ་ཉི་མ་གཅིག་མ་ཡར་དེས་བ་ཡར་གཅིག་བཞོས། བྱིས་པས་ཡར་མ་འཇོ་བ་ལ་བརྒྱབ་པས། ཡར་མ་འདྲོགས། འོ་མ་བོ་བས། མ་ཡར་གྱིས་བྱིས་པ་བརྡུངས་པས། དེར་བྱིས་པའི་དུས་རང་ནས་ཐུགས་སྟོབས་ཆེ་བས་ཁོང་གི་ཐུགས་དགོངས་ལ་འདི་དང་འཐབ་པས། འོལ་པའི་རྟ་ཁྲིད་རང་བྱས་ན་སྐྱིད་སྙམ་ནས་ཐོན་ནས་བྱོན། གཞུར་གཉེར་བ་གཅིག་གི་གན་དུ་ཕྱིན་དེ་ན་སློབ་གཉེར་བྱེད་ཀྱི་ཡོད་ཙ་ན། ཇོ་བོ་སེ་བཙུན་བྱང་ཆུབ་གཞོན་ནུ་བྱ་བ། གྲུམ་གྱི་མཁན་བུ་ཆེན་པོ་གཅིག་རྒྱ་གར་དུ་བཞུད་པའི་ཐུགས་དགོངས་ཀྱིས་བྱོན་པ་དང་དུས་འཛོམས། ཤིན་ཏུ་དད་པས་སེམས་དེས་ཕྲོགས་པ་བཞིན་དུ་གྱུར། དེ་ནས་སེ་བཙུན་ཡར་བཞུད། བལ་ཡུལ་དུ་བྱོན་པ་དང་། ག་སུ་བྷ་རོ་ལ་བུ་མེད་པས། སེ་བཙུན་གྱིས་ཐབས་མཛད་པས་མདོ་བྷ་ག་རོ་བྱུང་བས། དེས་ཤིན་ཏུ་དད་ནས་བོད་ཀྱི་བན་དྷེ་ལ་རྒྱ་གར་དང་ཁྱད་མེད་དུ་མཆོད་གནས་སུ་མཛད་པས། གོ་རུག་ལོ་ཙཱ་ཤེད་རྩང་ཡན་ཆོད་ཀྱི་བན་དྷེ་འདི་རྣམས་ཀྱིས་སེ་བཙུན་ལ་ཉིན་རེ་ཕྱག་གསུམ། མཚན་རེ་ཕྱག་གསུམ་བཙལ་བར་རིགས་ཟེར་སྐད། དེར་སེ་བཙུན་དང་ཕྱི་རོལ་པའི་པཎྜི་ཏ་གཅིག་རྩོད་པ་བྱས་པས། སེ་བཙུན་རྒྱལ། དེར་ཁོ་ན་རེ། ཁྱོད་ཀྱིས་ནམ་མཁའ་ལ་དཀྱིལ་འཁོར་ཆོས། ངས་གཞིག་གིས། ཁྱོད་རང་ཆོས་ཟེར་བ་ལ། སེ་བཙུན་གྱིས་ཇུ་ཡག་རྩིས་པས་ཁོའི་ཕ་མགོ་མཆོད་རྟེན་གྱི་འོག་ཏུ་སྦས་པས་མི་ཚན་ཐམས་ཅད་བརླག་པར་བྱས་པ་ཟིན་ནས། ཁྱེད་དེ་ཙམ་དུ་མཐུ་ཆེ་ན་ཕ་མགོ་མཆོད་རྟེན་འོག་ནས་དབྱུང་མོད་བྱས་པ་དང་དེར་ཁོ་ལྕེ་ནར་གྱིས་སོང་སྐད། དེར་སེ་བཙུན་གྱི་ཐུགས་དགོངས་ལ་ཆོས་རང་ང་རང་ལས་མཁས་པ་ཡོད་པ་མི་འདྲ། རྒྱ་ལ་ཨ་ཙ་རས་ངན་སྔགས་བྱས་ན་སྙམ་ནས་སླར་ལོག །གཞུར་དུ་ཡང་འཛོམས་པ་དང་། འཁྲིད་པར་ཞུས་པས། ཁྱོད་རང་སང་བོད་ཁམས་པའི་ཚོང་པ་དང་འགྲོགས་ལ་ཤོག །ད་ལྟ་ཁྲིད་ན་བྱིས་པ་བརྐུས་ནས་ཁྲིད་ཟེར་དུ་ཡོང་གསུང་།
དེ་ནས་འབྲོམ་རུ་བའི་སར་བསྡད། ཕྱི་དེ་ལོ་ལ་བྱིས་པ་ལོ་བཅུ་བདུན་ལོན་པ་གཅིག་གིས་ཚོང་དཔོན་ཆེན་པོ་གཅིག་གི་རྟ་ཁྲིད་བྱས་ནས་ཕྱིན། ཚོང་དཔོན་དེས་སྒོམ་ཆེན་མཆོད་གནས་ཤིག་ལ་ཕུལ་ནས་ཆོས་སློབ་ཏུ་བཅུག་པར་བློ་རྣོ་བ་གཅིག་བྱུང་ནས་དེས་སེ་བཙུན་དབང་ཕྱུག་གཞོན་ནུ་ལ་གཏད་དེ། ལོ་བཅུ་དགུ་བཞུགས་ནས། མངོན་པ་དང་གསང་སྔགས་རྙིང་མ་མང་པོ་གསན། ཐོག་མ་ཉིད་ནས་བླ་མ་ལ་གུས་པས་རྟག་ཏུ་ངུ་དང་རྐང་བཏང་མ་བཏང་ལས་ཁྱད་མེད། ཇོ་བོ་སེ་བཙུན་གྱིས་ཐལ་བ་འཕྱག་པ་དང་གཞིབ་སྒྲོལ་བ་ཚུན་ཆོད་མཛད། སེ་བཙུན་ལ་མིས་ཕུལ་བའི་རྟ་ཕྱུགས་མང་པོ་ཐ་ན་ཕག་པ་ཚུན་ཆད་ཡོད་པས་ཉིན་མོ་དེ་རྣམས་ཀྱི་རྫི་བོ་མཛད། ནུབ་མོ་རྟ་བཟང་ཤོས་གཅིག་ལ་ཞོན་འཁོར་གསུམ་ཚེར་མ་འདྲ་བ་གཅིག་བྱས་ནས་མེལ་ཚེ་བྱས། དེ་ནས་བགྲོ་གླེང་བྱས་པས་དགེ་བཤེས་སྟོན་པ་ཐུབ་པ་མ་བྱུང་བས་ཆོས་མཁན་དུ་གྲགས་པས་གྲྭ་པ་རྣམས་ཀྱིས་རྟ་རྫི་དང་ཡོས་འཐག་ལས་བཏོན་ནས་ལོ་བཞི་བཞུགས། ཁུ་རྔོག་འབྲོམ་གསུམ་དུ་ཡང་མ་གིར་གྲགས་པ་ཡིན་སྐད། དེའི་དུས་སུ་དགེ་བཤེས་སྟོན་པའི་ཐུགས་དགོངས་ལ། དལ་འབྱོར་མི་ལུས་རིན་ཆེན་རྙེད་པར་དཀའ། དཀའ་བའི་ནང་ནས་ཐོབ་པ་འདི་ལ་ཆོས་གཤའ་མ་གཅིག་བྱེད་དགོས། ཆོས་གཤའ་མ་གཅིག་བྱེད་པ་ལ་འདི་ཙམ་གྱིས་ཆོག་གམ་མི་ཆོག་རྒྱ་གར་མཁས་པ་གཅིག་ལ་ཐུག་དགོས་དགོངས་ནས། ཡར་ལ་བྱོན་པའི་ཐུགས་དགོངས་བྱུང་ནས་པཎྜི་ཏ་སྒྲའི་ཚེར་མ་བྱ་བ། བསོད་ནམས་མི་ཆེ་བ་ཡོན་ཏན་ཆེ་བ་གཅིག་ལ་པིན་ཏར་ལ་སོགས་པ་བསླབས། དེའི་དུས་སུ་སེ་བཙུན་གྱིས་ཞལ་ནས། བྱིས་པ་ཙ་ནའི་བོད་སྐད་དེ་ཙ་ན་ཡང་གསུངས་པས། ཨ་ཇོ་ལ་ཕ་ད་རུང་ཡོད་དམ་ཟེར་བས་ཁྱོད་ཡར་སོང་ཕ་དང་གཅིག་ད་རུང་འཕྲོད་གསུངས་ནས་དཔེ་ཆ་ཁལ་གཅིག་གནང་། ཕ་ཡོད་པ་དེ་གོང་དུ་ཡང་རྒྱུས་ཡོད་པ་ལ་བག་ཇོ་བོ་དང་སྤྲོད་པ་ཡིན་ཡིན་འདྲ་གསུང་། (ཡང་ལུགས་གཅིག་ལ་སེ་བཙུན་ནོར་ཆེ་བ་དང་གཡོན་ཆིངས་ལ་སོགས་མཛད་པས་མིས་སྡིག་གསོག་པ་རྣ་བར་ཐོབ་པས་ཕར་བྲོས་པར་བཞེད།)
དེ་ཙ་ན་དབུས་སུ་པཎྜི་ཏ་དེ་དང་བསྟུན་སྙམ་པའི་ཐུགས་དགོངས་བྱུང་ནས། པཎྜི་ཏ་ལྟ་བུ་དང་མཇལ་ན་ཡང་ཆོས་ཉན་པའི་ཞུ་བ་ཕུལ། དེ་ནས་ཡར་ལ་བྱོན་པའི་ལམ་དུ་མངའ་རིས་སུ་པཎྜི་ཏ་ཆེན་པོ་ཞིག་བྱོན་བྱ་བའི་གྲགས་པ་བྱུང་། དེས་སེམས་ཕྲོགས་པ་བཞིན་དུ་གྱུར། དེ་ནས་བྱང་ལམ་དུ་སླེབས་ཙ་ན་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་ལྷ་གཅིག་བྱ་བ་པཎྜི་ཏ་མཁས་པ་གཅིག་སྤྱན་དྲངས་ནས་ཡོད། དེ་རིང་པོ་མི་ཐོགས་པར་རྒྱ་གར་དུ་འབྱོན་པར་འདུག་བྱ་བ་གཅིག་གསན། དེ་ནས་བྱང་འཕྲང་ཁའི་སྡོག་ཆུ་ཁར་བྱོན་ཙ་ན་ཁང་པ་གཅིག་ན་ཀུ་དིང་ངེ་འདུག །འདི་ན་ཅི་ཡོད་ཅེས་དྲིས་པས་འཕྲང་ཁ་བེར་ཆུང་བྱ་བ་བེར་ཆེན་གུམ་པའི་འདད་སྟོང་སྲིད་གཅོད་བྱ་བའི་ཆང་འདྲེན་ཟེར་སྐད། དེ་ཙ་ན་སྐྱེམས་གསོལ་བ་དང་ཐག་རིང་ནས་བྱོན་སྐུ་བསྙེལ་བས་སྐྱེམས་བསུར་བྱོན་པས་འཕྲང་ཁ་བེར་ཆུང་དེ་བྲུམ་རྩེ་གཅིག་གི་ཁ་ན་བསྡད་ཆང་མོན་ཕོར་མདུན་ན་བཞག་ནས་འདུག་པ་ལ། ཁོ་ན་རེ། ཁྱོད་ཆོག་གྲྭ་ན་དགེ་བསྙེན་གཅིག་འདུག་སྟེ་ང་ཡང་འཕྲང་ཁ་བེར་ཆུང་བྱ་བ་མི་ཆེན་མོ་གཅིག་ཡིན། ཁྱོད་ཀྱིས་དེ་ན་ཡར་ལ་ཕྱག་ཝ་འཁྱུག་པ་འདྲ་བ་གསུམ་གྱིས་ཟེར་བ་ལ། དགེ་བཤེས་སྟོན་པས་ཀྱང་མཛད་སྐད། ཁོང་ཡང་ཐོས་པ་ཤིན་ཏུ་ཆེ་བ་ཡིན་པས། ཇོ་བོ་ལ་སྒྲོས་གླེང་བྱས་ནས་སུབ་པ་ཡིན་སྐད། དགེ་བཤེས་སྟོན་པ་ལ་ཡང་སྒྲོས་གླེང་མཛད་པས་ཁོའི་ཚིག་རེ་ལ་སྟོན་པས་བརྡ་རེ་གསུངས་པས། ཁོ་ཐེ་ཚོམ་སྐྱེས་ནས་ཁམས་ན་འབྲོམ་སྟོན་པ་ཟེར་བའི་ཆོས་མཁན་གཅིག་འདུག་ཟེར་དེ་ཁྱོད་ཡིན་ནམ་བྱས་པས། ཡིན་པ་ཡང་སྲིད་གསུངས། དེ་འཕྲལ་ལ་ཁོ་རང་གི་འོག་ནས་བྲུམ་རྩེ་བཏོན་ནས། དགེ་བཤེས་པ་ལ་བཏིང་། རྟ་བཟང་པོ་གཅིག་གི་མཐུར་མདའ་དར་ཡུག་ལ་བྱས་ནས་ཕུལ། དེ་ནས་སྔོན་ལ་ཕྱག་བླངས་པའི་བཟོད་གསོལ་བྱས། དེ་ནས་བགྲོ་གླེང་བྱས་པའི་བཟོད་གསོལ་བྱས།
དེ་ནས་རྭ་སྒྲེང་དགོན་སར་ཕུལ་བ་དང་། མཆོད་གནས་བྱེད་པར་ཞུ་ཕུལ་སྐད། དེ་ནས་དགེ་བཤེས་སྟོན་པའི་ཞལ་ནས། ཁྱོད་ལ་དབང་འདུག་པས་ཤ་ཟན་རྩམ་ཟན་གྱི་འཁྲུག་པ་འདི་ཡས་ཀྱིས་བསྡུམས། ཕོད་མདོ་འདི་སའི་ཕྲོམ་ཚུགས་འདུག་པས་འདིར་གནས་གཞི་བྲེ་ཙམ་གཅིག་བཞེངས། རོག་དོམ་དུ་ཆོས་འཛུགས་པ་འདི་ང་ལ་ལོང་མེད་པས། སང་ཕོད་ད་ཙམ་ནས་རྔོག་ལེགས་པའི་ཤེས་རབ་བྱ་བ་གཅིག་ཡོང་གིས་དེ་ལ་ཚུགས། དེ་ལྟར་བྱེད་ན་ཁྱོད་ཟེར་བ་ཉན། དེ་ཡང་ད་ལྟ་ནས་སྡོད་མི་ཁོམ། པཎྜི་ཏའི་འགྲོན་པོ་གཅིག་མངའ་རིས་ན་བཞུགས་ཟེར། དེར་འགྲོ་བས་ད་ལྟ་རིངས། དེ་ནས་ལོག་པ་དང་ཁྱོད་ཀྱི་མཆོད་གནས་བྱ། རྭ་སྒྲེང་དུ་དགོན་པ་གཅིག་རྩིག་གོ་གསུང་། དགེ་བཤེས་སྟོན་པས་རྒྱལ་གྱི་ཞང་ཆེན་པོ་དགེ་བསྙེན་གྱི་སྡོམ་པ་བླངས་པའི་བླ་མ་ཡིན་པས་ཕྱག་བསྐྱལ། ཀ་བ་མི་ཆེ་བས་རྒྱ་མོའི་མུར་ཇ་ཕུལ། ལྷ་བཙུན་བོ་དྷི་རཱ་ཛ་ལ་སོགས་པ་བོད་ཀྱི་མི་ཆེན་རྣམས་ལ་ཞེ་ས་མཛད་ནས། ད་ལྟ་མངའ་རིས་ན་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཇོ་བོ་སྐད་པའི་པཎྜི་ཏ་མཁས་པ་གཅིག་སྤྱན་དྲངས་ནས་ཡོད་ཟེར། ངས་དེ་སྤྱན་འདྲོངས་ན་ཁྱེད་ཀྱིས་ཞལ་མཐོང་དང་བཅས་པའི་བསུ་བ་གཅིག་གྱིས་ཤིག་པའི་ཞུ་བ་ཕུལ་བས། ཀ་བ་ཤཱཀྱ་དབང་ཕྱུག་ལ་ངས་བཀའ་ཤོག་ཕྱག་ཏུ་བརྫང་གིས་དེ་ཙ་ན་བསྐུལ་མ་གྱིས་ལ་ལ་སྟོད་ནས་བསུ་བར་ཞུ་བ་ཕུལ་བས། ཀ་བའི་ཞལ་ནས། ཁྱོད་ཀྱིས་སྤྱན་ཅི་འདྲོངས་གྱིས། ངས་དེའི་དུས་སུ་བསྐུལ་མ་བྱས་ལ་རྩང་ལ་སྟོད་ནས་བསུ་བ་བྱ་ཡིས་གསུས། དེ་ནས་དཔོན་གཡོག་རྣམས་ཀྱིས་སྔོན་མ་གནམ་དུ་ཡུག་ཅིག་བྱོན་ནས། ཁུ་རྡོར་སེངྒེ་རྒྱལ་མཚན་ལོ་རྒྱུས་དྲིས་པས་ཁོང་ལ་རྒྱུས་འདུག །དེ་ནས་བྱི་ཁོངས་འགྲིམས་ནས་ཕྱིན་པའི་ལམ་ཁར་ལམ་ཁ་བྲག་གསུམ་བྱུང་བས་འགྲོ་ངོ་མ་ཤེས་པའི་སྐབས་སུ་བན་དྷེ་ཧྲུལ་པོ་གཅིག་བྱུང་ནས་ལམ་བསྟན། ཡ་ཚད་སྐྱེལ་ཐུང་བྱས་བདེ་བར་བཞུད་ཅིག་རྣ་ཤུད་གཉིས་ཀྱི་འཁྲུག་པ་ལངས་པས་འགྲོ་མི་ཁོམ་པར་བདོག་ཟེར་ནས་ཚུབ་མར་ཁྱིལ་གྱིས་སོང་སྐད། དཔེ་དཀར་འདི་ཡང་ཆོས་གཤའ་མར་བྱེད་པ་ལ་གྲོགས་བྱེད་པར་འདུག་གསུངས།
དེ་ནས་ཡར་བྱོན་པ་དང་ཡང་ལམ་ཁ་བྲག་པ་གཅིག་བྱུང་། སྡུད་པའི་མོ་བཏབ་པས་ཀྱང་འགྲོ་ངོ་མ་ཤེས་པ་ལ་ཤ་བ་འཐེང་མ་གཅིག་བྱུང་དེའི་ཕྱིར་ཕྱིན་པས་ལམ་པོ་ཆེར་འདུག་གསུངས། དེ་ཙ་ན་ཇོ་བོ་དཔོན་གཡོག་པུ་རངས་རྒྱ་ཞིང་བྱ་བ་ན་བཞུགས་པ་ལ། ཇོ་མོ་སྒྲོལ་མའི་ཞལ་ནས། ད་སྟེ་ཞག་གསུམ་དྲོ་དང་བཞིའི་ནངས་པར་བོད་ཀྱི་ཨུ་པ་སི་ཀ་ཆེན་པོ་བྱོན་པས་དེ་ལ་བྱིན་གྱིས་རློབས་ཤིག་གསུངས་པས། ཇོ་བོས་ཀྱང་བུམ་པ་བཞེངས་སུ་གསོལ། ཞག་གསུམ་གྱི་ནངས་པར་ཨུ་པ་སི་ཀ་བྱ་ར་མཛད་དེ། དྲོ་ཁ་ཚུན་ཆོད་དུ་མ་བྱོན་པས་ཇོ་བོའི་ཞལ་ནས། ཇོ་མོ་སྒྲོལ་མ་རྫུན་གསུངས་ཀྱང་སྲིད་དམ་གསུངས་ནས་གྲོང་གསེབ་ཏུ་ཆོས་སྟོན་ལ་བཞུད་པའི་ཤུལ་དུ། དགེ་བཤེས་སྟོན་པ་དཔོན་གཡོག་རྣམས་ཕེབས་པ་ལ། འཁོར་ཀུན་གྱིས་ད་ལྟ་བྱོན་པ་ཡོད་ཀྱིས་བཞུགས་ཤིག་བྱས་པས། ང་ཐེག་པ་ཆེན་པོའི་བླ་མ་དང་མཇལ་བ་ལ་སྐད་ཅིག་སྔ་མ་དང་ཕྱི་མ་གཉིས་ཀྱང་སྔ་མ་ལ་འདེམས་པ་ཡིན་གསུངས་ནས་གྲོང་གསེབ་ཏུ་འཚོལ་དུ་བཞུད། ད་ལྟ་ཡིན་ན་གཞོགས་བསྲུན་མདུན་དུ་སྔོན་གསུང་། དེ་ནས་ཇོ་བོ་དང་སྲང་བར་གཅིག་ཏུ་མཇལ་ནས་ཕྱག་མཛད། གཉིས་ཀས་ངོ་ཤེས་པར་གྱུར་ཏེ་ཇོ་བོའི་ཕྱག་དགེ་བཤེས་སྟོན་པའི་དབུ་ལ་བཞག་སྟེ་བཀྲ་ཤིས་མང་པོ་བརྗོད། དེ་ནས་ཇོ་བོའི་གཟིམས་ཁང་དུ་བྱོན་ནས་བུམ་པ་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་བརླབས་པ་ཡིན་གསུང་།
དེ་ནས་དགེ་བཤེས་སྟོན་པས་དྲི་བ་གསུམ་མཛད། རྒྱ་གར་ན་པཎྜི་ཏ་མཁས་པ་ཇི་ལྟ་བུ་ཡོད་བྱ་བ་དང་། ངའི་དེ་སྔའི་ཆོས་དེ་ལམ་དུ་སོང་ངམ་མ་སོང་བྱ་བ་དང་། བླ་མ་ཉིད་ཀྱི་སྤྱན་སྔར་བསྡད་ན་ཇི་ལྟར་མཆི་བྱ་བ་དང་གསུམ་པོ་མཛད་པས། ཇོ་བོའི་ཞལ་ནས། རྒྱ་གར་ན་པཎྜི་ཏ་མཁས་པ་མང་པོ་ཡོད། ང་བོད་དུ་ཡོང་ཙམ་ན་ཡང་རྒྱ་གར་བྷཾ་ག་ལ་ན་ཉིན་རེ་མན་ཆད་གྲུབ་ཐོབ་རེ་བྱོན་གྱི་ཡོད། ཁྱོད་ཀྱི་དེ་སྔའི་ཆོས་དེ་ལམ་དུ་ཡེ་མ་སོང་། བླ་མའི་ཞབས་ཏོག་ལམ་དུ་སོང་། ད་ཁྱོད་འདི་རང་དུ་སྡོད། ལྷ་མོ་སྒྲོལ་མས་ཁྱོད་ལུང་བསྟན་པ་ཡིན་གྱིས། ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་ཀྱིས་གསུང་། དེའི་ཉིན་པར་གྱི་ཇོ་བོའི་ཡོན་བདག་དེས་དགེ་བཤེས་སྟོན་པ་ལ་སྟོན་སྐལ་མར་ཚལ་པ་ཞིག་བྱིན་པ་དེ་བཞུ་ནས། དེའི་ནུབ་མོ་ནས་མར་མེ་མཚན་ཐུབ་ཅིག་ཇོ་བོའི་དབུ་སྔས་སུ་ཕུལ་བས་ད་ལྟ་བྱང་རྭ་སྒྲེང་ན་ཡང་གདུང་བཞུགས་པ་ཡན་ཆོད་ལ་མར་དཀར་གྱི་མར་མེ་མཚན་ཐུབ་རེ་ཆད་མ་མྱོང་གསུང་།
དེ་ནས་དགེ་འདུན་ཕལ་ཆེན་པའི་ལུགས་ཀྱིས་ཡོལ་བ་རེས་ནུབ་ཐུབ་པར་འདོད་པས། དེའི་ནུབ་མོ་ནས་དབུ་སྔས་སྦྲེལ་ནས་རིགས་པ་བསླབས་པ་ཡིན་གསུང་། དགེ་བཤེས་སྟོན་པས་ཇོ་བོ་ཕར་རྒྱ་གར་དུ་ཞག་གསུམ་ན་འབྱོན་པ་ལ་སླེབས་ནས། བོད་དུ་བཞུགས་པར་ཞུ་ཕུལ་བ། ཇོ་བོའི་ཞལ་ནས། གྲགས་པ་ངན་པ་མི་ཡོང་བྱ་བ་བྱང་ཆུབ་སེམས་དཔའི་ཉེས་པ་ཡིན་པས་རྒྱ་གར་དུ་འགྲོ་དགོས་གསུངས་ནས་མ་གནང་། དེའི་དུས་སུ་རྒྱ་གར་ན་ཇོ་བོ་ཙམ་པ་ཡང་གསེར་ལ་དམིགས་ནས་བོད་དུ་སོང་བྱ་བའི་གྲགས་པ་དང་། བོད་གླང་དང་འདྲ་བའི་གསེབ་ན་ཆོས་ཐམས་ཅད་སྟོང་པ་ཡིན་ཟེར་གྱིན་འདུག་བྱ་བའི་གྲགས་པ་བྱུང་བས། དེ་ཚོ་བསལ་བའི་ཆེད་དུ་ཇོ་བོ་ཉིད་ཀྱིས་རྒྱ་གར་དུ་བཞུད་པར་དགོངས། དགེ་བཤེས་ལོ་ཙཱ་བ་ཡང་དང་པོའི་ཆད་སོ་ཡོད་པས་ཕར་བསྐྱལ་བར་དགོངས། ལྷ་བཙུན་པ་ཡང་ཇོ་བོ་བཞུགས་ན་དགྱེས་པར་འདུག་པ་ལ་ཞུ་བ་འབུལ་བའི་ཡིད་མི་སྣང་ནས། སྟོན་པས་ནན་ཟེར་མ་ནུས། འོན་ཀྱང་འབྲོམ་སྟོན་ཐུགས་དཀྱེལ་ཆེ་བས་རྒྱལ་པོ་ཁྲིམས་ཡོད་ཀྱི་ཡུལ་ཡིན་ན་གུང་བློན་ཆེན་པོ་བ་ཙམ་གྱི་ཐུགས་ཀྱི་མཁྱེན་པ་ཆེན་པོ་མངའ་བ་ཡིན་པས། བོད་ཀྱི་ལྷ་ས་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་དང་དགེ་འདུན་མང་པོ་བཞུགས་པའི་ལོ་རྒྱུས་ཀྱང་སྙན་དུ་གསོལ། དེ་ཐམས་ཅད་ཇོ་བོ་བོད་དུ་བྱོན་པ་ལ་ཐུགས་དགྱེས་པ་ལགས་ཞུས་པས། ཇོ་བོ་ཤིན་ཏུ་དགྱེས་ནས་ཚངས་སྤྱོད་གྲངས་མེད་དེ་ལྟ་བུ་རྒྱ་གར་ན་ཡང་དཀོན། དེ་ཙམ་བཞུགས་ན་དགྲ་བཅོམ་པ་འབྱུང་བར་བཅོམ་ལྡན་འདས་ཀྱིས་གསུངས་ལུང་བསྟན་པ་ཡིན་པས་དགྲ་བཅོམ་པ་བཞུགས་ཏེ་མཆི་གསུངས་ནས་བོད་ཀྱི་ཕྱོགས་སུ་ཕྱག་མང་པོ་མཛད། དེ་ཐམས་ཅད་ང་ཡོང་བ་ལ་དགའ་བ་ཡིན་ན་ངས་དགེ་འདུན་གྱི་ངག་མི་གཅོག་པར་དམ་བཅས་པ་ཡིན་གསུངས་པས། དགེ་བཤེས་སྟོན་པ་དེས་སྤོབས་པ་སྐྱེས་པ་བཞིན་དུ་གྱུར་ནས་ཇོ་བོ་ལ་བོད་དུ་བཞུགས་པར་ཞུས་པས། ཇོ་བོས་ཞལ་གྱིས་བཞེས་པ་ལ། དགེ་བཤེས་ལོ་ཙཱ་བའི་ཞལ་ནས། ངས་དམྱལ་བར་འགྲོ་མི་ནུས་སློབ་དཔོན་གནས་བརྟན་དེ་དང་ཆད་སོ་ཡོད་པ་ཐུགས་ལ་མངའ་མོད་གསུངས་ནས་བོད་དུ་བཞུད་དབང་མ་བྱུང་བས། ཇོ་བོའི་ཞལ་ནས། དང་པོ་ཚུར་ལ་སྤྱན་མ་འདྲོངས། དེ་ནས་ཕར་ལ་སྤྱན་མ་འདྲོངས་ངས་ལོ་ཙཱ་བ་སྦྱང་བྱ་བའི་ཞལ་བསྐྱལ་ཡང་མཛད་སྐད།
དེ་ནས་དགེ་བཤེས་སྟོན་པའི་ཐུགས་དགོངས་ལ་བོད་ཀྱི་མི་ཆེན་རྣམས་རོགས་གྲོགས་སུ་སྦྲན་ལ་སྤྱན་དྲང་དགོས་དགོངས་ནས་ཤོག་འཕྲིན་རྫངས་པ་ནི། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །བྱེ་བྲག་བརྗིད་ལྡན་གངས་རི་བྱང་། །ལོ་ཧི་ཏ་འགྲམ་རིན་ཆེན་ཁུངས། །ཁ་བ་ཅན་ཞེས་མིང་གྲགས་ན། །བློ་ཆེན་སྟོབས་ལྡན་མི་བསྲུན་པ། །བོད་ཅེས་བྱ་བར་གནས་པའི་ཕྱིར། །མི་རྒྱལ་བྱང་ཆུབ་སེམས་དཔའ་ཆེ། །དཔའ་ཆེན་མང་པོའི་འཁོར་བཅས་ཀྱིས། །ཕན་གདགས་ཐབས་སུ་དམ་ཆོས་བསྒྱུར། །རྒྱུ་བཟང་བཀོད་ལེགས་གཙུག་ལག་ཁང་། །བསམ་ཡས་ལ་སོགས་གནས་མཆོག་ན། །སྔོན་རྒྱལ་འཕྲུལ་རྗེའི་དགོངས་བསྐང་ཕྱིར། །བསྟན་པ་བདུད་རྩི་རྒྱས་མཛད་ཅིང་། །རྒྱལ་སྲས་བདེན་སྐྱེལ་ཆེ་བ་ཡི། །མིའི་རྒྱལ་པོ་ཤཱཀྱའི་སྲས། །ལྷ་བཙུན་བོ་དྷི་རཱ་ཛ་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཅུ་དགུ་ཞང་དབང་ཕྱུག་མགོན་ལ་རྫངས་ནས་དགེ་བཤེས་ཀ་བའི་ཕྱག་ཏུ་གཏད་དོ། །དེ་ནས་དགེ་བསྙེན་གྱིས་ཇོ་བོ་དཔོན་གཡོག་ཡར་གཤེགས་པའི་ཕྱགས་ཕྱིར་བྱོན་ནས་བོད་སྟོན་རྣམས་བྱོན་དུ་རེ་ཞིང་ཅི་འགོར་མཛད། ལོ་ཙཱ་བས་ཡར་ཅི་མགྱོགས་བྱས་སོ། །དེར་བོད་སྟོན་རྣམས་ཀྱིས་མ་སླེབས་ནས། ཇོ་བོ་འགོར་བཅས་བལ་པོའི་རྫོང་ལ་བཞུད་དོ།།
དེའི་དུས་སུ་ས་མན་སྡེ་གསུམ་གྱི་འཁྲུག་པ་བྱ་བ་ལངས་ནས་བལ་པོའི་རྫོང་འགགས་ནས་མ་ཐོན། དེ་བོད་ཀྱི་བསོད་ནམས་སུ་བྱུང་སྐད། དེ་ནས་དགེ་བཤེས་ལོ་ཙཱ་བ་དེ་ཐུགས་ཤིན་ཏུ་མ་བདེ་བ་ལ། ཇོ་བོའི་ཞལ་ནས། ཁྱོད་བློ་མི་བདེ་མི་དགོས། བསྒྲུབ་པར་མ་ནུས་པ་ལ་ཉེས་པ་གཏན་མེད་ཡིན་གསུངས། དེ་ནས་ལོ་ཙཱ་བ་དགྱེས་ནས་ད་བོད་རང་དུ་གཤེགས་པར་ཞུ་ཟེར་ནས་ཇོ་བོ་བོད་དུ་སྤྱན་དྲངས་སོ། །དེའི་དུས་སུ་ཇོ་བོའི་ཞལ་ནས་ཨ་ཝ་དྷཱུ་ཏི་པ། ནཱ་རོ་པའི་སློབ་མ་པཎྜི་ཏ་ཛྙཱ་ཀ་ར་ཞེས་བྱ་བ་སྐྱེས་བུ་དམ་པ་གཅིག་སློབ་དཔོན་ཀླུ་སྒྲུབ་ལུགས་ལ་དགོས་པའི་ཆོས་ཤིག་ཡོད་པས་ད་ཞུ་བ་མི་ཡོང་དེ་ཡིད་ལ་བཅགས་སོ་གསུང་། དེ་ལོ་ཙཱ་བས་ཐུགས་ལ་བཟུང་ནས་བལ་ཡུལ་དུ་མི་མཐོ་བཙུགས་ནས་བཞག་གོ །དེར་བླ་མ་རྗེ་བཙུན་ཆེན་པོ་འདི་རྒྱ་གར་དུ་བཞུད་པ་བཞིན་དུ་མཛད། ལོ་ཙཱ་བས་ཀྱང་སྔར་རྒྱ་གར་དུ་བྱོན་ནས་ཇོ་བོའི་ཕྱགས་ཕྱི་ན་བཞུགས་ཙ་ན། (གནས་དེ་མ་ཡིན་པའི་གྲོང་གཅིག་ཡོད་པའི་ལོ་རྒྱུས་དགེ་བཤེས་ལྕེས་གསུང་།) འགོ་སོ་མ་པུ་རིར་བྱ་བ་དེར་དབུ་མ་རྟོག་གེ་འབར་བ་གསུངས་པའི་ཚེ་ཇོ་བོའི་ཞལ་ནས། ད་ནི་ལོ་ནི་ཉི་ཤུ་ན་ཚེའི་འདུ་བྱེད་བོད་དུ་བཏང་ནས་དགའ་ལྡན་གྱི་གནས་སུ་འགྲོ་གསུངས་པ་དང་། དེ་ནས་ལོ་གཉིས་ན་བྷྲི་ཀ་མ་ལ་ཤི་ལར་རྣམ་སྨིན་གྱི་ལུས་འདི་བོད་དུ་བཞག་ནས་ཡིད་ཀྱི་ལུས་འདི་མགོན་པོ་བྱམས་པ་ལ་ཆོས་ཉན་དུ་འགྲོ་གསུངས་པས། སྨོན་ལམ་གྱི་སྟོབས་ཀྱིས་བོད་དུ་བྱོན་ནས་བཞུགས་ཀྱང་བོད་དུ་བཞུགས་པ་ཡིན་གསུང་ངོ་། །(དེ་ལ་ལོ་ཙཱ་བའི་བསྟོད་པ་ལས། ཁྱོད་སྔོན་སོ་མ་པུ་རི་ན། །རྟོག་གེ་འབར་བ་གསུངས་པའི་ཚེ། །ད་ནི་ལོ་ནི་ཉི་ཤུ་ན། །ཚེ་ཡི་འདུ་བྱེད་གཏོང་འགྱུར་གསུང་། །དེ་ནས་ལོ་ནི་གཉིས་ནས་སུ། །བོད་དུ་བྱོན་པའི་དུས་སུ་ནི། །བྷྲི་ཀ་མ་ལ་ཤི་ལ་ན། །ད་ནི་ལོ་ནི་བཅོ་བརྒྱད་ན། །ཚེ་ཡི་འདུ་བྱེད་བཏང་ནས་ནི། །ལུས་ནི་བོད་དུ་འཇོག་གོ་གསུང་། །ཞེས་བྱ་བས། རྒྱ་གར་དུ་མི་བཞུད་པར་དེས་ཤེས་པ་ཡིན་གསུང་། དགེ་བཤེས་ཞང་རོམ་གྱི་ཞལ་ནས། དཔེ་ཆ་དང་ཐུགས་དམ་མ་ལུས་པར་སྤྱན་འདྲེན་ལུགས་དེས་ཀྱང་ཤེས་གསུང་། དེས་མ་ངེས་ཏེ་པཎྜི་ཏ་གར་བཞུད་དུ་དཔེ་ཆ་སྤྱན་འདྲེན་པ་ཆོས་ཉིད་ཡིན་གསུང་།) དེ་ནས་མར་ལ་བྱོན་མང་ཡུལ་དུ་ལོ་གཅིག་བཞུགས་ནས་ཇོ་བོས་ལྷ་ཁང་ཀེ་རུ་བྱ་བ་ཡང་བཞེངས། ཕྱིར་མང་ཡུལ་དུ་ལོ་གཉིས་བཞུགས་སོ།།
དེ་ནས་ཇོ་བོ་དཔོན་གཡོག་གིས་ལ་སྟོད་དུ་བྱོན། དེའི་དུས་སུ་དགེ་བཤེས་ཀ་བས་བོད་ཀྱི་མི་ཆེན་རྣམས་ལ་དགེ་བཤེས་སྟོན་པའི་ཤོག་འཕྲིན་གཏད་ནས། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་བྱ་བ་ཡུལ་ཡར་ལུངས་པ། གདུང་རུས་ཁུ། མཚན་བརྩོན་འགྲུས་གཡུང་དྲུང་བྱ་བ། ཀླུ་མེས་ཀྱི་གནས་བརྟན་བྱེད་པ་དམ་པའི་ཆོས་མངོན་པ་ལ་ཤིན་ཏུ་མཁས་པ་ཡིན་པས། དེ་དུས་ན་ཁོ་ལས་མི་ཆེ་བ་མེད་པ་ཡིན་པ་ལ་ཁོང་བཀའ་ཤོག་ནང་དུ་མ་ཚུད་པས་ཁོང་གི་ཐུགས་དགོངས་ལ། (ཞང་རོམ་གྱི་ཞལ་ནས་ཁུ་མ་ཚུད་པ་དེས་གོ་བཅད། དེ་ཡང་སྟོན་པའི་སྐྱེལ་ཡིན་གསུང་།) སྔོན་ལ་རྒྱུགས་ལ་ཐོབ་པར་བྱ་དགོས་སྙམ་ནས་ལྕགས་གྲབས་ནས་བཞུད། དེའི་དུས་ན་རྒྱལ་གྱི་ཞང་ (ཞང་དང་ཇོ་བོ་མཇལ་མ་ཐག་ཏུ་གཏར་སངས་རྒྱས་གཟུང་། གཙོ་བོར་ལྟ་བ་སྦྱང་བྱ་བ་དེ་གསུངས་སྐད།) ཆེན་པོ་ན་རེ། པཎྜི་ཏ་དེ་ཇི་ལྟ་བུ་གཅིག་ཡིན་ནམ། ལྷུང་བཟེད་རང་ཡང་དཀར་པོར་འདུག་ཟེར། དེ་ལ་གསེར་བག་ཙམ་བསྡུས་ལ་བསྐྱལ། དབུས་སུ་སྤྱན་མི་དྲང་ཟེར་བ་ལ། ཀ་བ་ན་རེ། དེ་ལྟར་མ་ཡིན་ཏེ་ལྷ་བཙུན་པས་སྤྱན་དྲངས་པའི་ཇོ་བོ་རྗེ་ལྷ་གཅིག་སྐད་པ་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་གཅིག་ཡོད་པར་འདུག་བྱས་པས། འོ་ན་ངོ་མཚར་ཅན་གཅིག་ཡོད་པར་འདུག་པས། རང་ཅག་བོད་ཀྱི་སྡེ་པ་བཞི་པོ་ལ་ཤམ་ཐབས་ཁྲལ་བསྡུས་ལ་ཡང་དབུལ། སྤྱན་ཅི་འདྲོངས་བྱའོ་གསུང་། ཁོང་གིས་བདག་རྐྱེན་མཛད་ནས་བྱོན་པས་བོད་དབུས་གཙང་གི་མི་ཐམས་ཅད་དེར་འདུས་སོ། །དེའི་དུས་སུ་བོད་སྟོན་རྣམས་བྱོན་པ་ལ་ཇོ་བོ་ཉིན་རེ་ཞིང་བྱ་ར་མཛད་ཙ་ན་བོད་སྟོན་རྣམས་ཚག་ཞུ་དང་བེར་ཆེན་གསོལ། རྟ་ལ་ཕྱིབས་ནས་བྱོན་པས་མི་མ་ཡིན་ཆེན་པོ་མང་པོ་བྱུང་དབུ་རིལ་གྱིས་བསྒྱུར་སྐད། དེ་ནས་བོད་ཀྱི་མི་ཆེན་རྣམས་ཀྱིས་ཆོས་གོས་གོན་སེར་སྦྲེངས་བྱས་ཕྱག་རྟེན་ཕུལ་བས་དགྱེས་ནས་ཕྱག་མང་པོ་མཛད་དོ།།
དེའི་དུས་སུ་བོད་སྟོན་རྣམས་ལ་སྣ་ལེན་དུ་ལ་སྟོད་པ་རྣམས་ཀྱིས་བསྙེན་བཀུར་མང་པོ་བྱས་པས། ཇོ་བོའི་ཞལ་ནས། རྒྱ་གར་གྱི་རབ་བྱུང་བས་བོད་ཀྱི་བོད་རབ་བྱུང་འཚོ་བ་བཟང་བར་འདུག་གསུང་། དེ་དུས་སུ་ཁུ་ན་རེ། སྟོན་པ་ལ་ཁྱོད་བོད་ཀྱི་མི་ཆེན་རྣམས་ཀྱི་གསེབ་ཏུ་ང་མི་འཇུག་པ་ཟེར་བས། སྟོན་པས། མཁས་བཙུན་ཆེན་པོར་སྙན་གྲགས་པ། །ལེགས་པའི་ཤེས་རབ་ལ་སོགས་པ། །བྱ་བའི་ཁོངས་ན་བདོག་བྱས་པས། །སོགས་ཁོངས་སུ་འཇུག་པའི་མི་ང་ཡིན་ནམ་ཟེར་ནས་དེ་བས་ཀྱང་མ་མཉེས་པས། ཁོང་སྟོན་པ་ལ་ནན་ཏར་མི་མགུ་བ་ཡིན་སྐད། དེ་ནས་གཙང་ལ་སྟོད་མདོངས་ཀྱི་ཚ་སྣ་བྱ་བར་གང་ཟག་ཅིག་ཅར་འཇུག་པའི་ངོར། དོ་ཧ་གསུངས་པས་བོད་དུ་འདི་མི་ལེགས་གསུང་བཀའ་བསྡམས་ནས་གསུང་དབང་མ་བྱུང་། (གཞན་ཡང་ཇོ་བོ་མངའ་རིས་ནས་གཙང་དུ་གཤེགས་པའི་དུས་སུ། གཞུང་ཆེ་བ་ནི་མ་བཤད་དོ། །གདམས་པ་ཆང་ཆུང་མང་དུ་གསུངས་ཏེ། ལྡོག་ཕྱོགས་འཇུག་ཕྱོགས་ཀྱི་གདམས་པ་དང་། འདོད་པ་བཅུ་གསུམ་དང་། ཤེས་པར་བྱ་བའི་ཆོས་བརྒྱད་དང་། མཚོན་པའི་དཔེ་བཞི། གཏན་ལ་དབབ་པའི་ཆོས་བཞི་དང་། སྣང་བ་སེམས་སུ་གཏན་ལ་དབབ་པ་ལ་སོགས་པ་མང་དུ་གསུངས།)
དེ་དུས་སུ་ཡ་གོང་ཡོན་ཏན་གཡུ་རུང་། གར་དགེ་བ་རྒྱལ་གྱི་ཞང་ཆེན་པོ། ཀ་བ་ཤཱཀྱ་དབང་ཕྱུག །ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྔོག་ལེགས་པའི་ཤེས་རབ་དང་དྲུག་གིས་གྲོས་བྱས་ནས། (བུད་དྷའི་བསྟན་པ་འདི་ནན་ཏར་མི་བདེ་བ་གཅིག་ཡོད་པས་ལྷ་བཙུན་པས་ཀྱང་དྲིས། བོད་སྟོན་རྣམས་ཀྱིས་ཀྱང་དྲིས་སོ།།) ཐབས་ཤེས་རབ་ཡ་བྲལ་གྱིས་སངས་རྒྱས་སམ་མི་རྒྱ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་དུ་སོ་སོར་ཐར་པའི་སྡོམ་པ་དགོས་སམ་མི་དགོས་བྱ་བ་དང་། རྒྱུད་འཆད་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་མ་ཐོབ་པར་བཤད་དུ་རུང་ངམ་མི་རུང་བྱ་བ་དང་། ཚངས་པར་སྤྱོད་པ་ལ་གསང་བ་ཤེས་རབ་ཀྱི་དབང་བླང་དུ་རུང་ངམ་མི་རུང་བྱ་བ་དང་། དབང་མ་བསྐུར་བར་གསང་སྔགས་ཀྱི་སྤྱོད་པ་བྱར་རུང་ངམ་མི་རུང་བྱ་བའི་ལྔ་པོ་དེ་ཞུས་པས། ལྷ་གཅིག་གི་ཞལ་ནས། ཁྱེད་རྣམས་ལ་ཐུགས་ཚོད་མི་མངའ། དེ་བས་ཀྱང་མང་བ་ལྷ་བཙུན་པས་ཞུས་ནས། བྱང་ཆུབ་ལམ་གྱི་སྒྲོན་མེའི་ནང་ན་བདོག །ཁྱེད་ཀྱི་དེ་ཚོ་ཡང་དེ་ན་བདོག་གིས་གསུང་། དེར་ལམ་སྒྲོན་བལྟས་པས་དེ་རྣམས་དེ་ན་ལེགས་པར་གཏན་ལ་ཕབ་འདུག་པས་ཁོང་རྣམས་སྤོབས་པ་མེད་པར་གྱུར་སྐད། དེ་དུས་སུ་ཁུ་ལ་སོགས་པའི་བོད་སྟོན་རྣམས་ཀྱིས་མེ་ཏོག་ཕོར་ཆུང་ཙམ་པ་མང་པོ་ཉོས་ངེད་རང་ངོམས་པའི་མཆོད་པ་ཕུལ་བ་ལ། ལྷ་གཅིག་མ་མཉེས་ཕན་པ་མ་མཆིས་མཆོད་པ་ངན་གསུང་། དེ་ནས་ཇོ་བོ་གཙང་དུ་སྤྱན་དྲངས་ནས་བྱོན་ཙ་ན (ལམ་ཁར་མཆོད་པ་ཤོམས་ཐེ་ཚོམ་བག་ཙམ་བྱུང་གསུངས་ནས་བཤགས་སྡོམ་མཛད་དོ།།) ས་སེར་བས་བསྙེན་བཀུར་བྱེད་པ་མ་བྱུང་། དཔོན་གཡོག་རྣམས་འོ་བག་རྒྱལ་དུ་བྱུང་བས་ཇོ་བོའི་ཞལ་ནས་བོད་པྲེ་ཏ་པུ་རིའི་གྲོང་ཁྱེར་ཡིན་གསུང་།
དེ་ནས་ཉན་འཚོ་གནས་པས་སྤྱན་དྲངས་ནས་ཟླ་བ་གཅིག་བཞུགས་པ་ལ་སྐུ་བསོད་ནམས་ཤིན་ཏུ་ཆེ་བར་བྱུང་བས་ཇོ་བོའི་གསོལ་ཟས་ཀྱང་འབྲས་མིན་པ་གཞན་མ་དྲངས། ཟངས་ཁར་མཛོད་ཁུར་ལ་ཇོ་བོས་ཕྱག་བཙལ་བར་ཡང་གྲགས། དེའི་དུས་སུ་ཚོགས་ཆོས་སུ་ཕ་རོལ་ཏུ་ཕྱིན་པ་གསུངས། ལྐོག་ཆོས་སུ་དགེ་བཤེས་ཡོལ་སྐུ་མཆེད་ལ་སོགས་ལ་ཀྲི་ཡའི་ཆོས་སྒྲུབ་ཐབས་མང་དུ་གསུངས། ཁྱད་པར་དུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་སྐོར་མང་དུ་གསུངས། ཇོ་བོ་ལ་སྲུང་བ་ཟབ་པ་གཅིག་ཞུ་བྱས་པས་མ་ཎི་པདྨེ་གཅིག་གསུངས། དེས་མི་ཡོང་ཞུས་པས་མི་གཡོ་བ་གཅིག་གསུངས། དགེ་བཤེས་སྟོན་པས་སླ་ལ་བྱིན་རླབས་ཆེ་བ་ཞིག་ཞུས་པས་ཡི་གེ་དྲུག་པ་དང་ཞལ་བཅུ་གཅིག་པ་གསུངས། ལོ་ཙཱ་བས་མཐུ་ཆེ་བ་གཅིག་ཞུས་པས་གཤིན་རྗེ་གཤེད་གསུངས། སྒྲུབ་ཐག་ཉེ་བ་གཅིག་ཞུས་པས་སྒྲོལ་མ་གསུངས། ཡོལ་ཆོས་ཀྱི་དབང་ཕྱུག་ལ་རྟ་མགྲིན་གསུངས་པས་ཟླ་བ་དྲུག་ན་ཞི་བའི་ཞལ་གཟིགས། དེ་ནས་ཁྲོ་བོའི་ཡང་ཞལ་གཟིགས། དེའི་དུས་སུ་དགེ་བཤེས་རྣལ་འབྱོར་པ་དང་དགོན་པ་བ་གཉིས་དང་ཡང་མཇལ། མཇལ་ (སྔོན་གྱི་ལས་འབྲེལ་ཡོད་པས་ཇོ་བོས་མཁྱེན།) མ་ཐག་ཏུ་དམ་ཚིག་གསུམ་བཀོད་པའི་ལུང་གནང་བས། ཁོང་རྣམ་པས་བཟླས་པ་སྟོང་ཕྲག་བརྒྱད་བརྒྱ་སོང་ཙ་ན་ཞལ་གཟིགས། སྟོན་པ། འགར། འགོས་ (དགེ་བཤེས་རྣལ་འབྱོར་པ་ལ་མ་ཤེས་སྐྱབས་སུ་མཆི་བྱ་བའི་གདམས་པ་ཡང་གསུངས།) ལ་སོགས་ལ་གསུངས་པས་དོན་གྲུབ་པ་མང་དུ་བྱུང་གསུང་།
དེ་ནས་གཙང་རོང་ན་མར་བྱོན་ཙ་ན་ཁང་པ་དོག་པས་གནས་ཁང་འདོད་རིགས་པ་མ་རྙེད་པ་ལ། དགེ་བཤེས་སྟོན་པས་དེའི་བར་དུ་ཇོ་བོ་ཕྱིར་བཞུད་དུ་བཅུག་ནས་དེའི་བར་དུ་ཁང་པ་དེའི་བྱི་དོར་བྱས། ཇོ་བོའི་དབུ་སྔས་སུ་མཎྜལ་གཅིག་ཀྱང་ཚང་བར་བྱས་འདུག་པས། ཇོ་བོ་མཉེས་ནས་སློབ་མ་ཁྱོད་འདྲ་བ་རྒྱ་གར་ན་ཡང་ཡོད་གསུང་། དེ་ནས་ཡང་གཙང་རོང་ན་མར་བྱོན་པས་འོ་བག་རྒྱལ་དུ་བྱུང་བ་གཅིག་ལ་ཉ་མ་དད་པ་ཅན་རྣམས་ཀྱིས་གསེར་གྱི་རྟ་ལ་གཡུའི་མི་སྐྱོན་པ་གཅིག་ཕུལ་བས་མཉེས་ནས་ཇོ་བོའི་ཞལ་ནས། ཡུན་རིང་གི་ནད་པ། ཤུལ་རིང་གི་མགྲོན་པོ། ཕ་མ་རྒན་ཞིང་འཁོགས་པ་དེ་རྣམས་ལ་བསྙེན་བཀུར་བྱས་པ་དང་། སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམས་པ་བསོད་ནམས་མཉམ་གསུང་། གཙང་སྟོད་སྨད་ལ་ཤུལ་སྟོན་པ་མ་གཏོགས་པ་སྐུ་བསོད་རྣམས་མ་བྱུང་བས་ཟླ་བ་གསུམ་ལས་མ་འགོར་རོ།།
དེ་ནས་དབུས་སུ་སྤྱན་དྲངས་ནས་གན་པ་བྱང་ཐང་ན་མར་བྱོན་ཙ་ན། ཇོ་བོའི་ཞལ་ནས། ཡ་གི་ན་ཅི་ཡོད་གསུངས་ནས་རི་ལ་མཚན་མ་བཙུགས་པས་ལྷ་སའི་རིར་འདུག་གོ །བོད་སྟོན་རྣམས་ཀྱིས་ལྷ་སའི་ལོ་རྒྱུས་རྒྱས་པར་གསོལ་བས། དེ་ཐང་འཇའི་གུར་སུམ་བརྩེགས་འདུག །ལྷའི་བུ་མང་པོས་མཆོད་པ་རྒྱུན་མི་འཆད་པ་བྱེད་ཀྱི་འདུག །རང་ཅག་ཡང་ཡ་གིར་འདེང་གསུང་། དེ་ནས་ཇོ་བོ་དཔོན་གཡོག་གིས་འོན་ཁྲག་སྣ་ན་མར་བྱོན་ཙ་ན། ཇོ་བོ་དབུ་རིལ་གྱིས་བཏུམས་ཏེ་དེ་ཅི་ལགས་ཞུས་པས། ཆུ་བོ་རི་འདི་རཏྣ་ལྔ་ལས་གྲུབ་པའི་རིར་འདུག་པས་བརྣབ་སེམས་སྐྱེ། ལུང་པ་སྐྱ་མོ་འདི་བག་ཆགས་ངན་གསུང་། དེ་ནས་འཕྱིང་རུ་ན་མར་བྱོན་པའི་དུས་སུ་བུ་མོ་ཁྱིམ་གསར་མ་གཅིག་གིས་ཇོ་བོ་ལ་མགོ་རྒྱན་མ་ལུས་པར་ཕུལ་བས། ཨ་ཙ་ར་འདོད་པ་ཅན་ལ་དེ་ཙམ་འབུལ་བ་ཟེར་ནས་ཁྱིམ་དུ་འཐབ་པས་བུ་མོ་གཙང་པོ་ལ་མཆོངས་ནས་ལྕེབས། དེ་ནས་འཕྱིང་རུ་ན་མར་འབུལ་བ་མང་པོ་བྱུང་བས་ཇོ་བོའི་ཞལ་ནས་ཙི་ཙི་ཀུན་འགེའུ་གསོལ་གསུང་། རྔོག་སྒོམ་ཡོན་ཏན་རྒྱལ་པོ་སྐད་པ་གཅིག་གིས་མར་གྲོད་པ་གཅིག་ཕུལ་བས། ཕྱག་ལ་འཁོར་ལོ་ཡོད་པ་གཟིགས་ནས་ཐུགས་རྗེ་ཆེན་པོའི་བཟླས་ལུང་གཅིག་གནང་བས་ཞལ་གཟིགས་པའི་རྣལ་འབྱོར་པ་གཅིག་བྱུང་སྐད།
དེ་ནས་གཞུང་དུ་བྱོན་ཙ་ན་བུ་མོ་ཤི་བ་གསན་པས། ཇོ་བོའི་ཞལ་ནས་ངའི་བུ་མོ་སྙིང་རྗེ་གསུང་། དེ་ནས་ཉ་མོ་ཀྱུར་དུ་བྱོན་པ་དང་སྒོ་བསྡམས་ (རྣལ་འབྱོར་གྱི་དབང་ཕྱུག་འཆད་ཀ་བ་དགེ་བཤེས་ལུང་སྨད་པ་ལ་ཆོས་གསན་ཙ་ན། དེ་ནས་ཇོ་བོའི་སཙྪ་གཅིག་གདན་དྲངས་པས་བྱིན་རླབས་ཅན་གཅིག་བྱུང་བས། དེ་འཕྲང་པོར་ལུས་གསུང་། དགེ་བཤེས་སྤྱན་སྔ་བའི་ཞལ་ནས། གཞུང་པའི་གྲྭ་པ་བྱུང་བ་ཀུན་ལ་ཤོག་མེད་གླགས་མེད་གཡོག་པོ་ཨོག་ནག་པ་ངའི་ཇོ་བོ་ལ་སྒོ་བསྡམས་ཕོད་པ་གསུངས་སྐད།) ནས་ལོ་པཎ་མི་ཐེག་ཟེར་བ་དང་། ཇོ་བོ་དཔོན་གཡོག་གིས་གཞུང་གི་གཏད་དཀར་གྱི་གད་ཕུག་ཏུ་ཞག་ལྔ་བཞུགས་ནས་བུ་མོའི་དོན་དུ་ངན་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས། སཙྪ་མང་པོ་བཏབ་ནས་ངའི་བུ་མོ་ད་འཚེངས་གསུང་ངོ་།།
དེ་ནས་དོལ་དུ་བྱོན་ནས་རྣ་བོ་ལ་ཁ་ནས་དུང་འབུད་པས། མི་ཐམས་ཅད་ཁྱིམ་དུ་བྲོས་ཕྱུགས་ཐམས་ཅད་ཐག་པ་ཆད་སྐད། དེ་གོང་དུ་རག་དུང་མེད་པ་ཡིན་གསུངས། ཇོ་བོའི་ཞལ་ནས། བལ་པོའི་མཐིལ་འདྲ། མང་ཡུལ་གྱི་གྲོང་འདྲ་གསུངས་ནས་མཉེས་སྐད། སོས་ཀ་གཅིག་ཡིན་ཡིན་འདྲ་གསུང་། དེ་ནས་ཇོ་བོ་དོལ་གྱི་སེར་མ་དེ་གཞན་ལ་ཕན་ཆེ་བར་དགོངས་ནས་རགས་མཛད་པས་ད་ལྟའང་ལྷ་རྗེ་རགས་ཟེར་རོ། །དེའི་ཞག་ས་དཔེ་སྒང་དུ་བྱས་པས་ཇོ་བོའི་ཞལ་ནས། ཡུལ་འདི་ནས་བྱང་ཆུབ་སེམས་དཔའ་རྟགས་མཚན་གཅིག་འབྱོན་པར་འདུག་གསུང་། དེའི་དུས་སུ་དོལ་པོའི་གནས་ཆུང་ཚོས་ལོ་པཎ་རྣམས་ལ་བསྙེན་བཀུར་བྱེད་འདོད་པས་བསྡུས་ནས་བྱེད་པ་མེད་པས་རེ་རེས་བྱེད་པ་ལ་ཆང་ཆུང་རེ་ལས་མ་ཐེག་པས། བན་ཆུང་རྣམས་དང་བོན་སྟོན་རྣམས་སྤྱན་དྲངས་ནས་ཇོ་བོ་ལུས་པས། དགེ་བཤེས་ཨཱརྱ་དེ་ཝའི་ཞལ་ནས། མཐའི་མི་འདོད་མཁན་མེད་པ་འདི་ངས་བྱ་ཡིས་ཟེར་ནས་ཇོ་བོ་ཁོང་གིས་ཐོབ་བོ།།
དེ་ནས་རྣོན་མདར་ཨཱརྱ་དེ་ཝའི་ཡོ་གའི་ལྷ་ཁང་ལ་རབ་གནས་མཛད་པས། ཇོ་བོའི་ཞལ་ནས། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་འདི་ལ་རབ་གནས་ལེགས་པ་ཡང་དག་པ་གཅིག་ཡོད་པས་དགོས་མཆོད་རེ་གྱིས་ཤིག །དེ་མ་ཆད་ན་ལེགས་པར་ཡོང་ངོ་གསུང་། དེ་ནས་གྲ་ཕྱི་ཚོང་འདུས་གནས་པས་སྤྱན་དྲངས་ནས་ལྷ་ཁང་བྲེ་ཙམ་པ་གཅིག་ལ་རབ་གནས་མཛད། དེའི་དུས་སུ་ཇོ་བོའི་ཞལ་ནས་ཆོས་སྐོར་ཆེན་པོ་ག་ན་ཡོད་གསུང་། ལྐོག་རི་སྣ་འདི་ནས་མཐོང་ཞུས་པས་དགྱེས་ནས་དེར་བཞུད་དོ། །དེ་ནས་དཔེ་དམར་གྱི་གྲུ་ཚུགས་ལ་བྱོན་ནས་ཆོས་འཁོར་ཆེན་པོ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཕག་གི་ལོ་ལ་ཕྱགས་ཕབ་བོ།།
དེའི་དུས་སུ་འོག་ཁང་གི་བྱང་ཆུབ་ཆེན་པོ་དེ་དབུ་རྩེ་ཐང་ནས་གཟིགས་པས། ཇོ་བོ་སྤྱན་སྔར་བང་བཏང་ནས་བཞུད་སྐད། ཇོ་བོའི་ཞལ་ནས། མ་ཧཱ་བོ་དྷི་དང་ཁྱད་མི་འདུག་གསུང་། དེ་ནས་བྱང་ཆུབ་གླིང་གོང་དུ་བྱོན་པ་དང་སྒོ་མ་ཕྱེ་བར་ཇོ་བོས་སངས་རྒྱས་མ་ཆགས་པདྨའི་སྤྱན་གྱི་ཞལ་རས་ཀྱི་རྡུལ་འཕྱི་ཞིང་འདུག་པས་དེར་འཛེག་པ་ལ་སྐས་གདང་བདུན་དགོས་པར་འདུག་སྐད། དེ་ནས་ཇོ་བོའི་ཞལ་ནས་ང་མར་ཕོབ་གསུང་མར་ལ་སྤྱན་འདྲེན་པ་ལ་དཀའ་ལས་ཆེ་རབ་བྱེད་དགོས་པར་བྱུང་གསུང་། ཇོ་བོ་བསམ་ཡས་ལ་ནན་ཏར་དགྱེས་ནས་ཕྱགས་དབབ་པའི་ཐུགས་དགོངས་ཀྱང་མངའ། ཇོ་བོའི་གཟིམས་ཆུང་དཔེ་དཀར་གླིང་གི་དཀོར་མཛོད་བྱང་ངོས་མ་ན་མཛད། ནུབ་ཅིང་ཇོ་བོའི་ཞལ་ནས། སྐྱེས་པ་རབས་ཀྱི་རྒྱུད་དེ་སྤྱན་དྲོངས་དང་གསུང་། ངའི་དད་པ་དེ་ཉམས་སོང་དད་པ་གསོས་བཏབ་ཀྱིས་གསུངས་ནས་མར་མེ་བཏེག །ཁྲི་སྙན་ས་ལེའི་པགས་པ་བཏིང་ནས་གཟིགས་སོ། །དེའི་དུས་སུ་ལྷ་བཙུན་བོ་དྷི་རཱ་ཛས་ཡོན་བདག་མཛད་ནས་རིམ་པའི་ཆོ་ག་ཞུས། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་བསྐྱེད་རྫོགས་གཉིས་དང་། དེ་གཉིས་ཀྱི་མན་ངག་དང་། ཕྱག་ན་རྡོ་རྗེ་གཏུམ་པོ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་དང་། དེའི་ཆོ་ག་དང་མན་ངག་རྣམས་བླ་མ་ཉིད་དང་དགེ་བཤེས་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
གཞན་ཡང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། སྨན་སྤྱད་ཡན་ལག་བརྒྱད་པ་དང་། འགའ་ཞིག་གིས་ཞུས་ནས་མདོ་སྡེ་ཀུན་ལས་བཏུས་པའི་མན་ངག་དང་། བྱང་ཆུབ་ཀྱི་སེམས་ནོར་བུའི་ཕྲེང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་དུ་བྱ་བ་དང་། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ་དེ་རྣམས་བླ་མ་ཉིད་ཀྱིས་མཛད་ནས་ལོ་ཙཱ་བ་དང་གཉིས་ཀྱིས་བསྒྱུར་རོ།།
(འཆིང་བུར་དྷེ་བ་རཱ་ཛ་དང་། ན་ག་རཱ་ཛ་དང་། མགར་དགེ་བ་དང་། ལོ་ཙཱ་བ་བཞིས་བྲམ་ཟེ་ཆེན་པོའི་གདམས་པ་ཞུས་པས་འབྲོམ་གྱིས་ཁ་བཀག་གོ །དེའི་དུས་སུ་དབང་བསྐུར་གྱི་ཆོ་ག་དང་། སྦྱིན་སྲེག་གི་ཆོ་ག་དང་། ཚོགས་འཁོར་གྱི་ཆོ་ག་དང་། དཔའ་བོའི་སྟོན་མོ་དང་། བྱིས་པའི་སྟོན་མོ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའི་ཐབས་དང་། ཨ་ཝ་དྷཱུ་ཏིའི་སྤྱོད་པའི་ཐབས་དང་། སྨྱོན་པའི་བརྟུལ་ཞུགས་དང་། བུ་སུ་ཀུའི་བརྟུལ་ཞུགས་དང་། རིག་པའི་བརྟུལ་ཞུགས་དང་། མ་ནིང་གི་བརྟུལ་ཞུགས་དང་། གཞན་ཡང་སྔགས་ཀྱི་གདམས་པ་མང་དུ་འབྲོམ་སྟོན་པ་ལ་གནང་ངོ་།།) དེ་ནས་ཁུ་སྟོན་གྱིས་ཀྭ་ཆུར་སྤྱན་དྲངས་ནས་ཁུ་སྟོན་རྔོག་སྟོན་གཉིས་ཀྱིས་ཞུས་ནས་དབུ་མ་རིགས་པའི་ཚོགས་དྲུག་གསུངས། མི་བཅོ་ལྔས་རིམ་པའི་ཆོ་ག་རྒྱས་པར་ཞུས། དེའི་དུས་སུ་ཇོ་བོ་ལ་དགེ་སློང་གཞོན་ནུ་གཉིས་རྟོགས་པ་འབུལ་དུ་བྱུང་སྟེ། དེ་ཙ་ན་ཇོ་བོའི་སྤྱན་སྔ་ན་དགེ་ཚུལ་གླེན་ནེ་བྱ་བ་གཅིག་ལས་མེད་གསུང་། གཅིག་ན་རེ། ཟད་པར་ཆུའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་གསུང་། ཇོ་བོས་འཚལ་ལགས་ཞུས་པས་དང་པོར་ཁོང་རང་གི་སྨིན་མཚམས་ཆུར་སོང་། དེ་ཕར་མཆེད་པས་ངམ་ཤོད་ཙམ་ཆུར་སོང་། ཡང་གཅིག་ན་རེ། ཟད་པར་དཀར་པོའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་གསུང་། ཇོ་བོས་འཚལ་ལགས་ཞུས་པས། ཡང་སྨིན་མཚམས་ནས་ངམ་ཤོད་ཐམས་ཅད་དཀར་ཕྱམས་ཀྱིས་སོང་། དེ་ནས་ཏིང་ངེ་འཛིན་ལས་ལངས་པ་དང་ཡང་སྨིན་མཚམས་སུ་འདུས། ཇོ་བོའི་ཞལ་ནས། ཕ་ལ་ཕ་ལ་ཏིང་ངེ་འཛིན་བཟང་གསུང་། དེ་ནས་ཇོ་བོ་བསམ་ཡས་མཆིམས་ཕུར་བྱོན་ཙ་ན། ཡང་དེ་གཉིས་བྱོན་ནས་ཡང་སྒྱུ་མ་ལྟ་བུའི་ཐང་ཀ་གཟིགས་པར་འཚལ་ལམ་གསུང་། འཚལ་ལགས་ཞུས་པས། ཐང་ཀ་ཕད་ཙེ་ཙམ་ཅིག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་བཅུ་གཉིས་བཀྲ་ལམ་མེ་བ་གཅིག་གཟིགས། ཡང་གཅིག་ན་རེ་སྒྱུ་མ་ལྟ་བུའི་མེ་ལོང་གཟིགས་པར་འཚལ་ལམ་གསུང་། འཚལ་ལགས་ཞུས་པས། མེ་ལོང་གཅིག་བསྟན་པས་དུས་གསུམ་གྱི་དངོས་པོ་ཐམས་ཅད་བཀྲ་ལམ་མེ་བ་གཅིག་གཟིགས་སོ།།
དེ་ནས་གནངས་ནངས་པར་དབུ་རྩེར་སྟོན་མོ་ཆེན་པོ་གཅིག་བྱེད་པ་ལ། དགེ་ཚུལ་དེས་བལྟས་པས་དགེ་སློང་གཉིས་མ་མཐོང་ནས་ཇོ་བོ་ལ་དེ་གཉིས་གར་ཐལ་ཞུས་པས་ཁོང་འདིར་མི་ཡོང་ཁོང་ལ་སའི་ལྷ་མོ་དང་ཤིང་ལྷ་མོ་ལ་སོགས་པས་བཤོས་འདྲེན་པ་ཡིན་གསུང་། ཇོ་བོ་ཉིད་ཀྱང་དབུ་རྩེའི་བྱ་འདབས་ཀྱི་འོག་ན་ཕར་ལ་ནམ་མཁའ་ལ་བསྐོར་བ་མཛད་པ་རྣལ་འབྱོར་པའི་གནས་མོ་བན་དྷེ་མོ་རྒན་མོ་གཅིག་གིས་མཐོང་བས་བན་དྷེ་མོས་རྣལ་འབྱོར་པ་ལ་བཤད། རྣལ་འབྱོར་པས་གསང་ཕུ་བ་ལ་བཤད། གསང་ཕུ་བས་ཇོ་བོ་ཉིད་ལ་བཤད་པས། བན་དྷེ་མོ་དེ་མིག་འཁྲུལ་བ་མིན་ནམ་གསུངས་ནས་ཞལ་གྱིས་བཞེས་སུ་མི་བཏུབ་གསུང་། ཡང་ཇོ་བོའི་ཞལ་ནས། ང་ལ་ལྷ་རྣམས་ཀྱིས་མཆོད་པ་བྱས་པ་མཐོང་ངམ་གསུང་། ཇོ་བོ་བསམ་ཡས་ན་བཞུགས་ཙམ་ན་ཡང་། བོད་དབུས་གཙང་གི་མི་ཐམས་ཅད་འཚོགས་ནས་བསམ་ཡས་དཔེ་དཀར་གླིང་དུ་ཇོ་བོ་ལ་སེམས་བསྐྱེད་ཆེན་མོ་ཞུས་ནས། དེའི་སྲོད་ལ་བོད་སྟོན་རྣམས་ཀྱིས་ཇོ་བོ་ལ་དེ་རིང་ནི་བྱང་ཆུབ་སེམས་དཔའ་མང་པོ་གཅིག་མཛད་ཞུས་པས། ཡང་ཇོ་བོའི་ཞལ་ནས་སྐྱེས་པ་ནི་གཅིག་ཀྱང་མི་འོང་གསུང་། དེ་ཇི་ལྟར་ལགས་ཞུས་པས་དཀོན་མཆོག་གི་མཆོད་པ་མེད་པ་གསུང་། འོ་ན་མི་མཛད་ཐང་ཞུས་པས། མ་བྱས་ན་བོད་རྣམས་ང་ལ་ཁ་ཟེར་དུ་འོང་གསུང་།
དེ་དུས་སུ་བོད་སྟོན་རྣམས་ཀྱིས་སངས་རྒྱས་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་དུ་སོང་ཞུས་པས། སངས་རྒྱས་ཤཱཀྱ་ཐུབ་པ་བྱི་བའི་ལོ་ཟླ་བ་དབྱར་ཟླ་འབྲིང་པོའི་ཉ་ལ་ཡུམ་གྱི་ལྷུམས་སུ་གཤེགས། གླང་གི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་ལུམྦིའི་ཚལ་དུ་སྐུ་བལྟམས་ཏེ། ལོ་སུམ་ཅུ་རྩ་གཅིག་གི་བར་དུ་ཁྱིམ་པའི་ཚུལ་མཛད། དེ་ནས་བྱ་གག་གི་ལོ་ལ་ཐར་པར་གཤེགས་ཏེ། ལོ་དྲུག་གི་བར་དུ་དཀའ་བ་སྤྱད། ཡོས་བུའི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་རྡོ་རྗེའི་གདན་ལ་བཞུགས་ཏེ་མངོན་པར་བྱང་ཆུབ་སྟེ། དེ་ནས་ལོ་སུམ་ཅུ་རྩ་དགུའི་བར་དུ་ཉན་ཐོས་ཀྱི་ཆོས་བཤད། དེ་ནས་ལོ་སུམ་ཅུའི་བར་དུ་པདྨ་དཀར་པོ་ལ་སོགས་པ་ལ་ཐེག་པ་ཆེན་པོའི་ཆོས་བཤད་དོ། །སྤྱིར་ཐར་པར་གཤེགས་ནས་ལོ་སུམ་ཅུ་རྩ་དགུ་ལོན་པ་དང་སྤྲེའུ་ལོ་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ལ་སྐུ་མྱ་ངན་ལས་འདས། དེ་ནས་ད་ལྟ་ཚུན་ཆོད་ལོ་སུམ་སྟོང་བཞི་བརྒྱ་དགུ་བཅུ་རྩ་གཅིག་སོང་འདུག་གསུང་།
དེའི་དུས་སུ་བོད་སྟོན་རྣམས་ཀྱིས་ཉི་ཁྲི་སྣང་བ་གསུང་བའི་ཞུ་འབུལ་བྱས་ནས་ཡོད་པའི་དུས་སུ། དགེ་བཤེས་སྟོན་པའི་ཐུགས་དགོངས་ལ་ཇོ་བོའི་བཞུགས་ས་གཅིག་ཁུ་ལ་བརྟེན་ལ་ཡར་ལུངས་སུ་བྱའམ། ལྷ་བོདྷི་རཱ་ཛ་ལ་བརྟེན་ལ་བསམ་ཡས་སུ་བྱའམ་སྙམ་པས་ཐུགས་རྒྱལ་ཆེ། དགེ་བཤེས་རྔོག་ལ་བརྟེན་ལ་སྐྱིད་ཤོད་དུ་བྱའམ། གུང་སུམ་ལ་བརྟེན་ལ་སྤྲས་སུ་ཅིག་བྱའམ་སྙམ་ལ་ཡུལ་ངན། བང་སྟོན་ལ་བརྟེན་ཏེ་སྙེ་ཐང་དུ་བྱའམ་དགོངས་པས། དེ་རང་ལེགས་པར་དགོངས་ཏེ། བང་སྟོན་ལ་ཁྱོད་ཀྱི་སྙེ་ཐང་དུ་ཡུལ་བཟང་ཞིང་ས་ཡུལ་དྲོ་བས། ཇོ་བོ་ཁྱོད་ཀྱིས་དེར་སྤྱན་འདྲེན་དགོས་ཁྱོད་ཀྱི་ཚོགས་སུ་མཐོང་ཚུགས་གསུངས་པས། བང་སྟོན་གྱིས་ཀྱང་སྟོན་པའི་གསུང་བསྒྲུབས་ཏེ། ཀུན་ཚོགས་པའི་དྲུང་དུ་སྐད་བཏང་ནས་ཨ་ཏི་ཤ་ངའི་ཡིན་པས་སུ་ཡང་མ་གཏོགས་གཅིག །ང་སྤྱན་འདྲེན་པ་ཡིན་ནོ་བྱས་པས། ཁུ་སྟོན་གྱིས་ལྐོག་ཏུ་ཇོ་བོ་བསྒྱུར་ནས། བང་སྟོན་དང་འབྲོམ་སྟོན་འདྲ་བས་ཇོ་བོའི་བདག་བྱས་པས་སེམས་ཅན་གྱི་དོན་མི་འོང་། ཨ་ཏི་ཤའི་བདག་པོ་ངས་བྱས་ན་སེམས་ཅན་ལ་ཕན་ཐོགས་ནས་འོང་བྱས། ཡར་ལུངས་ཡུལ་བཟང་ཞིང་ས་དྲོ། ཆོས་རྒྱལ་མེས་དབོན་གསུམ་གྱི་ཞབས་ཀྱིས་བཅགས་པའི་ས་ཡིན་པས་གཞན་དོན་མ་གི་ནས་མཛད་ན་ཆེ། བཞུགས་ས་དབྱར་ལྷ་སྡིངས་ལ་བྱ། དགུན་ས་ཐང་པོ་ཆེ་ལ་བྱ་ཞེས་ཡང་ཡང་སྙན་དུ་གསོལ་བས། ཇོ་བོ་ལྷོ་བལ་གྱི་མིར་སོང་བས་འགྱུར་ནས་ཡར་ལུངས་སུ་གཤེགས་པར་ཞལ་གྱིས་བཞེས་པ་དང་། ཁུ་སྟོན་གྱིས་སྐད་བཏང་ནས་ཨ་ཏི་ཤ་ངའི་ཡིན་པས་སུ་ཡང་མ་གཏོགས་གཅིག །ཡར་ལུངས་སུ་གདན་འདྲེན་པས་ཉི་ཁྲི་ཉན་པ་ཚོ་ཡང་ཡར་ལུངས་སུ་ཤོག་ཅིག །འདིར་གསུང་ལོང་མི་ཡོང་ངོ་བྱས་པས། འབྲོམ་སྟོན་གྱི་ཐུགས་དགོངས་ལ། ཕེ་ཤ་དོགས་པའི་སྟེང་ཁོ་ནར་སོང་དོགས་ནས་ཐུགས་ནན་ཏར་མ་བདེ་བ་ལ། འོན་ཀྱང་ཐུགས་ཟབ་ལ་དཀྱེལ་ཆེ་བས་མངོན་མཚན་མི་མཛད་དེ། ཁུ་ཡང་ཐུགས་རྒྱལ་ཆེ་བས་ཞབས་ཏོག་མཐོ་བ་མི་ཡོང་། དེ་ཙ་ན་ང་རང་གིས་བདག་བྱར་ཡོང་བ་ཡང་སྲིད་ཀྱིས་སྙམ་ནས། བང་སྟོན་གྱི་ཟླ་ལ་སྙེ་ཐང་དུ་བྱོན། ཇོ་བོ་དཔོན་གཡོག་ཡར་ལུངས་སུ་གཤེགས་སོ།།
དེ་ནས་སོལ་ནག་ཐང་པོ་ཆེར་ཕྱགས་ཕབ་ནས་དེའི་དུས་སུ་ཆོས་མང་དུ་གསུངས་ཏེ། ཉི་ཁྲི་སྣང་བ་དང་། རྒྱུད་བླ་མ་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་དང་། དཔལ་གཤིན་རྗེའི་སྒྲུབ་ཐབས་བསོད་སྙོམས་པ་ཀ་མ་ཏྲི་ཏས་མཛད་པ་དང་། བླ་མ་ཉིད་ཀྱིས་མཛད་པའི་རྟོགས་པ་ཕྱོགས་གཅིག་པའི་སྒྲུབ་ཐབས་དང་། ཡང་བླ་མ་ཉིད་ཀྱིས་བྱས་པའི་འཕྲིན་ལས་བཞིའི་འཁྲུལ་འཁོར་གྱི་ཆོ་གའི་མན་ངག་བླ་མ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ། །དེའི་དུས་སུ་ཁུ་སྟོན་གྱིས་ལྷོ་བལ་གྱི་མི་བྱ་བ་གྲངས་སུ་འཇུག་དགོས་པ་ཡིན་ཟེར་ནས་འདོད་པ་བཞིན་ཁོ་ན་མ་བྱས་ནས། ཇོ་བོ་དཔོན་གཡོག་འོ་བརྒྱལ་རབ་བྱུང་། ཁོ་རང་ལྷ་སྡིངས་སུ་བཞུགས་དུས་མི་ཕྱུགས་ཐམས་ཅད་ཞག་བདུན་ལྟོགས་པར་བཞག་སྐད། དེ་ཙ་ན་སྟོན་པས་བང་སྟོན་ལ་ཁྱོད་ཀྱས་འདིར་ཇོ་བོ་ལ་སྤྱན་དྲོངས་ཁུ་སྟོན་ཐུགས་རྒྱལ་ཆེ་བས་ཇོ་བོའི་ཞབས་ཏོག་མཐོ་བ་ཁ་ན་མི་ཡོང་ཉེན་ཡོད་པས། ངས་ཐབས་ཡག་གིས་ཇོ་བོ་བསམ་ཡས་སུ་སྤྱན་དྲངས་གིས་དེ་ནས་ཁྱོད་ཀྱི་རྟ་པས་བསུ་བ་གྱིས་ཤིག་གསུངས་པས། ཞལ་གྱིས་བཞེས། དེ་ནས་སྟོན་པས་ཇོ་བོའི་སྤྱན་སྔར་འགྲོ་དགོས་ནས་ཡར་ལུངས་ནས་ཡར་བྱོན་པས་ཐང་པོ་ཆེ་བའི་མི་གཅིག་ན་རེ། ཁྱོད་གར་འགྲོ་ཟེར། ང་ཐང་པོ་ཆེར་འགྲོ་གསུངས་པས། (ཁུས་ཇོ་བོ་དང་བོད་སྟོན་རྣམས་ལ་སྣ་ལེན་བྱས་པས་སྐུ་སྐལ་དུ་འབྲོན་རྗེའུ་ཡིན་པས་རྦ་འབེབས་སུ་ར་ཁོག་བཞག་པ་དེ་རྒྱུས་ཡོད་པས།) ཁྱོད་རྨ་འབེབས་པར་འོང་ཟེར་བས་ཇོ་བོ་དང་མཇལ་ན་རྨ་བབས་ན་ཡང་བབས་སྙམ་པ་གཅིག་བྱུང་གསུང་། དེ་ནས་ཉི་མ་མདའ་གང་ཙམ་ན་ཐང་པོ་ཆེར་སླེབས་པས་ཚུབ་ཆུང་ཁྱིལ་ཁྱིལ་བྱས་ནས་ཉམས་བག་མ་དགའ་བ་གཅིག་བྱུང་། ཁུའི་སློབ་མ་ངོ་ཤེས་པའི་བན་དྷེ་གཅིག་ལ་ཇོ་བོའི་གཟིམས་ཁང་གང་ན་ཡོད་དྲིས་པས། ཇོ་བོའི་གཟིམས་ཁང་ཁྱོད་ལ་མ་བསྟན་ཅིག་ཟེར་ནས་སྟོན་དུ་མ་བཏུབ་པ་ལ། ཇོ་བོའི་སློབ་མ་ཨ་ཙ་ར་གཅིག་གིས་ངོ་ཤེས་ནས་དགའ་ནས་ཨ་ཙ་ར་མཉེས་བྱས་ནས་ནང་དུ་ཁྲིད་ནས་ཇོ་བོ་དང་མཇལ་བ་དང་། ཟླ་བ་གཅིག་ལས་མ་ལོན་པ་ལ་ལོ་གཅིག་ལོན་པ་ཙམ་དུ་འོ་ཤིན་ཏུ་བརྒྱལ་བར་བྱས་ནས་གདའ་སྐད།
དེ་ནས་ཇོ་བོའི་ཞལ་ནས་ཨུ་པ་སི་ཀ་ཆེན་པོ་ང་རང་དང་པོ་གང་ནས་ཡོང་བའི་སར་སྐྱོལ། བཀའ་འཁོར་འདི་ཀུན་ཡང་འོ་བརྒྱལ། རྟ་ཁལ་འདི་ཀུན་ཡང་མ་རྒན་ཡིན། ཁུ་སྟོན་འཁོར་ལོས་བསྒྱུར་བའི་རཱ་ཛ་ལྟ་བུ། ཁུ་སྟོན་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་དང་ལྡན་པ་ལྟ་བུ། ཁོ་བོ་ནི་པྲེ་ཏ་པུ་རིའི་གྲོང་ཁྱེར་ན་མཆིས་པ་ལྟ་བུ་གསུངས་ནས་སྤྱན་ཆབ་ཤོར། སྟོན་པ་ལ་ཡང་བྱོན་ཏེ། ཇོ་བོའི་བཞུགས་ས་སྙེ་ཐང་སྐད་པ་ནགས་ཚལ་དང་ནེའུ་གསིང་ཡོད་པ། དགུན་ཡང་མེ་ཏོག་སྐྱེ་བ་ཞིག་བཙལ་བདོག་ཞུས་པས། དེ་ལ་དགྱེས་ནས་ཨུ་པ་སི་ཀ་ད་ལྟ་རང་གཤེགས་གསུང་། དེ་མི་བཏུབ་ཞུ་ཡང་དབང་ཆེ་བས་ཁད་ལས་ཐབས་ཡག་བྱེད་དགོས་ཞུས་པས། ཇོ་བོའི་ཞལ་ནས་ཁུ་སྟོན་གྱིས་མི་ཚོར་བའི་ཐབས་ཁོ་བོ་རང་གིས་བགྱིད་པས་ད་ལྟ་རང་གཤེགས་གསུང་། དཔོན་གཡོག་རྣམས་དེའི་ནུབ་མོ་བསྡོགས་བྱས་ནས་ནངས་པར་ནམ་ལངས་པ་དང་ལམ་དུ་ཚུད་པར་བྱས་ནས་གཤེགས་པ་དང་། ཐང་པོ་ཆེའི་བན་དྷེ་གཅིག་གིས་བྱ་གཏོང་དུ་ཕྱིན་པས། སྔོན་ཆད་དྲོ་ལམ་ལས་མེད་པ་ལ་མགྱོགས་པར་ཕྱིན་ཀྱང་སླེབས་དུས་མ་བྱུང་། སླེབས་པ་དང་ཁུ་སྟོན་སྔོན་ཆད་སྐྱོ་སངས་བྱེད་ཀྱིན་ཕྱིར་བཞུགས་པ་ལ། དེ་ཉིན་ཁོ་བོ་ཤིན་ཏུ་བྲེལ་བ་གཅིག་བདོག་ཟེར་ནས་སྒོ་འབྱེད་དུ་མ་ཉན། བང་ཆེན་ན་རེ། སྒོ་བསྡོམས་ལ་སྡོད་ཇོ་བོ་འབྲོམ་སྟོན་གྱིས་རྐུས་ནས་སོང་བྱས་པས། ཁུ་སྟོན་སྔངས་ནས། ཆིབས་བྱེ་ནག་བྱ་བ་སྔོན་ཆད་ཁུ་སྟོན་གྱི་སྐད་ཐོས་པ་དང་རྩར་སྒོར་གྱིས་འཁོར་བ་ལ། དེའི་ཉིན་པར་ཕྲ་ཤགས་བྱས་ནས་མ་ཟིན། དེ་ནས་ཟིན་པ་དང་དཔོན་གཡོག་རྟ་པ་མང་དུ་སྙེགས་མ་ལ་བྱོན་ཏེ། ཁུ་ན་རེ། འབྲོམ་སྟོན་ཟེར་བ་འདི་གར་ཟིན་དུ་རྒྱོབ་ཅིག་རྡུངས་ཤིག་ཟེར། ཇོ་བོ་དཔོན་གཡོག་རྣམས་ཀྱིས་འོན་གྱི་གྲུ་ཚུགས་ལ་བྱོན། དགེ་བཤེས་སྟོན་པ་ན་རེ་ངས་སྔོན་ལ་སྒྲོལ་ཅིག་ད་ལྟ་རང་བརྡུང་རྟགས་ཐམས་ཅད་ང་ལ་ཡོང་ཟེར་ནས་བསྒྲལ། ཇོ་བོ་དཔོན་གཡོག་གིས་དྲེ་ཁལ་བུང་བུ་ལ་དབྱུག་པ་ཟངས་སྐད་ཐོན་པ་བརྒྱབ་ཀྱིས་བྲོས། དེ་ནས་གྲུ་ལ་ཟིན་ནས་གྲུ་རྒྱངས་ཀྱིས་བཏང་བ་དང་། ཁུ་སྟོན་དཔོན་གཡོག་བྱེ་སྟོངས་ན་མར་ཚུབ་མ་རིང་ངེ་བྱུང་སྟེ། སྔོན་ལ་ཁོ་རང་ཆིབས་བཟང་བས་སླེབས་ནས་བྱུང་། འཁོར་རྣམས་ལ་གསུང་མི་གཏོང་བར་ཨ་ཏི་ཤ་དེར་བཞུགས། ང་ལ་ཐུགས་ལ་མི་འདོགས་སམ་ཟེར་བ་ལ། ཇོ་བོའི་ཞལ་ནས། ང་ལ་ཡང་ཐུགས་ལ་མི་འདོགས་སམ་གསུངས་ནས། བོད་ཀྱི་མཁས་པ་ཆེན་པོ་བྱོན། ཕྱིར་ལོག་གསུངས་ནས་བག་ཙམ་ལོག་པ་དང་། ཡ་ཤར་རྔམས་དྲགས་པས་རྟ་ཚུར་མཆོངས་ནས་ཁུ་སྟོན་ཆུ་ནང་དུ་དེ་ཤི་སྐད། ཇོ་བོ་ལ་ཨ་ཏི་ཤ་ཁྱོད་ལྷོ་བལ་གྱི་མི་ཨག་ངན། ང་ལ་གྲོགས་མི་བྱེད་པར་ཟེར། རྣལ་འབྱོར་པས་ཀྱང་མགྲོན་པོས་ཀྱང་མགྲོན་པོར་ཤེས་པར་མཛོད་ཟེར། གསང་ཕུ་བའི་ཞལ་ནས་ང་ནི་མ་གཏོགས་སོ་ཟེར། རྣལ་འབྱོར་པ་ན་རེ། དེ་ལས་ཡི་མུག་པ་མ་བྱུང་། མ་མཐའ་ཡང་ཁ་རོག་མི་སྡོད་པ་ཟེར།
དེ་ནས་ཁུ་སྟོན་གྱིས་ཟློག་པའི་ཞུ་བ་ཕུལ་བས། ཇོ་བོའི་ཞལ་ནས། མཁས་པ་ཆེན་པོ་དེ་སྐད་མི་གསུང་བར་ཞུ་བ་ཕར་ཕུལ་བས། འོ་ན་མཆོད་གནས་ཤིག་ཞུ་ཟེར་བས་དབུ་ཞྭ་རྒྱངས་ཀྱིས་བསྐྱུར་ནས་གནང་། དེ་ནས་ཁུ་སྟོན་གྱིས་འཁོར་རྣམས་བྱེ་སྟོངས་ན་ཡར་སྡོད་བྱུང་བ་དང་ཁུ་སྟོན་རང་གིས་ལོག་ནས་སོང་། རྣལ་འབྱོར་པས་ཇོ་བོ་ལ་གྲུ་གླ་ཅི་བྱིན་བྱས་པས་ཇོ་བོ་ཕྱག་རྒྱ་གཅིག་མཛད། དེ་གོ་ནས་ཀ་ར་བམ་སོ་ལྔ་བྱིན་པས། ཇོ་བོ་དགྱེས་ནས་ངས་རྐང་མགྱོགས་བསྒྲུབས་ནས་འཛམ་བུའི་གླིང་དུ་ལན་གསུམ་བཙལ་ཡང་འཁོར་ཁྱོད་འདྲ་བ་མི་རྙེད་གསུང་། དེའི་དགོང་མོ་སྟོན་པས་དཔོན་གཡོག་གིས་འོན་དུ་སྡོད་མ་ནུས་ནས་ཡར་བྱོན་པས་ཀྭ་ཆུར་སླེབས། ཇོ་བོ་དཔོན་གཡོག་འོན་གྱི་ཁྲ་སྣ་ཀེ་རུ་སྐད་པར་བཞག་གོ །དེར་མོ་རེང་རྒན་མོ་གཅིག་གིས་ནས་ས་ཅིག་རྡུལ་ཅིག་མེད་པ་ཁལ་བཅོ་ལྔ་ཕུལ་ནས་ཟླ་བ་གཅིག་ཆོས་མཛད་དེ། དེའི་ཆོས་ཀྱི་སྲོལ་གཅིག་དེ་རིང་བར་དུ་གདའ་སྐད། (དེར་བཞུགས་ཙ་ན་རྒན་རྒོན་གཉིས་ཀྱིས་ཇོ་བོ་ལ་ར་གཅིག་ཕུལ་བས་མི་རྣམས་ཀྱིས་འཕྱས་པས། འོན་ལུང་པས་ར་རེ་རེ་ཕུལ་ན་ཇོ་བོ་ཨོ་ལོ་མི་སྙུང་ཅིག་ཟེར་སྐད།) དེ་ནས་ཡང་ཆོས་འཁོར་བསམ་ཡས་སུ་ཕྱགས་ཕབ་ནས་རྒྱ་དཔེ་གཟིགས་ཤིང་སྐོར་བ་མཛད་པས་དུས་སུ་མ་ཐོན། ཇོ་བོའི་ཞལ་ནས། རྒྱ་གར་དུ་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་ཕལ་ཆེར་བཞེངས་ནས་རྒྱ་གར་དུ་བསྐུར། ཡང་བཞུད་པར་ཞུ་བ་ཕུལ་བས་རྟེན་འདི་ན་བཟང་གསུངས་ནས་བཞུད་དུ་མ་གནང་།
དེའི་དུས་ན་ཇོ་བོའི་ཞལ་ནས། བོད་ཀྱི་རཱ་ཛ་བོ་དྷི་ས་ཏྭ་གསུང་གིན་ཡང་རྗེས་སུ་ཡི་རང་བར་མཛད། (ཇོ་བོ་མ་བྱོན་གོང་དུ་རྒྱལ་སྲིད་ཉམས་དམས་པས། གཡོར་བསྟོད་དུ་རྩད་པོ་གཅིག་གིས་ཆང་བཙོང་། སྐྱི་ཤོད་དུ་གཅིག་གིས་ཉ་བཤོར། མར་གྲོར་རྩད་པོ་གཅིག་གིས་ར་འཚོས་པས་ཇོ་བོ་མ་མཉེས་ནས། བོད་འདི་ན་རབ་བྱུང་རཱ་ཛ་སྤྱོད་པ་བྱེད། རཱ་ཛ་འབངས་ཐ་མལ་པའི་སྤྱོད་པ་བྱེད་པ་ཡེ་མི་རུང་གསུང་ངོ་།།) ཕྱག་ལེན་ལ་བོད་ཀྱི་རྒྱལ་པོ་ཡིན་ཟེར་ཚད་ལ་ནན་ཏར་གུས་པར་མཛད་པས། རྒྱལ་པོའི་མངའ་ཐང་ལ་ཡང་ཤིན་ཏུ་ཕན་པ་བྱུང་སྟེ། བོད་འབངས་རྣམས་ན་རེ། ཇོ་བོ་ཙམ་པ་ཡང་གུས་པར་མཛད་ན་ངེད་འབངས་རྣམས་ཅིའི་ཕྱིར་མི་བྱེད་ཟེར་ནས་ནན་ཏར་གུས་པར་བྱུང་སྐད། དེའི་དུས་ན་ལྷ་བཙུན་བོ་དྷི་རཱ་ཛ་ཆེ་བ་དེ་ལྷ་བཙུན་པས་ཀྱང་ཁོང་རང་ཆེ་གསུངས་པ་ཅིག་རེ་ནས་ཇོ་བོ་ལ་ལྷ་བཙུན་པས་ཕྱག་མཛད་ཙ་ན་མི་བཞེངས། ཁོ་བོས་ཕྱག་བྱས་ཙ་ན་སྐུ་ལུས་རྡོ་རྗེ་སྐྱིལ་ཀྲུང་མཛད་ཀྱང་བཞེངས་པ་ཇི་ལྟར་ལགས་ཞུས་པས། ལྷ་བཙུན་པ་ངའི་སློབ་མ་ཡིན། ཁྱོད་བོད་ཀྱི་རཱ་ཛ་ཡིན་གསུང་། འོ་ན་ཁོ་བོ་སློབ་མ་མ་ལགས་སམ་ཞུས་པས། ཇོ་བོ་བསམ་མེ་མཛད་ནས་ལགས་ལགས་བཟོད་པ་མཛོད་བཟོད་པ་མཛོད་གསུང་། དེའི་དུས་ན་ལྷ་བོ་དྷི་རཱ་ཛ་ཇོ་མོ་མཆིམས་མོ་བྱ་བ་ལ་བསླབ་པ་འཆལ་ནས་ཇོ་བོའི་གཟི་བརྗིད་མ་བཟོད་ནས། ཁོ་བོ་ནོངས་པས་ཇོ་བོ་བཞུགས་པར་ཞུ་མ་ཕུལ་བའི་སྟེང་དུ། ཇོ་མོ་དེས་བྱིས་པ་རྣམས་ལ་རྔན་པ་བྱིན་ནས་བྱིས་པ་ཚན་ཅིག་ལ། ལོ་ཙཱ་བས་ཀྱང་ལོ་མ་ཙཱ། །པཎྜི་ཏས་ཀྱང་ཆོས་མ་བཤད། །ཨ་ཏི་ཤ་ལ་བཞུད་དུས་མེད། །ཟེར་བ་བསླབས། བྱིས་པ་ཚན་པ་གཅིག་ལ། རྒྱལ་པོ་སའི་སིང་ག་ལ། །མགུ་བའི་དུས་ཀྱང་མི་གདའ་ན། །ཇོ་བོ་རྗེའི་ལྷ་གཅིག་ལ། །བཞུད་པའི་དུས་ཀྱང་མི་གདའ་ན། །ལྷ་བཙུན་བོ་དྷི་རཱ་ཛ་ལ། །འབངས་པའི་དུས་ཀྱང་མི་གདའ་ན། །བྱ་བ་བསླབས་པས་ཇོ་བོ་སྐྱོ་བསངས་མཛད་པའི་དུས་སུ་བྱིས་པ་རྣམས་ཀྱིས་དེ་སྐད་བྱས་པས། ཇོ་བོས་གསན་ནས། ཇོ་བོའི་ཞལ་ནས། གང་ན་འཐབ་ཅིང་རྩོད་པ་ཡོད་པ་བས། །དཔག་ཚད་བརྒྱའི་ཕ་རོལ་འགྲོ་བར་བྱ། །ཞེས་བྱ་བ་ཡིན་པས་ད་ལྟ་གཤེགས་གསུངས་ནས་བཞུད་པར་ཐག་རྦད་ཀྱིས་བཅད། ཨུ་པ་སི་ཀ་ད་ལྟ་རང་གཤེགས་གསུང་ནས། དེའི་དུས་སུ་ཞང་འཕྲང་ཀ་བེར་ཆུང་གིས། དགེ་བཤེས་སྟོན་པ་སྤྱན་འདྲེན་པའི་མི་གཉིས་བཏང་བྱུང་བས་ཡང་ཡང་བསྐུལ་བས། དགེ་བཤེས་སྟོན་པའི་ཞལ་ནས། ང་དེ་ལ་ཡོང་མི་ཁོམ། ཇོ་བོ་སྐུ་ན་མཐོ་ལ་སྐུ་གཅོང་མངའ་བས་ཞབས་ཏོག་གལ་ཆེ། དེའི་བར་དུ་ཐུགས་མི་ཆད་པར་ཆོས་འདི་ཚོ་ལ་དགོངས་པར་ཞུ་གསུངས་ནས་འཕྲིན་བསྐུར་བ། ཡབ་མེས་ཆོ་རིས་བཟང་པོའི་རྗེས་འབྲངས་ནས། །དགེ་བའི་བློ་མངའ་དལ་འབྱོར་ལྡན་རྣམས་ལ། །སྨན་པར་དགོངས་པའི་སེམས་ཀྱིས་ཀུན་བསླངས་ནས། །བདུད་རྩི་ལྟ་བུའི་གྲོས་ཤིག་ཡོངས་ལ་འདེབས། །ཞེས་བྱ་བ་ནས། མཐོ་དམན་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འགྲོ་མགོན་སངས་རྒྱས་དེ་དང་འཕྲད་པར་མཛོད། །ཅེས་བྱ་བའི་བར་དུ་ཚིགས་བཅད་བཅོ་བརྒྱད། གང་གི་དྲིན་གྱིས་བདག་བློ་རྒྱས་མཛད་པའི། །ཞེས་པ་ནས། དེས་ན་དམ་པ་རྣམས་ཀྱི་རྗེས་སུ་བསླབ། །ཅེས་པའི་བར་ཚིགས་སུ་བཅད་པ་བཅོ་བརྒྱད་པོ་དེ་འཕྲིན་དུ་བསྐུར།
ཁོ་འགྱས་ཀྱིས་དོགས་ནས་ཐུགས་དམ་འཇམ་པའི་རྡོ་རྗེ་ཡང་དེའི་དུས་སུ་བསྐུར་ནས། ང་ཇོ་བོ་དང་ཤི་བྲལ་བྱེད། དེ་ནས་ཚེ་ལ་བར་དུ་གཅོད་པ་མ་བྱུང་ན་ཁྱོད་ཀྱི་མཆོད་གནས་ངས་བྱེད་པ་ཡིན་གྱིས་བྱ་བའི་འཕྲིན་ཡིག་བསྐུར་ནས། བང་སྟོན་གྱི་བསུ་མ་རེ་ཞིང་ཞག་འགའ་འཐོགས། རྒྱལ་པོ་སའི་སིང་ག་བྱ་བ་དེས་ཀྱང་དུས་རྟག་ཏུ་ཇོ་བོ་གཙེར་ནས་རེས་ངའི་ཚོ་དམའ་ཕབ་བོ་བྱུང་ཟེར། རེས་རྒྱ་གར་དུ་འདེང་ཟེར། བཀའ་འཁོར་ཕལ་ཆེར་དང་ཡང་འཐབས་པས། ཇོ་བོས་རྒྱལ་པོ་སིང་ག་ལ་དྲག་པོ་བཀྱོན་ནོ། །དེ་ནས་ཡང་ཇོ་བོའི་ཞལ་ནས། བྱང་ཆུབ་སེམས་ནི་རིན་པོ་ཆེ། །གང་གི་ཐུགས་ལ་གནས་གྱུར་པ། །དེ་ཡི་སྐུ་ལ་ཕྱག་འཚལ་ལོ། །དེ་བས་བསོད་ནམས་དཔག་མེད་འབྱུང་། །འགྱུར་ལེགས་པར་གདའ་འམ་གསུང་། ཡང་དགེ་བཤེས་ལོ་ཙཱ་བ་དང་གཅིག་འགྱུར་ཆུང་ཅིག་མཛད་པ་ལ། ལོ་ཙཱ་བ་སྣག་ཚ་བོ་བས། ཇོ་བོས་ལོ་ཙཱ་བ་སྒོར་བཏོན་པས། ལོ་ཙཱ་བའི་ཞལ་ནས། ན་ནིང་ཡང་མངའ་རིས་སུ་ང་སྒོར་བཏོན་བྱས་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་ངན་པར་ཐལ། ཁྱོད་ལ་འཁོན་དུ་འཛིན་པ་འདུག་པ་གསུང་། ང་ལ་ཁྲོ་བ་ཡོད་དེ་འཁོན་དུ་འཛིན་པ་མེད་གསུང་། དུས་དེ་ཙ་ན་ཡང་བོད་ཀྱི་མི་ཕལ་ཆེར་འཚོགས་པས་རབ་ཏུ་བྱུང་བ་རྣམས་ཚུལ་ཁྲིམས་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད་ནས་ཆོས་ཐམས་ཅད་ལག་ལེན་ལ་གདབ་ཏུ་རུང་བར་མཛད་ནས་བོད་ལ་ཕན་ཟངས་ཀྱིས་བཏགས།
དེ་ནས་བང་སྟོན་གྱིས་རྟ་པ་ཉིས་བརྒྱ་བསམ་ཡས་སུ་ཇོ་བོ་བསུ་བར་བྱོན། དེ་ལ་ཇོ་བོ་དཔོན་གཡོག་དགྱེས་ནས་དེ་འགྲོག་ལ་གཤེགས་པའི་གྲབས་མཛད་ནས། བསམ་ཡས་ཕུའི་ལ་ལ་བྱོན། དེའི་དུས་སུ་ཇོ་བོ་ལ་དྲེལ་ཁལ་མང་པོ་དང་གཞན་ཡང་རྟ་ཕྱུགས་མང་དུ་ཡོད་པས་དེ་རྣམས་ལམ་པོ་ཆེ་ལ་དེད་པས། ཇོ་བོ་ལ་འདོད་པ་ཆེ་བར་གྲགས། བཀའ་འཁོར་ཀུན་གྱིས་ཕྱུགས་འདི་ཙམ་པ་མི་འཚོང་བར་བྱས་པས། ཁྱེད་རྣམས་ལ་གཉེར་མེད། ཕ་རྒན་མ་རྒན་ཡང་འཚོང་ངམ་གསུང་། དེ་ནས་བསམ་ཡས་ལ་བར་དུ་བཞུགས་པས། ཇོ་བོའི་ཞལ་ནས། རྒྱུགས་རྒྱུགས་རྟ་རྒན་སྙིང་རྗེ་གསུང་། དེ་ནས་བལྟར་ཕྱིན་པ་དང་ལ་རྒྱབ་ན་རྟ་རྒན་གཅིག་གི་ལག་པ་རྫ་བར་ན་ཚུད་འདུག་པ་ཇོ་བོའི་མངོན་པར་ཤེས་པས་མཁྱེན་ནོ། །ལོ་ཙཱ་བ་བསམ་ཡས་ནས་སྤྱང་ཚིགས་ཐང་དུ་བྱོན་པ་ཡིན། དེ་ནས་ལྷ་སར་བྱོན་པ་ཡིན་གསུང་། དེ་ནས་སྲིའི་རྒྱ་ཕིབས་སུ་ཟླ་བ་ཕྱེད་བཞུགས། དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་ས་འཕྲུལ་སྣང་དུ་སྤྱན་དྲངས་བསུ་བ་བྱས་པའི་དུས་སུ། ཇོ་བོ་ཐུགས་རྗེ་ཆེན་པོས་ཀྱང་བསུ་བ་བྱས་ཏེ་མི་རེང་སྐྱ་བོ་གཅིག་བྱུང་ནས་མ་ཧཱ་པཎྜི་ཏ་བྱོན་པ་ལེགས་སོ་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག་གསུང་གིན་བྱོན་པས། ཇོ་བོ་ཆིབས་པ་ལས་རྟབ་རྟབ་ཏུ་བབས་ནས་བྱོན་པས། དེ་ལྟར་མཛད་པ་ཇི་ལྟར་ལགས་ཞུས་པས། ཁྱེད་ཀྱིས་མི་རེང་སྐྱ་བོ་དེ་མཐོང་ངམ་གསུང་། དེ་འཁུམས་ལགས་ཞུས་པས། དེ་ངའི་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན་ཏེ་ཕྱག་བྱ་འདོད་པས་མ་ཟིན་གསུང་།
དེ་ནས་ར་ས་འཕྲུལ་སྣང་གི་ཐུགས་རྗེ་ཆེན་པོ་རང་བྱུང་དེ་ལ་གཟིགས་ནས་འདི་ལས་ངོ་མཚར་ཆེ་བ་མེད། ཐུགས་རྗེ་ཆེན་པོ་དངོས་ཡིན་གསུངས་ནས་མཆོད་པ་རྒྱ་ཆེན་པོ་མཛད། དེ་ནས་ཇོ་བོ་ཤཱཀྱ་གཟིགས་ནས་སྤྲུལ་པའི་སྐུ་དངོས་ཡིན་གསུང་། དེ་ནས་རྒྱ་གར་གྱི་ལྷ་བཟོ་མཁས་པ་གཅིག་ལ་འདི་ཁོ་ན་འདྲ་བ་གཅིག་བཞེངས་ཤིང་གསུངས་ནས། རས་གཞི་གཅིག་ལ་ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ་པ་བཞེངས་པས། ཇོ་བོ་མི་འདྲ་གསུངས་ནས་བཤིག་ནས་བྲིས། ཡང་མི་འདྲ་གསུངས་ནས་བཤིག་ནས་བྲིས། ཡང་ཇོ་བོ་དང་བསྡུར་བས་མི་འདྲ་གསུང་། ལན་བདུན་བཤིག་པའི་ཐ་མ་ལ་འདྲ་གསུངས་ནས་ཐུགས་དམ་དུ་བཞེངས། དེ་རྒྱ་གར་དུ་བསྐུར་བར་བཞེད་པ་ལ་མ་སྐྱོལ་བས་ད་ལྟ་སྙེ་ཐང་ན་བཞུགས་གསུང་། ཇོ་བོའི་གཟིམས་ཆུང་དགའ་བ་འོད་འཕྲོ་བྱ་བའི་གླིང་ཆུང་ཞིག་ཏུ་བཞུགས། དེ་འབྲིང་ཚོས་བཤིག་ནས། ད་ལྟ་དཀར་ཆུང་གི་སྐྱ་ཁང་ཆུང་ཆུང་དེ་ཡིན་གསུང་། དེའི་དུས་སུ་ཡང་བོད་དབུས་གཙང་གི་མི་ཐམས་ཅད་འཚོགས་ནས་ཆོས་མང་དུ་ཞུས། ཐེ་ཚོམ་གྱི་དྲ་བ་མ་ལུས་པར་བཅད། རྔོག་གིས་དབུ་མཛད་ནས་བོད་སྟོན་ཁག་གཅིག་གིས་རིམ་པའི་ཆོ་ག་རྒྱས་པར་ཞུས་སོ།།
དེ་ནས་རྗེ་བཙུན་མ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་དང་། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ལ་སོགས་པ་ཀྲི་ཡའི་སྒྲུབ་ཐབས་མང་དུ་བསྒྱུར། ཡང་རྔོག་གིས་ཞུ་སྣ་མཛད་ནས་དབུ་མའི་ཆོས་ཞུས་པས་དབུ་མ་རྟོག་གེ་འབར་བ་གསུངས། དེའི་མན་ངག་ཆེ་ཆུང་གཉིས་བླ་མ་ཉིད་ཀྱིས་མཛད་ནས་དགེ་བཤེས་རྣལ་འབྱོར་པ་ལ་གཟིགས་སུ་ཕུལ་བས། ངེད་ལ་ལྐོག་ཏུ་ཇི་ལྟར་ཁྲིད་པ་བཞིན་དུ་བྲིས་ནས་འདུག་ཅུང་ཟབ་དྲགས་གསུང་། དེ་ལོ་ཙཱ་བས་བསྒྱུར་ནས་དེའི་གཤམ་ན། ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ། །ཤཱཀྱའི་དགེ་སློང་རྔོག་བཙུན་ལེགས་ཤེ་ཡིས། །གསོལ་བཏབ་ནས་ཡི་གེར་བཀོད་པ་ཡིན། །བྱ་བ་དེ་ཇོ་བོའི་གསུང་ཡིན། མཚན་ནི་མར་མེ་མཛད་ཅེས་གྲགས་པ་ཡི། །མཁས་པ་ཆེན་པོ་འདིའི་གཞུང་ལུགས་སུ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས། །ནག་ཚོ་ཚུལ་ཁྲིམས་རྒྱལ་བ་སྨྲ། །བྱ་བ་ཡོད་པ་དེ་ལོ་ཙཱ་བའི་གསུང་ཡིན་གསུང་། ཕ་རོལ་ཏུ་ཕྱིན་པ་ཞུས་པས། སློབ་དཔོན་ལེགས་ལྡན་རྣམ་སྣང་མཛད་པའི་པིན་དྷ་ར་ཐ་གསུངས་ནས་ལོ་ཙཱ་བས་བསྒྱུར་རོ།།
འདུལ་བ་ཞུས་པས། དགེ་སློང་དང་པོའི་ལོ་དྲི་བ་དང་། དགེ་ཚུལ་དང་པོའི་ལོ་དྲི་བ་གཉིས་བསྒྱུར། དེའི་དུ་སུ་དགེ་བཤེས་རྣལ་འབྱོར་པས་ཞུ་བ་ཕུལ་ནས་ངེད་ཀྱི་སྡོམ་པ་འདི་ལ་ཕྱི་བཤགས་བདོག་གམ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་རང་གི་སྡེ་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་དྷེ་བ་ཤནྟི་པ་བྱ་བ་གཅིག་གིས་མཛད་པའི་བཤགས་པ་ཡོད་ཀྱི་གསུངས་ནས་ལྟུང་བའི་བཤགས་པ་བསྒྱུར། འདིས་མ་ལུས་པར་འདག་གམ་ཞུས་པས། ལྟུང་བའི་རིགས་རྣམས་ངོས་ཟིན་ན་སོ་སོ་ནས་འདུལ་བ་ནས་འབྱུང་བ་བཞིན་བཤགས་དགོས། མི་ཤེས་པར་བྱས་པ་དང་། རྗེད་ངས་པ་ལ་སོགས་པའི་བྱས་པའི་ལྟུང་བའི་རིགས་རྣམས་འདིས་འདག་གསུང་། ཇོ་བོའི་ཞལ་ནས། ངས་ཕལ་ཆེན་པའི་སྡེ་པ་ཞིག་གཟུགས་གསུངས་པ་ལ། དགེ་བཤེས་སྟོན་པས་བླ་མ་དེ་མི་མཛད་པར་ཞུ། བོད་དུ་དེ་མི་ལེགས་ཞུས་པས། ཇོ་བོའི་ཞལ་ནས། གསང་སྔགས་ཀྱི་གདམས་པ་དང་དོ་ཧའི་འགྱུར་ལ་སོགས་པ་ཡང་བཤད་དབང་མེད། སྡེ་པ་ཡང་གཟུགས་དབང་མེད། ཁོ་བོ་བོད་དུ་ཡོང་བ་དོན་མ་མཆིས་གསུང་། དེའི་དུས་སུ་ཆང་གི་ཉེས་པ་སུམ་ཅུ་རྩ་བཞི་ལ་སོགས་པའི་ཆང་གི་ཉེས་དམིགས་མང་པོ་གསུངས།
ཇོ་བོ་ལྷ་ས་ན་བཞུགས་ཙ་ན་ཡ་མཚན་ཅན་གྱི་རྟགས་མང་པོ་གཟིགས། རང་བཞིན་གྱི་རྣལ་འབྱོར་མ་མང་པོ་དང་ཡང་མཇལ། དགྲ་བཅོམ་པ་ཅིས་ཀྱང་བཞུགས་འདུག །བོད་ན་དུར་ཁྲོད་ཀྱི་གནས་ཤིག་བཤད་པ་དེ་འདི་ཡིན་པར་འདུག་གསུངས་ནས་བརྒྱད་པོ་བརྒྱད་ཀྱི་བཤད་པ་མཛད། ཁྱད་པར་དུ་གསང་སྔགས་གྲུབ་པའི་གནས་མཆོག་ཏུ་གྱུར་པ་ཡིན་གསུང་། ཇོ་བོའི་ཐུགས་ཚིམ་པ་མེད་པར་འཕྲུལ་སྣང་དུ་སྐོར་བ་དང་བསྒྲུབ་པ་མཛད་པ་ལ། ནངས་གཅིག་དགེ་བཤེས་གསང་ཕུ་བས་སྔར་བསམ་ཡས་སུ་ཇོ་བོ་ནམ་མཁའ་ལ་སྐོར་བ་མཛད་དམ་ཟེར་བ་དེ་ཐུགས་ལ་བཞག་ནས་ཇོ་བོ་སྐོར་བ་མཛད་པ་ལ་གཟིགས་པས་ནམ་མཁའ་ཁོ་ན་ལ་སྐོར་བ་མཛད་ཀྱིན་འདུག་པ་དང་། དགེ་བཤེས་རྣལ་འབྱོར་པས་ཇོ་བོ་ལ་བསམ་ཡས་ཀྱི་བན་དྷེ་མོ་དེ་སྣང་བ་དག་པར་གདའ། ཇོ་བོ་ནམ་མཁའ་ལ་སྐོར་བ་མཛད་ཀྱིན་གདའ་བ་ཞུས་པས། ཁོ་བོ་ལ་རྒྱ་གར་ན་ཡང་དེ་ལྟར་གྲགས་གསུང་ངོ་།།
དེའི་དུས་སུ་དགེ་བཤེས་སྟོན་པས་དབུ་མཛད་བོད་སྟོན་རྣམས་ཀྱིས་སྐོར་བའི་གདམས་པ་ཞུས་པས། ཇོ་བོའི་ཞལ་ནས། འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་སྐོར་བ་ལས་བསོད་ནམས་ཆེ་བ་མེད་གསུངས། ལུས་ཀྱི་ལས་ཀྱང་སྐོར་བ། ངག་གི་ལས་ཀྱང་སྐོར་བ། ཡིད་ཀྱི་ལས་ཀྱང་སྐོར་བ་ཡིན། རྒྱ་གར་ན་གྲོང་ཁྱེར་ཆེན་པོ་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང་། གཙུག་ལག་ཁང་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང་། ཁར་ས་པ་ཎིའི་ལྷ་ཁང་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་ཅིང་རྐང་འབམ་གྱི་ནད་སོས་པ་ལ་སོགས་པའི་གཏམ་རྒྱུད་མང་དུ་གསུངས་ནས། སྐོར་བའི་གདམས་པ་རིགས་མང་དུ་གསུངས་སོ།།
བོ་དྷི་ས་ཏྭ་དེས་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤིག་ཡོང་ཐང་པ་ལ་སྙམ་པའི་ཐུགས་དགོངས་འཁྲུངས་པ་ལ། སྤྲང་མོ་བ་སྨྱོན་མ་བྱ་བ་ལྟོ་བ་བལ་ཐགས་ལ་རེ་བ། རེས་འགའ་འདོད་པ་ཆེ་ཆེ་བཞིན་དུ་བྱེད། རེས་འགའ་སུ་འདོད་འདོད་ལ་སྟེར་བ་དུག་པོ་ཧྲུལ་པོ་གོན་པ་གཅིག་ཡོད་པ་ན་རེ། ཇོ་བོ་ལ་ལྐོག་ཕ་གིར་གཤེགས་འཚལ་གསུང་། དེར་ཕྱིན་པས་རཱ་ཛ་བོ་དྷི་ས་ཏྭ་དེས་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤིག་འཚལ་ལམ་གསུང་། དེ་རང་བཞིན་གྱི་རྣལ་འབྱོར་མར་ཤེས་ནས་ཡིད་ཀྱིས་ཕྱག་དང་འཚལ་ལམ་གསུང་། དེ་རང་བཞིན་གྱི་རྣལ་འབྱོར་མར་ཤེས་ནས་ཡིད་ཀྱིས་ཕྱག་དང་མཆོད་པ་བྱས་ནས། དེ་ཅི་ནས་ཀྱང་འཚལ་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་གསུམ་གཞལ་བའི་ས་ན་ཡོད། དེ་གཞན་ལ་མ་སྨྲ་ཞིག་གསུང་། དེ་ནས་ཇོ་བོས་རྙེད་པས་དེ་ལ་གཏེར་སྲུང་གཉན་པོ་གཅིག་འདུག་པ་ན་རེ། དེ་རིང་ཅི་ཙམ་ཟིན་པ་ཞིག་འདྲིར་བཏང་གིས། དེ་མིན་མི་སྟེར་ཟེར་བས། རྣལ་འབྱོར་པས་དབུ་མཛད་སྟོན་པ་བཞི་ཀས་བྲིས་པས་ཕལ་ཆེར་ཟིན་པ་ལ་བག་ཙམ་གཅིག་ལུས། སྣག་སྙུག་མ་འཛོམས་པས་ཅི་རྙེད་རྙེད་ཀྱིས་བྲིས་པས་ཡི་གེ་མི་གསལ་བ་ཡང་ཡོད། ཇོ་བོའི་ཞལ་ནས། འདི་སུ་ལ་ཡང་མ་བསྟན་ཅིག་ལྷ་སྲུང་བཟང་པོ་འདུག་གོ་གསུངས་ནས་རྣལ་འབྱོར་པ་ལ་གཏད། (རྣལ་འབྱོར་པས་སྤྱན་སྔ་བ་ལ། སྤྱན་སྔ་བས་ཇ་ཡུལ་བ་ལ། ཇ་ཡུལ་བས་ཐུགས་རྗེ་ཆེན་པོ་ཆེ་བའི་ཡོན་ཏན་གཅིག་རི་སྒོམ་ལ་བྱིན་ནས་ལྷ་སར་དཀོན་གཉེར་ལ་གཏད། གཞན་རྣམས་གདུང་རྟེན་ནང་ན་བཞུགས་འདུག་གསུང་)
ཡང་ནངས་གཅིག་ཐོ་རངས་ཁ་ཙ་ན་ཇོ་བོའི་ཞལ་ནས། རྣལ་འབྱོར་པ་ལ་རང་བཞིན་གྱི་རྣལ་འབྱོར་མ་གཤེགས་གསུང་། དེ་ཇི་ལྟར་གདའ་ཞུས་པས། ལྷ་རྣམས་ཀྱིས་ནམ་མཁའ་ལ་བསུ་བ་བྱས་ནས་སོང་གསུང་། རྣལ་འབྱོར་མ་དེ་གང་ལགས་ཞུས་པས། བྲམ་ཐང་མ་གི་ན་འདུག་པའི་རེས་ངུ་རེས་དགོད་པ་དེ་ཡིན་གསུངས་པས། རྣལ་འབྱོར་པས་བལྟས་པས་སྐུ་གཤེགས་མ་ཁད་དུ་འདུག་གསུང་། ཡང་ཇོ་བོའི་ཞལ་ནས། གྲིབ་ཀྱི་རི་དང་ལྷ་ས་གཉིས་ཕར་བཞུད་ཚུར་བཞུད་བྱེད་པའི་རང་བཞིན་གྱི་རྣལ་འབྱོར་མ་གཅིག་འདུག་གསུང་། ལྷ་སར་དགུན་གཅིག་བཞུགས་པ་ལ་ཆོས་ཀྱང་དེར་གསུངས་པ་རྣམས་ཟབ། རྟགས་ཁྱད་པར་དུ་འཕགས་པ་མང་པོ་ཡང་གཟིགས། སངས་རྒྱས་ཀྱི་བསྟན་པ་ལ་ཡང་ཕན་ཟངས་ཀྱིས་བཏགས་གསུང་།
དེ་ནས་དེའི་དབྱར་ཐོག་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་སྤྱན་དྲངས་ནས་ཡེར་པ་རང་དུ་བཞུགས་པའི་དུས་སུ་བྲག་ཏུ་བཞུགས་སོ། །གནས་བསྟན་དད་པ་བླ་མས་ཇོ་བོའི་གཟིམས་ཁང་ཅིག་བྱེད་ཟེར་ནས་གནས་གཅིག་བརྩིགས་པས་ཇོ་བོ་ཞག་གཅིག་བཞུགས་ནས་ད་ལྟ་གཟིམས་ཁང་ཟེར་བའི་གནས་ཤིག་ཀྱང་ཡོད་སྐད། དེ་ནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་དབུ་བགྱིས་ནས་བོད་སྟོན་བདུན་གྱིས་རིམ་པར་ཞུས་ནས་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་དང་། དེའི་སྲུང་བའི་འཁོར་ལོ་དང་། རིག་སྔགས་བཅད་པའི་ཆོ་ག་དང་། སེར་བ་བཟློག་པའི་ཆོ་ག་དང་། དམ་ཚིག་གསུམ་བཀོད་པའི་རྒྱུད་ཀྱི་དེ་བཞིན་གཤེགས་པའི་ལེའུ་དང་བླ་མ་ཉིད་དང་ལོ་ཙཱ་བས་བསྒྱུར་རོ།།
དེ་ནས་ཡེར་པའི་ཞང་བཙུན་འོལ་རྒོད་ཀྱིས་ཇོ་བོ་ལ་བསྙེན་བཀུར་བག་ཙམ་བྱས་ནས་གདམས་པ་ཞུས་པས། རིགས་ཀྱི་བུ་ཁྱོད་ཀྱི་ཚེ་ཡུན་ཐུང་། ཤེས་བྱའི་རྣམ་པ་མང་། ཚེའི་ཚད་མི་ཤེས་པས་ཁྱོད་བསྒོམས་ཤིག །བསྒོམས་པས་མང་པོ་མང་པོ་གོ་བ་ཡིན་གྱིས། ཉན་པས་ཉུང་ངུ་ཉུང་ངུ་ལས་མི་གོ་བ་ཡིན། ཁྱོད་སྒྲུབ་པ་སྙིང་པོ་ལ་ནན་ཏན་གྱིས་ཤིག་གསུང་། དེ་ལ་སོགས་ཏེ་གདམས་པ་གཞན་ཡང་མང་དུ་གསུངས་སོ།།
དེའི་དུས་སུ་གྲུབ་ཐོབ་ཀྱི་དབེན་གནས་རྙིང་པ་ལ་ཕྱག་མཛད། དགེ་ཚུལ་བཞི་ལ་ཡང་ཕྱག་མཛད། དེ་ཇི་ལྟར་ལགས་ཞུས་པས། བཞི་གདའ་བ་གསུང་། ཇོ་བོ་ལ་བན་དྷེ་མོ་ནད་མ་ཞིག་གིས་བསྙེན་བཀུར་བྱས་པས། བན་དྷེ་མོ་ཤི་བ་ཇོ་བོས་མཁྱེན་ནས་རྣལ་འབྱོར་པ་ལ་ཡོན་བདག་མོ་དེ་ཤིའམ་གསུང་། དེ་ཅང་ཤི་འམ་ཁ་སང་དེ་ལ་བསྙེན་བཀུར་བྱས་ནས་བྱས་པས་དེ་རང་གིས་ཤི་བ་ཡིན། མོ་ལྷར་སྐྱེས་ནས་ང་ལ་བཀའ་དྲིན་རྗེས་སུ་དྲན་པའི་མཆོད་པ་བྱེད་ཀྱིན་གདའ་གསུང་།
ཡང་ཇོ་བོ་ཡེར་པ་ན་བཞུགས་ཙ་ན། ལྷ་སར་མཆོད་པ་ཆེན་པོ་གཅིག་བྱེད་པ་བྱུང་། ཇོ་བོས་གསན་པས། དགེ་བཤེས་སྟོན་པ་ལ་རང་ཅག་ཀྱང་འདེང་གསུངས་པ་ལ། དགེ་བཤེས་སྟོན་པས་དེ་མི་བཏུབ། (ཡེར་པར་བཞུགས་པའི་དུས་སུ་ཇོ་བོས་ཞལ་ནས། དགེ་བཤེས་སྟོན་པ་ལ་བོད་པ་མཛད་ནས། ཨུ་པ་སི་ཀའི་རིགས་ཡིན་གསུང་། རྗེ་རིགས་ལགས་ཞུས་པས། རྗེ་རིགས་ཀྱི་ང་རྒྱལ་མ་མཛད་ཅིག་གསུང་། མ་མཆིས་ལགས་ཞུས་པས། ཨ་རེ་ཡོད་དེ་ཡོང་གསུང་།) ངེད་བོད་ན་དེ་ལ་བསུ་བར་བྱེད་ཅེས་ཞུས་པས། ཇོ་བོའི་ཞལ་ནས། ཨ་ལེ་རྒྱ་གར་ན་མེད་པའི་གཏམ་མང་པོ་ཡོད་གསུངས་ནས་མ་མཉེས། དེ་ནས་གནས་བརྟན་རྒྱལ་བ་དད་པས་དེ་ཐུགས་ལ་བཞག་ནས་མཆོད་པའི་ཆ་རྐྱེན་བསགས་ནས། ཇོ་བོ་ལ་ལྷ་སར་མཆོད་པ་ལ་གཤེགས་ཞུས་པས། ཁྱོད་བོད་ཁ་ཟེར་དུ་ཡོང་མི་འགྲོ་གསུང་། གནས་བརྟན་གྱིས་བླ་མ་རྗེ་བཙུན་ལ་དད་པ་མི་འདུག་པར་ཞུས་པས། ཇོ་བོའི་ཞལ་ནས། ང་ལ་དད་པ་མེད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་སྔན་ལ་ཤོར། ང་ཁྱེད་ལྟ་བུའི་ཟླ་ལ་ལུས་པ་ཡིན་མོད་གསུང་། གནས་བརྟན་ན་རེ། དེ་ལས་ཡི་མུག་པ་བྱེད་མ་མྱོང་གསུང་།
དེའི་དུས་སུ་དགེ་བཤེས་སྟོན་པས་བྱང་དུ་མི་ཆོས་ལ་གསེར་སློང་མཛད་དུ་བྱོན། མི་ཆོས་རྣམས་ཀྱིས་དགེ་བཤེས་སྟོན་པ་ལ་ཕྱག་འཚལ་བའི་གྲབས་བྱས་ནས་ཚུར་ཡོང་ཁ་མ་དང་ཐུག །དེའི་བར་དུ་ཕ་དང་མ་གྲོངས་ནས་འདུག་པས་མི་ཆོས་རྣམས་སྙམ་ན། དགེ་བཤེས་སྟོན་པ་ལ་མ་ཡག་བྱ་སྙམ་ཙ་ན། དགེ་བཤེས་སྟོན་པས་སྔོན་ལ་ཚུར་ལ་མཛད། དེ་ཀུན་ལ་ཡང་ཕྱི་རབས་སུ་དགོས་པ་ཡོད་པ་ཡིན་གསུང་། ཇོ་བོ་དང་དགེ་བཤེས་སྟོན་པ་གཉིས་དེའི་དུས་སུ་ཟླ་བ་གཅིག་དང་ (ཐང་པོ་ཆེར་ཟླ་བ་གཅིག་དང་།) གཉིས་ལས་འབྲལ་མ་མྱོང་བ་ཡིན་གསུང་། དེ་ནས་མི་ཆོས་རྣམསལ་གསེར་སློང་མཛད་དེ། ཚུར་བྱོན་ནས་རྗེ་བཙུན་ཆེན་པོ་ཟང་ཟིང་ལ་མཉེས་པ་མིན་ཡང་། ཁོ་བོ་ཟང་ཟིང་མཆོད་པ་ཅུང་ཟད་བགྱིད་གསུངས་ནས་འབུལ་བ་མཛད་པ་ནི། གསེར་ཞོ་དགུ་དགུ་ལ་སྲང་རེར་རྩིས་པའི་གསེར་སྲང་བརྒྱ་རྩ་བརྒྱད། རྟ་ཉི་ཤུ་རྩ་གཅིག །རྒོད་བཅུ་གཅིག །བེར་གཉིས། གཡི་སྤྱང་བཞི། ཁྲབ་བཞི། བླ་གོར་གྱི་སྡེར་གཅིག །དེ་ལ་སོགས་པ་ཕྲན་ཚེགས་ཀྱང་མང་དུ་མཛད་དེ། བོད་ཀྱི་རྒྱལ་ཁམས་ན་ཉི་མ་ཉིན་གཅིག་ལ་བླ་མ་ལ་ཞབས་ཏོག་བྱས་པ་ལ་དེ་ཆེ་བ་ཡིན་གསུང་།
དེའི་དུས་སུ་དགེ་བཤེས་སྟོན་པས་ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་ཡང་ཚོགས་སུ་མཛད། གང་ཞིག་ལ་ནི་བསྟོད་པས་ནི། །བྱ་བའི་བསྟོད་པ་དེ་ཡང་མཛད་པས་ (དེའི་དུས་སུ་ཁུ་སྟོན་ལ་འབུལ་བ་ཆེན་པོ་དང་བསྙེན་བཀུར་གཟབ་པས། ཁུ་སྟོན་གྱི་འཁོར་གཅིག་ན་རེ། ངེད་ཀྱིས་འབྲོམ་སྟོན་པ་ལ་གཤའ་མ་བྱས་པ་ལ། ཁོས་ངེད་ལ་གཟབ་བོ་ཟེར་བ་ལ། ཁུ་སྟོན་ན་རེ། ཁོས་ད་རེས་ངན་ལན་གཅིག་བྱེད་དུ་རེ་བ་ཡིན། སླར་ལ་གཟབ་པས་དམའ་ཕབ་པ་ཡིན་གསུང་།) ཇོ་བོའི་ཞལ་ནས། འོ་ན་ང་ལ་ཡོན་ཏན་དེ་ལས་མེད་དམ་གསུང་། ཇོ་བོ་ཉིད་ཀྱིས་ཆོས་ལ་དཀའ་བ་བྱས་ལུགས། སྒྲུབ་པ་སྙིང་པོར་བྱས་ལུགས་ཡམ་མེ་བ་གཅིག་གསུངས་ནས། ཁྱེད་ཀྱིས་དཀའ་བའི་ལས་མ་བྱས་པར་ཆོས་ཟབ་མོ་རྙེད་པ་དོན་ཆེ་ཡིས་ད་ལེགས་པར་སྤྱོད་ཅིག་གསུང་། དགེ་བཤེས་སྟོན་པས་བསྟོད་པ་མཛད་པ་དེ་ཀུན་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པར་འདུག་སྟེ། ཇོ་བོའི་ཐུགས་མ་ཚིམས། ཇོ་བོ་འདི་ནན་ཏར་བྱས་ན་རང་རྒྱུད་པ་མ་ཡིན་པར་ཐག་ཆོད་གསུང་། རྟག་ཏུ་ངུ་དང་ཆོས་འཕགས་ནོར་བཟང་གི་གཏམ་རྒྱུད་གསུངས་ནས། བླ་མའི་ཞབས་ཏོག་བྱེད་པ་འདི་ལ་བླ་མ་དེ་ལ་འདོད་པ་མི་མངའ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆེ་བ་དགོས་པར་ཡོད་པ་ཡིན་གསུང་།
དེ་ཙ་ན་དར་ཡུལ་མངོན་ཤེས་སྐད་པ་དེ་བྱུང་ནས་རྔོག་བྱང་ཆུབ་འབྱུང་གནས་ལ་གཡུ་རྡོག་གཅིག་བྱིན་ནས་ངའི་དཔུང་གྱིས་ཤིག་ཟེར་ནས་བྱུང་བ་ལ། ཁུ་སྟོན་གྱིས་ཇོ་བོ་ལ། དར་ཡུལ་མངོན་ཤེས་མཁན་འདི་བསོད་ནམས་ནི་ཤིན་ཏུ་ཆེ། ཡིན་པ་ནི་ལྷའི་བུའི་བདུད་ཀྱིས་ཁྱེར་བ་ཡིན་པས་ཚར་བཅད་པར་ཞུ། ཁོང་བསོད་ནམས་ཆེ་བས་ནན་ཏར་གནོད་པར་ཡོད་ཞུས་པས། ཇོ་བོའི་ཞལ་ནས། ང་ཡིས་དཔུང་བྱ་ཡིས། མཁས་པ་ཆེན་པོ་ཉིད་ཀྱིས་ཚར་ཆོད་ཅིག་གསུང་། དེར་ཁུ་སྟོན་གྱིས་ཁྲི་ཆེན་པོ་གསུམ་བཤམས་ནས་གཅིག་ལ་ཇོ་བོ་བཞུགས། གཡས་གཡོན་གཉིས་ལ་དར་ཡུལ་བ་དང་ཁོང་རང་གཉིས་བཞུགས་ནས། ཁུ་སྟོན་གྱིས་འགྲམ་པ་གཡས་གཡོན་གཉིས་སུ་མཁར་གོང་དང་སྲན་མ་བཅུག་ནས་གྷུ་རུ་དར་ཡུལ་མངོན་ཤེས་ལགས། ཁྱོད་མངོན་པར་ཤེས་པ་དང་ལྡན་པ་ཡིན་པས། ཇོ་བོའི་སྐུ་ཚེ་སྔ་མ་གར་འཁྲུངས། ད་གར་འཁྲུངས། ངའི་སྐྱེ་བ་སྔ་མ་ནི་གར་སྐྱེས། ཕྱི་མ་གང་དུ་སྐྱེ་བྱས་པས་ཐོགས་པ་མ་བྱུང་། ངའི་འགྲམ་པ་གཡས་གཡོན་ན་ཅི་ཡོད་བྱས་པས། མ་ཤེས་པར་རྔུལ་ཤུམ་གྱིས་བྱུང་ནས། རྔོག་ལ་ཟས་ངོ་ཆུང་ངུ་ཙམ་ཡང་མེད་དམ་ཟེར་སྐད། དུས་དེ་ཙ་ན་སྒྲུབ་པ་པོ་ཐམས་ཅད་ལ་འདྲེ་ངན་གྱིས་ཡི་དམ་ལྷར་བརྫུས་ནས་བར་ཆད་བྱས་ནས་འདྲེ་ཁྱེར་མང་དུ་བྱུང་བ་ཐམས་ཅད་ལ་སྲུང་བ་བྱས་པས་དེས་འཕྲིག་ཚུད་ནས་དེ་ནས་དེ་འདྲ་མ་བྱུང་། ད་རུང་དུ་ཇོ་བོའི་བཀའ་བརྒྱུད་མེད་པའི་ས་ན་ཡོད་པར་འདུག་སྐད།
དེ་ནས་ཀ་བ་ཤཱཀྱ་དབང་ཕྱུག་གིས་སྤྱན་དྲངས་ནས་ལན་པར་བྱོན་པའི་ལམ་ཁར་བུ་མོ་གཅིག་གིས་ཇོ་བོ་ལ་དད་ནས་མོ་རང་གི་རལ་ཁུ་ཟུལ་ཕུད་ནས་ཕུལ། དེ་ཕྱིས་ཞང་ཀ་མ་བའི་མར་སྣང་གསུང་། ཡང་སྤྱང་ཁུ་ལ་ཁ་ན་ཕར་བྱོན་ཙ་ན། རྔོག་གིས་གནས་གཞི་ཆེ་འབྲིང་ཐམས་ཅད་ཇོ་བོ་ལ་བསྟན་ནས་འདི་ཡང་ཁོ་བོའི་ལགས། འདི་ཡང་ཁོ་བོའི་ལགས་ཞུས་པས། ཇོ་བོའི་ཞལ་ནས། སྟོན་པའི་གནས་མང་ཨང་གསུངས་ནས། དེ་ནས་ཡང་ཇོ་བོའི་ཞལ་ནས། སྟོན་པ་ཁམས་གསུམ་ག་ཁོ་བོའི་གནས་ཡིན་གསུང་། ཞང་རོམ་ནི་དེ་ལ་དགྱེས་གསུང་། དེ་ནས་ལན་པ་སྤྱིལ་ཕུར་ཟླ་བ་གཅིག་བཞུགས། དེའི་དུས་ན་སྤྱང་ཕྱིའི་ཉང་མ་ཆེན་པོ་དེ་ལ་བྱིས་པ་གཅིག་བྱུང་བ་ལ། ཇོ་བོའི་བྱིན་རླབས་མཛད་པས་གཞན་ལ་ཕན་པ་གཅིག་འོང་གིས་གསུང་། དེ་ཙ་ན་ཇོ་བོ་ཁྲི་ཁ་ནས་ཆོས་གསུང་འཕྲོ་ལ་ལིངས་ཀྱིས་བོག །དགེ་བཤེས་སྟོན་པས་དེ་ཇི་ལྟར་ལགས་ཞུས་པས། ཨུ་པ་སི་ཀ་ཕན་མེད་མི་མ་ཡིན་ཆེན་པོ་འདུག་པ་ལ་ང་ལ་མི་སྦྲོན་པ་གསུང་། བྲན་ཁས་ཇོ་བོ་ལ་བར་ཆད་བརྩམས་པས་མ་ཚུགས་པར་གདའ། དེའི་དུས་སུ་ཇོ་བོའི་ཞལ་ནས། འདི་ཚར་བཅད་དགོས་པར་འདུག་གསུང་། ཁྱོད་དེ་ཡིན་གཅིག་གསུངས་ནས་ཧ་ཡ་གྷྲི་ཝའི་སྒྲུབ་ཐབས་མཛད་ནས་བྲན་ཁ་བརྟུལ་ལོ། །
དེ་ནས་སྒྲུབ་ཐབས་དེ་ཞུས་པས་སུ་ལ་ཡང་མ་གནང་ངོ་། །ལོ་ཙཱ་བས་དཀའ་བ་དཔག་ཏུ་མེད་པ་མཛད་ནས་ངོ་ཆེ་རེ་ནས་ཞུས་པས་མ་གནང་། དགེ་བཤེས་སྟོན་པ་ཇོ་མོས་ལུང་བསྟན་པའི་སློབ་མ་ཡིན་པས་ངོ་ཆེ་རེ་ནས་ཞུས་པས་མ་གནང་། སྨོན་ལམ་གྱི་འབྲེལ་བ་ཡོད་པའི་ལྷ་བཙུན་པས་ཞུས་པས་ཀྱང་མ་གནང་བར་ཁོང་རྣམ་པས་ཞལ་ནས་འཁང་མ་མཛད། དེ་ནས་དགེ་བཤེས་ཡོལ་གྱིས་ཞུས་པས། ཁྱོད་སྙིང་རྗེ་ཆེ་བ་ཡིན་པས་ཁྱོད་ལ་སྦྱིན། འདི་སྙིང་རྗེའི་ལྷ་ཡིན་པས་གསུངས་ནས་གནང་ངོ་།།
དེ་གོང་དུ་ཉན་ཚོར་ཡང་སྤྱན་རས་གཟིགས་ཀྱི་ཞི་ཁྲོའི་གདམས་པ་མང་དུ་བླངས་པས། ཇོ་བོ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཡོལ་ལས་མཁས་པ་མེད་གསུང་། དེ་ནས་ཞང་ཆེན་པོས་འཕན་ཡུལ་སྟོད་དུ་སྤྱན་དྲངས་པས། ལུང་པ་དམར་པོ་རྟ་རོ་ཕྱེ་བ་འདྲ་བ་འདིར་མི་འགྲོ་གསུངས་ནས་མ་བྱོན། ལན་པར་ཟླ་བ་གཅིག་བཞུགས་ནས་ཡང་ཡེར་པར་བྱོན། དེའི་དུས་སུ་བང་སྟོན་གྱིས་ཇོ་བོ་ལ་སྤྱན་འདྲེན་བཏང་ནས་བྱུང་བས། ཇོ་བོ་དྲེལ་ཁལ་རྣམས་དང་རྟ་ཕྱུགས་རྣམས་ཡེར་པ་འབྲོག་བཟང་བས། དེར་བཞག་ནས་དེར་ཡན་དུ་བཅུག་པ་གང་ཡིན་གསུང་། ཡེར་པར་དབྱར་གཅིག་བཞུགས་ནས་སྙེ་ཐང་དུ་བྱོན་པའི་ལམ་ཁར་སྟོད་ལུང་རམ་པ་གཡུལ་པོ་ཆེར་བྱོན་དེ་ཡན་ཆད་དུ་མ་བྱོན། དེ་ནས་སྙེ་ཐང་དུ་སྤྱན་འདྲེན་པའི་དུས་སུ། བང་སྟོན་ལ་བལ་འགོར་བཞི་དང་ནས་ཁལ་བརྒྱད་ལས་མེད་པ་ལ། སྲིང་མོ་བན་དྷེ་ཕྱུག་མོ་གཅིག་ཡོད་པ་ན་རེ། ཁྱོད་ལོ་པཎ་ཙམ་གདན་འདྲེན་པ་ལ་ཀ་ཅ་ཅི་ཡོད་ཟེར་བས། བྱོན་པའི་སྣ་ལེན་ལྡང་ཙམ་ཡོད།
དེ་ནས་ཨ་ཏི་ཤ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པས་ཁོང་རང་ལ་ཡོང་བ་ཡིན། ཁྱོད་རང་ཡང་ཀ་ཅ་ཅི་ཡོད་ཕུལ་ཅིག །རང་རེ་གཉིས་ཀ་ཇོ་བོའི་ཐབ་ཁ་ལ་ཟོས་པས་ཆོག་གི་བྱས་པས། བན་དྷེ་མོས་བང་སྟོན་གྱི་རོགས་དན་མཛད་ནས་ཇོ་བོ་དཔོན་གཡོག་ལ་སྣ་ལེན་བཟང་པོ་དཔེ་མེད་པ་གཅིག་གྲུབ། དེ་ནས་བང་སྟོན་གྱིས་མི་ཆོས་འཇང་པ་རྣམས་ཀྱིས་ཇོ་བོ་ལ་ཕྱག་རྟེན་བྱེད་པ་ལ་ནས་ཁལ་རྒྱབ་འཇང་ནས་སྙེ་ཐང་ཚུན་ཆད་མ་རྫོགས་པ་ཕུལ་སྐད། དེ་ནས་བན་དྷེ་མོས་ཇོ་བོའི་ཐབ་ཁ་ལ་ཟོས་པས། བང་སྟོན་གྱི་ཞལ་ནས། ཇོ་བའི་དད་རྫས་ཁྱོད་ཀྱིས་མི་འཇུ་ཁྱོད་རང་ཚོལ་ལ་ཟོ་ཞིག་གསུང་། ཇོ་བོ་སྙེ་ཐང་ན་བཞུགས་པའི་རི་ངལ་གསོལ་ཞོ་བསྐུལ་གྱི་ཕུ་ནས་སྦྲེངས་པས། དེའི་བྱིན་རླབས་ཀྱིས་ད་རུང་ཁོང་གི་ཕྱུགས་ལ་གཅན་གཟན་དང་གོར་ལ་སོགས་པ་མི་ཡོང་སྐད། ཇོ་བོ་སྙེ་ཐང་ན་བཞུགས་པའི་དུས་སུ་བོད་ཁམས་གསུམ་གླིང་དགུའི་མི་ཐམས་ཅད་འཚོགས་ནས་ཇོ་བོ་ལ་ཆོས་མང་པོ་ཞུས། ཐེ་ཚོམ་གྱི་དྲ་བ་མ་ལུས་པར་བཅད། (སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནས་བརྩམས་ཏེ་གདམ་རྙིང་ནས་འབྱུང་བ་བཞིན་དུ་དྲི་བ་མང་དུ་ཞུས་སོ།།) ཁྱིམ་པ་རྣམས་བསྙེན་བཀུར་གནས་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། སྤྱིར་སྐྱེ་བན་ཐམས་ཅད་སྐྱབས་འགྲོ་ལ་བཀོད་པས་སྙེ་ཐང་དུ་སྐྱབས་འགྲོ་བ་བྱ་བར་གྲགས། (སྙེ་ཐང་དུ་ཇོ་བོས་སྐྱབས་སུ་འགྲོ་བའི་ཕན་ཡོན་བརྒྱད་གསུངས་ནས། རྒྱ་གར་དུ་ངའི་སློབ་མ་དགེ་ཚུལ་གཅིག་ཕྱི་རོལ་པའི་རྒྱལ་པོས་བཙོན་དུ་བཟུང་ནས་སྐྱབས་འགྲོ་ཐོངས། དེ་མིན་ན་གསོད་ཟེར་ནས་དགེ་ཚུལ་ལ་ཆད་པ་བཅད། ངའི་དགེ་ཚུལ་དང་འཚེངས་ཏེ་རྒྱལ་པོ་ངན་པ་དེ་ལ་ད་ཙ་ན་བདེ་བ་མེད་གསུང་།) བཀའ་གདམས་པ་ར་ཕྱིས་ནས་གྲགས་པ་ཡིན། དེའི་དུས་སུ་ལྷ་བཙུན་པ་བོད་ཀྱི་རབ་བྱུང་ཐམས་ཅད་ལས་མཁན་བརྒྱུད་དེད་ནས་ཤམ་ཐབས་ཀྱི་ཁྲལ་བསྡུས་ནས་སྙེའི་ན་མོ་ཆེའི་ཁར་འབུལ་བའི་དུས་སུ། མགོ་བ་སྟོན་རྩན་ནམ་མཁའ་སྐད་པ་སྐུ་གཟུགས་མཛེས་པ་གཅིག་ཡོད་པ་དེ་ཕྱག་ཏུ་གཏོང་དུ་བཅུག །རྒྱལ་སྲིད་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ནས་ཇོ་བོ་ལ་ཕུལ་བ་ཡིན་གསུང་། (དགེ་བཤེས་སྟོད་ཡུལ་བའི་ཞལ་ནས། མི་ང་ལས་ངན་པ་ཡོད་དམ། ངས་ལྷ་བཙུན་པ་ལ་བཙུན་ཆུང་གཅིག་གི་ཤམ་ཐབས་ཁྲལ་གསེར་ཞོ་གང་གཞལ་བ་ལ་ཇོ་བོའི་ཞལ་ལྟ་བའི་འཁོས་ཤིག་མ་བྱུང་གསུང་།) སྙེ་ཐང་དུ་ཁུ་སྟོན་བྱོན་ཙ་ན། ཇོ་བོའི་གཟིམས་ཁང་སྒོ་བསྡམས་པ་གཅིག་དང་ཐུག་པས། འབྲོམ་སྟོན་འདིས་ང་ཡོང་བས་བསྡམས་པ་ཡིན་གསུངས་ནས་ལྕགས་མདའ་ཕྱག་གིས་གཅུས་པས་རྦུད་ཀྱིས་ཆག་སྐད།
དེ་ནས་བོད་སྟོན་རྣམས་ཀྱིས་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཞུས་པས། ཇོ་བོའི་ཞལ་ནས། ངས་ཤེས་ཚད་གཅིག་བྱའམ་གཞུང་གིས་ཐོབ་ཚད་ཅིག་བྱ་གསུངས་པ་ལ། གཞུང་གིས་ཐོབ་ཚད་ཅིག་བྱ་བྱས་པས་ཞུ་བ་ནོར་བ་ཡིན་སྐད། པཎྜི་ཏའི་བཤད་ལུགས་བྱ་བ་ཐོར་རེ་བ་གཅིག་གསུངས་པས། བོད་སྟོན་ཁ་ཅིག་མ་མགུ་ནས་གྱེས་སྐད། དེའི་དུས་སུ་ལོ་ཙཱ་བས་ཁུ་སྟོན་ལ་ཕྱེ་གཏོར་ཏེ། ཇོ་བོ་ཡང་ལས་ཁ་ཚར་བ་དང་། སྐྱབས་འགྲོ་སེམས་བསྐྱེད་ལ་ཞིབ་པ་ཡིན། གཞུང་ལ་ཁྱེད་རང་མཁས་ཞུས་པས། ཁུ་སྟོན་ན་རེ། དེ་ཁོ་ན་ཡིན། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཨ་པོ་ཁུ་སྟོན་རང་ཡིན་ཟེར་སྐད། དེ་དགེ་བཤེས་སྟོན་པའི་ཐུགས་སུ་མ་བདེ་ནས། བོད་སྟོན་ཁ་ཅིག་དང་གྲོས་བྱས་ནས་ཇོ་བོ་མཁྱེན་ཚད་ཅིག་ཞུ་ཕུལ་བས། ནན་ཏར་ལེགས་པ་གཅིག་གསུངས་པས། དེ་ལ་དགེ་བཤེས་ཕྱ་དར་གྱིས་ཟིན་བྲིས་མཛད་པས་ཕ་རོལ་ཏུ་ཕྱིན་པ་ཁམས་ལུགས་མ་བྱ་བར་གྲགས་པ་རྩིས་ཆེ་བ་དེ་ནས་བྱུང་བ་ཡིན་གསུང་།
དེ་ཙ་ན་ཞང་སྣ་ཆུང་སྟོན་པ་དང་ལྗང་སྟོན་པ་དང་ཀྱུ་ར་སྟོན་པ་དང་། ཕྱ་དར་སྟོན་པ་དང་བཞིས་ཇོ་བོ་ལ་གྲུབ་མཐའ་ཞུ་བར་བྱས་ནས་ཇོ་བོའི་གཟིམས་ཆུང་དུ་བྱོན་པ་དང་། ཇོ་བོ་ཆོས་སྤྱོད་མཛད་ཀྱིན་གདའ། དེ་ཐོན་པ་དང་ཇོ་བོའི་ཞལ་ནས། བོད་ཀྱི་བན་དྷེ་ཀུན་ཅི་བཞེད་པ་ལགས་གསུང་། གྲུབ་མཐའ་གཅིག་ཞུ་བ་ལགས་ཞུས་པས། ཕྱི་རོལ་པའི་འཇུག་པ་རྣམ་པ་ལྔ་ནང་པའི་འཇུག་པ་རྣམ་པ་གཅིག་བྱ་བ་ལ་བརྟེན་ནས་ཤ་ར་ར་གསུངས་ནས། དེ་ཐམས་ཅད་རྣམ་པར་རྟོག་པ་ལགས། རྣམ་པར་རྟོག་པ་བགྲང་ལས་འདས་པས་སྙིང་པོ་ལ་བསྡུས་མཛོད་གསུང་། ཞང་སྣ་ཆུང་སྟོན་པས་སྙིང་པོ་ཇི་ལྟར་སྡུད་པ་ལགས་ཞུས་པས། ཕྱོགས་འགྲོ་བ་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པར་གྱིས། དེ་རྣམས་མ་བཟོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་མཛོད། དེ་རྣམས་མ་བཟོད་པས་བྱང་ཆུབ་མཆོག་ཏུ་ཚོགས་གཉིས་རྫོགས་པར་མཛོད། དེ་ལས་བྱུང་བའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོས་མཛོད། ཕྱི་ནང་གི་དངོས་པོ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་གོམས་པར་གྱིས་ལ་སྙིང་པོ་དེ་ལྟར་བསྡུས་མཛོད་གསུང་།
ཡང་བོད་སྟོན་ཁ་ཅིག་གིས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་དབུ་མའི་ལམ་གཅིག་ཞུ་ཞུས་པས། ཇོ་བོའི་ཞལ་ནས། ཚོགས་གཉིས་མ་རྫོགས་པའི་སངས་རྒྱས་ཁོ་བོས་མི་ཤེས་གསུང་། ཡང་བོད་སྟོན་ཁག་གཅིག་གིས་ཇོ་བོ་ལ་ཆོས་ཞུ་བར་བྱས་པ་ལ། ཞང་སྣ་ཆུང་སྟོན་པ་ན་རེ། ཆོས་ཚད་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་བྱ་བ་ལས་མི་ཡོང་བར་ཟེར། ཇོ་བོས་གསན་ནས། ཞང་སྣ་ཆུང་སྟོན་པ་རེ་བདེན། ང་ལ་རྒྱ་གར་ནའང་སློབ་མ་ཁྱེད་བོད་ཁོ་ན་འདྲ་བ་མན་ངག་ལ་དགའ་བ་སྒྲུབ་པ་ལ་མི་དགའ་བ་ཞིག་ཡོད་གསུང་། ཁོ་ཡང་བྱང་ཆུབ་སེམས་ལ་ཡིད་མི་ཆེས་གསུངས་ནས་གྲགས་པའི་ཆའི་གསུང་། དགེ་བཤེས་སྟོན་པས་ཇོ་བོ་ལ་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས། ཇོ་བོ་ཕྱག་ཐལ་མོ་ཤར་ཕྱོགས་སུ་སྦྱར་ནས་ད་ལྟ་རྒྱ་གར་ཕྱོགས་ནས་ལྟ་བ་འདི་ཁོ་ན་འཛིན། ཁྱོད་ལྟ་བུའི་སེམས་ཅན་ཆེན་པོ་བོད་ན་འདུག་པ་ལ་བོད་བསོད་ནམས་མི་ཆུང་། ཁོ་བོ་ཡང་མི་དགོས་པར་འདུག་པ་ལ་གསུངས་ནས་གདམས་པ་གཤའ་མ་གཅིག་གནང་། ཇོ་བོས་ཀྱང་བོད་སྟོན་རྣམས་ལ་ཚུར་སྨེད་པ་མཛད་དེ། བོད་ཀུན་གཞི་ཇི་ལྟར་འདོད་གསུང་། ནམ་མཁས་གར་ཁྱབ་ཏུ་ཀུན་གཞིས་ཁྱབ་པར་འདོད་ཞུས་པས། ཇོ་བོའི་ཞལ་ནས། ཀུན་གཞི་ཐམས་ཅད་མཁྱེན་པར་ཁས་ལེན་པའི་གྲུབ་མཐའ་རགས་པ་དེ་འདྲ་ཕྱི་རོལ་མུ་སྟེགས་པ་ལ་ཡང་མེད་གསུང་།
ཡང་ཇོ་བོའི་ཞལ་ནས། བོད་སྔགས་མཚན་ཉིད་གཉིས་ལ་ཇི་ལྟར་འདོད་གསུང་། དེ་ལ་གཞན་གྱིས་མ་སྤོབས། ཞང་སྣ་ཆུང་སྟོན་པ་ན་རེ། ངའི་བླ་མ་གཅིག་ལམ་གྱི་དུས་ན་ཉེ་རིང་ཡོད། འབྲས་བུའི་དུས་ན་བཟང་ངན་མེད་ཟེར་བ་གཅིག་ཡོད་ཞུས་པས། ཇོ་བོའི་ཞལ་ནས། ལམ་ལ་ཉེ་རིང་བྱུང་ན་འབྲས་བུ་ལ་བཟང་ངན་གཅིག་ཅི་ནས་ཀྱང་འོང་དགོས་པ་ཡིན། ནང་པ་སངས་རྒྱས་པའི་ཆོས་ཐམས་ཅད་རྒྱུ་འབྲས་གོ་མ་ལོག་པ་གཅིག་དགོས་གསུང་། ཁྱེད་ཀྱི་བླ་མ་དེ་ཡང་ན་ཐོས་པ་ཆུང་། ཡང་ན་ཟས་ངོར་བརྫུན་སྨྲ་བ་གཅིག་ཡོད་པར་འདུག །ཁྱེད་ཀྱི་བོད་ན་ཆོས་འཚོང་བའི་ཚོང་པ་མང་པོ་སྣང་། ངེད་རྒྱ་གར་ན་ཟོང་འཚོང་བའི་ཚོང་པ་མང་པོ་ཡོད་གསུང་། དེ་གཉིས་གང་དགའ་བ་ལགས་ཞུས་པས། ཆོས་འཚོང་བའི་ཚོང་པ་ནི་འབིར་ཝ་པ་ཀུན་ཏི་མ་ལི། ཟོང་འཚོང་བའི་ཚོང་པ་ནི་ཕ་ལ་ཕ་ལ་གསུང་། ཇོ་བོ་སྙེ་ཐང་ན་བཞུགས་ཙམ་ན་རྔོག་ལ་སོགས་ཀྱིས་སྙུན་སྨེད་ཞུས་ཙ་ན་འབྲིང་ངེ་ཙམ་གསུང་། འབྲིང་ཚོ་ལགས་སམ་ཞུས་ཙ་ན་གང་ལ་ལགས་གང་ལ་ལགས། ཁོ་བོ་ནང་པ་སངས་རྒྱས་པ་ལགས་གསུང་། ཇོ་བོའི་ཞལ་ནས། བོད་ན་མུ་སྟེགས་དངོས་མི་འདུག་སྟེ་ཆ་མཐུན་འདུག་གསུང་། གང་ལགས་ཞུས་པས། གནས་བརྟན་གཞི་འཛིན་པ་འདི་རྣམས་ཡིན་གསུང་།
ཡང་ཇོ་བོའི་ཞལ་ནས། བོད་སྡོམ་པ་ཇི་ལྟར་འདོད་གསུང་། སུས་ཀྱང་མ་སྤོབས་པ་ལ། བླ་མ་ཉིད་ཀྱི་ཞལ་ནས། ངའི་སློབ་མ་གཅིག་གནས་གྱུར་དུ་འདོད་འདོད་པ་ལ་པཎྜི་ཏ་ཀུན་འགེགས་གསུང་། ཇི་ལྟར་འགེགས་ཞུས་པས། འགེགས་ལུགས་དང་བླ་མ་ཉིད་ཀྱི་བཞེད་པ་རྒྱས་པར་གསུངས་སོ། །ཡང་བོད་ན་སོ་སོར་ཐར་པ་ལ་སྒྲ་དོན་ཇི་ལྟར་འདོད་བྱ་བ་ལ་སོགས་པ་བཀའ་སྨེད་པ་མང་དུ་གསུངས་སོ།།
ནངས་གཅིག་ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་ཁྱོད་ན་རེ། དགུན་ཡང་མེ་ཏོག་འཆར་ཟེར་ནས་མེ་ཏོག་ག་རེ་གསུངས་པས། དགེ་བཤེས་སྟོན་པས་སྙེའི་ན་མོ་ཆེའི་ཁར་ཇོ་བོ་གདན་དྲངས་ནས་གསིང་མའི་མེ་ཏོག་བསྟན་པས། ཇོ་བོའི་ཞལ་ནས། བརྫུན་མ་བཏང་ཙམ་དུ་གདའ་གསུང་ནས་མ་མཉེས། དེའི་དུས་སུ་ཇོ་བོས་མེ་ཏོག་ཕུལ་ན་བསོད་ནམས་ཆེ་བའི་ཆོས་ཤིག་གསུངས་ནས། དུག་གི་མེ་ཏོག་དཀོན་མཆོག་ལ་འབུལ་དུ་མི་རུང་། སྤང་རྒྱན་འདི་ཨུཏྤལའི་རྒྱུར་འདུག་པ་ལ་བོད་ལྷགས་པ་ཆེ་བས་ཁ་མ་ཕྱེད་པར་འདུག །མེ་ཏོག་ཤང་ཤང་འདི་རྒྱ་གར་ན་མེད། ཡོད་ན་ངས་གསེར་འཇལ་ནུས་གསུངས་ནས་ཁྱོད་མེ་ཏོག་མེད་པར་ཡོད་ཟེར་བར་འདུག །ཁྱོད་མེ་ཏོག་ལ་དགའ་བ་དེ་ཙམ་དུ་གདའ་ན། ངས་ས་ཕྱོགས་འདིར་མེ་ཏོག་མང་པོ་འཆར་བར་བྱིན་གྱིས་བརླབ་བོ་གསུང་། དེའི་བྱིན་རླབས་ཀྱིས་སྙེ་ཐང་གི་སྐོར་མ་གི་ན་མེ་ཏོག་རིགས་གཞན་མེད་པ་མང་དུ་ཡོད་གསུང་།
དེ་ཙ་ན་སྙེའི་ན་མོ་ཆེའི་ཁ་ན་ཕར་ལ་ཇོ་བོས་སྐྱོ་བསངས་མཛད་ཅིང་། ལྡོ་ལྡོ་བཞུགས་ནས་རེ་ལུག་དང་རྟེའུ་ཀུན་དང་བེའུ་ཀུན་ལ་རའི་བུ་ཆུང་སྐུ་ཁམས་བདེའམ། རྟའི་བུ་ཆུང་སྐུ་ཁམས་བདེའམ་གསུང་། རེས་མཛེ་སྤང་ཀུན་ལ་བག་ཆགས་ངན་གསུངས་ནས་ཤངས་སྐྱོར་བ་བཞིན་མཛད། རེས་འགའ་ཙ་ན་མཛེ་སྤྲང་གི་གསེབ་ཏུ་བཞུགས་ནས་བཀའ་བབས་གནང་ཞིང་བྱམས་སྙིང་རྗེ་བསྒོམས། ཁྱད་པར་དུ་ཁྱི་ཁོ་ན་ལ་བྱམས་པས་ཁྱི་གུ་ཕྱག་ཏུ་བླངས་ཀྱིན་ཁྱིའི་བུ་ཆུང་སྐུ་ཁམས་བདེའམ་ལུས་ངན་འདི་ལྟ་བུ་ལེན་པ་ཁྱེད་རང་གིས་ནོངས་ཁྱེད་རང་གིས་ནོངས་གསུང་། དགེ་བཤེས་ཁུ་སྟོན་གྱི་ཞལ་ནས། བླ་མས་ཀྱང་མི་ཆེན་མི་ཤེས་པར་འདུག །དུག་བྱེད་པ་མ་ཡིན་ཞེས་གསོལ་བས། ཇོ་བོའི་ཞལ་ནས། བོད་ཀྱི་མི་ཆེན་གྱིས་དགོས་པ་མེད་ངའི་བྱམས་པ་དང་སྙིང་རྗེ་ལ་གནོད་གསུང་། ནངས་ཤིག་ཙ་ན་ཇོ་བོའི་ཞལ་ནས། དེ་རིང་སུ་དང་ཡང་མི་འཕྲད་པས་རྩར་མ་བཏང་ཞིག་གསུང་། དེའི་ཉིན་པར་མི་ཁྲེས་ཆུང་ཅན་ཞིག་བྱུང་ནས། ཇོ་བོ་ལ་འབུལ་བ་བྱེད་རྒྱ་གར་ནག་ཆུང་གིས་བཏང་བ་ཡིན་ཟེར་བས་འབུལ་བ་བཞེད་པས་བཏང་བ། ཁྲེས་པོའི་གསེབ་ནས་ལྕགས་ཀྱི་སྦར་མོ་ཅིག་ཇོ་བོའི་ཐོག་ཏུ་འུར་གྱིས་སོང་ནས་ཇོ་བོའི་སྐུ་རྒྱབ་ཀྱི་གྱང་ལོགས་ལ་ཐམས་ཀྱིས་སོང་ནས་ཕྲི་ལི་ལི་འདུག་སྐད། དེ་རྒྱ་གར་ནས་མུ་སྟེགས་རྣམས་ཀྱིས་བོད་དུ་ནང་པའི་བསྟན་པ་འཕེལ་གྱིས་དོགས་ནས་གྲོས་བྱས་ནས་བར་ཆད་ལ་བཏང་བས་མ་ཚུགས་པ་ཡིན་གསུང་།
ཉིན་གཅིག་ཙ་ན་རྒྱ་གར་གྱི་བྷི་ཀྵུ་ཤིན་ཏུ་བཙུན་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་གཉིས་བྱུང་ནས་ཇོ་བོ་ལ་ཆོས་ཞུས་པས། ཇོ་བོས་གང་ཟག་ལ་བདག་མེད་པ་གསུངས་ཙ་ན་ཁོང་གཉིས་དད། ཆོས་ཀྱི་བདག་མེད་པ་གསུངས་ཙ་ན་འཇིགས་འཇིགས་མི་གསུང་བར་ཞུའོ་ཟེར་ནས་རྣ་བ་འགེབས། ཤེས་རབ་སྙིང་པོ་བཏོན་ཙ་ན་ཡང་རྣ་བ་འགེབས་པས། ཇོ་བོ་ཐུགས་ཆད་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས་ཚོགས་ཁྱད་པར་ཅན་ལ་འབད་པ་མ་བྱས་ན་སྲུང་སྡོམ་དག་པ་གཅིག་པུས་གར་ཡང་མི་ཕྱིན་པར་སྣང་གསུངས་ནས་མ་མཉེས།
ཡང་ཇོ་བོ་སྙེ་ཐང་དུ་ཇོ་བཙུན་ནམ་མཁའ་དབང་ཕྱུག་བྱ་བ་གཅིག་གིས་ཇོ་བོ་ལ་སྙུན་རྒྱགས་ཟླ་བ་གཅིག་སྦྱར་ནས་དེའི་བསྔོ་བའི་དུས་སུ། ཇོ་བོའི་ཞལ་ནས། བོད་ན་ནོར་གྱི་བདག་པོ་ཇི་ལྟ་བུ་ཡོད་གསུངས་ནས་བཀའ་སྨེད་པ་ལ། ཨ་མི་གཡས་བཙུན་དང་། ཙོང་ཁའི་རྒྱལ་པོ་ལ་ནོར་འདི་ཙམ་ཡོད་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་བོད་ལ་དགེ་སློང་བཞི་སྡེ་གཅིག་ལ་ཆོས་སྟོན་དྲངས་པའི་འབྲས་བུ་ལ་སྤྱོད་པ་མི་འདུག་གསུང་།
ཡང་སྙེ་ཐང་ན་བཞུགས་ཙ་ན། རྒྱ་གར་གྱི་སློབ་མ་རྣམས་ཀྱིས་ཇོ་བོ་ལ་འབུལ་བ་སྐྱེལ་བའི་བང་ཆེན་བྱུང་བ་ལ། ཇོ་བོའི་ཞལ་ནས་རྒྱ་གར་ན་ངོ་མཚར་ཅན་གྱི་གཏམ་ཅི་ལྟ་བུ་འདུག་ཅེས་བཀའ་སྨྲ་བ་ལ། ཁོང་ན་རེ། གཞན་དང་མི་འདུག་སྟེ། རྣལ་འབྱོར་མ་གཅིག་གིས་གྲོང་ཁྱེར་ཆེན་པོ་ཅིག་གི་དབུས་སུ་འཆག་སའི་ཁུང་བུ་བྱས་ནས་སྒྲུབ་པ་བྱས་པས། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་ད་ལྟ་སྐུ་ལུས་ཀྱི་བཀོད་པ་མང་པོ་སྤྲུལ་ནས་བྱམས་པ་དང་སྙིང་རྗེ་ལས་བརྩམས་པའི་ཆོས་གསུང་གིན་འདུག
ཡང་རྣལ་འབྱོར་པ་གཅིག་གིས་མཎྜལ་ཕུལ་བས་མཎྜལ་ལས་པདྨོའི་སྡོང་པོ་སྐྱེས། དེ་ལ་མེ་ཏོག་ཤར་ནས་ཞག་བདུན་དུ་སོལ་ལེ་འདུག་པ་ད་ལྟ་ཡོད་ཟེར་བས། དགེ་བཤེས་སྟོན་པ་ཚེམས་རྩ་རེ་རྩོ་རེ་ཅིག་མ་འགལ་ལ་བཏབ་ནས། ངས་མ་ཤི་ན་ད་རྒྱ་གར་ན་ད་དུང་ངོ་མཚར་ཅན་གྱི་གཏམ་ཡོད་པར་སྣང་གསུང་། དེ་ཙ་ན་ཇོ་བོའི་བླ་མཆོད་དགོན་པ་བས་དབུ་མཛད་བུར་གྱི་ཉམས་དགའ་མོར་བཞུགས་ནས། ཇོ་བོ་སྐབས་སུ་བླ་མཆོད་རྣམས་ལ་ཞལ་ལྟ་གསུང་གིན་ཉམས་དགའ་མོར་ཡང་ཡང་བྱོན། དགེ་བཤེས་དགོན་པ་བ་ཉམས་དགའ་མོ་ན་བཞུགས་པའི་ནུབ་ཅིག་འུར་སྒྲ་ཆེན་པོ་ཅིག་བྱུང་བའི་རྗེས་ལ་ས་འོག་ནས་སྡིག་པ་ཆེན་པོ་གཅིག་ས་ཤིགས་ཤིགས་བྱུང་། དགེ་བཤེས་དགོན་པ་བས་ཇོ་བོ་ལ་གསོལ་བ་བཏབ་པས་མེད་དེ་སོང་། དེའི་ནངས་པར་ཇོ་བོ་སྔ་མོར་སྙེ་ཐང་ནས་བྱོན་ནས་ཁྱོད་ང་ལ་སྦྲོན་གྱི་འདུག་པ་ཅི་བྱེད་གསུངས་པས། དགོན་པ་བས་མདང་གི་དེ་གསོལ་བས། ཇོ་བོས་རྣལ་འབྱོར་སྲུང་བའི་སྐོར་བྱ་བ་མི་གཡོ་བའི་སྐོར་གདམས་པ་མ་ལུས་པར་དགོན་པ་བ་ལ་གནང་བས། ལོ་ཙཱ་བ་དང་དགེ་བཤེས་སྟོན་པ་གཉིས་ཞལ་འཁང་མཛད། ཇོ་བོ་དགོན་པ་སྟོང་པ་ཐམས་ཅད་ལ་ཕྱག་མཛད། དེ་སྟོང་པ་ལགས་ཞུས་པ་ཡོད་དེ་ཡོད་ཡོད་དེ་འོང་། ཁོ་བོ་དགོན་པ་ལ་དགའ་སྒོམ་སྒྲུབ་མ་བྱུང་། ཁོ་བོ་བོད་དུ་འོངས་པ་དོན་མ་མཆིས་གསུང་། མ་འོངས་པ་ན་སྒོམ་སྟེ་མཆི་གསུང་། ཁྱེད་ཀྱང་རི་ལ་བསྒོམས་གསུང་། དེ་འདྲེ་ཡང་ལགས་ཞུས་པས། ཁྱོད་རང་ཚུལ་ཁྲིམས་ཅལ་ལེ་ཅོལ་ལེར་སོང་བ་མིན་ནམ། ངེད་རྒྱ་གར་ན་འདྲེའི་གསེབ་ན་བསྒོམ་པ་ཡིན་གསུངས་ནས། ངའི་སློབ་མ་སྤུ་ཉ་མ་ཏི་བྱ་བ་བསྒོམས་པ་ལ་བར་ཆད་བྱུང་ནས་སྟོང་པ་ཉིད་དུ་བསྒོམས་པས་ཞི་ནས་སོང་བའི་གཏམ་རྒྱུད་ཟངས་ཀྱིས་གསུང་། རེས་ཙ་ན་གཅིག་པུར་བསྡད་པ་ལ་འདྲེས་ཁྱེར་བ་མང་གསུངས་ནས་མི་མཉེས་པ་ཡང་མཛད།
དེ་ཙ་ན་སྒོམ་པ་རྒྱ་སྨོན་གྱིས་དགེ་བཤེས་གསང་ཕུ་བ་ལ་གསང་སྔགས་རྙིང་མའི་ཕྱིར་རྒྱུད་ཆང་ཆུང་འགའ་ཞུས་འདོད་ཞུས་པས། རིམ་པ་བྱས་སམ་གསུང་། མ་བགྱིས་ཞུས་པས། འོ་ན་ཇོ་བོ་ཧེ་རུ་ཀ་དངོས་སུ་བཞུགས་པ་ལ་བཤད་དུ་རུང་མི་རུང་ཞུས་པས། ཇོ་བོའི་ཞལ་ནས། རིམ་པ་བྱས་ཀྱང་བོད་ཀྱི་རིམ་པས་གོ་མི་ཆོད། བོད་དད་པ་ཆེ་བས་གསང་སྔགས་ཀྱི་སྣོད་དུ་རུང་བའི་སློབ་མ་ཡོད་སྲིད། སློབ་དཔོན་དབང་བསྐུར་ཐུབ་པ་ནི་མི་སྣང་། རིམ་པས་མ་བྱས་ཀྱང་བྱང་ཆུབ་ཀྱི་སེམས་བརྟན་པོ་ཡོད་ན་དེ་ཀུན་ཙམ་མཉན་དུ་རུང་གསུང་། དེའི་ཉིན་པར་ཁྲི་ཁར་བྱོན་ནས་ངས་བླ་མ་ལ་ཞུས་འདི་སྐད་གསུང་གསུངས་ནས་བཤད་པ་མཛད། གསང་ཕུ་བ་ཕྱིས་གསང་སྔགས་ལ་གཟིགས་ཤིང་ཨ་ཏི་ཤ་གནང་བ་འདི་ཆེས་སོ་བྱ་བ་ཆིག་སྨྲས་སུ་ཡང་མཛད།
ཡང་ཁ་ཅིག་གིས་ཇོ་བོ་ལ་ཆོས་ཞུས་པས། དད་པ་དད་པ། དད་པ་ཁོ་ན་གལ་ཆེ་གསུང་། ཡང་ཇོ་བོ་ལ་བཅུད་ལེན་ཞུས་པས་ཁོ་བོ་བྱང་ཆུབ་སེམས་ཀྱི་བཅུད་ལེན་གསུང་། ཇོ་བོའི་ཞལ་ནས། ཆོས་གོས་གོན་པ་དང་ནམ་གྱི་གུང་ལ་ཉལ་བ་ན་སངས་རྒྱས་ཀྱི་རྗེས་སུ་བསླབ་པར་བྱ་སྙམ་པ་མ་བསྒོམས་ན་ཉེས་པ་རེ་ཡོང་སྟེ། ཁྱོད་བོད་ཀྱི་འདུལ་བ་འཛིན་པ་ལ་ཅི་ཆ་གསུང་། དུས་དེར་དབུས་གཙང་བ་དང་ཁམས་པ་མང་པོས་སྐྱབས་འགྲོ་སེམས་བསྐྱེད་ཞུས། ལ་ལས་གསང་སྔགས་ཀྱི་རིམ་པ་ཞུས། ལ་ལས་རབ་གནས་ཞུས་པས་སེམས་བསྐྱེད་ཞུ་བ་ཚན་གཅིག་ལ་ཇོ་བོའི་ཞལ་ནས། སྟོན་པ་འདི་ཀུན་ཆོས་ཉན་པའི་རྒྱགས་འདུག་པ་ལ་མཆོད་པའི་རྒྱགས་མི་འདུག་གསུང་། ཡང་ཁམས་པ་ཚན་གཅིག་གིས་རབ་གནས་ཞུས་པས། དགེ་བཤེས་སྟོན་པ་ཞལ་འཛུམ་འཛུམ་མཛད་ནས་ཇོ་བོ་ལ་གཅིག་གཟིགས། ཁམས་སྟོན་རྣམས་ལ་གཅིག་གཟིགས་ནས་མཛད་ཀྱིན་གདའ། དགེ་བཤེས་སྟོན་པའི་ཞལ་ནས། བླ་མ་འདི་བཞིན་དུ་གསུང་གིན་གདའ་གསུངས་ནས་བསྒྱུར་བ་ལ། ནན་ཏར་རབ་གནས་གཤའ་མར་བྱེད་ན་དང་པོ་རྒྱུ་འདི་ལྟར་དགོས། དེ་ནས་ལྷ་བཟོ་འདི་ལྟ་བུ་ཞིག་དགོས། དེ་ནས་སྐྱ་རིས་འདི་ལྟར་དགོས། དེ་ནས་སྤྱན་འབྱེད། དེ་ནས་རབ་གནས་འདི་ལྟར་བྱེད་དགོས་བྱ་བ་ལ་སོགས་པ་རབ་གནས་ཀྱི་གདམས་པ་མང་པོ་གསུང་། དེའི་དུས་སུ་བྱམས་པ་ལྷ་ཡུལ་མའི་སྒྲུབ་ཐབས། རྗེ་བཙུན་མ་སྒྲོལ་མའི་ཕྱག་འཚལ་ཉི་ཤུ་རྩ་གཅིག་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་སོགས་པ་དགེ་བཤེས་སྟོན་པས་བསྒྱུར་རོ།།
དེའི་དུས་སུ་དགེ་བཤེས་ལོ་ཙཱ་བས་ཀྱང་ཆོས་བསམ་གྱིས་མི་ཁྱབ་པ་བསྒྱུར། བང་སྟོན་གྱིས་དབུ་མཛད་ནས་ཨ་མེ་བྱང་ཆུབ་དང་ཕྱག་ཁྲི་མཆོག་གིས་ཞུས་ནས་ཁྲོ་བོ་མི་གཡོ་བ་དང་། སྔོན་པུ་རངས་སུ་བསྒྱུར་བའི་ཡིད་བཞིན་ནོར་བུའི་ཆོ་ག་དང་། སྨན་གྱི་བླའི་ཆོ་ག་བླ་མ་ཉིད་ཀྱིས་མཛད་པ་ཞུས་ཏེ་ལོ་ཙཱབས་བསྒྱུར་རོ།།
དེ་ནས་ཀ་བ་ཤཱཀྱ་དབང་ཕྱུག་དང་། གར་མི་ཡོན་ཏན་གཡུང་དྲུང་དང་། དར་བྱང་ཆུབ་གསལ་དང་། གནས་བརྟན་རྒྱལ་བ་ལ་སོགས་པ་ཀུན་གྱིས་རིམ་པ་ཞུས་ནས། བླ་མ་གསེར་གླིང་པས་མཛད་པ་ཨ་ར་པ་ཙ་ནའི་སྒྲུབ་ཐབས་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྒྲུབ་ཐབས། དགེ་བཤེས་སྟོན་པས་ཞུས་ནས། བླ་མ་ཉིད་ཀྱིས་རྒྱ་གར་ཡུལ་གྱི་ནགས་གསེབ་ཏུ་རྨི་ལམ་དུ་ཞལ་གཟིགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གསུམ་ཞག་དྲུག་པའི་སྒྲུབ་ཐབས་དང་། ལས་ཀྱི་སྒྲིབ་པ་སྦྱོང་བའི་ཐབས་ཀྱི་ཆོ་ག་དང་། སྨན་གྱི་བླའི་ཆོ་ག་དང་། དེའི་སྒྲུབ་པའི་ཐབས་དང་། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་ཆོ་ག་དང་། གཙུག་ཏོར་དྲི་མ་མེད་པའི་ཆོ་ག་དང་། དེའི་བུམ་པའི་ཆོ་ག་དང་། མཆོད་རྟེན་སྒོ་བའི་མན་ངག་དང་། རབ་གནས་ཀྱི་ཆོ་ག་དང་། གདམས་ངག་དང་། ཨ་མོ་གྷ་པ་ཤའི་བུམ་པའི་ཆོ་ག་རྣམས་ཞུས་ཏེ། བླ་མ་ཉིད་དང་དགེ་བཤེས་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
ལོ་ཙཱ་བས་ཁུངས་ཕྱུང་ནས་ཨ་མེ་བྱང་ཆུབ་ཀྱིས་ཇོ་བོ་ལ་མི་གཡོ་བའི་ཆོ་ག་མན་ངག་རྒྱས་པར་ཞུས་ཏེ། བླ་མ་ཉིད་དང་ལོ་ཙཱ་བའི་བསྒྱུར་རོ། །དེ་ནས་བང་སྟོན་དང་འབྲོམ་སྟོན། ཨ་མེ་བྱང་ཆུབ་དང་། ཕྱག་ཁྲི་མཆོག་དང་། རྔོག་སྟོན་དང་། གནས་བརྟན་དད་བརྩོན་ལ་སོགས་པས་ཞུས་ནས། སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་མདོ་དང་། སེམས་ཅན་མགུ་བར་བྱ་བ་དང་། བླ་མ་ཉིད་ཀྱིས་མཛད་པའི་སེམས་བསྐྱེད་པའི་ཆོ་ག་དང་། ཚུལ་ཁྲིམས་ལེའུ་ཡི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་རྣམས་བླ་མ་ཉིད་དང་སློབ་དཔོན་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེ་ནས་འབྲོམ་སྟོན་པ་དང་། ཕྱག་ཁྲི་མཆོག་དང་། བཙུན་པ་དགེ་བ་སྐྱོང་རྣམས་ཀྱིས་ཞུས་ནས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཁ་སར་པ་ཎི་དང་། ཡི་གེ་དྲུག་པ་དང་། སེངྒེ་སྒྲའི་སྒྲུབ་ཐབས་དང་། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྣམས་བླ་མ་ཉིད་དང་ལོ་ཙཱ་བས་བསྒྱུར་རོ། །དེ་ནས་ཨ་མེ་བྱང་ཆུབ་དང་ཕྱག་ཁྲི་མཆོག་གཉིས་ཀྱིས་ཞུས་ནས། སློབ་དཔོན་ཨཱརྱ་དེ་བས་མཛད་པའི་འཇིག་རྟེན་དབང་ཕྱུག་སྒྱུ་འཕྲུལ་དྲ་བའི་མཛད་པའི་སྒྲུབ་ཐབས་བླ་མ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེའི་དུས་སུ་དགེ་བཤེས་ལོ་ཙཱ་བའི་ཞལ་ནས། ཇོ་བོ་ལ་བདག་མཆིམས་ཕུར་གཅིག་འགྲོ་བར་ཞུ། དགེ་སྦྱོར་ཞིག་བྱེད་བྱས་པས། ཇོ་བོའི་ཞལ་ནས། ལོ་ཙཱ་དགོས་གསུངས་ནས་མ་གནང་པ་ལ་ཡང་ཡང་ཞུས་པས་གནང་ནས། དེའི་བར་དུ་ལོ་ཙཱ་བ་དགེ་བཤེས་སྟོན་པ་ལ་གཏད་ནས་ཟླ་བ་གསུམ་བཞུགས། དེ་ཙ་ན་གཙང་པའི་སྟོན་པ་དགེ་བ་དང་མྱང་རོ་བའི་སྟོན་པ་ལ་སོགས་བྱོན་པ་ལ་ལོ་ཙཱ་བ་ན་བཞེད་པ་ལ་འབྲོམ་གྱིས་ད་མགར་དགེ་བ་ལ་ལོ་ཙཱ་བྱ་དབང་མ་བྱུང་ནས། ཁོང་རང་གིས་བྱས་པས་སྐད་ཚད་དུ་མ་སྐྱོལ་བར་འགྲེལ་ཆུང་ཡང་བཅོས་འདུག །ཡི་གེ་དྲུག་པ་ནང་གི་སྒྲུབ་ཐབས་ལྷ་བཅུ་པར་བསྒྱུར་འདུག །བླ་མ། དབུ་མ་བདེན་ཆུང་བཤད་པའི་སྒྲུ་མ་སྐྱོལ་བ་ལ་འཕྲོད་གཅོད་དུ་བཅུག་ནས་འོར་གྱི་མཆོད་རྟེན་དུ་བཞུགས། སྒྲུབ་ཐབས་བཅོས་ཟེར་ཏེ། འོ་ན་དགེ་བཤེས་སྟོན་པས། ལོ་ཙཱ་མི་ཤེས་སམ་གསུང་། ཐོག་འབེབས་བསོད་ནམས་ཡེ་ཤེས་ལ་སོགས་པ་སྟོན་ཆེན་མང་དུ་ཕེབས་ནས་དགེ་བཤེས་སྟོན་པས། ལོ་ཙཱ་བ་ལ་མྱུར་དུ་བྱོན་ཟེར་བའི་འཕྲིན་བསྐུར་ཏེ་བྱུང་ནས་ལོ་ཙཱ་བས་བྱོན་པ་དང་། སྟོན་པ་དགེ་བས་ཞུས་ནས་དཔལ་དགྱེས་པ་རྡོ་རྗེ་ཤནྟི་པས་མཛད་པའི་ལྷན་གཅིག་སྐྱེས་པའི་རྣལ་འབྱོར་དང་། བླ་མ་ཉིད་ཀྱིས་མཛད་པའི་ཌོཾ་བྷི་ཧེ་རུ་ཀའི་བདུད་རྩི་འོད་ཀྱི་འགྲེལ་པ་དང་། དཔལ་འཁོར་ལོ་སྡོམ་པའི་གཞུང་མང་པོ་དང་། དཔལ་མ་ཧཱ་མ་ཡའི་སྒྲུབ་ཐབས་དང་། སློབ་དཔོན་ཀུ་ཀུ་རི་པ་མ་དང་བརྒྱན་པ་མ་དང་། ཤནྟི་པས་མཛད་པ་ལ་སོགས་པ་བླ་མ་ཉིད་དང་ལོ་ཙཱ་བས་བསྒྱུར་རོ། །དུས་དེར་གཡོ་རུ་བ་དང་། རྩང་པ་དབུ་རུ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ས་དང་། མདོ་སྡེ་རྒྱན་དང་། བྱང་ཆུབ་ལམ་གྱི་སྒྲོན་མ་ཞུས་ཏེ་ལོ་ཙཱ་བས་བསྒྱུར་རོ། །
དེ་ནས་དེའི་དབྱར་བསླབ་པ་ཀུན་ལས་བཏུས་དང་། མདོ་ཀུན་ལས་བཏུས་པ་དང་། སྤྱོད་པ་ལ་འཇུག་པ་དང་། བྱང་ཆུབ་ལམ་གྱི་སྒྲོན་མ་གསུངས། དེ་ཙ་ན་ཇོ་བོའི་ཞལ་ནས། དགེ་བཤེས་སྟོན་པ་ལ་བླ་མ་གསེར་གླིང་པའི་ལུགས་ཀྱི་བསླབ་བཏུས་སྤྱོད་འཇུག་འདི་བསླབ་ཀྱི་གསུངས་པ་ལ། དགེ་བཤེས་སྟོན་པས་སེ་བཙུན་ལ་ཡམ་མེ་བ་ཅིག་བསླབས་ཡོད་པས་དེ་ཤེས་ཟིན་བྱས་ནས་མ་བསླབས། དེ་ནས་ལོ་ཙཱ་བས་ཁུངས་ཕྱུང་ནས་དབང་པོ་རབ་འབྲིང་གསུམ་ལ་སོ་སོར་ཕྱེ་ནས། ཆུ་བོ་ཆེན་པོའི་གཞུང་ལྟར་བཤད་པ། ལྗོན་ཤིང་གི་ལོ་འདབ་ལྟར་བཤད་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟར་བཤད་པ་ལ་སོགས་པ་ཟུར་གསུངས་ནས། དགེ་བཤེས་སྟོན་པས་སྙན་ཁུམས། ཇོ་བོ་ལ་གསུང་བར་ཞུས་པས། ཁྱེད་རང་མཁས་གསུངས་ནས་མ་གནང་ངོ་། །སྤྱིར་ཇོ་བོའི་ཆོས་ཕལ་བ་ཐམས་ཅད་ལོ་ཙཱ་བས་ཁུངས་ཕྱུང་གི་ཞུས་པས། དགེ་བཤེས་ལོ་ཙཱ་བའི་ཞལ་ནས། བོད་ལ་བདག་བཀའ་དྲིན་ཆེའམ་སྙམ་པ་ཡིན་ཞེས་ཀྱང་གསུང་ངོ་། །དེ་ཙམ་ན་བོད་སྟོན་རྣམས་ཀྱིས་ཀྱང་བོད་དུ་བྱས་པའི་བསྟན་བཅོས་འགའ་ཟུང་གཟིགས་སུ་ཕུལ་བས། གཞན་ལ་མ་མཉེས་རྣལ་འབྱོར་པ་ཨ་རོས་མཛད་པའི་ཐེག་ཆེན་རྣལ་འབྱོར་ལ་འཇུག་པ་བྱ་བ་དེ་ལ་མཉེས་ཏེ་ཚིག་སྙན་ངགས་ཆེ། ལས་རྒྱུ་འབྲས་ཞིབ། དོན་ཟབ་ལ་རྒྱ་ཆེ་བར་འདུག་གསུང་། མདོ་སྐུལ་ཆེན་མོ། དུས་མཆོད་ཀྱི་སྤྱན་འདྲེན། ཡང་མཆོད་ལ་སོགས་པ་ལག་ལེན་བཏུབ་པར་སྣང་ངམ་ཞུས་པས། ལེགས་པར་གཟིགས་བརྟག་མཛད་ནས་ལག་ལེན་བཏུབ་པར་སྣང་གསུང་ངོ་། །
དེ་ཡན་ཆད་བོད་ཡུལ་དབུས་ཀྱི་ས་ཆ་ལ་ལོ་བདུན་དང་ཟླ་བ་ལྔ་བཞུགས་ནས། དེ་ནས་ཆོས་ཙམ་ཡང་མི་གསུང་རྒྱ་ལ་གསུངས་ཀྱང་ཆོས་གླུ་དང་མགུར་དུ་གསུང་སྟེ། ཆོས་ཀྱི་དབྱིངས་ཀྱི་གླུ་དང་འཁོར་བ་ལས་ཡིད་ངེས་པར་འབྱིན་པའི་གླུ་དང་། བདེ་བ་དྲུག་གི་གླུ་དང་། བྱང་ཆུབ་སེམས་ཀྱི་གླུ་ལ་སོགས་པ་མགུར་དུ་བཞེངས། མཚན་མོ་ཕལ་ཆེར་མཁའ་འགྲོ་མའི་ཚོགས་སུ་གསང་སྔགས་ཟབ་མོའི་དོན་མགུར་དུ་བཞེངས་ཏེ། ལྟ་བ་རྡོ་རྗེའི་གླུ་དང་། སྤྱོད་པ་རྡོ་རྗེའི་གླུ་དང་། སྒོམ་པ་རྡོ་རྗེའི་གླུ་དང་། རྡོ་རྗེའི་ཆོས་ཀྱི་གླུ་ལ་སོགས་པ་མགུར་དུ་བཞེངས་པ་བླ་མ་ལ་ཞུས་པས་གནང་ནས་ལོ་ཙཱ་བས་བསྒྱུར་རོ། །དུས་དེར་དགེ་བཤེས་ལོ་ཙཱ་བས་བླ་མ་ལ་མཎྜལ་སྔོན་དུ་སོང་ནས་ཕྱག་འཚལ་ནས་ཞུས་པ། བདག་མཆིམས་ཕུར་སོ་གསོད་ཅིག་བགྱི། འདི་ན་ལྷོ་བྱང་ཤར་ནུབ་ཐམས་ཅད་འཚོགས་པས་སོ་མི་གསོད། གཞུང་ཆེན་པོ་བླ་མས་ཀྱང་གསུང་མི་ལྕོགས། ངས་ཀྱང་མི་ནུས། གདམས་པ་ཆང་ཆུང་གི་ལོ་ཙཱ་སྟོན་པ་རྒྱལ་འབྱུང་གིས་འོང་གིས་བདག་མཆི་བར་ཞུ་ཞུས་པས་མ་གནང་། ཡང་ཞུས་པས་མ་གནང་། དེ་ནས་ཇོ་བོ་ལ་སྙུན་ནད་ཅིག་བྱུང་།
དེ་ནས་རིམ་གྲོ་དང་མཆོད་པ་ལ་སོགས་པ་བྱས་པ་དང་། ཡི་དམ་གྱི་ལྷ་རེ་རེའི་ཞལ་གཟིགས་པ་དང་སྙུན་དངས། ཡང་བྱུང་ལྷ་རེ་རེའི་ཞལ་གཟིགས་པ་དང་དངས། དེ་ལྟ་བུ་ཡང་ཡང་བྱུང་གསུང་། སྤྱིར་ཡང་སྙེ་ཐང་ན་བཞུགས་པའི་རིང་ལ་ཡི་དམ་གྱི་ལྷ་ཞལ་གཟིགས་པ་མང་སྟེ། ཟླ་བ་གསུམ་པའི་ནུབ་ཅིག་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞལ་གཟིགས། དེ་ནས་སྲོད་ཀྱི་ཐུན་ལ་ནུབ་རེ་མན་ཆད་ཞལ་གཟིགས་གསུང་། ཉིན་ཅིག་དགུན་ལྷགས་པ་ཆེན་པོ་གཅིག་ལ་ཇོ་བོ་མཎྜལ་ཅིག་མཛད་ཀྱིན་ཕྱག་སེར་ཀ་བཀྲ་ཤིག་གེ་ཡོད་པ་ལ་ཇོ་མོ་སྒྲོལ་མ་བྱོན་ནས། ད་དེ་ཙམ་པའི་དཀའ་ལས་བགྱི་ག་ན་འཚལ་གསུང་། ཡང་ཕྱག་དར་མཛད་པས། གཞན་གྱིས་འོ་བརྒྱལ་ཟེར་ནས་ཕྱགས་མ་ཕྲོགས་པ་ལ་མ་གནང་བར་ཁྱོད་སྟོན་སྐལ་ཕྲོགས་ན་ཅི་ཙམ་དུ་རྩི་གསུང་།
ཡང་ནུབ་ཅིག་ཇོ་བོ་མནལ་བའི་རྨི་ལམ་ན་བུད་མེད་རྒྱན་སིལ་ཁྲོལ་ཁྲོལ་གསན་པས་བལྟར་མི་རུང་སྙམ་ནས་མ་གཟིགས་པས། ཁྱོད་མ་ལ་ཡང་མི་གཟིགས་སམ་ཟེར་བའི་སྒྲ་ལྷངས་ཀྱིས་བྱུང་། ངའི་མ་འདི་ན་མེད་ན་གསུངས་པས། མ་སྒྲོལ་མ་ལ་ཡང་མི་གཟིགས་སམ་ཟེར་བ་རྨིས་ནས་རྣལ་སད་པ་དང་། མདུན་གྱི་ནམ་མཁའ་ལ་རྗེ་བཙུན་མ་སྒྲོལ་མ་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་ཞལ་གཟིགས། དེ་ནས་དུས་ཕྱིས་ཤིགཇོ་བོའི་ཞལ་ནས། ང་ལ་མ་སྒྲོལ་མ་རྨི་ལམ་དུ་ཡང་མའི་འདུ་ཤེས་འཇོག་པ་ཡིན་ཏེ། ཇོ་མོ་རང་འདི་ན་བཞུགས་ཏེ་དཔང་པོ་ཡིན་ནོ་གསུང་ངོ་། །ཇོ་མོ་སྒྲོལ་མ་ག་ན་བཞུགས་གདའ་ཞུས་པས། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མའི་ཐང་སྐུ་ཅིག་ལ་ཕྱག་མཛུབ་བཙུགས་ནས་འདི་ཡིན་མོད་གསུང་། དེ་ད་ལྟ་རྭ་སྒྲེང་ན་བཞུགས་སྐད། ཡང་ཉིན་ཅིག་ཇོ་བོ་སྙེ་ཐང་གི་གཟིམས་ཆུང་ན་བཞུགས་ཙ་ན། རྣལ་འབྱོར་ཆེན་པོས་ཇོ་བོའི་བཞེས་པ་འདྲེན་དུ་ཕྱིན་ཙ་ན་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་མཛད་ནས་མཻ་ཏྲི་གསུང་ཞིང་འདུག་པས་འདྲེན་མ་ནུས་པར་ལོགཡང་ཕྱིན་པའི་ཚེ་ཡང་དེ་བཞིན་དུ་འདུག་ནས་ལོག་དེ་ནས་བཞེས་པ་གྲང་མོར་སོང་། དེ་བསྲོས་ཙ་ན་དྲོ་མཆིས་པས་འདྲེན་མ་ནུས་པས་ངའི་ཆོས་སྟོན་ཁྱོག་གསུང་། ད་ཅི་མི་གསོལ་བ་ཇི་ལྟར་ཞུས་ལགས་པས་མཻ་ཏྲི་བྷྲི་ཁོ་ལོ་གསུང་།
དེ་ནས་དྲོ་ཐོན་པ་དང་ཇོ་བོའི་ཞལ་ནས། ད་ནངས་བར་དུ་རྗེ་བཙུན་འཇམ་དཔལ་དང་། རྗེ་བཙུན་བྱམས་པ་མདུན་གྱི་ནམ་མཁའ་འདི་ལ་བྱོན་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲོ་གླེང་མཛད། དཔལ་ཕྱག་ན་རྡོ་རྗེས་བར་ཆད་བསྲུངས། ལྷའི་བུ་རྣམས་ཀྱིས་ཟིན་བྲིས་བྱས་ཏེ་དེ་ད་འབྲི་དགོས་གསུངས་ནས་བྱམས་བགྲོ་བ་མཛད་པའི་སྐྱ་རིས་ཤིག་བླ་མ་ཉིད་ཀྱིས་མཛད། ཡང་ཇོ་བོའི་ཞལ་ནས། སངས་རྒྱས་ཐམས་ཅད་ཀྱི་རང་མདོག་གསེར་གྱི་ཁ་དོག་ཏུ་འདུག་གསུངས་ནས་རིགས་ལྔ་སེར་འཇམ་མཛད། འོ་ན་སོ་སོར་བསྟན་འདུག་པ་ཞུས་པས། གདུལ་བྱ་གང་ལ་གང་འདུལ་དུ་བསྟན་པ་ཡིན་གསུང་། དེ་ཙ་ན་ཁམས་པ་སྟོན་པ་རྒྭ་ཆེན་རྒྭ་ཆུང་གཉིས་དང་བ་རི་ལ་སོགས་རྒྱ་གར་དུ་ཆོས་སློབ་པའི་ལམ་རྒྱུས་དང་འཕྲལ་སྐད་དང་། བར་ཆོད་སེལ་བའི་བྱིན་རླབས་ཞུར་བྱུང་བ་ལ་ཇོ་ཐོགས་པར་འོང་བར་འདུག་གིས། ཁྱེད་ཚོ་བླ་མ་རྡོ་རྗེ་གདན་པའི་སྤྱན་སྔར་སོང་ཅིག་གསུངས་ནས་ལུང་བསྟན་ནོ། །
དེ་ཙ་ན་ཇོ་བོ་ཆོས་གསུང་ཚད་ཞལ་ཆེམས་སུ་གསུང་སྟེ། དྷརྨ་ཨ་ལོ་ཀ་ཡང་གསུང་། དེ་ཇི་ལྟར་ལགས་ཞུས་པས། ཆོས་བྱའོ་དུས་ཡིན་གསུང་། ཐེག་པ་གསང་སྔགས་ཀྱི་ལམ་འདི་སྦྲུལ་སྙུག་དོང་དུ་བཅུག་པ་དང་། གླང་པོ་ཆེའི་སྣ་ལ་རལ་གྲི་བཏགས་པ་དང་འདྲ་བས་མཐོ་དམན་བྱེད་པས་ལམ་མི་བདེ་བ་ཡིན། བོད་དུ་རྒྱུད་སྡེ་བཞི་ཀ་ལ་ལོངས་སྤྱད་པར་མི་ནུས་པས། ཁྱེད་བོད་ལ་རྣལ་འབྱོར་གྱི་རྒྱུད་བོད་དུ་ཉམས་སུ་སླ་བ་ཡིན་ཅིག་གསུང་། དགེ་བཤེས་སྟོན་པ་ལ་ཇོ་བོའི་ཞལ་ནས། ཐེག་པ་ཆེན་པོའི་ཆོས་མདོ་སྡེ་མ་ལུས་པའི་དོན། ཀླུ་སྒྲུབ་ཐོགས་མེད་ལ་སོགས་སྐྱེས་བུ་ཆེན་པོའི་ཆོས་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤིང་རྟ་ཆེན་པོའི་ལམ་འདི་ཁྱོད་ལ་གཏད་དོ་གསུང་། དགེ་བཤེས་སྟོན་པས་ཁོང་གཞན་ལ་ཐེག་པ་གསང་སྔགས་ཀྱི་གདམས་པ་གནང་ནས་དངོས་རང་ལ་འདི་གནང་བ་ཇི་ལྟར་ཡིན་ཞུས་པས། ཁྱོད་མིན་པ་གཏས་ས་མ་རྙེད་པ་ཡིན་གསུང་། ཇོ་བོ་འདའ་ཀའི་དུས་ཙམ་ན་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་བཞུད་པ་ཀུན་གྱིས་མཐོང་། ཡང་དེ་ཙ་ན་ཇོ་བོའི་ཞལ་ནས། ང་ལ་ལྷ་རྣམས་ཀྱིས་མཆོད་པ་བྱས་པའི་རོལ་མོའི་སྒྲ་ད་རུང་གྲག་པ་ཐོས་སམ་གསུང་། དགེ་བཤེས་སྟོན་པའི་ཞལ་ནས། ང་ཅོལ་ཆུང་བས་སྐྲ་ཡར་བཏེག་གྱིན་མཉན་པས་མ་ཐོས་གསུང་། ཡང་ཇོ་བོའི་ཞལ་ནས་འཛུམ་པ་ཅིག་མཛད་ནས། དེ་ཇི་ལྟར་ལགས་ཞུས་པས། ཇོ་བོའི་ཞལ་ནས། ངའི་སློབ་མ་ཅིག་ང་ལ་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གྲགས་གསུང་། ཡང་ཇོ་བོའི་ཞལ་ནས། མཁའ་འགྲོ་མ་རྣམས་ང་ལ་བསྐོར་བ་བྱས་གསུང་། ཡང་ཇོ་བོའི་ཞལ་ནས། ངའི་བླ་མ་རྣམས་དགའ་ལྡན་ན་བཞུགས། ང་ཡང་དགའ་ལྡན་དུ་འགྲོ་གསུང་།
གཞན་ཡང་དེ་ལྟ་བུ་མང་དུ་གསུངས་པས་དགེ་བཤེས་སྟོན་པ་ཐུགས་མ་བདེ་ནས། དགེ་བཤེས་ལོ་ཙཱབ་མཆིམས་ཕུ་ན་བཞུགས་པ་ལ་འཕྲིན་བསྐུར་ནས་སློབ་དཔོན་མྱུར་བྱོན། འདི་ན་མཚར་ཆེ་བའི་གཏམ་ཡོད་བྱ་བ་བསྲིངས་པས། ལོ་ཙཱ་བ་ཟླ་བ་དྲུག་བཞུགས་ནས་བྱོན། དེ་ཙ་ན་ནཱ་རོ་པའི་སློབ་མ་བལ་ཡུལ་བ་པཎྜི་ཏ་ཨ་ན་ཀ་ར་ཞེས་བྱ་བ། ཡོན་བདག་དྷོ་གྷ་བྷ་རོས་སྤྱན་དྲངས་ནས་བཞུགས། དེ་སླར་རྒྱ་གར་དུ་བཞུད་པར་འདུག་གོ་བྱ་བ་ཅིག་གསན་པས། ལོ་ཙཱ་བས་ཇོ་བོའི་སྤྱན་སྔར་ཕྱིན་ནས་སྔོན་བལ་ཡུལ་དུ་ནཱ་རོ་པའི་སློབ་མ་པཎྜི་ཏ་ཨ་ན་ཀ་ར་ཞེས་བྱ་བ་ལ་སློབ་དཔོན་འཕགས་པའི་ལུགས་ལ་དགོས་པའི་གདམས་ཅིག་ཡོད་པ་དེ་ཞུ་བ་མ་གྲུབ་གསུངས་པ་དེ་མ་བསྙེལ་ཏམ་ཞུས་པས། ཇོ་བོའི་ཞལ་ནས། དེ་དྲན་ནོ་གསུངས་པས། འོ་ན་པཎྜི་ཏ་དེ་བལ་ཡུལ་ན་བྱོན་མཆི་ན་བདག་དེ་ལ་འཕགས་སྐོར་ཅིག་མཉན་པར་མཆི་བར་ཞུ་ཞུས་པས། ཇོ་བོའི་ཞལ་ནས། དེ་ལྟར་མོད་ཀྱི་བདག་ན་སོ་རྒས་པས་མཉན་པའི་མཐུ་མེད། ཁྱོད་འབོད་པ་ཅིག་འོང་གིས་དེ་ཙ་ན་སོང་། འོ་ཅག་དེའི་བར་དུ་འགྲོགས་དགོས་གསུང་། ང་ཡང་ད་སྟེ་ཟླ་བ་བཅུ་ཙམ་ན་དགའ་ལྡན་དུ་མགོན་པོ་བྱམས་པ་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཉན་དུ་འགྲོ་གསུང་། སྐྱེ་བ་ཐོག་མེད་པ་ནས་གཅིག་པུ་གྲོགས་མེད་པར་འགྲོ་བ་ཡིན་པས་ཅི་ནས་ཀྱང་དེ་ཙུག་གྱིས་གསུངས་པ་ལ་དགེ་བཤེས་ལོ་ཙཱ་བས་བཤུམས་སོ། །
དེ་ནས་ལོ་ཙཱ་བས་ཡང་ཇོ་བོ་ལ་ཕར་ཞུས་པ། བླ་མ་ངས་འདིར་སྤྱན་དྲངས་ནས་རིག་པའི་ཆོས་ཐམས་ཅད་ཀྱང་ངེད་ཀྱིས་ཁོང་དུ་ཆུད་པར་བྱས་ནས་འགྲོ་བ་འདི་མི་རིགས་སམ་སྙམ་དུ་འདུག་པས་ད་མཆི་བ་རང་དུ་ཞུ་ཞུས་པས། ཇོ་བོའི་ཞལ་ནས། ང་འདིར་ཁྱོད་ཀྱིས་བསྐྱལ། ནང་རིག་པའི་ཆོས་ཐམས་ཅད་ཀྱང་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱས་ནས་ཁྱོད་འགྲོ་བ་མི་རིགས་མོད་ཀྱང་ཐེག་པ་ཆེན་པོའི་ཆོས་ལ་བར་ཆད་མང་བས་འགྲོ་དགོས། དེའི་བར་དུ་མཆོད་པ་རྒྱུན་མི་ཆད་པར་ཕུལ་ལ་གསོལ་བ་ཐོབ་གསུང་། དེ་ནས་ལོ་ཙཱ་བས་མཆོད་པ་བཤམས་ཀྱིན་བླ་མ་ལ་གསོལ་བ་བཏབ་པས། ཟླ་བ་གཅིག་ཙམ་ནས་འཇང་བཙུན་དར་མ་བྱང་ཆུབ་དང་། ཏྲི་ཏྲི་ཤཱཀྱ་བློ་གྲོས་གཉིས་འོངས་ནས་ངེད་གཉིས་སློབ་དཔོན་རྒྱལ་རིན་གྱིས་བཏང་བས། སྔོན་གསུངས་པའི་པཎྜི་ཏ་དེ་ད་ལྟ་བལ་ཡུལ་ན་བཞུགས་པས་མྱུར་དུ་བྱོན་འཚལ། ཁོང་སླར་རྒྱ་གར་དུ་བཞུད་པར་འདུག་གསུངས་པས། ལོ་ཙཱ་བས་བླ་མ་ལ་ཞུས་པས། བླ་མའི་ཞལ་ནས། ང་ཡང་དགའ་ལྡན་དུ་སོང་ནས་ལྷའི་བུ་ནམ་མཁའ་དྲི་མེད་བྱ་བར་འགྱུར། ད་ཁྱོད་ཀྱིས་ངའི་གཟུགས་ཤིག་ལེགས་པར་ཚད་དུ་བྲིས། ང་དགའ་ལྡན་ནས་ཁུག་ལ་རབ་གནས་ལེགས་པར་གྱིས། ང་ལ་རྟག་ཏུ་མཆོད་པ་ཕུལ་ཞིང་གསོལ་བ་ཐོབ། ང་དགའ་ལྡན་ནས་འོང་པ་ཡིན་ནོ། །ད་རུང་ཟླ་བ་གཅིག་གི་བར་དུ་དངོས་སུ་མཆོད་པ་གྱིས་ཤིག་གསུང་། དེ་ནས་ཡང་ལོ་ཙཱ་བས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཉིན་མཚན་དུ་མཆོད་པ་རྒྱུན་མི་ཆད་པར་བཤམས་ནས་བླ་མ་ལ་གསོལ་བ་བཏབ་བོ།།
དུས་དེ་ཙ་ན་ཇོ་བོའི་སློབ་མ་ཕལ་ཆེ་བ་རྣམས་འཚོགས་ནས་ད་བླ་མ་རྗེ་བཙུན་ཆེན་པོ་ནི་མི་བཞུགས་པ་ལ་ཉེ་བར་སྣང་། ཇོ་བོའི་སྲོལ་ཟིན་པ་ངེད་རྣམས་སུས་འོས་ཞེས་གླེང་ལངས་བྱུང་བས་སུས་ཀྱང་མ་སྤོབས་པའི་དུས་ན། དགེ་བཤེས་ལོ་ཙཱ་བའི་ཞལ་ནས། ངས་དག་མི་ཤེས་ཏེ་ཆོས་ཐམས་ཅད་ཀྱི་ནང་ནས་ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་བླ་མ་ལས་སྐྱེ་བར་འདུག་པས་བླ་མའི་ཞབས་ཏོག་འབྲོན་སྟོན་པའི་འདྲ་བ་ངེད་སུས་ཀྱང་མ་གྲུབ། ཇོ་བོའི་སྲོལ་ཟིན་པ་གཅིག་ཡོང་ན་ཁོང་ལ་ཡོང་གསུངས་པས། དགེ་བཤེས་སྟོན་པ་ལ་དེ་ཙ་ན་མི་ཐམས་ཅད་མི་མཉེས་པས་ལོ་ཙཱ་བའི་གསུང་དེ་ལ་ཐམས་ཅད་མ་མཉེས། ཁུ་སྟོན་ན་རེ། འབྲོམ་སྟོན་འདྲ་བས་ཨ་ཏི་ཤའི་སྲོལ་ག་ན་ཟིན། ཨ་ཏི་ཤའི་སྲོལ་ཨ་པོ་ཁུ་སྟོན་རང་གིས་ཟིན་ཟེར་སྐད། དོན་ལ་ལོ་ཙཱ་བའི་གསུང་དེ་ཁོ་ན་ལྟར་ཡིན་པར་སྣང་སྟེ། རྣལ་འབྱོར་པ་ཆེན་པོའི་ཐུགས་དགོངས་ལ། ང་བསོད་ནམས་ཆུང་བས་བླ་མའི་ཞབས་ཏོག་བྱེད་བྱེད་ནས་སྒོམ་དུ་མ་བྱུང་བའི་ལོག་རྟོག་གཅིག་བྱུང་བས། བླ་མའི་ཞལ་ནས། ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་བཙལ་མི་དགོས་གསུང་། དགེ་བཤེས་རྣལ་འབྱོར་པ་བས་རྟོགས་པ་མཐོ་བ་དང་སྒོམ་བཟང་བ་དེ་དུས་ཙ་ན་མེད་སྐད། ཕྱིས་དགེ་བཤེས་དགོན་པ་བའི་ཞལ་ནས། སློབ་དཔོན་སྟོན་པས་ལོ་ཙཱ་བྱས་སློབ་དཔོན་རྣལ་འབྱོར་པས་གཡོག་པོ་བྱས། ངས་བསྒོམས་པ་ཡིན་པ་ལ་རྟོགས་པ་དེ་ཁོང་གཉིས་མཐོ་བར་འདུག་གསུང་། ཡང་ལན་གཅིག་ཙ་ན་ཞལ་སྐྱལ་ཡང་མཛད་དེ་སློབ་དཔོན་སྟོན་པས་ལོ་ཙཱ་མཛད། རྣལ་འབྱོར་པས་ནི་གཡོག་པོ་བྱས། སྒོམ་ཞུ་ཚད་ངའི་རྩར་ཤོག་བྱ་བ་ཡང་གསུང་། དེའི་དུས་སུ་དགེ་བཤེས་ལོ་ཙཱ་བ་དེ་པཎྜི་ཏ་དེ་རྒྱ་གར་དུ་བཞུད་ཀྱིས་དོགས་པའི་སྡུག་བསྔལ། འདིར་ཇོ་བོ་སྐུ་གཤེགས་ཀྱིས་དོགས་པའི་སྡུག་བསྔལ་གྱིས་རིད་པར་གྱུར་པས། ཇོ་བོའི་ཞལ་ནས། ད་སོང་གསུངས། དེར་ལོ་ཙཱ་བས་གསོལ་བ་འདི་རྣམས་བཏབ་ནས་བཞུད་དོ། །
བླ་མ་དགའ་ལྡན་གྱི་གནས་ནས་བདག་ལ་གཟིགས་སུ་གསོལ། །བླ་མ་དགའ་ལྡན་གྱི་གནས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དགེ་བའི་བཤེས་གཉེན་གྱི་སྤྱན་རས་ཀྱིས་འཚོ་བར་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་ཉིད་སྐུའི་གཟུགས་བརྙན་དུ་བྱོན་པར་ཞུ་འཚལ། །ཞེས་གསོལ་བ་བཏབ་པས་བླ་མའི་ཞལ་ནས་ཀྱང་དེ་ལྟར་དུ་བྱའོ་གསུང་། ཇོ་བོས་བོད་དུ་ལོ་བཅུ་གསུམ་བཞུགས། སྙེ་ཐང་དུ་ལོ་བརྒྱད་རིལ་པོ་ངོ་དགུ་བཞུགས་ལ། ལོ་ཙཱ་བས་ལོ་བརྒྱད་བསྟེན་སྤྱིར་ལོ་ཙཱ་བས་ལོ་བཅུ་དགུ་བསྟེན་ནོ། །དེར་ལོ་ཙཱ་བ་ཡར་བཞུད་པའི་ཤུལ་དུ་བོད་སྟོན་རྣམས་ལོ་ཙཱ་བ་ལ་འཕྱ་སྐད། དགེ་བཤེས་སྟོན་པའི་ཞལ་ནས། སློབ་དཔོན་ལོ་ཙཱ་བ་ལ་དམ་ཚིག་མེད། (ཕྱིས་དགེ་བཤེས་ཡང་དབེན་པས་དེ་གནས་ནས། དམ་ཚིག་མེད་ན་ནག་ཚོ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་དེ་གང་ནས་བྱུང་གསུང་། སྟབས་ཁ་པའི་ཞལ་ནས། བཀའ་གདམས་འདི་ལས་ཤད་ཤུད་མང་པ་མེད། ད་ལྟའི་བདེ་སྐྱིད་བག་ཙམ་ནག་ཚོ་ལོ་ཙཱ་བའི་བཀའ་དྲིན་ཡིན་གསུང་།) ཇོ་བོའི་ཁོས་འདི་འདྲ་བ་ལ་བཞུད་ཀྱང་ཕོད་པ་གསུང་། དེ་ནས་ཇོ་བོ་འདའ་བའི་དུས་ཙམ་ན་ཇོ་བོ་མི་རེ་ལ་ཞལ་ཆེམས་རེ་བཞག །དེ་ཙམ་ན་རྣལ་འབྱོར་པ་དང་དགོན་པ་བའི་ཐུགས་དགོངས་ལ། ཁོང་རང་ལ་དཔོན་ས་ཟུང་ཟེར་བ་གཅིག་རེ་ནས་ད་མན་ཆོད་ཇི་ལྟར་བགྱི་ཞེས་ཞུས་པས། འཇིག་རྟེན་འདི་བློས་ཐོང་ཚེ་གཞུག་འདི་ལ་འབྲོམ་སྟོན་དང་མ་འབྲལ་གསུང་། དེར་ཁོང་རྣམ་པའི་ཐུགས་སུ་མ་བདེ་ནས་བླ་མ་ལ་ཆོས་མཉམ་དུ་ཞུས་པ་ལ་ཁོང་ལ་བརྟེན་པ་ཇི་ལྟར་ལགས་ཞུས་པས། ངས་བྱིན་གྱིས་བརླབས་པ་ཡིན་གསུང་། (རྣལ་འབྱོར་པས་ཇོ་བོའི་གཡོག་ལ་རྒྱ་གར་དུ་ལན་གསུམ་བྱོན། ཕྱི་མ་རེས་ལ་བླ་མ་སྐུ་བགྲེས་པས་མ་འཇལ་བར་མཆི་བས། ད་རེས་མི་མཆི་བར་ཞུས་པས། སྤྱིར་ན་མ་མཇལ་ཀྱང་དོན་གྱིས་མཇལ་བ་ཡིན། མ་ཕྱིན་ན་མཇལ་ཀྱང་མ་མཇལ་བ་ཡིན། ཁྱོད་གང་ན་འདུག་ཀྱང་ངས་བྱིན་གྱིས་བརླབ་ཅིག་གསུང་།) ཤེས་རབ་རྡོ་རྗེ་དང་བློ་གྲོས་འབར་གཉིས་ལ་ཇོ་བོའི་ཞལ་ནས། སེམས་བཟང་པར་གྱིས་གསུང་། བང་སྟོན་ལ་ཁྱོད་ཀྱིས་སྟོན་པ་ཆེན་པོའི་གྲོགས་ཀྱིས། ཁོང་འགྲོ་བ་དཔག་ཏུ་མེད་པའི་དོན་བྱེད་པ་ཡིན། ཁོང་གིས་གནས་མ་ཟིན་པར་དུ་དཔེ་འདི་རྣམས་ཀྱི་གཉེར་གྱི། ས་གཅིག་ནམ་ཟིན་ཙ་ན་དེར་སྐྱོལ། གཅིག་ལ་གཅིག་སེམས་མ་བྲལ་བར་གྱིས། ངེད་རྒྱ་གར་པྲ་ཀ་བྱུང་ནས་བྱ་བ་བྱེད་པ་ལ། ད་པྲ་ཀ་ཡང་བྱུང་ཤེད་ཀྱང་ཉམས་ཆུང་། གཅོང་རྙིང་ཞིག་ཀྱང་ཡོད། རྒྱ་གར་ན་པཎྜི་ཏ་ཡོན་ཏན་ཅན་ཡིན་ན་ཤ་ཟ་ཁྲག་འཐུང་རྐང་ཡང་འཇིབ་པ་ཡིན་ཏེ་བོད་ན་དེའི་ལུགས་མེད་གསུང་།
དེ་ལ་སོགས་པ་ཞལ་ཆེམས་མང་དུ་གསུངས་པས་ཐ་མ་ལ། དགེ་བཤེས་སྟོན་པ་ལ་བོད་པ་མཛད་ནས། ཁྱོད་མངོན་པར་ཤེས་པ་མ་ཐོབ་རིང་ལ་གཞན་དོན་མ་བྱེད། དམུས་ལོང་མདའ་འཕེན་པ་དང་འདྲ། སངས་རྒྱས་ཀྱི་བསྟན་པ་ལ་ཅི་ཕན་བྱས། བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས། སྡེ་འདུལ་བ་འཛིན་པ་ལ་རག་ལས་པས་འདུལ་བ་འཛིན་པ་ཅི་ཡོད་བྱ། ཁྱོད་ཀྱིས་ཀྱང་གཙུག་ལག་ཁང་ཞིག་བཞེངས་ཤིག་གསུང་། དགེ་བཤེས་སྟོན་པའི་ཐུགས་ལྕི་བཏིང་སོང་ནས་ཇོ་བོ་ལ་སླར་ཞུ་བ་ཕུལ་བ། བླ་མ་དེ་སྐད་མི་གསུང་བར་ཞུ། ཁོ་བོ་གཅིག་ཏུ་འཇིག་རྟེན་གྱི་ཤེས་ཆུང་། གཉིས་སུ་རྟེན་དམན། གསུམ་དུ་སྦྱིན་ཤུགས་ཆུང་། མི་ཆོས་རྙད་རྙིད་ཚོ་གཅིག་ཡོད་པ་ཡང་བྱང་དུ་ལུས་པས་རྔོ་མི་ཐོག་ལགས་སོ་ཞུས་པས། ཇོ་བོའི་ཞལ་ནས། ང་ན་རེ་གྱིས་ཟེར་བ་ཡིན་གྱིས་ལ་ཁྱེད་རང་གཉེར་ཁ་བྱེད་ལོ་གྱིས། འདི་ལ་བྱེད་པ་པོ་གཅིག་གུད་ན་ཡོད་པ་ཡིན་གྱིས་གསུངས་པས། དགེ་བཤེས་སྟོན་པས་ངོ་མ་ཟློག་པར་ཞལ་གྱིས་བཞེས་སོ།།
དགེ་བཤེས་སྟོན་པས་ཇོ་བོ་ལ་སྐྱེ་བ་འདིའི་འོག་རོལ་ཏུ་མཇལ་བར་ཞུས་པས་མི་མཇལ་ལར་འཇལ་བ་ཡིན་གཅིག་གསུང་། ཇོ་བོ་ལ་སློབ་མ་བལ་ཡུལ་དང་། ཁ་ཆེ་དང་། ཨུ་རྒྱན་གྱི་ཡུལ་ན་སྤྱིར་སློབ་མ་ཤིན་ཏུ་མང་ཡང་། ཐུན་མོང་མ་ཡིན་པའི་སློབ་མ་ལྔ་བཞུགས་པ་ལ། པཎྜི་ཏ་ཆེན་པོ་ཏི་པོ་བ། པཎྜི་ཏ་ཆེན་པོ་དྷརྨ་ཨ་ཀ་ར་མ་ཏི་དབུ་མའི་སེངྒེ་དང་། པཎྜི་ཏ་བཤེས་གཉེན་གསང་བ་དང་། པཎྜི་ཏ་སའི་སྙིང་པོ་རྣམས་ཡིན་ཏེ། བླ་མ་ཉིད་དང་བྱིན་རླབས་མི་མཉམ་ཡང་མཁྱེན་པ་མཉམ་པར་གྲགས་པ་ཡིན། གྲུབ་པ་ཐོབ་པའི་སློབ་མ་རྣལ་འབྱོར་པ་མང་པོ་དུས་ད་ལྟ་ཉིད་ན་ཡང་སློབ་མ་དང་ཉིང་སློབ་ཏུ་གྲགས་པའི་སྐྱེས་བུ་དམ་པ་མང་དུ་བཞུགས་སོ།།
བོད་ཀྱི་རྒྱལ་ཁམས་སུ་ཡང་སྐྱེ་བན་ཐམས་ཅད་ཀྱིས་ཇོ་བོ་ལ་ཆོས་འབྲེལ་མ་བྱས་པ་དང་བཀའ་དྲིན་གྱིས་མ་ཁྱབ་པ་དང་། གསེར་ཁྲལ་མ་ཕུལ་བ་མེད་ན་ཡང་ཁུ་རྔོག་འབྲོམ་གསུམ་སློབ་མའི་ཡང་རྩེར་གྲགས། དགེ་བཤེས་ལོ་ཙཱ་བ་ནི་ཇོ་བོ་དང་བཀའ་དྲིན་མཉམ་པར་ཡང་བྱེད་དེ། བོད་སྟོན་ཐམས་ཅད་ཀྱིས་སློབ་དཔོན་ཟེར་བ་ཡིན། གཞན་ཡང་སློབ་མ་བཟང་པོ་མང་དུ་ཡོད་དེ། མངའ་རིས་ན་ལྷ་བཙུན་པ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། གནས་བརྟན་གསེར་སོ་བ་ལ་སོས་པ་ཁྱད་པར་ཅན་མང་དུ་བྱུང་། གློ་བའི་ཡུལ་དུ་ཡང་རབ་དང་། གུང་ཐང་དུ་སྒོམ་ཆེན་གཞོན་ནུ་ཚུལ་ཁྲིམས་ལ་སོགས་མང་དུ་བྱུང་། གཙང་དུ་མགར་མགོས་ལ་སོགས་པ་སྔགས་པ་སེངྒེ་ཁྲོས་པ་འདྲ་བ་བྱུང་། ལྷོ་བྲག་ནས་རྣལ་འབྱོར་ཕྱག་ཁྲི་མཆོག་དང་། བཙུན་པ་དགེ་བ་སྐྱོང་ལ་སོགས་པ་ཡང་བྱོན། ཁམས་པ་རྣལ་འབྱོར་ཆེན་པོ་དང་། དགོན་པ་བ་དང་། རྣལ་འབྱོར་ཤེས་རབ་རྡོ་རྗེ་དང་། ཕྱག་དར་སྟོན་པ་ལ་སོགས་པའི་བར་དུ་འཕགས་པ་མང་དུ་བྱོན་ནོ།།
དེ་ལ་ཡར་ལུངས་པ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ལ་སྤྱིར་ཇོ་བོའི་ཆོས་མང་དུ་མངའ་ཡང་། ཕ་རོལ་ཏུ་ཕྱིན་པའི་གདམས་པ་དང་གཤིན་རྗེའི་མན་ངག་ལ་རྩལ་ཐོན། དེའི་ཕྱི་སྐོར་བ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོའི་ཆོས་མང་དུ་མཁྱེན་ཡང་རྗེ་བཙུན་མ་སྒྲོལ་མའི་ཞལ་གཟིགས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནི་འགྲན་གྱི་དོ་མེད་ཡིན་ཏེ། ཁོང་གིས་ཇོ་བོའི་ཆོས་མང་དུ་མཁྱེན་ཡང་སྐྱེས་བུ་གསུམ་གྱི་གདམས་པ་དང་པོ་འཁོར་བ་ལས་སྐྱོ་བ་བསྐྱེད། དེ་ལས་བློ་ལོག་ནས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་དེ། གོ་རིམ་གྱི་གདམས་ངག་མངོན་པར་རྟོགས་པ་དང་ལམ་གྱི་རིམ་པ་ལ་རྩལ་ཐོན། ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཁྱད་པར་དུ་བླ་མ་ལ་གསོལ་བ་ཐེབས་པ་ཡིན་ཏེ། རྭ་སྒྲེང་ན་བཞུགས་ཙམ་ན་ཇོ་བོ་ལ་གསོལ་བ་བཏབ་པས་ཇོ་བོ་དངོས་སུ་བྱོན།
དེ་ལ་ཉམས་དགའ་ནས་ཡང་ཡང་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་བྱོན་པས། དགེ་བཤེས་སྟོན་པའི་ཞལ་ནས། བླ་མ་དང་ཡི་དམ་ངོ་བོ་གཅིག་པ་ཨང་གསུང་སྟེ། དགེ་བཤེས་ལོ་ཙཱ་བ་ནི་བོད་ཀྱི་སྟོན་ཆེན་དེ་རྣམས་ཀྱིས་ཀྱང་ཇོ་བོ་དང་ཁྱད་མེད་དུ་འཛིན། ཇོ་བོའི་ཆོས་དེ་རྣམས་ལ་ཁོང་གིས་མི་མཁྱེན་པ་གཅིག་ཀྱང་མེད་བྱས་ཀྱང་མི་འགལ། འཇམ་པའི་རྡོ་རྗེ། སྒྲོལ་མ་དང་ཡི་གེ་དྲུག་པའི་ཞལ་གཟིགས། ཁོང་རང་གི་ཡི་གེ་ནས་ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ་ཇོ་བོའི་སློབ་མ་གཞན་ལ་ཡོད་རེ་སྐན་བྱ་བ་ཡང་ཡོད་སྐད། ཇོ་བོའི་བཀའ་དྲིན་གྱིས་ལྷ་བཙུན་པས་འཇིག་རྟེན་དབང་ཕྱུག་གི་ཞལ་གཟིགས། གནས་བརྟན་གསེར་སོ་བས་མངོན་ཤེས་རྒྱ་ཆེན་པོ་ཐོབ། ལོ་ཙཱ་བ་རིན་ཆེན་བཟང་པོས་གསང་བ་འདུས་པ་དང་བདེ་མཆོག་གི་ཞལ་གཟིགས། སྟོན་པ་ཡང་རབ་ཀྱིས་ཇོ་མོ་སྒྲོལ་མ་ཞལ་མཐོང་། སྒོམ་ཆེན་གཞོན་ནུ་ཚུལ་ཁྲིམས་དང་།
ཞང་བཙུན་དྲི་མེད་གཉིས་ཀྱིས་རྗེ་བཙུན་མ་སྒྲོལ་མའི་ཞལ་མཐོང་། རྣལ་འབྱོར་པ་ཕྱག་ཁྲི་མཆོག་གིས་མངོན་པ་ལ་རྩལ་ཐོན། འཇིག་རྟེན་དབང་ཕྱུག་གི་ཞལ་མཐོང་། བཙུན་པ་དགེ་བ་སྐྱོང་གིས་ཇོ་མོ་སྒྲོལ་མའི་ཞལ་མཐོང་། མགར་འགོས་ལ་གསང་སྔགས་མཐའ་དག་གི་གདམས་པ་མ་ལུས་པར་གནང་། ཁྱད་པར་དུ་གསང་སྔགས་འཕགས་སྐོར་ལ་མགར་གྱིས་རྩལ་ཐོན། རྣལ་འབྱོར་པ་ཆེན་པོས་ཇོ་མོའི་ཆོས་མང་དུ་མཁྱེན། དེ་ཡང་བདེན་པ་གཉིས་དང་ལས་ཁ་ཚར་བ་ལ་རྩལ་ཐོན། དམ་ཚིག་གསུམ་བཀོད་པ་དང་འཇམ་དཔལ་འགྲོ་བའི་ཞལ་གཟིགས། དགོན་པ་བས་སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཡང་ཁྱད་པར་དུ་གདམས་ངག་ལ་རྩལ་ཐོན། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཞལ་གཟིགས། རྣལ་འབྱོར་པ་ཤེས་རབ་རྡོ་རྗེས་སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཡང་ཁྱད་པར་དུ་གྲུབ་མཐའ་ལ་རྩལ་ཐོན། ཡི་གེ་དྲུག་པའི་ཞལ་གཟིགས། རྫུ་འཕྲུལ་ཡང་ཐོབ། ཕྱ་དར་གྱིས་སྤྱིར་ཆོས་མང་དུ་མཁྱེན་ཡང་ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པ་ལ་རྩལ་ཐོན་སྐད། གཞན་ཡང་རྣལ་འབྱོར་པ་གཡུང་དྲུང་རྒྱལ་མཚན་གྱིས་ཉན་ཐོས་ཀྱི་སའི་ཡོན་ཏན་ཐོབ་པ་དང་། གཞན་གྱི་སེམས་ཤེས་པ་དང་། རྔོག་སྒོམ་ཡོན་ཏན་རྒྱ་མཚོ་ལ་སོགས་པས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་དང་། བང་སྟོན་ལ་བྱང་ཆུབ་སེམས་ཀྱི་སེམས་སྐྱེས་པ་ལ་སོགས་པ་ཇོ་བོའི་བཀའ་དྲིན་གྱིས་བོད་ཀྱི་རྒྱལ་ཁམས་སུ་ཐུགས་རྒྱུད་ཁྱད་པར་ཅན་དུ་འཁྲུངས་པ་དང་། དངོས་གྲུབ་བརྙེས་པ་ལ་སོགས་པའི་གང་ཟག་བསམ་གྱིས་མི་ཁྱབ་པ་བྱུང་ངོ་།།
(དེ་ནས་ཇོ་བོ་ཚེས་བཅོ་ལྔ་ལ་སྐུ་ཁམས་ངན་ནས་བྷ་ཏ་ཀ་རྫས་གོས་ཚགས་གློད་པར་ཞུས་པས་བཀའ་བཀྱོན་དྲག་པོ་གསུངས། ཁམས་པ་གཅིག་གིས་བྱང་ཆུབ་ཆེན་པོའི་ཐང་སྐུ་གཅིག་བསྟན་ནས་འདི་ལ་ཐུགས་གཏོད་ཞུས་པས། བྷི་ར་ཧི་ར་དེའི་རང་བཞིན་དུ་ཡོད་པ་ཡིན་གསུངས་ནས་བཀའ་བཀྱོན་དྲག་པོ་གསུངས། དེ་ནས་མུ་གྱེན་ལ་ལྡོག་གམ་ལྟོས་གསུང་། ལྟར་ཕྱིན་པས་གྱེན་ལ་ལྡོག་ཡིན་སྣང་ཞུས་པས། འོ་ན་དེ་ཡན་གྱིས་དོན་འདི་སོང་། འདི་མན་ཆད་ཀྱིས་དོན་འདི་སོང་། ཉམས་སུ་བླང་རྒྱུ་འདི་ཡིན་གསུངས་ནས། བརྒྱད་སྟོང་པ་གསུང་འཕྲོ་བཅད་ནས་ཕྱག་ཏུ་རྡོར་དྲིལ་བཟུང་ནས་ཐུགས་དམ་རྩེ་གཅིག་ཏུ་མཛད་དོ།།) དེ་ནས་ཇོ་བོ་རྗེ་བཙུན་ཆེན་པོ་ལྷ་གཅིག་རིན་པོ་ཆེ་དེ་ལ་ནི་འདས་གྲོངས་མི་མངའ་ཡང་། སྣང་བ་མ་དག་པའི་འཁོར་རྣམས་ཀྱིས་འཁྲུལ་སྣང་ལ་དགུང་ལོ་བདུན་ཅུ་རྩ་གཉིས་ལ་སྙེ་ཐང་དུ་རྟའི་ལོ་ལྷ་ལས་བབས་པའི་སྟོན་ཟླ་འབྲིང་པོའི་གྲལ་ཚེ་ཉི་ཤུ་ལ་དགའ་ལྡན་དུ་གཤེགས་སོ། །(ལོ་ཙཱ་བ་ལུག་གི་ལོ་ལ་འདས་པར་བཞེད་པས། རང་བཞིན་གྱི་རྣལ་འབྱོར་མའི་གསུང་དང་མི་མཐུན་པས་རྩིས་ལྟར་རྟ་ལོ་ལ་འདས་དགོས་པར་སྣང་། སྟོན་པའི་ཡི་གེ་གཅིག་ན་རྟ་ལོ་ལ་འདས་པར་བྱས་འདུག་གསུང་།།)
དེ་ནས་ཇོ་བོའི་སྤུར་སྦྱང་བའི་དུས་སུ་དགོན་པ་བའི་གཟིགས་པ་ལ་བུད་མེད་མེ་ཏོག་སྔ་ནས་མཐོང་མ་མྱོང་བ་ཅིག་ཐོགས་ནས། སངས་རྒྱས་མྱ་ངན་ལས་འདས་སོ། །འཇིག་རྟེན་སྟོངས་སོ་ཟེར་ཞིང་སྐོར་བ་བྱེད་པ་ཞིག་གཟིགས་པས། འདི་རང་བཞིན་གྱི་རྣལ་འབྱོར་མ་གཅིག་འདུག་སྙམ་ནས་ཕྱག་བྱས་ཏེ་གདམས་ངག་ཞུས་པས། ངའི་གདམས་ངག་ཁྱོད་ལ་སྦྱིན་ཅིག་ཟེར་ནས་མེད་དེ་སོང་། རང་བཞིན་གྱིས་རྣལ་འབྱོར་མ་གཅིག་འདུག་གསུང་། དེ་ལ་སོགས་ཏེ་ལྟས་ཁྱད་པར་ཅན་མང་དུ་བྱུང་སྟེ། བཀའ་གདམས་པ་ཆེན་པོ་རྣམས་ཀྱི་བཞེད་པས་ཡོན་ཏན་མི་སྒྲོག་པ་ལ་མན་ངག་ཏུ་མཛད་པས་དེ་ཙམ་ལས་མི་གསུང་། ཁུ་སྟོན་གྱིས་གཞན་དྲོ་གསོལ་བའི་བར་དུ་ལྕགས་ཀྱི་སྐམ་པ་གཅིག་ཐོགས་ནས། ད་ལྟ་རེ་འབྲོམ་སྟོན་པས་ཁྱེར་ནས་ང་ལ་དབང་མི་ཡོང་ཟེར་ནས། གདུང་ཚན་གཅིག་མ་ཚིག་པ་ལ་སྤྱན་དྲངས་པས། དེ་ཀུན་ལ་མ་རན་པ་ཐམས་ཅད་ཀྱིས་ཁུ་ལ་དུག་བྱེད་པ་མིན་བྱས་པས་ཁུ་རྟ་བྲོ་བརྡུངས། ད་ལྟ་ཡར་ལུངས་ནས་བྱོན་པའི་གདུང་དེ་ནག་པོ་གཅིག་གདའ་གསུང་།
དེ་ནས་དགེ་བཤེས་སྟོན་པས་འོ་མའི་ནང་དུ་དྲི་སྤོས་མང་པོ་བརྡར་ནས་གདུང་དེ་རྣམས་ཡུག་པ་རེ་བཅུག་གིན་གདན་དྲངས་སྐད། དགེ་བཤེས་སྟོན་པའི་ཐུགས་དགོངས་ལ (ད་ལྟ་རེ་ང་ལ་དབང་མི་ཡོང་ད་ལྟ་ཙམ་ལ་གདུང་ཚན་གཅིག་ཚགས་བྱ་སྙམ་པ་ལ། རྩ་ན་མི་ཡོད་པས་པཎྜི་ཏ་བྱ་བ་འདྲེ་ཆེ་བ་ཡིན་བྱས་པས་ཐམས་ཅད་གྱེས་སོང་། ཁུ་བུར་སྟོན་གཅིག་བྱེད་པ་ལ་རྒྱུ་དྲུག་གི་བར་གདུང་ཚན་གཅིག་ཕྱག་ཚགས་མཛད། ཁུ་ན་རེ། འབྲོམ་ངན་གཡོ་མཁན་དེ་གར་སོང་གསུང་། བང་སྟོན་ན་རེ། འབྲོམ་ཐོག་ཁ་ན་བོག་ནས་སྣང་བྱས་པས་ཁུས་བུར་སྐལ་བཞག་ནས་དྲངས་སོ།།) ཇོ་བོའི་སྐུ་གདུང་དང་རྒྱ་དཔེ་དང་རྟེན་ཁྱད་པར་ཅན་གཅིག་གཉིས་ཚགས་བྱར་བྱུང་ན་ཀ་ཅ་ལ་སོགས་ཅི་ཡང་མི་འདོད་དགོས་དགོངས་ཙ་ན། དགེ་འདུན་ཚོ་ཀུན་ས་གཞི་འདི་ངེད་ཀྱི་ཡིན་པས་ཇོ་བོའི་ཀ་ཅ་ལ་སོགས་ལ་ཕོད་ལོང་བྱར་མི་ཡོང་ཟེར་བས་ཐུགས་མ་བདེ་བ་ལ། དགེ་བཤེས་སྟོན་པ་དེ་ཐུགས་ཟབ་ལ་དཀྱེལ་ཆེ་བས། ཐུགས་མ་བདེ་བའི་མངོན་ཚན་ནི་མེད་པའི་སྐབས་སུ་རྗེ་བཙུན་མ་སྒྲོལ་མ་རྨི་ལམ་དུ་བྱོན་ནས། ཁྱོད་ཀྱི་གཉེར་ཀ་ཐམས་ཅད་ངས་བྱེད་པ་ཡིན་ཅིག་གསུངས་པ་ཅིག་རྨིས། དེ་ནས་ཞག་གསུམ་དྲོ་དང་བཞིའི་ནངས་པར་ཀ་བ་ཤཱཀྱ་དབང་ཕྱུག་དྲེའུ་དཀར་མོ་གཅིག་ལ་ཆིབས་ནས། སྙེའི་ན་མོ་ཆེའི་ཁ་ན་མར་ལ་ཨ་ཏི་ཤ་ཟེར་ནས་བཤུམ་གྱིན་བྱོན། ད་ཀ་རྒན་ཁོང་རང་གཉེར་ཆེ་དགོངས་ནས་དགེ་བཤེས་སྟོན་པ་ཐུགས་འབོལ་གྱིས་སོང་ནས་ལྡེ་མིག་རྣམས་ཀ་བའི་ཕྱག་ཏུ་ཕུལ། ཀ་བ་དེ་ཁུ་རྔོག་འབྲོམ་གསུམ་ཀའི་ཐུགས་ཀྱི་གཏོད་ས་ཡིན་སྐད། ཀ་བས་དགེ་བཤེས་སྟོན་པ་ཇི་ལྟར་བཞེད་པ་བཞིན་དུ་མཛད་དེ། ཕའི་རུས་པ་བྱ་བ་བུ་ལ་དགོས་པ་ཡིན། ཇོ་བོའི་གདུང་འདི་ཁྱོད་ཀྱིས་ཚགས་ཀྱིས། རྒྱ་དཔེ་ལོ་ཙཱ་བ་ལ་དགོས་པ་ཡིན་པས་ཁྱོད་ཀྱིས་ཚགས་གྱིས། རྟེན་རྩིས་ཆེ་བ་བླ་མ་གསེར་གླིང་པའི་དངུལ་གདུགས་ཅན་ཀྱང་ཁྱོད་ཀྱིས་ཟུངས། ཁུ་སྟོན་ལ་བླ་མ་གསེར་གླིང་པས་ཇོ་བོ་ལ་གནང་བའི་གསེར་སྐུ་ཤཱཀྱ་ཐུབ་པ་གཅིག་ཡོད་པ་དེ་ཕུལ་བས། འབུལ་མཁན་དགེ་བཤེས་སྟོན་པ་ཡིན་སྙམ་ནས། ཁུ་སྟོན་གྱི་ཞལ་ནས། ད་རེས་ང་ལ་འབྲོམ་སྟོན་པ་འདིས་ལེགས་པར་བྱས། གསེར་སྐུའི་འབུལ་ས་ཨ་པོ་ཁུ་སྟོན་རང་ཡིན་གསུངས་ནས་མགུ་སྐད། རྣལ་འབྱོར་པ་ཆེན་པོ་ལ་རྣལ་འབྱོར་པ་གསུམ་གྱིས་གདུང་རབ་གནས་མཛད་པའི་ཡི་གེ་དྲུག་པ་གཅིག་ཕུལ། རྣལ་འབྱོར་པ་ལ་ཇོ་བོའི་ཐུགས་དམ་མི་གཡོ་བ་དངོས་སུ་ཆོས་གསུངས་པའི་གསུང་འབྱིན་པ་ཕུལ། ད་ལྟ་རྭ་སྒྲེང་ན་ཡོད་གསུང་། གསང་ཕུ་བ་ལ་མཆོད་རྟེན་བརྒྱད་པ་དང་ཡང་དངུལ་གདུགས་ཅན་གཅིག་དང་། ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ་པ་དང་། སྨན་གྱི་བླ་དང་། མཆོད་སྡོང་གཅིག་དང་། བསིལ་བྱེད་ལ་སོགས་ལུགས་སྐུ་ཆང་ཆུང་མང་དུ་བཞུགས། དེ་ནས་ཇོ་བོའི་འདད་ཆེན་པོ་ལུག་ལོ་ལ་མཛད་དེ། ཀ་བ་ཤཱཀྱ་དབང་ཕྱུག་གིས་ཚོགས་སུ་གཏམ་བཏང་ནས། གཞན་རྣམས་ཅི་ཙུག་བྱེད་པ་གྱིས། ང་རྦ་རག་གི་བུ་ཚོ་རྣམས་ཀྱི་འབུལ་བ་འདིར་ཞོག་ཅིག །ཇོ་བོའི་གདན་སར་ལྷ་ཁང་བྲེ་ཙམ་གཅིག་བཞེངས་དགོས་བྱས་པས། དེ་ནས་ཀུན་གྱིས་འབུལ་བ་མ་ཁྱེར་བར་བཞག་སྟེ། རྦ་རག་ཀུན་ངེད་ཀྱི་གནས་ཡིན་གཞན་རྣམས་ནི་ཅི་མཆོད་ཡིན་ཟེར་བ་ལགས།
དེ་ནས་དགེ་བཤེས་སྟོན་པའི་ཐུགས་དགོངས་ལ། ཇོ་བོའི་ཐུགས་དགོངས་རྫོགས་པར་བྱ་བ་དང་། གདུང་བཞུགས་པའི་གཙུག་ལག་ཁང་བྲེ་ཙམ་གཅིག་སྙེ་ཐང་དུ་བཞེངས་པར་དགོངས་སོ། །དེ་ནས་དགེ་བཤེས་སྟོན་པས་བརྒྱད་སྟོང་པ་གསུངས། ཕྱག་ཁྲི་མཆོག་གིས་སྤྱོད་འཇུག་གསུངས། གཞན་ཚོས་ཀྱང་ཆོས་རེ་གསུངས། དེའི་དུས་སུ་བང་སྟོན་ལ་གཞན་ཀུན་གྱིས་དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་གོང་འོག་ལ་བཤོལ་ཐོབ་བྱས་པས། བང་སྟོན་ན་རེ། འབྲོམ་སྟོན་པས་ཀྱང་གོ་མི་ཆོད། ཆོས་ཟབ་མོ་མང་པོའི་གེགས་བྱས། རྣལ་འབྱོར་པ་གོང་འོག་འདི་ཀུན་རྟ་རྫི་དང་ཡོས་འཐག་ཡིན་ཁོང་རང་གང་དགར་ཐོངས། ཨ་ཏི་ཤ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་འདས་ཟེར་སྐད། དེ་ནས་དགེ་བཤེས་སྟོན་པས་ཐུགས་དགོངས་ལ། གནམ་གྱི་བྱེ་མ་ལུང་དུ་བཞེངས་པར་དགོངས་ནས། ཉམས་དགའ་མོ་ན་དགེ་བཤེས་དགོན་པ་བ་ལ་སོགས་ལ་གཤེགས་པར་ཞུས་པས། དགེ་བཤེས་དགོན་པ་བའི་ཞལ་ནས། ང་ལ་ཡུལ་འདི་ཀུན་ཕན་ཡང་མི་འདོགས། གནོད་པ་ཡང་མི་སྐྱེལ་ངའི་དགེ་སྦྱོར་འདི་ན་འཕེལ་བས་མི་འགྲོ་གསུངས་པ་ལ། འོ་ན་ང་ཇོ་བོའི་ཁྲ་ས་འགེགས་སོ་གསུངས་པས། འོ་ན་ང་ཅི་ཟ་གསུངས་ནས་བྱོན་ནོ། །
དེའི་དུས་སུ་དགེ་བཤེས་གསང་ཕུ་བའི་ཞལ་ནས། ང་ལ་ཡང་ཇོ་བོའི་གདུང་གཅིག་ཞུ་གསུངས་པ་ལ་དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བོའི་གདུང་བཞུགས་པ་ལ་འོ་ཅག་གཉིས་ཀ་དངུལ་གྱི་མཆོད་རྟེན་རེ་རེ་བཞེངས་དགོས། དེའི་བར་ལ་ངས་ཚགས་བྱ། དེ་ཚར་ཙམ་ན་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་གཉིས་ལེན་དུ་ཐོངས། གདུང་དཀར་ཡོལ་གང་རྫོང་པར་ཞལ་གྱིས་བཞེས། དེ་ནས་དགེ་བཤེས་སྟོན་པས་ཇོ་བོ་འདས་ནས་ལོ་གཅིག་གི་བར་དུ་སྙེ་ཐང་དུ་བཞུགས་ནས། དེ་ནས་བཞུད་པའི་དུས་སུ་ཇོ་བོའི་ཁྱི་གསུམ་ཁྲིད། སྦྲ་དཀར་ནག་གཉིས་ཁྱེར། ལྷག་རུལ་དེ་རྣམས་འབྲོག་པ་སྐྱོད་པ་བཞིན་དུ་ཉམས་མ་དགའ་སེ་བ་གཅིག་ལ་ཐོར་རེ་ལོང་ངེ་བྱོན་པས། ཇོ་བོའི་དམ་ཅན་མ་ཤ་ཟ་མ་མཆེད་བཞི་བྱ་བ་ཡོད་པ་དེ་རྣམས་ཀྱང་གཞི་ལ་མི་སྡོད་པར་གཅིག་གསང་ཕུ་བའི་ཕྱིར་སོང་། གསུམ་དགེ་བཤེས་སྟོན་པ་དཔོན་གཡོག་གི་ཕྱིར་བྱུང་ནས་གཉིས་ད་ལྟ་རྭ་སྒྲེང་ན་བཞུགས། གཅིག་ལོ་ན་ཡོད་སྤྱན་སྔའི་ཕྱིར་བྱོན་འདུག་གསུང་། དེའི་དུས་སུ་དགེ་བཤེས་སྟོན་པའི་ཞལ་ནས། ང་ཇོ་བོའི་གདུང་རྣམས་དགེ་བསྙེན་དང་དགེ་ཚུལ་ལ་ཡང་མི་བསྐུར། ཁང་ནག་དུ་བ་ཅན་དུ་ཡང་མི་བཞུགས་གསུངས་ནས་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་ཅན་གཉིས་སྤྱན་འདྲེན་དུ་བཅུག་སྟེ་ཡར་བྱོན། དེའི་དུས་སུ་སྟོད་ལུང་ཞོང་པའི་ན་ལ་སྦྲ་དཀར་ནག་གཉིས་ཕུབ་ནས། དཀར་པོའི་ནང་དུ་གདུང་བཞུགས། ནག་པོའི་ནང་དུ་གཡོས་མཛད་ནས་དགོང་གཅིག་བཞུགས།
དེ་ནས་པ་ར་ལྷབ་ཀྱི་ན་ལ་དགོང་གཅིག་བཞུགས། ཡ་བ་སྦུབས་ཀྱི་ན་ལ་དགོང་གཅིག་བཞུགས། རམ་པ་གསེར་ཕུབ་ཀྱི་ན་ལ་དགོང་གཅིག་བཞུགས། དེ་ནས་གནམ་གྱི་བྱེ་མ་ལུང་དུ་ཁྱུང་མགོ་ཅན་བཞེངས་པར་བཞེད་པ་ལ། ཁྱི་སྟོན་ཇོ་ཡེ་སྐད་པས་ཕྲག་དོག་བྱས་ནས་ཐུགས་མ་བདེ་ནས་བཞེངས་པ་མ་བྱུང་བས་དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བོ་བཀའ་དྲིན་མི་ཆེ་ཁོ་བོ་ལ་མི་འགྲུབ་ངེས་པའི་བྱ་བ་བོང་ཐོར་ལ་ཚ་ཡ་བཀལ་གསུང་། དེའི་དུས་སུ་ཉིན་ཞིག་སྤྲང་པོ་གཅིག་བྱུང་། དགེ་བཤེས་སྟོན་པས་གང་ནས་འོངས་དྲིས་པས། ཀླུངས་ཤོད་ནས་འོངས་ཟེར། དེ་ངོས་ན་གཏམ་གསར་པ་འདྲ་བ་མི་འདུག་གམ་གསུངས་པས། གཏམ་གསར་གཞན་མི་འདུག་སྟེ། ཞང་འཕྲང་ཀ་བེར་ཆུང་གི་བུ་ཇོ་སྲས་ཆོས་བདོག་བྱ་བ་གཅིག་དགེ་བཤེས་སྟོན་པ་བྱ་བ་སྤྱན་འདྲེན་དུ་བཏང་བས། འཕན་ཡུལ་གྱི་ནག་ཆུས་ཁྱེར་ཟེར་གྱི་འདུག་ཟེར། དགེ་བཤེས་སྟོན་པའི་ཞལ་ནས། གཏམ་གསར་ནི་ཆེ་གསུང་།
དེ་ནས་ཡང་ཞང་འཕྲང་ཀ་བེར་ཆུང་གིས་ཞུ་བ་བསྐྱར་ནས་འབུལ་བཏང་བས་ཁོང་ཡུས་ཆེ་བ་དང་། ཁོང་རང་བྱོན་པ་ལ་དགྱེས་པས་དེ་འབྲོག་ལ་ཞལ་གྱིས་བཞེས་ནས། སྔོན་ལ་ཐུགས་དམ་དངུལ་གདུགས་ཅན་བསྐུར། དེའི་རྗེས་ལ་རྭ་སྒྲེང་དུ་བྱོན་ཏེ་ཆགས་དེར་ཕབ་ནས་ཁྱུང་མགོ་ཅན་བཞེངས་སུ་གསོལ་ཏེ། དང་པོར་ཐིག་བཏབ་པ་དང་དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བོའི་གདན་ས་འདི་ལ་ངོ་མཚར་ཅན་གྱི་རྟགས་ཁྱད་པར་དུ་འཕགས་མང་པོ་བྱུང་བས། ཁྱེད་རྣམས་ཀྱང་འདི་ལ་མཆིལ་སྣབས་ལ་སོགས་པ་གང་ཡང་མ་སྐྱུར་ཅིག་གསུང་། དེའི་དུས་སུ་རྣལ་འབྱོར་པ་ཕྱག་ཁྲི་མཆོག་ཇོ་བོའི་གདུང་ཁང་གི་དངུལ་འདོན་པ་དང་ཇོ་བོའི་ཕྱག་དཔེ་རྣམས་སླར་རྒྱ་གར་དུ་བསྐུར་བའི་ཕྱིར་དང་དགེ་བཤེས་ལོ་ཙཱ་བ་ལ་འཕྲིན་ཡིག་དང་བཅས་པའི་མི་མང་དུ་རྫངས། ཕྱག་ཁྲི་མཆོག་གིས་བལ་ཡུལ་དུ་བྱོན་དངུལ་རྣམས་ལ་རྫོངས་པ་བྱས་ནས་ཀ་བ་ལིར་བཅུག་ནས་ཚུར་བྱོན་པའི་ལམ་དུ་རྨི་ལམ་དུ་ཇོ་མོ་སྒྲོལ་མའི་ཞལ་ནས། སང་རས་ཚོང་བ་གཅིག་འོང་གིས་དེ་ཉོས་ལ་ང་ལ་ཕུལ། དེ་ལྟར་བྱས་ན་ལམ་དུ་བར་ཆད་མི་འོང་། གཉེར་ཀ་ངས་བྱ་ཅིག་ཟེར་བ་གཅིག་རྨིས། སང་རས་ཚོང་བ་གཅིག་བྱུང་དེ་ཇོ་མོ་ལ་བསྔོས་ནས་ཚུར་བྱོན་ཏེ་དཔལ་མོ་དཔལ་ཐང་ལ་བྱོན་ཙ་ན་ཇག་པ་མང་པོ་བྱུང་ནས། ཚོང་པ་ཟླ་བོ་མང་པོ་བཅོམ། རྣལ་འབྱོར་པ་ཕྱག་ཁྲི་མཆོག་གི་དངུལ་གྱི་རྫངས་པ་དེ་རྣམས་གད་སྐྱིབས་ཤིག་ན་ཕར་ལ་བཅུག་ནས་བཞག་པས། ཇག་པས་མ་མཐོང་བར་ཟངས་ཀྱིས་ཐོན་ཏེ་ཇོ་མོའི་བྱིན་རླབས་ཡིན་གསུང་།
དེ་ནས་རྭ་སྒྲེང་དུ་དགེ་བཤེས་སྟོན་པ་ལ་བཤད་པས་སྒྲོལ་མ་དཀར་སྔོ་གང་དུ་འདུག་གསུང་། དེ་ནས་མ་དྲན་པས་གཉིས་ཀ་བཞེངས་གསུངས་པས། གླང་རི་ཐང་པའི་ཞལ་ནས། རི་མོ་དང་རྣམ་པ་གསལ་ཙམ་ལས་མི་འདུག་སྟེ་སྤྲུལ་པའི་སྐུ་དངོས་ཡིན་གསུང་། རས་དེ་ལ་སྒྲོལ་མ་དཀར་སྔོ་གཉིས་བཞེངས་ནས་ད་ལྟ་རྭ་སྒྲེང་ན་བཞུགས་པ་ལགས་པར་གདའ་སྟེ། རི་མོ་ལྟ་རྒྱུ་མི་འདུག་གསུང་། ནན་ཏར་བྱིན་རླབས་ཆེ་སྐད། དེ་ནས་རྒྱ་གར་གྱི་ལྷ་བཟོ་བ་མཁས་པ་ཨ་ཙ་ར་མ་ནུ་བྱ་བ་ལ་ཇོ་བོའི་གདུང་ཁང་དངུལ་གྱི་མཆོད་རྟེན་ནང་དཀྱིལ་འཁོར་ལྷ་ཚོགས། ཕྱི་མཆོད་རྟེན་གྱི་རྣམ་པར་བཞེངས་སུ་གསོལ། ནང་རྫོངས་ཀྱི་གཟུངས་དངུལ་གྱི་རྫངས་པ་ལ་ཡི་གེ་བརྐོས་མ་བྲིས་ནས་ཡོད་སྐད་དེ། མང་པོ་མི་ཤོང་གསུང་། དེའི་དུས་སུ་དགེ་བཤེས་གསང་ཕུ་བས་ཀྱང་རྭ་སྒྲེང་གི་དེ་ལ་དཔེ་བྱས་ནས། དངུལ་གྱི་གདུང་ཁང་ལེགས་པ་གཅིག་བཞེངས་ནས་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་གཉིས་ལ་གདུང་དཀར་ཡོལ་གང་རྭ་སྒྲེང་ནས་བརྫངས་ཏེ། གསང་ཕུའི་དངུལ་གྱི་མཆོད་རྟེན་དེ་ན་ཡང་གདུང་དཀར་ཡོལ་གང་བཞུགས་པ་ཡིན་གསུང་། ཁུ་སྟོན་གྱིས་ཇོ་བོའི་གདུང་ལ་སཙྪ་བཏབ་པ་ལས། དགེ་བཤེས་སྟོན་པ་དང་གསང་ཕུ་བ་གཉིས་ཀྱིས་དངུལ་གྱི་གདུང་ཁང་གཅིག་བཞེངས་པ་ཐོས་པས། སཙྪའི་ནང་ནས་ཕྱུང་ནས་གསེར་གྱི་གདུང་ཁང་གཅིག་བཞེངས་སྐད། དགེ་བཤེས་ལོ་ཙཱ་བས་རས་ཁྲུ་བཅུ་པ་གཅིག་ལ་ཀྲ་རྣ་བ་སྐད་པ་རྒྱ་གར་གྱི་རི་མོ་མཁན་མཁས་པ་གཅིག་ལ་འབྲིར་བཅུག་ནས། སྟོད་ན་ཕར་ལ་ཇོ་བོའི་ཡི་དམ་གྱི་ལྷ་རྣམས་བྲིས། དེ་འོག་ན་ཕར་ལ་ཇོ་བོའི་བླ་མ་བཅུ་གཉིས་པོ་བྲིས། དེའི་འོག་ཏུ་བླ་མ་ཉིད་ཀྱི་སྐུ་ལུས་ཁྲུ་ལ་གཅལ་བ་བྲིས། གཡས་གཡོན་གཉིས་སུ་ཉེ་གནས་གཉིས་ལྡེམ་སྐུར་བྱས་ཏེ་བྲིས། གཡས་ཀྱི་རས་ལ་ཇོ་བོའི་མཛད་པ་རྣམས་བྲིས། འོག་ན་ཚུར་ལ་ཁུ་རྔོག་འབྲོམ་གསུམ་ལ་སོགས་པ་བོད་སྟོན་རྣམས་ཆོས་གྲྭའི་ཚུལ་དུ་བཞུགས་པ་བྲིས། དེའི་རྒྱབ་ཏུ་ཇོ་བོའི་བསྟོད་པ་བརྒྱ་བཅུ་པ་བྲིས། ལྷ་དེ་ལ་རབ་གནས་མཛད་པའི་དུས་སུ་དགེ་བཤེས་ལོ་ཙཱ་བའི་ཞལ་ནས། བླ་མ་ཉིད་ཀྱིས་དགའ་ལྡན་ནས་བྱོན་པར་ཞལ་གྱིས་བཞེས་པས་འདི་བླ་མ་ཉིད་དང་ཁྱད་མེད་པ་ཡིན་གསུང་།
དེ་མངའ་རིས་སྐོར་གསུམ་གྱི་རྟེན་ལ་རྩིས་ཆེ་བ་ཡིན་སྐད་དེ། (དགེ་བཤེས་སྟོན་པས་རྭ་སྒྲེང་གི་དགོན་པ་གཟིགས་པས་རྒྱབ་ན་བྲག་རི་གཉིས་འདྲ་བ་འདུག །མདུན་ན་མཚོ་གཡུ་མཚོ་འཁྱིལ་བ་འདྲ་བ་འདུག །གཡས་གཡོན་གྱི་རི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་འདྲ་བ་འདུག །ཕ་བོང་ཐང་འཁོར་ལོ་རྩིབས་བརྒྱད་འདྲ་བ་འདུག །ཤུག་པ་ར་ཙམ་ལུག་ཙམ་འདུག །གསེར་ལོ་དང་གཡུ་ལོ་གཉིས་ལ་གདུང་དང་ཀ་བ་ཕེར་བ་འདུག །ཆུ་མིག་བརྒྱ་རྩ་བརྒྱད་འདུག །བྱ་རྣམ་པ་སྣ་ཚོགས་ཀུ་དེ་རི་འདུག །མི་མ་ཡིན་རྗེས་པོ་བྱ་བ་དཀར་ལ་དགའ་བ་གཅིག་འདུག་པ་དང་། སྡོང་པོ་ཀུན་དེས་བྱ་བ་ནག་པོ་ལ་དགབ་པ་གཅིག་དང་གཉིས་འདུག །དགོན་པ་ལ་མཉེས་ནས་དེ་ནུབ་སེངྒེ་བྲག་ཕུག་ཏུ་བཞུགས། རྨི་ལམ་བཏབ་པས་དབུ་རྩེ་རྙིང་པའི་ཤུལ་འདི་ན་གསེར་གྱི་མཆོད་རྟེན་འདུག་པ་ལས་འོད་འཕྲོས། ཟེར་གྱི་སྣ་ལ་དབུ་རྩེ་གན་ཇི་ར་ལྷག་གེ་བ་མང་པོ་བྱུང་ནས་བོད་ཀྱི་ཡུལ་ཐམས་ཅད་འོད་ཀྱིས་གསལ་བར་བྱས་ནས་ཚུར་འདུས་རྭ་སྒྲེང་ཤུག་པ་གསེབ་ཐམས་ཅད་དབུ་རྩེ་གན་ཇི་ར་བཙུགས་པས་གང་བ་ད་ལྟ་ཇི་ལྟར་ཡོད་པ་བཞིན་དུ་རྨིས། གཞན་ཡང་ཕ་བོང་རྡོ་རིན་པོ་ཆེའི་ཕུང་པོར་སོང་བ་དང་། ལྕེ་ཕྱམ་མེ་དཀར་གྱི་ཕུང་པོར་སོང་བ་དང་། ནགས་སར་སུམ་པ་མཐུ་ཆེན་དང་། རྣལ་འབྱོར་པ་དང་། དགོན་པ་བ་གསུམ་གྱིས་རྟགས་བཟང་ངམ་ཞུས་པས་བཟང་བར་གདའ་གསུང་། དེ་ནས་དགོན་པ་འདེབས་སར་གྲོས་ཐག་བཅད་ནས་ས་འདུལ་བ་ལ་བརྒྱད་སྟོང་པ་མདོ་འགྲེལ་གསུངས། ས་ཆོག་པཎྜི་ཏ་པྲི་ཐ་ར་ལ་ཞུས་པས་མ་གནང་། དགོན་པ་བ་ལ་ཞུས་པས་མ་གནང་། ཁུ་ལ་ཞུ་སྙམ་ཙ་ན་རྣལ་འབྱོར་པས་ཞལ་ནས་སྟོན་པ་ལ། ཇོ་བོའི་ཡོན་ཏན་ཁྱོད་ལ་ཡོད་པར་བྱེད། ཁྱོད་འདི་འདྲ་ཟེར་བས། སྟོན་པའི་ཞལ་ནས། ངས་ཤེས་པ་ཤེས། གཅིག་ཏུ་རྟེན་དམས། གཉིས་སུ་ཁྱེད་གོང་མ་རྣམས་ཀྱིས་ཁྲེལ་ཏེ་འོང་། གསུམ་དུ་མི་མ་ཡིན་དང་གཅིག་འཚེར་བས་ལན། ད་འདི་བཞིན་དུ་བྱེད་པ་ཡིན་གསུང་། སྔོན་ལ་ཇོ་བོའི་སྐུ་འབག་དང་། འཇམ་པའི་རྡོ་རྗེ་གཉིས་སྤྱན་དྲངས་གསོལ་བ་བཏབ་ནས། ཆུ་མིག་བསྲུབས། སྐྱེ་ཕུང་རྩ་བ་ནས་བཏོན་ནས་ཆད་པ་སྤོས། སྦྲུལ་ཉོར་ཙེར་བྱུང་ཡང་ཇི་སྙམ་ཡང་མ་སེམས། དེ་ནས་ཁྲི་རྩིགས། སྦྲ་ཕུབ། ཐིག་བཏབ་ནས། འདིར་ཇོ་བོའི་གདུང་བཞུགས་པས་མཆིལ་སྣབས་ལ་སོགས་མ་དོར་ཅིག་གསུང་།) ད་ལྟ་ཡང་ཐོག་གི་ལྷ་ཁང་ན་བཞུགས་ཡོད་གསུང་། (དགེ་བཤེས་མཁར་ཕུག་པ་ཇོ་བོ་འདས་པ་མ་གསན་པར་འབུལ་བ་སྐྱེལ་དུ་བྱོན་པ་དང་། གནམ་གྱི་མཚོ་མོ་དགུང་དུ་གསན་པས། དགེ་བསྙེན་རྒས་པོ་ལ་མི་སྐྱེལ་ཟེར་ནས་ཕྱིར་ལོག །དེ་ཚོ་ལ་དངུལ་གྱི་གདུང་རྟེན་མི་ཙམ་གཅིག་བཞེངས། ནང་རྫོངས་ཇོ་བོའི་གདུང་སྐལ་མེད་ཀྱང་སྟོན་པ་ལ་ཞུ་མ་ནུས་པ་ལ། དགེ་བཤེས་པས་གདུང་སྐྱེས་པའི་ལྷག་སྤར་གང་བསྐུར་བས་དེ་ལ་མཉེས་ནས། ཕྱིས་རྭ་སྒྲེང་དུ་འབུལ་བ་ཆེན་པོ་བསྐྱལ་གསུང་།)
དེ་ནས་དབུས་སུ་ཇོ་བོའི་སློབ་མ་བཞིས་ཇོ་བོའི་གནས་ཆུང་བཞི་བཞེངས་པ་ལ་སྙེ་ཐང་བང་སྟོན་གྱིས་འོར་བཞེངས་པས་རྦ་རག་གིས་ཁྱེར། ཁུ་སྟོན་གྱིས་ཡར་ལུངས་སུ་འདྲེན་གྱི་ལྷ་སྡིངས་བཞེངས་པས་ཀླུ་མེས་ཀྱིས་ཁྱེར། རྔོག་སྟོན་པས་གསང་ཕུར་སྣེ་ཐོག་རྒྱ་ཕུགས་ཆ་ར་ཙམ་ཅིག་བཞེངས་པས་འབྲིང་ཚོས་ཁྱེར། དགེ་བཤེས་སྟོན་པས་རྣལ་འབྱོར་པ་དང་གྲོས་མཛད་ནས་བྱང་རྭ་སྒྲེང་དུ་ཁྱུང་མགོ་ཅན་བཞེངས། ཐུགས་ཟབ་ལ་དཀྱེལ་ཆེ་བས་གང་གི་ཡང་ཕྱོགས་སུ་མ་ལྷུང་བས་རྦ་རག །ཀླུ་མེས། འབྲིང་ཚོ། འོ་ན་གང་ཡིན་ན་བྲི་ཀ་མ་ལའི་གནས་ཆུང་ཇོ་བོ་རྗེའི་གདན་ས། དགེ་བཤེས་སྟོན་པའི་གཡར་དམ། བཀའ་གདམས་རིན་པོ་ཆེའི་སྤྱི་མེས། རྗེའི་མངའ་རིས་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཐམས་ཅད་ཀྱི་སྤྱིའི་མཆོད་གནས། བདེ་བར་གཤེགས་པས་ཀྱང་ལུང་བསྟན་ཏེ། འཇམ་དཔལ་བརྟན་པ་རོལ་པའི་རྒྱུད་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སངས་རྒྱས་བསྟན་པ་གར་རྒྱས་པ། །ཁ་བ་ཅན་གྱི་རིའི་དབུས། །སྨན་རྣམས་སྣ་ཚོགས་ཡོད་པའི་མགུལ། །སྤོས་ཀྱི་ཤིང་ནགས་རྒྱས་པའི་གཙུག་ལག་ཁང་། །ཡི་གེ་དང་པོ་རྭ་ལ་དེ་འོག་སྒྲེང་། །ཞེས་གསུངས་པ་དང་། ཡང་མདོ་རྒྱས་འབྲིང་གསུམ་ལས་ཀྱང་། སངས་རྒྱས་ཀྱི་བསྟན་པ་ནི་ཡུལ་བར་ཏ་ནིར་རྒྱས་པར་འགྱུར་རོ། །དེ་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་ཆ་དེ་ཉིད་དུ་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ།།
དགེ་བཤེས་སྟོན་པས་ཁྱུང་མགོ་ཅན་གྱི་ལྷ་ཁང་ཡན་ཆོད་ཚར་ནས། དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བོའི་གདུང་གང་དུ་བཞུགས་པའི་ཁྱུང་མགོ་ཅན་ནི་ཚར། ད་འདི་མན་ཆད་ལ་བྱེད་པ་པོ་གཅིག་འོང་གསུངས་ནས། འཛིན་མདོ་ཡོན་ཏན་སྐད་པ་ལ་བོས་ནས་ཁྱོད་འཇིག་རྟེན་གྱི་རྟོག་པ་སྤོང་ལོ་གཅིག་བགྱིད་གསུངས་ནས་ཁྱུང་མགོ་ཅན་ལ་སྐོར་བ་མཛད། མདོ་མདོ་ཅི་ཡང་མི་མཛད། སྐོར་བ་བྱེད་ཀྱིན་ཤངས་སྣབས་ཀྱིས་ཀྱང་ལྐོག་མ་ན་མར་ལ་སླེབས་པར་བྱས་ནས། འཇིག་རྟེན་མཁྱེན་པ་རྙེད་མ་རྙེད་དང་ཞེས་པའི་ཚིགས་བཅད་དེ་མདོ་ལོང་མདོ་ལོང་འདོན་ཅིང་། འཇིག་རྟེན་གྱི་ཆོས་བརྒྱད་ལ་བཏང་སྙོམས་ཆེན་པོར་མཛད་ཅིང་བཞུགས་ཙམ་ན། རྣལ་འབྱོར་པ་ཕྱག་ཁྲི་མཆོག་གིས་ཇོ་བོའི་གདུང་མཆོད་ལ་མང་བསྐོལ་ལུགས་སྡེ་གང་མཛད་དེ། བཟོད་གསོལ་སྔོན་ལ་བྱས་ནས་ངའི་གཏམ་འདི་རི་གཟར་གྱི་རྦབ་བཞིན་དུ་ཕོག་ཐུག་མང་ངེ་བ་གཅིག་འོང་སྟེ་བཟོད་པ་མཛོད་ཅིག་གསུངས་ནས་དགེ་བཤེས་སྟོན་པ་ཇོ་བོའི་ཆོས་མ་སྦ་བར་ཤོད། ལ་ལ་མ་ཕན་ཡང་ལ་ལ་ཕན་གསུངས། རྣལ་འབྱོར་པ་ལ་ཁྱོད་མི་ཆོས་ངན་ཏེ། ཇོ་བོའི་ཞབས་ཏོག་བཞག་ནས་རྦས་རྒྱ་མཚོའི་གཡོག་བྱས། ལྷ་ཆོས་སུ་ངན་ཏེ་ཇོ་བོའི་ཆོས་བཞག་ནས་ལྷ་ཆུ་རྡོ་བ་ལ་བདག་མེད་པའི་རྟོག་རིམ་ཞུས་གསུང་། ཁྱེད་རྣམས་ཀྱང་ཇོ་བོའི་ས་ཁྲ་བཞག་ནས་རོག་ལྷ་བཟོའི་ཟན་ཟ་བ་གསུངས་ནས་བཀའ་བཀྱོན། བཀའ་བཀྱོན་ཡམ་མེ་བ་རེ་མཛད་ནས་ངན་བུ་ཡང་སོང་ནས་མཚམས་བྱེད་པར་ཞུ་འཚལ་གསུངས་ནས། གཞན་རྣམས་སྙམ་ཙ་ན་མི་དང་མི་འཕྲད་པ་ཡིན་སྙམ་ཙ་ན་ཤུག་གསེབ་ན་ཕར་གང་དགར་དགར་ལྡོ་ལྡོ་བཞུགས་ནས། ཕྱི་རོལ་གྱི་རྣམ་པར་རྟོག་པ་ལས་ཚན་པོ་ཆེ་གཅད་པ་ལགས་པར་གདའ། ཁོང་གསང་ཕུ་བ་དང་གཉིས་ཐུགས་མཐུན་པས་ཁོང་གཉིས་གསང་ཕུ་དང་རྭ་སྒྲེང་ཡར་སྙེག་མར་སྙེག་བྱེད་པ་ལ་གྲོ་ཟན་འཁྱེར་མི་དགོས་པར་གདའ། དེ་ཙ་ན་གསང་ཕུ་བ་ཆེན་པོ་རྭ་སྒྲེང་དུ་ཡེར་རེ་བྱོན་ནས། རྣལ་འབྱོར་པ་ཕྱག་ཁྲི་མཆོག་དང་གཉིས་སླ་པོ་ཁོ་ཐག་ཆོད་པ་ཅིག་བྱ་བར་དགོངས་ནས་མཇལ་བས། ཕྱག་གསུམ་བཙལ་ནས་ཁོ་བོ་ལ་མིའི་ཏིག་པོ་མི་འདུག་པས་བཀའ་མི་བཀྱོན་པར་ཞུ་གསུངས་ནས་ཤུག་གསེབ་ན་ཕར་ཞོལ་གྱིས་བཞུད་པས། དགེ་བཤེས་གསང་ཕུ་བའི་ཞལ་ནས། དེ་ལས་ཁོ་ཐག་མ་ཆོད་པའམ། དེ་ལས་ཡི་མུག་པ་མ་བྱུང་གསུངས་ནས་དགེ་བཤེས་སྟོན་པ་ལ་ཡུས་གསོལ་བས། དགེ་བཤེས་སྟོན་པའི་ཞལ་ནས། ཁོས་འཆི་བ་རྗེས་སུ་དྲན་པ་ཡིན། ཐམས་ཅད་ལ་དེ་ལྟར་བྱེད་ཀྱིན་སྣང་ཀོ་ལོང་མ་མཛད་ཅིག་གསུང་།
དེ་ལྟར་དགེ་བཤེས་སྟོན་པས་རྭ་སྒྲེང་དུ་ཇོ་བོའི་སྲོལ་ཟངས་ཀྱིས་བཙུགས་ནས་ཡོད་པའི་དུས་སུ། ཐུགས་ཀྱི་སྲས་པོ་སྐུ་མཆེད་རིན་པོ་ཆེ་རྣམ་པ་གསུམ་གྱིས་སླེབས་པ་ལགས་པར་གདའ། སྐུ་མཆེད་གསུམ་པོ་དེ་ཁོང་རང་གི་ཞལ་བཞེས་ལྟར་ན། གནས་བརྟན་ཆེན་པོ་བཅུ་དྲུག་གི་རྣམ་འཕྲུལ་དུ་བྱེད། རིགས་གསུམ་མགོན་པོའི་རྣམ་འཕྲུལ་དུ་བྱེད་པའང་ཡོད། དེའི་ཁུངས་ནི་བཀའ་གདམས་པ་ལ་འདི་མ་བྱུང་གཞན་ནས་བྱུང་། བལ་ཡུལ་འཕགས་པ་ཤིང་ཀུན་ཏུ་སྐོར་བ་བྱེད་པ་ལ་ནུབ་ཐུན་གསུམ་ལ་བགོ་བཤའ་ཡོད། སྲོད་ཐོ་རངས་གཉིས་མི་བྱེད། མི་འབྱུང་གཞི་གཉིད་ལོག་པའི་དུས་སུ་མི་མ་ཡིན་རྣམས་སྐོར་བ་བྱེད་པ་ཡིན། དེའི་དུས་སུ་གྲུབ་པ་ཐོབ་པ་མ་ཡིན་པས་སྐོར་བ་བྱས་ན་བར་ཆད་འོང་། རྣལ་འབྱོར་པ་གཅིག་གིས་ཕག་མོའི་སྒྲུབ་པ་ཞག་བདུན་བྱས་པས་དངོས་གྲུབ་བརྙེས་ནས། མི་མ་ཡིན་རྣམས་ཀྱི་གསེབ་ཏུ་སྐོར་བ་བྱས་པས་མི་མ་ཡིན་རྣམས་སྐོར་བ་བྱེད་ཀྱིན་གླུ་ལེན་པ་གསན་པས། སྐད་གླིང་བུའི་སྐད་འདྲ་བ་སི་དེ་རི་འདུག་པ་དེའི་ནང་ན་མར། སྔོན་དང་སྔོན་གྱི་དུས་ཙམ་ན། །ཐུགས་དགོངས་བླ་ན་མེད་པ་དེ། །ཇོ་བོ་ཨ་ཏི་ཤ་ལ་ཡོད། །རྟོགས་པ་བླ་ན་མེད་པ་དེ། །ཇོ་བོ་ཨ་ཏི་ཤ་ལ་ཡོད། །ད་ལྟ་མ་རིག་འཁྲུལ་བར་འཁྱམས། །ཟེར་བ་དང་། ཡང་ཚན་ཅིག་ན་རེ། ཨ་ཏི་ཤའི་གདུང་སོབ་པ། །འཕགས་པ་སྐུ་མཆེད་གསུམ་པོ་ཡིན། །འཕགས་པ་སྐུ་མཆེད་གསུམ་པོ་དེ། །གཅིག་ཙམ་ལྷོ་བལ་མཚམས་ན་ཡོད། །འཕགས་པ་འཇམ་མ་ལི་དང་གཉིས་སུ་མེད། །གཅིག་ཙམ་བལ་པོའི་ཡུལ་ན་ཡོད། །འཕགས་པ་ཝ་ཏི་དང་གཉིས་སུ་མེད། །གཅིག་ཙམ་མང་ཡུལ་གྱི་གྲོང་ན་ཡོད། །འཕགས་པ་དབུ་ཁང་དང་གཉིས་སུ་མེད། །ཟེར་བ་གསན་པས། རྟེན་དེ་རྣམས་རིགས་གསུམ་མགོན་པོ་དངོས་ཡིན་པས། རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་པ་འདྲ། གང་ལྟར་ཡིན་ཡང་མཛད་པ་རྒྱ་ཆེ་ལུགས་འདིས་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན་པར་ཐག་ཆོད་གསུང་། དགེ་བཤེས་སྟོན་པ་ལ་འཁོར་སྐུ་མཆེད་གསུམ་གྱིས་དབུ་མཛད་ལྔ་བཅུ་ཙམ་བཞུགས་པ་ལ། དེ་ཚོ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་མངའ་བ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ། ཡི་དམ་གྱི་ལྷ་ཞལ་གཟིགས་པ། གྲུབ་ཐོབ་ཏུ་དཔུང་ངེ་བ་ཤ་སྟག་བཞུགས་པ་ཡིན། མཚོ་ལ་པདྨས་བརྒྱན་པ་འདྲ་བ་སྐད་པ་དགེ་བཤེས་སྟོན་པའི་འཁོར་དེ་འདྲ་བ་ལ་ཟེར་བ་ཡིན། ལང་ངེ་ལོང་ངེ་མང་བ་ལ་འཁོར་ཕུན་སུམ་ཚོགས་པར་འགྲོ་རྒྱུ་མེད། སོ་མི་གསོད་པ་མིན་པ་ཅང་ཡང་མེད་གསུང་། དགེ་བཤེས་སྟོན་པས་དགུང་ལོ་ཁྱུར་པོ་བདུན་ངོ་དགུར་བགྲང་བ་གཅིག་ཏུ་བསྟན་པའི་བདག་པོ་མཛད་འདུག །སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། སྒོས་སུ་བཀའ་གདམས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་བཞིན་དུ་དབུ་རུ་བྱང་ཕྱོགས་སུ་རྒྱས་པར་མཛད་པ་དེ་ཡོངས་ཀྱི་བཀའ་དྲིན་ཡིན་ནོ།།
དེ་ནས་འབྲུག་གི་ལོ་ལ་དྲུག་ཅུ་ཐམ་པ་ལ་རྭ་སྒྲེང་དུ་སྐུ་གཤེགས། དེའི་རྗེས་ལ་རྣལ་འབྱོར་པ་ཆེན་པོས་གདན་ས་ལོ་བཅུ་བཞི་བཟུང་ནས་དྲུག་ཅུ་རྩ་གསུམ་ལ་གཤེགས། དེའི་རྗེས་ལ་རྣལ་འབྱོར་གྱི་དབང་ཕྱུག་དགོན་པ་བས་ལོ་དྲུག་མཛད་ནས་སྣེའུ་ཟུར་བ་ལ་སོགས་པ་སྨིན་ཅིང་གྲོལ། དེ་ནས་སྐུ་མཆེད་རིན་པོ་ཆེ་གསུམ་གྱི་རིང་ལ་མངའ་རིས་སྐོར་གསུམ་མན་ཆོད་ནས། ཙོང་ཁ་རྒྱལ་པོ་ཡན་ཆོད་ཀྱི་རྣམ་པར་གྲོལ་བ་དོན་དུ་གཉེར་བ་ཐམས་ཅད་བསྐྱངས་ནས་ཡོངས་ལ་བཀའ་དྲིན་ཆེ་བ་ལགས། དེ་ལ་སྤོ་ཏོ་བ་ཆེན་པོས་བཤད་རྒྱུད་ཀྱི་གདམས་ངག་གིས་བུདྡྷའི་བསྟན་པ་རྒྱས་པར་མཛད། སྒྲུབ་པའི་གདམས་ངག་གིས་དགེ་བཤེས་ཕུ་ཆུང་བ་ཆེན་པོ་དེ་སྐྱེས་ཀྱང་ནགས་སུ་སྐྱེས། དེངས་ཀྱང་ནགས་སུ་དེངས་པ་ལ་ལྟ་བུ་གཅིག་ལགས་པར་གདའ་སྟེ། སྒྲུབ་པ་སྐུ་ཉམས་སུ་བཞེས་པ་གཅིག་ལགས་པར་གདའ་སྐད་དེ། ཤ་གཟུགས་རང་གཟའ་གསུངས་པ་ལགས་སྐད། སྤྱན་སྔ་རྣལ་འབྱོར་པ་སྐད་པ་དེ། དགེ་བཤེས་སྟོན་པས་དབུ་མཛད་པའི་ཇོ་བོའི་བཀའ་སློབ་རྣལ་འབྱོར་པ་རྣམས་ཀྱིས་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས་ནས་ཡོན་ཏན་གྱི་བཅུད་མ་ལུས་པར་ཐུགས་སུ་ཆུད། བསྒོམས་པའི་སྟོབས་ཀྱིས་རིག་པའི་གནས་ལྔ་ལ་མཁས་པ་ལགས་སྐད། ཇོ་བོའི་ལོ་རྒྱུས་ཕྱོགས་རེ་བ་ཀུན་ལ་ཡོད་དེ། ལོ་རྒྱུས་ཆེན་མོ་འདི་སུ་ལ་ཡང་མེད། འདི་སུ་ལས་བྱུང་ན། མཚན་བརྗོད་པར་དཀའ་བའི་དགེ་བའི་བཤེས་གཉེན་རོང་པ་ཕྱག་སོར་བ་དེ། རང་གི་སྐྱེ་བ་བཅུ་གསུམ་དྲན་པ་ལ་སོགས་པ་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ། བསྒོམས་པའི་སྟོབས་ཀྱིས་རིག་པའི་གནས་ལྔ་ཐུགས་སུ་ཆུད་པ་དེས་དང་པོར་ཇོ་བོའི་གདམས་པ་ཁོ་ན་རྩད་བཅད་ནས་ཇོ་བོ་དངོས་ཀྱི་སློབ་མ་བརྒྱད། ཉིང་སློབ་གཉིས་དང་བཅུ་ལ་བརྟེན་ཏེ། (ཡེར་པ་རང་གི་ཞང་བཙུན་ཡེར་པ་དང་། ཡེར་པ་རྩབས་ཁང་གི་སྒོམ་པ་དད་པ་དང་། རྭ་སྒྲེང་གི་རྣལ་འབྱོར་པ་ཆེན་པོ། དགོན་པ་བ་དང་། ཇོ་ལེགས་དང་། མཁའ་རུ་སྔ་མ་དང་། དགེ་བཤེས་ཁུ་དང་། ལོ་ཙཱ་བ་ནག་ཚོ་དང་བརྒྱད་དོ། །ཉིང་སློབ་མཁའ་རུ་ཕྱི་མ། ཡུང་ང་བ་གཉིས་སོ།།) སྒྲུབ་པའི་གདམས་པ་དང་། ཇོ་བོའི་ལོ་རྒྱུས་རྩད་བཅད་པས། ཇོ་བོ་དངོས་ཀྱི་སློབ་མ་རྣམ་གསུམ་མཐུན་པར་བྱུང་། ཉིང་སློབ་གཉིས་གསུང་མ་མཐུན་ཏེ། ཁྱད་པར་དུ་བསྟན་རིམ་གྱི་མཚན་གྱི་འདོགས་ལུགས་ལ་དགེ་བཤེས་མཁའ་རུ་བའི་ཞལ་ནས། བསྟན་པའི་སྲོལ་བྱ་བ་ཡིན་གསུང་བ་ལ། དགེ་བཤེས་ཡུང་ང་བའི་ཞལ་ནས། ཁྱེད་ཀྱི་སློབ་དཔོན་ཤེས་རབ་ཆུང་བས་མ་ཟིན་པར་སྣང་། བླ་མས་བདག་ལ་བསྟན་པའི་རིམ་པ་གསུངས་པ་ཡིན། དེ་ཡང་། ཚུལ་གནས་ཐོས་དང་བསམ་པ་ལྡན་པས། །སྒོམ་པ་ལ་ནི་སྦྱར་བ་ཡིན། །གསུང་།
དེ་ནས་དགེ་བའི་བཤེས་གཉེན་ཕྱག་སོར་བའི་ཐུགས་དགོངས་ལ། ཇོ་བོ་དངོས་ལ་ལོ་བཅུ་དགུར་བསྟེན་པའི་ལོ་ཙཱ་བ་ཆེན་པོ་དེ་གུང་ཐང་ན་ད་དུང་བཞུགས་ཡོད་པར་འདུག་པས། ཇོ་བོ་བཞུགས་ཀྱང་ལོ་ཙཱ་བས་བར་དུ་ཞུགས་པ་ལས་མེད། དེ་ལ་རང་གཅིག་ཐུག་དགོས་སྙམ་ནས། དེར་མང་ཡུལ་དུ་བྱོན་ནས་དགེ་བཤེས་ཆེན་པོ་ཡང་ཐོག་གི་གཙུག་ལག་ཁང་ན་བཞུགས་པའི་ཐད་དུ་བྱོན་ནས། དང་པོ་སྔགས་ཀྱི་གདམས་པ་ཆང་ཆུང་འགའ་ཞུས་ནས་བག་ཕབ། དེ་ནས་ཕྱི་ཐ་ལ་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་གདམས་པ་གཅིག་དང་། ཇོ་བོ་ཆེན་པོ་དེའི་སྐུ་ཆེ་བའི་ཡོན་ཏན་དང་། བོད་དུ་སྤྱན་དྲངས་ལུགས་ཤིག་གསུང་བར་ཞུས་ཞེས་ཞུ་བ་ཕུལ་བས། དགེ་བཤེས་ལོ་ཙཱ་བའི་ཞལ་ནས། དེ་ལ་ང་མཁས་པ་ཡིན། ངས་ལོ་བཅུ་དགུར་བསྟེན། བོད་དུ་སྤྱན་དྲངས་པས་ཇོ་བོའི་ལོ་རྒྱུས་ལ་མཁས་པ་ཡིན་ཏེ། ཁྱོད་མིན་པ་རྩད་གཅོད་པ་རང་ཡང་མ་བྱུང་གསུངས་ནས་ (ཉིན་རེ་ལ་ཆོས་ཐུན་གསུམ་གསུམ་གསུངས། སྔགས་ཀྱི་སྒོར་ཡང་བཅུག་སྟེ། དབྱར་རེ་ལ་སྔགས་ཀྱི་གླེགས་བམ་དྲུག་ཙམ་ཐོན་པར་བྱས་ཏེ་ལོ་གསུམ་བཞུགས་སོ།།) ལོ་རྒྱུས་ཆེན་མོ་འདི་ཡང་དེའི་དུས་སུ་གསུངས། སྒྲུབ་པའི་གདམས་ངག་ཀྱང་མ་ལུས་པར་གནང་བས། གོང་གི་མཚན་གྱི་འདོགས་ལུགས་ཡུ་ང་བའི་བཞིན་འདུག་སྐད།
དེ་ནས་མར་ལ་བྱོན་ཁར་ཁྱོད་ཀྱིས་སྒྲུབ་པའི་གནས་འདི་ལྟ་བུ་གཅིག་ཏུ་སྒྲུབས་ཤིག་གསུངས་ནས་ལག་སོར་དགོན་པར་ལུང་བསྟན་ཡང་མཛད། དེ་ནས་མར་ལ་སྐྱེལ་ཆུང་མཛད་ནས་འགྲོ་ཆོས་ཤིག་ཞུས་པས། དལ་འབྱོར་རྟེན་ཅན་གྱི་ཤེས་རབ་ཅན། །ཚེ་འདི་ཇི་ལྟར་བྱས་ཀྱང་ཕྱིད། །བླ་མེད་བྱང་ཆུབ་རྙེད་དཀའ་བས། །འབད་པ་ཆེན་པོས་བྱ་འཚལ་ལོ། ། (བྱ་བ་དེ་ལ་བརྟེན་ནས་ཆོས་ཐུན་གཅིག་གསུངས།) གསུངས། དེར་ཐེག་པ་མཐའ་དག་གི་ཆོས་མ་ལུས་པར་འདུས་པ་ཡིན་གསུང་། དེ་ནས་ (ནུབ་ཅིག་གི་རྨི་ལམ་ན་མི་ཚན་གཅིག་བྱུང་ནས་ཇོ་བོའི་རིང་བསྲེལ་མ་སྦ་བར་སྟོན་ཟེར་ནས་རིང་བསྲེལ་སྡེར་གང་གཏད་ནས་ལོ་ཕྱོགས་སུ་གཏོར་བས་བུ་བཞི་ལྷོར་བྱུང་ངོ་། །ཡར་ལ་བྱོན་ཕོད་མདོ་བས་སྣ་ལེན་བྱས་ནས་བསྟན་པ་ལ་ཕན་པའི་ཆོས་ཤིག་ཞུས་པས་མདོ་རྩ་དང་བསླབ་བཏུས་གཉིས་གསུངས། དེ་ནས་ཐམས་ཅད་ལིངས་སྐྱུར་ནས།) ལག་སོར་དགོན་པར་བཞུགས་ནས་ཉེ་གནས་རང་ཡང་མི་འབྱལ་བར་ཆོས་སྟོན་བུག་པ་ན་ཚུར་བླངས་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་དུས་ན། རྨ་ཆོས་བྱང་རྡོར་སྤྱན་དྲངས་ནས་ཆོས་བཙུགས་པས། རྨ་ཚོའི་ཞར་ཆོས་ལ་ཆེན་པོ་བཞི་ཁོང་ལ་ཤེར་ཏེ། ལག་སོར་བའི་བུ་བཞིར་གྲགས་པ། དགེ་བཤེས་བྱ་འདུལ་བ་འཛིན་པ། རོག་འཆིང་ཕུ་བ། རྣམ་སྤར་བ། (དེའི་དུས་ཡན་དང་ཚབ་འཕུ་ངག་རྗེའི་འཁྲུག་པའི་འདུམ་ཞུར་བྱུང་ནས་སྐུ་མཚམས་ཧད་འདོན་བྱས་ནས་འདུམས་མཛད་དོ། །ཕོད་མདོར་རྨ་ཚོ་བྱང་རྡོར་དང་མཇལ།) དགེ་བའི་བཤེས་གཉེན་ཞུ་ལྡན་པ་དང་བཞི། རྒྱ་ར་སྟོན་བྱེད་དགེ་བསྙེན་ཡིན་པས་བུར་མ་ཚུད་དེ། ལྔས་ཇོ་བོའི་གདམས་པ་ཞུས་ནས་ཟིན་བྲིས་བྱས་པ་ལ། བྱ་འདུལ་བ་འཛིན་པ་ཟུལ་ཕུ་བ་ཆེན་པོ་ལ་གདམས་པ་ལོ་རྒྱུས་ཉུང་འདུས་ཤིག་བྱུང་། འཆིང་ཕུ་བ་ལ་གདམས་པ་མང་པོ་བྱས་ནས། ལོ་རྒྱུས་ཉུང་ངུ་གཅིག་ལས་མི་འདུག་གསུང་། གནམ་སྤར་བས་ལོ་རྒྱུས་ཡེ་མ་བྲིས་པར་གདམས་པ་བྲིས་འདུག་སྐད། དགེ་བཤེས་ཞུ་ལྡན་པས་གདམས་པ་དང་། ལོ་རྒྱུས་གཉིས་ཁ་ལེགས་པ། ཁྱད་པར་དུ་ལོ་རྒྱུས་ཁོ་ན་ལ་ཞིབ་པར་མཛད་ནས། མདོ་སྡེ་ནས་ཀྱང་སངས་རྒྱས་ཀྱིས་ཡུལ་འདི་རུ་གང་ཟག་འདི་ལ་ཆོས་འདི་གསུངས་བྱ་བ་ཡོད་པས། ལོ་རྒྱུས་འདི་གལ་ཆེ་བ་ཡིན་གསུངས་ནས། ལོ་རྒྱུས་རྒྱས་པར་བྲིས་ནས་འདུག་གསུང་། རྒྱ་ར་སྟོན་བྱེད་ལ་སྔགས་ཀྱི་གདམས་པ་མ་ལུས་པར་ཡོད་པ་ཡིན་པར་གདའ། ཕ་རོལ་ཏུ་ཕྱིན་པའི་གདམས་པ་གཤའ་མི་གནང་། ལོ་རྒྱུས་ཀྱང་གཞན་ལ་ཁ་འཕངས་པ་གཅིག་ལས་མི་གདའ་སྐད། ཡི་གེ་དེ་རྣམས་ཐམས་ཅད་དགེ་བཤེས་ཟུལ་ཕུ་བ་ཆེན་པོའི་ཕྱག་ཏུ་བྱུང་ནས་ཁོང་གིས་ཕྱོགས་ཅིག་ཏུ་མཛད་པ་ལགས་པར་གདའ་གསུང་། འདིས་ཀྱང་ཇོ་བོའི་བཀའ་བརྒྱུད་ཐམས་ཅད་རྒྱས་པར་གྱུར་ཅིག །ཨྠི་ཤུ་བྷཾ།། །།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ 413 ནས་ 560 བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།