དེ་ནས་ཐོ་གླིང་པདྨོའི་གླིང་དུ་ཕྱག་ཕེབས་པའི་དུས་སུ། མགོན་པོ་ཨ་ཏི་ཤས་བལ་པོའི་རྒྱལ་པོ་ཆེན་པོར་བསྐུལ་བ། ད་ནི་རྒྱལ་པོ་ཆེན་པོ་བལ་པོའི་ཐང་དུ་དྷི་ཧ་རའི་གཙུག་ལག་ཁང་ཞེས་བྱ་བ། རྒྱ་བོད་གཉིས་ཀྱི་བར་གྱི་སོ་འཛིན་པའི་གཙུག་ལག་ཁང་ཆེན་པོ། ཕངས་མཐོ་བ། རྒྱ་ཆེ་བ། བབས་ལེགས་པ། བསིལ་ཁང་དང་ཞལ་ལའི་ཁྲིགས་ལེགས་པ། གསེར་ཀ་སུམ་ཅུ་རྩ་གཉིས། གཡུའི་ཀ་བ་ཤང་ཤང་གིས་བརྒྱན་པ་བརྒྱད། ཤེལ་གྱི་ཀ་བ་གཉིས་དང་བཅས་ཏེ་ཐམས་ཅད་ཀྱང་འཕྲུལ་མིག་ཕུན་སུམ་ཚོགས་པར་མཛོད།
ལྷོ་ཕྱོགས་སུ་དགེ་འདུན་འདུ་ཁང་དང་། གཡོས་ཁང་ཐམས་ཅད་ཀྱང་འབྱོར་པས་ཕྱུག་པར་མཛོད། རྒྱ་བོད་གཉིས་ཀྱི་རབ་ཏུ་བྱུང་བ་ལ་གྲྭ་ས་ལེགས་པར་བཙུགས། དེའི་ཕྱོགས་ཀྱི་མེ་ཙ་དང་ས་བརྟག་པ་དང་། ཐིག་གདབ་པ་དང་བཅའ་ཁ་ཐམས་ཅད་ཁོ་བོ་རང་གིས་ཚར་བར་བྱས་ནས་ཡོད་ཀྱིས། བཞེངས་ཚར་བ་དང་དེ་བཞིན་གཤེགས་པའི་སྐུ་གཟུགས་ལོ་བརྒྱད་པའི་ཚད་དང་། སེང་ལྡེང་ལ་བརྐོས་པའི་བཅོམ་ལྡན་འདས་མ་སྒྲོལ་མའི་སྐུ་དང་། རྡོ་ནག་ལ་བརྐོས་པའི་བཅོམ་ལྡན་མི་གཡོ་བའི་སྐུ་ཁྲུ་གང་བ་དང་། ཙན་དན་གྱི་ལྡེ་གུ་ལས་བྱས་པའི་སྤྱན་རས་གཟིགས་ཀྱི་སྐུ་ཕྱག་བཞི་པ་དང་། གཙུག་ཏོར་དྲི་མེད་ལྷ་ལྔའི་སྐུ་ལ་སོགས་པ་གང་འགྲུབ་བཞེངས་ལ་གཙུག་ལག་ཁང་གི་ནང་དུ་བཞུགས། རྒྱལ་པོའི་ཕོ་བྲང་ན་བལ་པོས་ཕུལ་བའི་ལྷ་ལྔ་བཅུ་ཙམ་ཡོད་ཀྱིས། དེ་ཐམས་ཅད་ཀྱང་གཙུག་ལག་ཁང་གི་ནང་དུ་བཞུགས། འདིའི་སྐོར་གྱི་རབ་ཏུ་གནས་པ་དང་། ཕྱོགས་ཀྱི་བཅིངས་པ་རྣམས་དང་། བཀོད་པ་ཐམས་ཅད་པཎྜི་ཏ་གསུམ། བལ་པོའི་རྒྱལ་པོ་དང་། གཞན་ལ་ཕན་པ་བཟང་པོ་དང་གཞན་གཉིས་ཏེ་ཁོང་རྣམ་པ་གཏོང་བ་ཡིན། དེ་ཐམས་ཅད་ཟླ་བ་དགུའི་ཁོང་དུ་ཚར་བར་བགྱིས་ལ། ཚར་མ་ཐག་ཏུ་རབ་ཏུ་གནས་པ་རྒྱས་པའི་བཅའ་ཁ་དང་། སྟོན་མོ་ཐམས་ཅད་ཚར་བར་བགྱིས་ལ་ཁོ་བོ་ལ་བརྡ་སྦྱོར་ཞེས་གསུངས་ནས། པཎྜི་ཏ་གསུམ་ཡང་བལ་པོའི་རྒྱལ་པོ་དང་བཅས་པ་ཕྱིར་འབྱོན་པར་བཞེད་པ་དང་། བློན་པོ་ལྷའི་དབང་ཕྱུག་གིས་ལྷ་བཙུན་པའི་དྲུང་དུ་བང་ཕྱིར་རྫངས་ནས། མགོན་པོ་ཨ་ཏི་ཤ་པདྨ་གླིང་ན་ཕྱག་ཕེབས་ནས་ཡོད་པ་ལ། བལ་པོའི་རྒྱལ་པོས་པཎྜི་ཏ་གསུམ་ཕྱིར་སྤྱན་དྲངས་ནས། བལ་པོར་ཨ་ཏི་ཤའི་ཐུགས་དམ་གཙུག་ལག་ཁང་ཞིག་བཞེངས་པར་གདའ་བས། མྱུར་དུ་བལ་པོའི་རྒྱལ་པོ་ལ་བསྙེན་བཀུར་བྱེད་ཅིང་པདྨོ་གླིང་དུ་ཨ་ཏི་ཤ་བསུ་བར་འབྱོན་པར་ཞུ་ཞེས་ཞུ་བ་བྱས་པ་དང་། ལྷ་བཙུན་པས་ཀྱང་བང་ཕྱིན་བྱུང་མ་ཐག་ཏུ། རབ་ཏུ་བྱུང་བ་དང་། སྐྱ་བོ་འདྲེས་པའི་རྟ་ཕྱེད་དང་དྲུག་བརྒྱ་དང་ལྷན་ཅིག་ཏུ་མངའ་རིས་པདྨའོ་གླིང་དུ་ཕྱིན་ཏོ།།
དེ་ནས་མཆོག་ཏུ་བཀྲ་ཤིས་པའི་ཕྱག་རྟེན་བཟང་པོ་དང་བཅས་རྗེ་བཙུན་ཆེན་པོ་ཨ་ཏི་ཤ་དང་ཞལ་མཇལ་ཏེ། མཆོག་ཏུ་དང་བ་དང་གུས་པ་ཆེན་པོས་ཞབས་ཀྱི་པདྨོ་ལ་བཏུད་ཅིང་། ཕ་དང་བུ་ཕྲད་པ་ལྟ་བུའི་དགྱེས་ཚོར་དང་། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའམ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དངོས་དང་མཇལ་བ་ལྟ་བུའི་བྱིན་རླབས་ཀྱི་ཟིལ་དང་དད་པ་ཐོབ་ཅིང་། དགའ་སྟོན་གྱི་མཆོད་པའི་བཀོད་པ་གྱ་ནོམ་པར་བཤམས་པའི་ཐོག །བསྙུན་དྲི་བ་སོགས་ཕན་ཚུན་ཐུགས་འདྲེས་ཤིང་ཕེབས་པའི་ཞུ་ལན་དག་མཛད་དེ། ཨེ་མ་ཧོ། རྗེ་བཙུན་བླ་མ་ཆེན་པོའི་ཞལ་སྔ་ནས། ལྷོ་བལ་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན། །ཤུལ་ཐག་རིངས་པས་ཤིན་ཏུ་སྐུ་ཉོན་མོངས། །འདུ་བ་རྣམ་བཞིའི་སྐུ་བསྙུན་མི་མངའ་འམ། །སྐུ་ཁམས་བདེའམ་དགྱེས་པར་སྤྱོད་ལགས་སམ། །སྐུ་གསུང་ཐུགས་ལ་གནོད་པ་མི་མངའ་འམ། །ཞེས་བསྙུན་འདྲི་མཛད་ཅིང་། ཡང་བོད་སྤྱིའི་སྤྱོད་ཚུལ་ལ་བཟོད་གསོལ་མཛད་པ། བདག་ཅག་བོད་ཀྱི་སྐྱེ་བོ་ཕལ་ཆེར་ནི། །བླ་མ་དང་བྲལ་རང་དགར་སྨྲ་བ་སྟེ། །ཀླ་ཀློའི་སྤྱོད་པ་མ་རུང་མ་རྩིགས་རྣམས། །ཨ་ཏི་ཤ་ཡིས་བཟོད་པར་མཛད་དུ་གསོལ། །དེ་ནས་དགེ་བཤེས་ལོ་ཙཱ་བས་རྒྱལ་པོའི་བཀའ་དང་དུ་བླངས་ནས། བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ཏེ། ལུས་སྲོག་ལ་འཕངས་པ་མེད་པར་ལམ་གྱི་འཇིགས་པ་མང་པོ་ཁྱད་དུ་བསད་ཅིང་། ཇོ་བོ་སྤྱན་འདྲེན་པའི་ཕོ་ཉ་མཛད་པ་ལ་ཡིད་རངས་ཤིང་བཟོད་གསོལ་མཛད་པ། སློབ་དཔོན་ཚུལ་ཁྲིམས་རྒྱལ་བའི་ཞལ་སྔ་ནས། རེ་བ་ཆེ་བས་བདག་གིས་ཐུགས་མ་ཞུས། །ཐུགས་ལ་བཏགས་ནས་ལྷོ་བལ་ཡུལ་དུ་བྱོན། །དཀའ་བ་མང་པོ་སྤྱད་པ་བཟོད་པར་མཛོད། །ཅེས་གསུངས་ཤིང་། དྲིན་གཟོ་ཆེན་པོ་ཅི་དང་མི་འདྲ་བ་མཛད་དོ།།
དེ་ནས་རང་གིས་དཀའ་བ་སྤྱད་ནས་སྤྱན་དྲངས་པའི་བླ་མས། བོད་ལ་ཕན་ཐོགས་པའི་སྨོན་ལམ་བཏབ་པ། ཨེ་མ་ཧོ། དགེ་སློང་བྱང་ཆུབ་འོད་བདག་གིས། །རྟག་ཏུ་བསམ་པའི་བླ་མ་སྤྱན་འདྲོངས་པས། །བོད་ཀྱི་ཡུལ་དུ་སྐྱེས་བུ་ཆེན་པོ་འདིའི། །གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག །ཅེས་བོད་ཀྱི་སངས་རྒྱས་བསྟན་པའི་འཕེལ་འགྲིབ་དང་། ཆོས་པ་རྣམས་ཀྱི་ཀུན་སྤྱོད་སྣ་ཚོགས་པས་ཐུགས་སྐྱོ་ཞིང་། ཡབ་མེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་འཕྲིན་བཟང་པོ་རྗེས་སུ་དྲན་ནས། བསྟན་པའི་ཞལ་གསོལ་བཞེས་པ་ལས། གཞན་རྒྱུད་བྱིན་གྱིས་རློབས་པའི་ནུས་པ་མེད་པས། གང་གིས་ཀྱང་ཕན་མི་ཐོགས་པར་དགོངས་ཏེ། ཇོ་བོ་བྱང་ཆུབ་ཀྱི་སེམས་ཆེན་པོའི་བྱིན་རླབས་དང་ལྡན་པ་འདི་ཉིད་སྤྱན་འདྲོངས་པས། ད་ནི་སྐྱེས་བུ་དམ་པ་འདིའི་འཕྲིན་ལས་ཀྱིས་བོད་ཁམས་ཐམས་ཅད་དུ་ཁྱབ་པར་བྱའོ་སྙམ་དུ་དགོངས། དེ་ནས་བལ་པོའི་རྒྱལ་པོ་ལ་ལྷ་དང་མཐུན་པའི་བསྙེན་བཀུར་མདོངས་གསོལ་མཉེས་པའི་རིམ་པ་དཔག་ཏུ་མེད་པ་མཛད་དེ། རྟ་སུམ་ཅུ་སོ་གཉིས་ཕུལ་ཏེ་འདི་སྐད་དོ།།
སྙིགས་མའི་དུས་འདིར་དམ་ཆོས་རྣམ་མང་ཡང་། །ཨ་ཏི་ཤ་ནི་གཅིག་པུ་ཉིད་དུ་ཟད། །བལ་པོའི་ཐང་ནས་སྐྱེལ་དུ་བྱོན་པ་ལེགས། །ཞབས་བླའི་ཚུལ་དུ་རྟའི་ཚོགས་འདི་འབུལ། །སྐྱེ་རྒ་ན་འཆིའི་ཆུ་བོ་རབ་སོམས་ལ། །རྒྱལ་པོ་དྲེགས་པ་སྤོངས་ལ་གཞན་ཕན་རྟེན། །དེ་ནས་བལ་པོའི་རྒྱལ་པོ་དགྱེས་བཞིན་དུ་གསེར་སྲང་སུམ་བརྒྱ་ཐམ་པ་མཁར་སྡེར་དུ་བླུགས་ཏེ། རང་གི་སྲས་ལྷའི་དབང་པོའི་ལག་ཏུ་སྤྲད་ནས་ལྷ་བཙུན་པ་ལ་ཕུལ་ཏེ། བལ་པོའི་རྒྱལ་པོས་གསོལ་བ། རྒྱལ་རིགས་ལུས་ལ་རྣམ་དག་ཁྲིམས་ལྡན་ཞིང་། །སངས་རྒྱས་བསྟན་པ་དཔའ་བའི་གོ་གྱོན་ནས། །འཇིག་རྟེན་སྒྲོན་མེ་བོད་དུ་སྤྱན་དྲངས་ནས། །ཐམས་ཅད་ཆོས་ལ་འགོད་པ་ངོ་མཚར་ཆེ། །བདག་གིས་སྐྱེད་པའི་བུ་འདི་རྗེ་ལ་འབུལ། །བསམ་པ་བཟང་པོ་གསེར་དང་འདྲ་བ་འདི། །ཆོས་རྒྱལ་བོད་དུ་ཆོས་གྲྭ་འཛུགས་པ་ལ། །གསེར་སྲང་སུམ་བརྒྱ་རེ་ཞིག་འདེགས་སུ་འབུལ། །སླད་ནས་སངས་རྒྱས་བསྟན་པ་དར་བ་དང་། །བདག་གི་བུ་འདིས་ཆོས་མགོ་ཐོན་པ་དང་། །ཨ་ཏི་ཤ་ཡང་ཕྱོགས་འདིར་ཡུན་རིང་ཞིང་། །བདག་ཀྱང་འཁྲེང་བས་ཡུན་དུ་འགྲོགས་པར་ཞུ། །དེ་ནས་བལ་པོའི་རྒྱལ་པོ་པཎྜི་ཏ་གསུམ་དང་བཅས་པ་བལ་པོར་བྱོན་པ་ལ་ལྷ་བཙུན་པས་དཔག་ཚད་གཅིག་ཙམ་བསྐྱལ་ནས། པཎྜི་ཏ་གསུམ་ལ་གསེར་སྲང་རེ་རེ་མེ་ཏོག་ཏུ་ཕུལ་ནས། གཙུག་ལག་ཁང་བཞེངས་ཚར་བ་དང་། ཕྱིས་མྱུར་དུ་མཇལ་བའི་ཞུ་བ་ཁྱད་པར་ཅན་མཛད་དོ།།
དེ་ནས་ལྷ་བཙུན་པ་ཕྱིར་ལོག་སྟེ། མགོན་པོ་ཨ་ཏི་ཤ་ལ་ལྷ་བཙུན་པས་དབུ་བགྱིས་པའི་བསུ་བའི་རྟ་པ་དགུ་བརྒྱར་ཉེ་བ་དང་། རོལ་མོ་མཁན་ལ་སོགས་པས་ལྷན་ཅིག་བསྐོར་ནས་རྒྱལ་པོའི་ཕོ་བྲང་ཐོ་གླིང་གཙུག་ལག་ཁང་དུ་ཕྱག་ཕེབས། རག་དུང་ཡང་སྔར་མེད་པ་ལ་ཇོ་བོ་སྤྱན་འདྲེན་པའི་ཕྱིར་བཅོས་ཏེ། ལོ་པཎ་སྤྱན་འདྲེན་གྱི་དུང་དུ་གྲགས་སོ། །དེ་ནས་ལྷ་བཙུན་པས་བོད་ལ་ཆོས་ཟབ་ཟབ་མཚར་མཚར་བས་ཀྱང་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ་ཞུས་པས། ཇོ་བོ་ཤིན་ཏུ་མཉེས་ནས་ཆོས་ཤིན་ཏུ་ཟབ་པ་ལས་རྒྱུ་འབྲས་ཁོ་ན་ཡིན། རྒྱུ་འབྲས་ལ་ཡིད་ཆེས་ཐོབ་ན་དེ་ལས་ལྷག་མེད། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡི་དམ་གྱི་ཞལ་མཐོང་བས་ང་འདི་ཙམ་ལྟོས་ཏེ་མི་འོང་སྙམ་ནས་དགེ་འདུན་གྱི་ཡོ་བྱད་ཐུབ་ཐུབ་ཏུ་སྤྱད་པས། ཡི་དྭགས་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་དུ་སྐྱེས་པ་དང་། བྲི་ཀ་མ་ལའི་ལག་བདེ་བས། དེ་རིང་གི་བསྙེན་བཀུར་ནངས་པར་བསྒྱུར་བས་དེའི་ནུབ་མོ་ཡི་དྭགས་ཀྱི་སྣང་བ་ཤར་བ་དང་། གནས་བརྟན་ཞིག་གིས་དགེ་འདུན་ལ་དབང་ཆེན་བྱས་ཤིང་། འབྲས་བྲེ་ཕྱེད་ཐུབ་ཐུབ་ཏུ་སྤྱད་པས། ཡི་དྭགས་དབང་ཆུང་ངུར་སྐྱེས་པ་སོགས་གསུངས་ནས། རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞལ་གྱིས་བཞེས་ཏེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལས་འབྲས་ཀྱི་སྤང་བླང་གཙོ་བོར་འདོན་པ་མཛད་པས། པཎྜི་ཏ་ལས་འབྲས་པར་མཚན་ཐོགས་ཏེ། མཚན་དེས་ཀྱང་བསྟན་པ་ལ་ཕན་པ་བྱུང་།
གཤིན་པོའི་དོན་དུ་བོན་དང་རྒྱ་ནག་ལུགས་ལྟར་ནོར་སྐལ་ས་ལ་སྦེད་པའི་སྲོལ་ངན་པ་ནུབ་ཅིང་། ངན་སོང་སྦྱོང་བའི་ཆོ་ག་ལ་སོགས་པ་དར། སྔར་སྦྱོར་སྒྲོལ་དངོས་སུ་བྱེད་པ་དང་རབ་ཏུ་བྱུང་བ་དབང་གསུམ་པའི་ཉམས་ལེན་ལ་སྙད་ནས་བབ་ཆོལ་དུ་སྤྱོད་པ་རྣམས་དམད་ཅིང་བཀག་ནས་སངས་རྒྱས་ཀྱི་བསྟན་པ་གཙང་ཞིང་དར་བར་མཛད་དོ། །སྐབས་དེ་དག་གི་ཚེ་མཁས་པ་མང་པོས། ཇོ་བོ་ལ་ལྟ་བ་གང་བཞེད་ཞུས་པས། ཁྱེད་རང་གང་འདོད་གསུངས་ཏེ། དབུ་སེམས་སོགས་རང་རང་གིས་ཇི་ལྟར་འདོད་པ་ཞུས་པ་དང་། ཁོ་བོ་ཡང་དེ་ལྟར་འདོད་ལུང་རིགས་འདི་ལྟ་བུ་བདོག་གསུངས།
མངའ་རིས་པ་བློ་གསལ་ཞེས་བྱ་བ་བློ་གྲོས་ཟླ་མེད་པ་གཅིག་གིས་གོ་ནས། ཉིད་ཀྱི་བཞེད་པ་མི་གསུང་བར་ཀུན་ལ་མཐུན་འགྱུར་གནང་བ་ཇི་ལྟར་ལགས་ཞུས་པར། ང་ཡང་སངས་རྒྱས་ཀྱི་རྗེས་སུ་སློབ་པ་ཡིན་པས། གདུལ་བྱའི་བསམ་པ་དང་མཐུན་པར་ལན་བཏབ་པ་ཡིན་གསུངས། དོན་དམ་དུ་བཞེད་པ་མི་མངའ་ཡང་ཀུན་རྫོབ་ཏུ་ཇི་ལྟར་བཞེད་ཞུས་པས། རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་ལྟར་འདི་ཐམས་ཅད་དེ་ལྟར་གནས་པ་ཡིན་གསུངས། སྣང་བ་སེལ་ལམ་མི་སེལ་བ་ལགས་ཞུས་པས། འབྲས་ཆན་ལ་རབ་རིབ་དག་པ་ལྟ་བུ་ཡིན་ཁྱེད་རང་སྤྱོད་དང་གསུངས། རིག་ཤེས་ཚད་མའི་ངོར་ཆོས་ཅན་སྣང་ངམ་མི་སྣང་ཞུས་པས། མི་སྣང་སྟེ་མེད་ནས་མི་སྣང་བ་དང་། ཡུལ་མ་ཡིན་པར་མི་སྣང་བ་གཉིས་ལས། འདིར་མེད་ནས་མི་སྣང་བ་ཡིན་གསུངས། སངས་རྒྱས་ཀྱི་ས་ན་ཡེ་ཤེས་མངའ་འམ་མི་མངའ་ཞུས་པས། ཆ་མེད་འཚང་རྒྱ་མ་མྱོང་གསུངས། ཡང་སྒྱུ་མའི་མཁན་པོས་བློན་པོ་བསྡུས་པ་ལྟ་བུ་ཞིག་ཡིན་གྱི་ཁྱེད་རང་སྤྱོད་དང་གསུངས་ཤིང་། ཁྱེད་བོད་ལ་ངའི་དབུ་མའི་ལྟ་བ་ལས་སེམས་ཙམ་བསྟན་ཀྱང་མི་བཟོད་གསུངས། ཡང་ཁྱེད་སྒྱུ་མའི་དཔེ་ཇི་ལྟར་འདོད་གསུངས་པ་ལ། བོད་སྟོན་རྣམས་ཀྱིས་རྡེའུ་ཤིང་བུ་ལ་སྔགས་ཀྱིས་བཏབ་པས། རྟ་གླང་དུ་སྣང་བ་ལྟར་འདོད་ཞུས་པས། སྟོང་གཞི་འདོད་པ་སེམས་ཙམ་པའི་ལུགས་ཡིན། ནམ་མཁའ་ལ་སྔགས་བཏབ་པས་རྟ་གླང་དུ་སྣང་བ་ལྟ་བུ་ཡིན་གྱི། སྣ་ཚོགས་སུ་སྣང་བ་ཙམ་ལས་འཁྲུལ་གཞི་ཀུན་རྫོབ་ཏུ་ཡང་མེད་གསུངས། རབ་རིབ་ཀྱི་དཔེ་ཅི་ལགས་ཞུས་པས། རྒན་མོ་ཞིག་གི་མིག་རབ་རིབ་ཀྱིས་ཁེངས་པ་འབྲས་ཆན་ལ་སྐྲ་ཤད་མཐོང་སྟེ་ཁོང་པར་སྐྲན་ཞུགས། ཕྱིས་བུས་སྨན་པ་བཀུག་སྟེ་སྨན་གྱིས་རབ་རིབ་བསལ་བས། ཟས་ལ་སྐྲ་ཤད་མེད་པར་གོ་ནས་ཁོང་པའི་སྐྲན་རང་བཞིན་གྱིས་ཞི་བ་ལྟ་བུ་ཡིན་གསུངས་པས། བོད་སྟོན་རྣམས་སྤོབས་པ་ཞི་སྟེ་ཆོས་འདི་ལ་རྒྱ་གར་ཁ་སྤུ་ཅན་རང་དགོས་པ་འདུག་ཟེར་སྐད།
དེའི་དུས་ལོ་ཆེན་རིན་ཆེན་བཟང་པོས། ཇོ་བོའི་སྙན་པ་དང་རང་ཕྱོགས་སུ་བྱོན་ཚུལ་རྣམས་གསན་ནས་ཐུགས་དགོངས་ལ། དུས་དེང་སང་ང་ལས་ཡོན་ཏན་ཆེ་བ་ཙམ་མེད། པཎྜི་ཏ་བྱོན་ཀྱང་ཞུ་རྒྱུ་ཙམ་མ་མཆིས། ལྷག་པར་དུའང་པཎྜི་ཏ་དེ་བཙུན་ཚུགས་ལ་རྩལ་དུ་འདོན་པ་འདུལ་ཁྲིམས་དང་མདོ་སྡེ་རྩལ་དུ་འདོན་པ་གཅིག་འདུག་ཟེར། དེའི་རིགས་ལ་ཐེག་པ་ཆེན་པོ་ཞིག་ཡིན་པར་ཤེས། རྨི་ལྟས་ལ་སོགས་པའང་བཟང་། ཅུང་ཟད་ཅིག་བསུས་ནས་བསྙེན་བཀུར་བ་བབ་སྙམ་དུ་བསམ་པའི་དོ་ནུབ་རྨི་ལམ་ན་མི་དཀར་པོ་གཅིག་བྱུང་ནས། ཁོ་བོ་སེམས་ཅན་གྱི་དོན་ལ་བྱས་ཡུས་ཆེ། འོན་ཀྱང་རྒྱལ་བ་སྤྱན་འདྲེན་པ་ལ་དཀའ་སྤྱད་དུ་མ་བྱས་ད་རུང་མི་ཤེས་པ་མོད་དེ་ཞུ་རྒྱུ་མང་པོ་མཆིས། ལོ་ཙཱ་བ་ཐོས་རྟགས་ཞི་ཞིང་དུལ་བྱ་བ་ཡིན། རྒྱ་བོད་ཀྱི་ལོ་པཎ་ཐམས་ཅད་དྲིལ་ཀྱང་པཎྜི་ཏའི་གཞུང་གི་ཡོན་ཏན་མི་རྫོགས། བོད་འདི་ཀུན་མན་ངག་ཐམས་ཅད་བོད་ཀྱིས་མི་ལོན་ཟེར་ནས་གཏམ་དྲི་ལོང་མེད་པར་ཡལ་ནས་སོང་། ལོ་ཙཱ་བ་མནལ་སད་པ་དང་། པཎྜི་ཏ་དེ་སྙིང་རྗེ་ཆེན་པོ་གཅིག་ཡོད་པར་འདུག །སྣ་ལ་ཐུགས་རྗེ་ཆེན་པོ་འོངས་པ་དེ་བཟང་སྙམ། དེ་ནས་བྲེད་ཐབས་ལ་ཐག་རིང་པོ་ནས་བསུས་ནས་སྐུའི་སྤྱོད་པ་བལྟས་པས་ཆོག་མ་ཤེས། རིམ་གྱིས་རང་གི་ཁང་པར་སྤྱན་དྲང་ནས་བསྙེན་བཀུར་བར་བཞེད་པ་ལ། པཎྜི་ཏ་དང་ཁོང་རང་བསྟན་མཉམ་པོར་ཙམ་བྱས། དེ་ནས་པཎྜི་ཏ་ནང་དུ་བྱོན་པ་དང་། ལྷ་ཁང་འོག་ནས་ཐེག་པ་ཐུན་མོང་བའི་ལྷ་བོད་ལུགས་སུ་བཞེངས་ཡོད་པ་ལ་ཕྱག་ལ་སོགས་པ་སཾ་སྐྲི་ཏའི་སྐད་ཀྱིས་ཡན་ལག་བདུན་པ་མཛད་དེ། ལྷ་རེ་རེ་ལ་བསྟོད་པ་ཚོགས་སུ་བཅད་པ་བཞི་པ་རེ་མཛད་ཅིང་འདུག །དེ་བཞིན་དུ་བར་ཁང་ན་ཐེག་པ་ཆེན་པོའི་ལྷ་སྐུ་མང་པོ་ཡོད་པ་དང་། གསུམ་ཐོག་ནས་གསང་སྔགས་ཀྱི་ལྷ་སྐུ་མང་པོ་ཡོད་པ་ལའང་ཡན་ལག་བདུན་པ་ཕུལ་ནས། ལྷ་རེ་རེ་ལ་བསྟོད་པ་ཚིགས་སུ་བཅད་པ་བཞི་པ་རེ་མཛད། དེར་ལོ་ཙཱ་བས་སཾ་སྐྲི་ཏའི་སྐད་སྙན་པོ་དེ་ཐོས་པ་དང་། སྙན་ངག་ཕུལ་དུ་ཕྱིན་པར་གདའ་བ་དང་རྒྱུད་སྡེ་བཞིའི་ལྷ་ཚོགས་དཔག་ཏུ་མེད་པ་བྲིས་འབུར་དུ་བཞུགས་པ་ལ་རེ་རེ་བཞིན་བསྟོད་པ་ཐོགས་མེད་དུ་མཛད་པས་གསང་སྔགས་ཀྱི་བདག་པོར་དགོངས་ཏེ་རང་གི་བསྟན་ཅུང་ཟད་ཕྲི། དེ་ནས་བསྙེན་བཀུར་གྱི་མགོར་ལོ་ཙཱ་བས་རྒྱ་གར་གྱི་ལོ་རྒྱུས་མང་པོ་དྲིས་པས་ལན་ཚང་བར་གསུངས། དེ་ནས་ཡོན་ཏན་གང་ལ་མཁས་ཞུས་པས། ཁྱེད་ཐུན་མོང་བ་ལ་ཟེར་རམ། ཐུན་མོང་མ་ཡིན་པ་ལ་ཟེར་གསུངས་པས། ཐུན་མོང་མ་ཡིན་པ་ལགས་མོད་ཞུས་པས། སྔར་ལོ་ཙཱ་བས་གསན་མ་མྱོང་བའི་ཆོས་དཔག་ཏུ་མེད་པའི་མིང་ཤར་གྱིས་གསུངས་པས། ལོ་ཙཱ་བའི་ང་རྒྱལ་ཞི་ཞིང་རང་གི་བསྟན་ཕྲི་ཐེངས་གསུམ་བྱས་ནས། མཐར་བསྟན་མེད་པ་ཙམ་དུ་ང་རྒྱལ་སྐྱུངས། ཡང་ཇོ་བོས་ལོ་ཙཱ་བ་ལ་ཆོས་ཀྱི་དྲི་བ་མཛད་པས། ཁོ་བོ་དེ་ལའང་མཁས་ཟེར་བ་མིན་པ་མ་བྱུང་བས། ཇོ་བོ་ཤིན་ཏུ་མཉེས་ནས་ཁྱེད་འདྲ་བ་ཡོད་པ་ལ་ཁོ་བོ་བོད་དུ་འོང་མི་འཚལ་བར་འདུག་པ་ལ་ཞེས་བྱ་བའང་གསུངས།
ཡང་ལོ་ཙཱ་བ་དེ་དག་ཐམས་ཅད་ཉམས་སུ་ལེན་ཚུལ་དྲི་བ་མཛད་པས། ལོ་ཙཱ་བ་ན་རེ། ཐེག་པ་མ་འདྲེས་སོ་སོར་གསལ། བྱ་བ་བྱེད་ལ་མ་འདྲེས་པར། །རང་སར་ཉམས་སུ་ལེན་ལུགས་མེད། །ཞུས་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་ངན་པར་ཐལ། བོད་ལ་ཁོ་བོ་དགོས་པར་འདུག་གསུངས་ནས་ལན་གཞན་མི་སྨྲ་བར་བཞུགས། དེའི་ནུབ་ལོ་ཙཱ་བས་ཐེག་པའི་རིམ་པ་བཞིན་གནས་སོ་སོར་བྱོན་ནས་ཐུགས་དམ་མཛད་པས། ཇོ་བོས་མཁྱེན་ནས། ལོ་ཙཱ་བ་ཙབ་ཏ་ཙོབ་ཏ་མང་པོས་ཅི་བགྱིད། གང་ཟག་དམ་པ་རྡོ་རྗེའི་གདན་ནོན་དགོས་པ་ཡིན་གསུངས། དེར་ལོ་ཙཱ་བས་ཞུས་ནས་ཆོས་ཐམས་ཅད་སྟན་ཐོག་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་གསུངས་པས། ལོ་ཙཱ་བ་དད་ནས་བསྟོད་པ་ཕུལ་བ།
ལྷ་ཡི་ལྷར་གྱུར་པཎྜི་ཏ། །རྣམ་དག་སྐུ་མཆོག་ཁྲིམས་ཀྱིས་སྤྲས། །
དོན་གཉིས་འབྱོར་བའི་ནོར་གྱིས་ཕྱུག །གྲོལ་ནས་འདྲེན་པར་ཁོ་བོས་འཚལ། །
ཁོ་བོའི་ལུང་རིགས་སྒྲོན་མེ་ཡིས། །སྦས་པ་ཁྱོད་ཀྱི་ཡོན་ཏན་མཐོང་། །
སྔོན་ཆད་ཚིག་དང་འགལ་ན་ཡང་། །ད་ནི་ཁྱེད་བཞིན་ཉམས་སུ་བླང་། །
ཞེས་བསྟོད། དེའི་དུས་འཕགས་པ་བརྒྱ་སྟོང་པ་ལ་འགྱུར་བཅོས་ཞུ་དག་ཀྱང་གནང་ཞིང་། ཇོ་བོས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་ལེགས་པར་བྱུང་བས། དེར་ཇོ་བོས་ངའི་ལོ་ཙཱ་བྱེད་དགོས་གསུངས་པས། དབུ་དཀར་པོར་སོང་བ་གཟིགས་ཕུལ་ནས་སྒྲུབ་པ་ལ་བཞུགས་པར་ཞུས་ཤིང་། བདེ་མཆོག་གི་དབང་དང་ཕག་མོའི་བྱིན་རླབས་ཞུས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དངོས་པོ་ཅི་ཡོད་ཕུལ་ཏེ་ལྷ་དེ་གཉིས་ལ་ཐུགས་དམ་དུ་མཛད། སྒྲུབ་པའི་མན་ངག་ཀྱང་གསན་ནས་ཉེ་རྒྱུའི་སྒྲུབ་པ་མཛད་དོ།།
ཡང་ལྷ་བཙུན་པས་གསེར་གུག་སྲང་སུམ་བརྒྱ་ཕུལ་ཏེ། བོད་ན་ཐེག་ཆེན་གྱི་ལྟ་སྤྱོད་ལ་བཤེས་གཉེན་གྱིས་མ་ཟིན་པར་རང་རང་གི་རྟོག་པས་སྤྱད་ནས་མི་མཐུན་པ་འདི་ལྟར་མཆིས་པ་རྣམས་བསལ་ནས། ཐེག་ཆེན་གྱི་བསྟན་བཅོས་ཇོ་བོ་ཉིད་ཇི་ལྟར་ཉམས་སུ་བཞེས་པ་ཞིག་བརྩམ་པར་ཞུ། འདུས་པ་ཡེ་ཤེས་ཞབས་ལུགས་ལ་བརྟེན་པའི་སྤྱན་རས་གཟིས་ཀྱི་སྒྲུབ་ཐབས་ཤིག་ཞུ་ཞེས་གསོལ་བ་བཏབ་པས། བྱང་ཆུབ་ལམ་གྱི་སྒྲོན་མ་དང་། གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་གནང་ཞིང་། ལྷ་བཙུན་པས་ཀྱང་འཇིག་རྟེན་དབང་ཕྱུག་ཞལ་གཟིགས། གཞན་ཡང་དམ་པའི་ཆོས་ཀྱི་སྒོ་དཔག་ཏུ་མེད་པས་ཟླ་བ་དྲུག་དང་ཞག་ཉི་ཤུ་རྩ་ལྔ་ཙམ་དུ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་དགོངས་པ་ཚིམ་པར་མཛད་དོ།།
དེ་སྐབས་ཁྱེའུ་གསེར་མདོག་གི་རྟོགས་བརྗོད་དང་། མྱང་འདས་བམ་པོ་བཅུ་གཉིས་དང་། ཆོས་བཞི་སྒྲུབ་པའི་མདོ་དང་། དཔའ་བོ་སྒྲུབ་པའི་རྒྱུད་དང་། འཆི་བ་བསླུ་བའི་མན་ངག་དགེ་སློང་མ་དཔལ་མོས་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། ཐེག་ཆེན་ལམ་གྱི་སྒྲུབ་ཐབས་སོགས་མང་དུ་བསྒྱུར་རོ།།
དེ་ནས་བལ་པོའི་རྒྱལ་པོ་པཎྜི་ཏ་དང་བཅས་པས་གཙུག་ལག་ཁང་བཞེངས་ཚར་བའི་ཞུ་བ་བྱུང་སྟེ། ཟླ་བ་བདུན་པ་ལ་ཡང་གསེར་གྱི་ལྷ་ཁང་ནས་འཕགས་པ་དང་། བླ་མ་དང་ཡི་དམ་ལྷ་དཔག་ཏུ་མེད་པས་ལུང་བསྟན་པའི་ཨུ་པ་སི་ཀ་དང་ཡབ་སྲས་མཇལ་ཏེ། དེ་ཡང་འཕགས་པ་སྤྱན་རས་གཟིགས་དགེ་བསྙེན་དྷརྨ་ཏ་ལ་ཞེས་གནས་བརྟན་བཅུ་དྲུག་གིས་རུང་བ་མཛད་པ་པོར་བཞུགས་པ་དེ་ཉིད། བོད་ཡུལ་དུ་མིར་སྐྱེ་བ་སྤྲུལ་སྐུ་བཞེས་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་གྲགས་ཏེ། དབུ་རུ་བྱང་ཕྱོགས་གནམ་བྱ་མ་ལུང་གི་རྩཱ་སྒྱེ་མོར། ཡབ་སྟག་གསུམ་ཁུ་བཞེར། མཁའ་འགྲོའི་བརྡའ་སྐད་དུ་སྐུ་གཤེན་ཞེས་བྱ་བ་དང་། ཡུམ་ཁུ་འོད་བཟའ་ལྷ་གཅིག་གི་སྲས་སུ་འབྲུག་ལོ་ལ་འཁྲུངས། མཚན་ཆོས་འཕེལ་ཞེས་བཏགས། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་བླངས། དགུང་ལོ་བཅུ་བདུན་ལ་ཁམས་སུ་བྱོན་ཏེ། སེ་བཙུན་བྱང་ཆུབ་གཞོན་ནུ་བསྟེན། ཁོང་གིས་རྟ་རྫི་ཆུ་ལེན་སྤོས་འཐག་ཐལ་འཕྱག་ཐམས་ཅད་དང་ལེན་ཆེན་པོས་མཛད། མངོན་པ་སོགས་ཆོས་མང་པོ་བསླབས། གྲྭ་པ་རྣམས་བགྲོ་གླེང་བྱས་པས་སྟོན་པ་ལ་ཐུབ་པ་མ་བྱུང་བས་ཆོས་མཁས་པར་གྲགས། པཎྜི་ཏ་སྒྲའི་ཚེར་མ་ལས་སྒྲ་བསླབས། རྙེད་པར་དཀའ་བའི་ལུས་ཐོབ་པའི་དུས་འདིར། ཆོས་རྣལ་མ་ཞིག་བྱ་དགོས། དེ་ལ་འདི་ཙམ་གྱིས་ཆོག་མི་ཆོག །པཎྜི་ཏ་མཁས་པ་གཅིག་ལ་དྲི་དགོས་སྙམ་པ་དང་། སྔོན་གྱི་སྨོན་ལམ་གྱི་མཐུ་ལ་སོགས་པས་ཀྱང་བསྐུལ། སེ་བཙུན་གྱིས་ཀྱང་ཕ་དང་འཕྲད་དུ་སོང་གསུངས་ནས་བརྫངས། སོག་ཆུ་ཁར་ཕྲེང་ཁ་བེར་ཆུང་དང་མཇལ་བས་དད་ནས་རྭ་སྒྲེང་ཕུལ། ཆོས་འཛུགས་པར་ཞུས་པས། ང་ད་རེས་པཎྜི་ཏའི་དྲུང་དུ་འགྲོ་བས་བསྡད་མི་ཁོམ། རྔོག་ལེགས་པའི་ཤེས་རབ་བྱ་བ་ཞིག་མྱུར་དུ་འོང་བ་ཡོད་པས་དེ་ལ་ཞུས་གསུངས། རྭ་སྒྲེང་གི་དགོན་པ་ཕྱིས་འདེབས་པར་བྱས་ནས་ཡར་བྱོན། ལྷ་བཙུན་བོ་དྷི་རཱ་ཛ་སོགས་ལ་ཕྱག་མཛད་ཅིང་པཎྜི་ཏ་སྤྱན་འདྲོངས་ན་བསུ་བ་མཛད་པར་ཞུ། ཀ་བ་ཤཱཀྱ་དབང་ཕྱུག་ལ་བཙུན་མོའི་མུར་ཇ་ཕུལ་ཏེ། ངས་འཕྲིན་བྱུང་ན་ཁྱེད་ཀྱིས་བསྐུལ་མ་མཛད་ནས་པཎྜི་ཏ་ལ་སྟོད་ནས་བསུ་བར་ཞུ་བ་ཕུལ། བྱང་ལམ་ལ་བྱོན་པས་སྒྲོལ་མའི་སྤྲུལ་པ་ཤ་བ་འཐེང་མོ་ཞིག་གིས་མཛད་པ་ན། སྒྲོལ་མས་ད་ནི་ཞག་གསུམ་དྲོ་དང་བཞི་ན་བོད་ཀྱི་ཨུ་པ་སི་ཀ་ཆེན་པོ་འབྱོན་པས་དེ་ལ་བྱིན་གྱིས་རློབས་ཤིག་གསུངས། ཇོ་བོས་ཀྱང་བུམ་པ་བཞེངས་ནས་ཞག་གསུམ་གྱི་ཉིན་པར་བྱ་ར་མཛད། དྲོ་ཚུན་མ་བྱོན་པས་རྗེ་བཙུན་མ་རྫུན་གསུངས་ཅང་སྲིད་དམ་གསུངས། གྲོང་དུ་ཆོས་སྟོན་ལ་གཤེགས་པའི་ཤུལ་དུ་ཕེབས་པས། བླ་མ་དང་མཇལ་བ་སྐད་ཅིག་སྔ་ཕྱི་ལ་ཁྱད་ཡོད་གསུངས་ནས་བྱོན་ཏེ། སྲང་བར་ཞིག་ཏུ་མཇལ་བས་གཉིས་ཀས་ངོ་ཅར་མཁྱེན་ཏེ་གུས་པས་བཏུད། ཇོ་བོས་ཕྱག་འབྲོམ་གྱི་དབུ་ཐོག་ཏུ་བཞག་ནས་ཤིས་པ་མང་པོ་བརྗོད། དེ་ནས་གཟིམ་ཁང་དུ་བྱོན་ཏེ་བུམ་པ་དབུ་ཐོག་ཏུ་བཞག་སྟེ་བྱིན་གྱིས་བརླབས།
དེ་ནས་འབྲོམ་གྱིས་ཇོ་བོ་ལ། རྒྱ་གར་ན་པཎྜི་ཏ་མཁས་པ་ཇི་ལྟ་བུ་ཡོད། ངའི་སྔར་གྱི་ཆོས་ལམ་དུ་སོང་ངམ། ཉིད་ཀྱི་སྤྱན་སྔར་བསྡད་ན་ཇི་ལྟར་མཆིས་ཞུས་པས། རྒྱ་གར་ན་མཁས་པ་མང་དུ་ཡོད་ཅིང་། ད་ལྟའང་ཤར་ཕྱོགས་བྷཾ་ག་ལར་ཉིན་རེར་གྲུབ་ཐོབ་རེ་འབྱོན་ཞིང་ཡོད། ཁྱོད་ཀྱི་ཆོས་སྔར་བྱས་པ་གཞན་ལམ་དུ་མ་སོང་། བླ་མའི་ཞབས་ཏོག་ལམ་དུ་སོང་། ད་ཁྱོད་ངའི་དྲུང་དུ་སྡོད། སྒྲོལ་མས་ལུང་བསྟན་པ་ཡིན་གྱི། ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད། བྱིན་རླབས་ཆེ་གསུངས། དེ་ཉིན་གྱི་སྟོན་སྐལ་མར་ཚལ་ཞིག་བྱུང་བ་དེའི་ནུབ་མར་མེ་མཚན་ཐུབ་གཅིག་ཕུལ། དེ་ཕྱིན་རྭ་སྒྲེང་ན་གདུང་ཁང་བཞུགས་པའི་བར། མར་དཀར་གྱི་མར་མེ་རྒྱུན་མ་ཆད་སྐད། དེ་ནུབ་ནས་དབུ་སྔས་སྦྲེལ་ཕལ་ཆེན་སྡེ་པ་ཡོལ་བས་ནུབ་ལྷག་ཐུབ་པར་འདོད་པས། བར་རས་ཡོལ་གྱིས་བཅད་དེ་རིག་པ་བསླབས། ཇོ་བོ་རྒྱ་གར་ལ་ཐེགས་པར་བཞེད་པ་ལ། འབྲོམ་གྱིས་བཞུགས་པའི་ཞུ་བ་ཕུལ་བས། གྲགས་པ་མ་ཡིན་མི་སྤོང་བ། །ཞེས་པ་བྱང་སེམས་ཀྱི་ཉེས་བྱས་ཡིན་པས་འགྲོ་གསུངས་ཏེ། གསེར་ལ་གཟིགས་ནས་བཞུད་བྱ་བ་དང་། བོད་ན་མ་རྒྱུད་གསུངས་བྱ་བ་དང་། བོད་བ་ལང་ལྟ་བུའི་དབུས་ན་ཆོས་ཐམས་ཅད་སྟོང་པ་ཡིན་གསུང་གི་འདུག་གོ །ཞེས་རྒྱ་གར་དུ་སྒྲོག་པ་རེ་གཉིས་བྱུང་བས་ཕྱིར་ལྡོག་པར་བཞེད། ལོ་ཙཱ་བ་ཡང་ཆད་པོའི་དབང་གིས་སྐྱེལ་བར་བཞེད། ལྷ་བཙུན་པས་ཀྱང་མ་ནུས་པའི་ཚེ། འབྲོམ་ཐུགས་ལ་དཀྱིལ་ཆེ་བས། དབུས་ཀྱི་ལྷ་ས་བསམ་ཡས་སོགས་གཙུག་ལག་ཁག་ངོ་མཚར་བ་ན་དགེ་འདུན་བརྒྱ་ཕྲག་མང་པོ་བཞུགས་པ། དེ་ཐམས་ཅད་ཇོ་བོ་ཕེབས་སུ་རེ་རྩེ་གཅིག་པར་མཆིས་པ་སོགས་ཐབས་ཀྱིས་ཞུས་པས། ཚངས་སྤྱོད་པ་གྲངས་མང་པོ་དེ་ལྟ་བུ་རྒྱ་གར་ན་ཡང་དཀོན། དེ་ཙམ་གྱི་ཁྲོད་དུ་བགྲོད་པའམ་བཞུགས་པར་ལུང་བསྟན་པས་བཞུགས་མཆིས་གསུངས་ནས་དབུས་གཙང་ཕྱོགས་ལ་ཕྱག་མང་པོ་མཛད། དེ་ཐམས་ཅད་ང་འོང་བར་བཞེད་ནས་ངས་དགེ་འདུན་གྱི་ངག་མི་གཅོག་པར་དམ་བཅས་པ་ཡིན་གསུངས་པ་དང་། སྤོབས་པ་སྐྱེས་ཏེ་དབུས་གཙང་དུ་འབྱོན་པར་ཞུས་པས། ཞལ་གྱིས་བཞེས་ཀྱང་ལོ་ཙཱ་བས་མ་གནང་བས། དང་པོར་ཚུར་སྤྱན་མ་འདྲོངས། ད་ཕར་སྤྱན་མ་འདྲོངས། ངས་ལོ་ཙཱ་བ་སྦྱངས་གསུངས་སྐད།
དེ་ནས་མི་རིང་བར་ས་མནྟ་སྡེ་གསུམ་གྱི་འཁྲུག་པ་ལངས་ནས་བལ་པོའི་ལྗོངས་འགགས་ནས། ལམ་ཡང་མ་བདེ་བ་དང་། ལོ་ཙཱ་བ་བློ་མི་བདེ་མི་དགོས། སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་གསུངས་པས་ལོ་ཙཱ་བ་ཐུགས་བདེ་བར་གྱུར། དེ་ནས་འབྲོམ་གྱིས་དབུས་ཀྱི་མི་ཆེན་རྣམས་ལ། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །བྱེ་བྲག་བརྗིད་ལྡན་གངས་རིའི་བྱང་། །ལི་ཧིནྟ་ར་རིན་ཆེན་ཁུངས། །ཁ་བ་ཅན་ཞེས་མིང་གྲགས་ན། །བློ་ཆེན་སྟོབས་ལྡན་མི་སྲུན་པ། །བོད་ཅེས་བྱ་བ་གནས་པའི་ཕྱིར། །མི་རྒྱལ་བྱང་ཆུབ་སེམས་དཔའ་ཆེ། །དཔའ་ཆེན་མང་བའི་འཁོར་བཅས་ཀྱིས། །ཕན་གདགས་སླད་དུ་དམ་ཆོས་བསྒྱུར། །རྒྱུ་བཟང་བཀོད་ལེགས་གཙུག་ལག་ཁང་། །བསམ་ཡས་ལ་སོགས་གནས་མཆོག་ན། །སྔོན་རྒྱལ་འཕྲུལ་རྗེའི་དགོངས་བསྐང་ཕྱིར། །བསྟན་པའི་བདུད་རྩི་རྒྱས་མཛད་ཅིང་། །རྒྱལ་སྲས་འདྲེན་པ་དཀྱེལ་ཆེ་བའི། །མི་ཡི་རྒྱལ་པོ་ཤཱཀྱའི་སྲས། །ལྷ་བཙུན་བོ་དྷི་རཱ་ཛ་དང་། །དང་པོར་དགེ་འདུན་ལུགས་འབྱིན་དཔོན། །བཙུན་ཡེ་ཤེས་བློ་གྲོས་དང་། །ཐེག་ཆེན་གདུང་རྒྱུད་སྟོན་མཛད་པའི། །བསྟན་པའི་ཀ་བ་རྣམ་གསུམ་པོ། །དམིགས་བྱེད་བཤེས་གཉེན་རྣམ་གཉིས་དང་། །ཆོས་གྲྭའི་སློབ་དཔོན་ཐུགས་རྒྱལ་ཅན། །ཀ་བ་གར་མི་མཆེད་གཉིས་དང་། །དགེ་བཤེས་ཆེ་རྣམས་དགོངས་སྐོང་བའི། །ཀུན་ཕན་དབང་ཕྱུག་རྒྱལ་མཚན་དང་། །གནས་བརྟན་བན་སྐྱའི་རེ་གནས་པ། །ཤཱཀ་གཞོན་རྒྱལ་བའི་སྲས་གཉིས་དང་། །མཁས་བཙུན་ཆེན་པོར་སྙན་གྲགས་པ། །ལེགས་པའི་ཤེས་རབ་ལ་སོགས་པ། །འཕགས་པའི་དགེ་སློང་དགེ་འདུན་ཆེ། །སློབ་དཔོན་ཡོན་བདག་འཁོར་བཅས་ལ། །དགེ་བསྙེན་རྒྱལ་བའི་འབྱུང་གནས་ཀྱིས། །གུས་པ་སྔོན་འགྲོའི་མཆིད་གསོལ་བ། །ཞེས་སོགས་འཕྲིན་མཛད། རྗེས་ཇོ་བོའི་ཐུགས་ངང་སྲིང་། བལ་པོར་རབ་གནས་ལ་གཤེགས་པའི་དུས་སུ། ཇོ་བོའི་ཕྱག་དཔེ་རྟེན་གསུམ་ལ་སོགས་པའི་གཞིས་ཐམས་ཅད་བལ་པོར་འཁྱེར་དུ་མ་སྟེར། དེའི་དུས་ཇོ་བོའི་ཞབས་འབྲིང་ལ་ཨུ་པ་སི་ཀ་སའི་སཾ་གྷ་གུང་ཐང་པ། ཨེ་ལ་དྷ་རི་ལ་སོགས་པ་དཔོན་གཡོག་ཉི་ཤུ་ཙམ་གྱིས་མངོན་མཚན་ཆུང་བར་བལ་པོར་བྱོན། རབ་ཏུ་གནས་པར་མཛད་དོ། །མུ་སྟེགས་བཅིང་བའི་མཆོད་རྟེན་ནག་པོ་བཞི་མཛད། ཨུ་པ་སི་ཀས་མཆོད་རྟེན་དཀར་ཆེན་ཞེས་བྱ་བ་བཀྲ་ཤིས་པའི་མཆོད་རྟེན་ཤིན་ཏུ་ཆེ་བ་གཅིག་མཛད། ཨུ་པ་སི་ཀས་ལྷ་བཙུན་པ་དང་གུང་ཐང་པས་ལྡེམ་བྱས་པའི་ཇོ་བོའི་སྐུ་འདྲ་ཆེན་པོ་གཅིག་མཛད་པ་ལ་བལ་པོའི་རྒྱལ་པོས་སྐྱེལ་བསུ་མཛད་པ་དང་། མངའ་རིས་སྐོར་གསུམ་གྱི་བསུ་བུ་བྱེད་ཚུལ་ལ་སོགས་པ་གྱང་རིས་ལ་བཀོད་དོ།།
དེ་ལྟར་རབ་གནས་ལ་སོགས་པ་ཞག་ཉི་ཤུ་རྩ་གཉིས་ལ་ཚར་བར་མཛད་ནས། རྒྱ་གར་ལ་ཕེབས་པར་བརྩམས་པ་ན། ཁྱེའུ་དཀར་པོ་གཅིག་བྱུང་ནས་ཆུའི་གསུམ་གཉིས་བསྒྲལ་ནས་སླར་ཉེ་བཞིན་དུ་ལྡོག་པ་དེ་ཐབས་ཆེའམ། ང་ཡི་རྒྱལ་ས་ལྷ་སྡེ་བཞི་བྱ་བ་ཡོད། ཡུལ་ཡར་ལུང་བལ་པོའི་མཐིལ་འདྲ་བ་ཡོད། ང་ཡི་རྒྱལ་ས་བསམ་ཡས་རི་གསུམ་གྱི་བྷཾ་ག་ལ་ཟ་ཧོར་གྱི་གྲོང་ཁྱེར་འདྲ་བ་ཡོད། དབུ་རུ་བྱང་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་འདྲ་བ་ཡོད། ཚུལ་ཁྲིམས་གཙང་མ་དགྲ་བཅོམ་པ་འབྱོན་པའི་ཞིང་ས་ཡོད། ཁྱོད་ཀྱི་ཐུགས་ལ་ཡོན་ཏན་ཐམས་ཅད་མངའ་བཞིན་དུ་མ་རྫུ་ཞེས་ཟེར། གཞན་ཡང་འབྲོམ་ཉིད་ཀྱི་ཐབས་མཁས་པའི་མཛད་པ་ལ་རྟེན། སླར་ཡང་ཐོ་ལིང་གི་གཙུག་ལག་ཁང་དུ་ཕེབས་ཏེ། སྐྱེ་བོའི་ཚོགས་མང་པོ་ལ་ཆོས་གསུངས་པར་མཛད་དོ།།
དེའི་དུས་དབུས་སུ་ཆབ་ཤོག་སླེབས་པ་དང་། དགེ་བཤེས་ཀ་བས་འཕྲིན་ཡིག་ཏུ་འཁོད་པའི་མི་ཆེན་རྣམས་སྤྱན་དྲངས་ནས་གྲོས་མཛད་པས། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་མཚན་མ་ཆུད་པས་ཁོང་མ་མཉེས་ཏེ། བྱིངས་དང་མ་བསྟུན་པར་སྔོན་ལ་བྱོན། དགེ་བཤེས་གཞན་ཐམས་ཅད་ཀྱང་མྱུར་བར་བྱོན་ནས་ཇོ་བོའི་སྤྱན་སྔར་སླེབས་ལ་ཉེ་བ་ན། བོད་སྟོན་རྣམས་ཚག་ཞུ་བེར་ཆེན་གསོལ་བའི་སྐྱ་རགས་གཉིས་པས། མི་མ་ཡིན་མང་པོ་བྱུང་གསུངས་ནས་ཇོ་བོ་དབུ་ཐུམ་ཕུབ། དེ་ནས་བོད་སྟོན་རྣམས་ཀྱིས་སྣམ་སྦྱར་གསོལ་ཏེ་སེར་སྦྲེངས་མཛད། ཕྱག་རྟེན་ཕུལ་བས་ཇོ་བོ་མཉེས་ཤིང་ཕྱག་ལེན་མཛད་དོ།།
དེ་ནས་བོད་སྟོན་རྣམས་ཀྱིས་ཇོ་བོ་དབུས་གཙང་གི་ཕྱོགས་སུ་ཕེབས་པའི་ཞུ་བ་ནན་ཏན་དུ་མཛད་པས་ཐུགས་དགྱེས་པས་ཞལ་གྱིས་བཞེས། དེའི་དུས་ས་མནྟ་སྡེ་གསུམ་གྱི་འཁྲུག་པ་ལངས་ནས་རྒྱ་བལ་གྱི་ལམ་ཡང་མི་བདེ་བའི་འཕྲོས་བྱུང་བ་དང་། ཇོ་བོས་ནག་ཚོ་ལ་བློ་མི་བདེ་མི་དགོས། སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་གསུངས་པས་ལོ་ཙཱ་བ་ཐུགས་བདེ་བར་གྱུར། ཡང་ཇོ་བོའི་བཀའ་ལས། བོད་དུ་སངས་རྒྱས་ཀྱི་བསྟན་པ་གྲུ་བཞིར་འཛུགས་དགོས། དེ་ལ་སྡེ་པ་བཞི་ཀ་ཚང་དགོས་པས། ཕལ་ཆེན་པའི་ངས་བྱེད། ཡོད་སྨྲ་ཁྱེད་རང་ཡིན། གནས་བརྟན་པ་དང་། མང་པོས་བཀུར་བའི་མཁན་པོ་རེ་ཡང་སྤྱན་དྲངས་ལ་རྩ་བའི་སྡེ་པ་བཞི་ཀ་ཚང་བར་བྱ་གསུངས་སྐད། དེར་བོད་སྟོན་རྣམས་ཀྱིས་སེམས་བསྐྱེད་ཞུས་པས། མཆོད་པ་ཤོམས་ཤིག་གསུངས། མེ་ཏོག་མང་པོ་ཉོས་ཏེ་མཆོད་པ་བཤམས་པས། མཆོད་པ་ངན་སེམས་བསྐྱེད་མི་སྐྱེ་གསུངས་པས། ཡང་མཆོད་པ་གཞི་ནས་བཤམས་ཏེ་ཞུས་སྐད། དེར་ལོ་ཙཱ་བ་མང་དུ་ཚོགས་པས། གང་ལ་བྱ་མ་མཐུན་པ་ན། ཁུ་སྟོན་དབང་ཆེ་བས་ཐོག་མཐའ་བར་གསུམ་ཇོ་བོའི་ཕྱིར་དཀའ་བ་སྤྱད་པ་ནག་ཚོ་ཡིན་གསུངས་ནས། གུ་ལིང་གི་ཆོས་གོས་གཅིག་ཕུལ་ནས་ལོ་པཎ་དུ་བསྡེབས། དེ་ནས་ཇོ་བོ་འཁོར་དང་བཅས་པ་དབུས་གཙང་གི་ཕྱོགས་སུ་འགྲོ་དོན་ལ་ཕེབས་པའི་ལམ་དུ་ཞུགས་ནས། དཔལ་མོ་དཔལ་ཐང་ལ་བྱོན་པའི་དུས། དགེ་བཤེས་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་ཞེས་བྱ་བ་དེ་ཕམ་ཐིང་པའི་དྲུང་དུ་ཆས་པ་དང་མཇལ། བྱིན་རླབས་ཞུས་པས། བར་ཆད་འོང་མ་འགྲོ་ངས་ཆོས་དང་ཟན་སྦྱར་གྱིས་གསུངས། ཁོ་བོ་རང་གི་འདི་རྣམས་མ་ཟད་པར་ཟས་མི་ཞུ། ཆོས་ཞུ་ལགས་ཞུས་པས། ཟན་ཟ་ན་ཆོས་ཡོང་། ཟན་མི་ཟ་ན་ཆོས་མི་ཡོང་གསུངས་པས། ལོངས་སྤྱོད་རྣམས་ཇོ་བོ་ལ་ཕུལ་ནས་བླ་མཆོད་མཛད་ནས་བསྐྱངས། ལོངས་སྤྱོད་རྣམས་ལ་དགོན་པ་བའི་ས་བཀྲའི་གཞིས་རྟེན་མཛད་སྐད། དེ་ནས་རིམ་གྱིས་ལ་སྟོད་བྱང་དུ་ཐོན་ཏེ། མདོག་གི་ཚ་སྣར་བྱོན་ནས་དེར་དོ་ཧ་གསུང་བར་བརྩམས་པ་ན། སྔར་ཡང་བོད་རྣམས་ལྟ་བ་མཐོ་མཐོ་མོས་སྤྱོད་པ་བག་མེད་དུ་ཤོར་བ་ལངས་པའི་རྒྱུ་མཚན་ལས། འདི་བོད་དུ་མི་ལེགས་ཞུས་པས་བཀའ་བསྡམས། དེར་མགར་དགེ་བ་རྒྱལ་གྱི་ཀ་བ་ཆེན་པོ་ཀ་བ་ཤཱཀྱ་དབང་ཕྱུག །ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྔོག་ལེགས་པའི་ཤེས་རབ་རྣམས་ཀྱིས་འདི་ལྟར་ཞུའོ་ཞེས་གྲོས་བྱས་ནས། ཐབས་ཤེས་ཡ་བྲལ་གྱིས་འཚང་རྒྱའམ་མི་རྒྱ་བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་དུ་སོ་སོ་ཐར་པ་དགོས་སམ་མི་དགོས། རྡོ་རྗེ་སློབ་དཔོན་གྱིས་དབང་མ་ཐོབ་པར་རྒྱུད་བཤད་དུ་རུང་ངམ་མི་རུང་། ཚངས་པར་སྤྱོད་པས་གསང་བ་ཤེས་རབ་ཀྱི་དབང་བླང་དུ་རུང་ངམ་མི་རུང་། དབང་མ་ཐོབ་པར་སྔགས་ཀྱི་སྤྱོད་པ་བྱ་རུང་ངམ་མི་རུང་། ཞེས་ལྔ་པོ་དེ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་རྣམས་ལ་ཐུགས་ཚོད་མི་མང་། དེ་བས་མང་བ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཞུས་ནས། བྱང་ཆུབ་ལམ་སྒྲོན་གྱི་ནང་ན་བདོག །ཁྱེད་ཀྱི་དེ་རྣམས་ཀྱང་བདོག་གི་གསུངས། དེར་ལམ་སྒྲོན་ལ་བལྟས་པས། གཏན་ལ་ཕབ་ནས་འདུག་པས། ཁོང་རྣམས་སྤོབས་པ་མེད་པར་གྱུར། དེ་ནས་རིམ་པར་གཙང་ཕྱོགས་ལ་ཉེ་བར་ཕེབས་པ་ན། བསྙེན་བཀུར་བྱེད་པ་ཙམ་མ་བྱུང་བས། འཕྲལ་གྱི་མཐུན་རྐྱེན་དཀོན་པས། ཇོ་བོའི་ཞལ་ནས། བོད་པྲེ་ཏ་པུ་རི་ཡིན་གསུངས་ནས་བཟང་གཞོན་ནུ་འབུར་གྱིས་མང་འགར་དུ་སྤྱན་དྲངས་ཏེ་བསྙེན་བཀུར་ཞུས་ཤིང་ཆོས་མང་དུ་གསུངས། དེ་ན་ཇོ་བོའི་བཞུགས་ཁྲི་ཡང་ཡོད་སྐད། ཡང་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་མྱུ་གུ་ལུང་དུ་སྤྱན་དྲངས་ཤིང་བསྙེན་བཀུར་ཞུས། ལེང་ལོ་ཙཱ་བས་ས་སྙིང་ལྷ་ཁང་བཞེངས་པའི་རབ་གནས་ཞུས་ཤིང་། དེར་ཇོ་བོའི་སྐུ་འདྲ་ཞིག་ཀྱང་བཞེངས་ལ་དཀར་ལ་མདངས་ཆེ་བ་ཞིག་གདའ་སྐད། སེ་སྟོན་དགྲ་གཅན་འཛིན་ཞེས་བྱ་བས་ཉི་མ་བདུན་ཙམ་ཞབས་རྗེས་འབྲངས་ནས་དབུ་མའི་ལྟ་བ་ལ་དྲི་བ་དྲིས་ལན་མང་དུ་མཛད། དེ་ནས་ཤབ་སྒོ་ལ་བྱོན་པའི་ཚེ། འཁྲེན་གྱི་བྲག་ལུང་གཟིགས་ནས། བྱང་ཆུབ་སེམས་དཔའ་དྲོད་ཐོབ་པ་གཅིག་བཞུགས་འདུག་གསུངས། ཕྱག་མཛད་ཅིང་ཟངས་དཀར་མཛོད་ཕུར་བཞུགས་པར་གདའ།
གཞན་ཡང་ས་སྐྱའི་ཐད་ཀྱི་རི་ལྡེབས་ལ། དྷི་བདུན་དང་ཧཱུཾ་གཅིག་འདུག་པ་གཟིགས་ནས། མ་འོངས་པ་ན་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་དང་། ཕྱག་རྡོར་གྱི་སྤྲུལ་པ་གཅིག་སྟེ་བརྒྱད་འདིར་འཕྲིན་ལས་མཛད་པའི་རྟགས་སུ་འདུག་གསུངས། འབྲོང་ངུ་ལ་ལ་མཧཱ་ཀ་ལ་འབྲོང་གཉིས་སུ་སྤྲུལ་པ་ཡང་གཟིགས། ཡང་སྣར་ཐང་གི་ཐད་དུ་གནས་བརྟན་བཅུ་དྲུག་གསོ་སྦྱོང་མཛད་པ་གཟིགས་ནས་ཕྱིས་ཆོས་གྲྭ་ཆེན་པོ་ཞིག་འབྱུང་བར་ལུང་བསྟན་པར་ཡང་གྲགས། དེ་བཞིན་དུ་ཕེབས་ལམ་རྣམས་སུ་རི་དཔྱད་དང་གཟིགས་སྣང་ལ་བརྟེན་པའི་ལུང་བསྟན་འཕྲལ་འཕྲལ་གནང་ཞིང་། གང་ལྟར་ཞོགས་ལ་ལ་ཐོན་ནས། ཞྭ་ལུ་རི་ཕུག་ཏུ་བྱོན། དེ་ནས་ཚོང་འདུས་སུ་བྱོན། དེ་ནས་དཀོན་སྟོན་ཆེན་པོས་སྤྱན་དྲངས་ཏེ། ཤངས་ཀྱི་བྱེ་ཕུ་རུ་བྱོན། ཤེས་རབ་འགྲེལ་ཆུང་གསུངས། དེ་ནས་ཉན་ཚོར་སྤྱན་དྲངས་ཏེ་དབྱར་ཟླ་བ་གསུམ་བཞུགས་ཤིང་། དེ་ན་ཇོ་བོའི་བཞུགས་ཁྲི་ཡང་ཡོད། དེར་སྐུ་བསོད་ཤིན་ཏུ་ཆེ་བར་བྱུང་བས། གསོལ་ཟས་ཀྱང་འབྲན་དམན་པ་མ་དྲངས། ཚོགས་ཆོས་སུ་ཕ་རོལ་ཏུ་ཕྱིན་པ་གསུངས། ལྐོག་ཆོས་སུ་ཡོལ་སྐུ་མཆེད་སོགས་ལ་ཀྲི་ཡའི་སྒྲུབ་ཐབས་གསུངས། ཁྱད་པར་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་སྐོར་མང་དུ་གསུངས། ཡོལ་ཆོས་དབང་གིས་ཟླ་བ་དྲུག་ནས་ཇོ་བོ་བཅུ་གཅིག་ཞལ་གྱི་ཞལ་གཟིགས། དེ་ནས་ཁྲོ་བོ་ཡང་གཟིགས་སོ།།
དེའི་ཚེ་ཇོ་བོ་ལ་སྲུང་བ་ཟབ་པ་གཅིག་ཞུ་ཞུས་པས། མ་ཎི་པདྨེ་གསུངས། དེས་མི་ཡོང་ཞུས་པས་མི་གཡོ་བ་གསུངས། དགེ་བཤེས་སྟོན་པས་སླ་ལ་བྱིན་རླབས་ཆེ་བ་ཞིག་ཞུ་ཞུས་པས། ཇོ་བོ་ཞལ་བཅུ་གཅིག་པ་གསུངས། ལོ་ཙཱ་བས་མཐུ་ཆེ་བ་ཞིག་ཞུས་པས། གཤིན་རྗེ་གཤེད་གསུངས། སྒྲུབ་ཐབས་ཉེ་བ་ཞིག་ཞུས་པས་སྒྲོལ་མ་གསུངས། ཡང་དུས་དེའི་ཚེ་རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་ཁམས་ནས་ཆོས་འཚོལ་བར་བྱོན་པ་དང་། ཐུགས་རྗེ་དང་སྨོན་ལམ་གྱི་མཐུས་ཇོ་བོ་དང་མཇལ་ནས། དེ་མ་ཐག་དམ་ཚིག་གསུམ་བཀོད་གནང་ནས་བཟླས་པ་སྟོང་བརྒྱད་བརྒྱ་སོང་བ་དང་ཞལ་གཟིགས། དེ་ནས་བཟུང་ཇོ་བོའི་ཉེ་གནས་མཛད་དོ།།
གཞན་ཡང་ལམ་ཡིག་ལས་མི་གསལ་ཡང་། ཉང་སྟོད་ཀྱི་ཡུལ་གྲུ་མང་པོར་ཕེབས་ཤིང་། དེ་དག་ཏུ་འགྲོ་བའི་དོན་མཛད་པར་མངོན་ཏེ། སྟག་རྩེའི་མཇུག་རི་ཐང་མཚམས་ཤིག་ནས་ཉང་སྟོད་གནས་སྙིང་སོགས་ཀྱི་རི་དཔྱད་གཟིགས་ཤིང་ཆོས་གྲྭ་འབྱུང་བར་ལུང་བསྟན། དེར་ཇོ་བོའི་དབུ་ཞྭ་ཕུད་པའི་སར་དཀར་གོང་མང་པོ་སྤུངས་པ་ཡིན་ཟེར་བ་དེང་སང་ཡང་ཡོད། དེ་བཞིན་དུ་འབྲོང་རྩེ་མདོ་ཆོས་ཞེས་པའི་ཡུལ་དུ་ཆོས་གསུངས་པའི་ཆོས་ཁྲིའི་རྗེས་དང་། བྱེ་མདའ་དཀར་ཆུང་ལྷ་ཁང་དུ་ཕྱག་ཚ་མང་པོ་འདེབས་པས་ནང་པའི་ཚ་ཁང་འགའ་ཞིག་ལ། ཨ་ཏི་ཤ་ཞེས་པའི་མིང་བླ་བཏགས་སུ་ཆགས་པ་དེང་སང་ཡང་ཡོད་ཅིང་། དེའི་ཕྱག་ཚ་དངོས་མ་རྣམས་ཀྱི་ནང་ན། མཆོད་རྟེན་གྱི་གཟུངས་དྷ་རིའི་ཡི་གེ་འཇིམ་པ་ལ་སྤར་བཏབ་པ་དག་བཞུགས་ཤིང་། ཇོ་བོའི་ཕྱག་གཡོན་པའི་གུང་མཛུབ་ལ་འཛེར་པ་ཞིག་ཡོད་པའི་རྗེས་གསལ་བ་ཡང་ཡོད་ཅིང་། དེ་དག་གིས་ཁྱི་དང་མཚོན་ཡང་ཐུབ་ཅིང་དད་པ་ཅན་རྣམས་ཀྱིས་རྩིས་སུ་བྱེད་དོ།།
དེ་ནས་མར་གཙང་རོང་ནས་བྱོན་དུས། ཁང་པ་དོག་པ་དང་བཞུགས་པའི་འོས་མ་རྙེད་པ་ལ། དགེ་བཤེས་སྟོན་པས་དེའི་བར་ཕྱི་རུ་བཞུགས་སུ་གསོལ་ནས་ཁང་པར་བྱི་དོར་བྱས། ཇོ་བོའི་སྤྱན་སྔར་མཎྜལ་གཅིག་ཀྱང་བྱས་པས་མཉེས་ནས། སློབ་མ་ཁྱོད་འདྲ་བ་ཞིག་རྒྱ་གར་ན་ཡང་ཡོད་གསུངས། དེར་ཉ་མ་དད་པ་ཅན་རྣམས་ཀྱིས་གསེར་གྱི་རྟ་ལ་གཡུའི་སྒ་དང་ལྡན་པ་ཕུལ་ནས་ཆོས་ཞུས་པས། ཇོ་བོ་མཉེས་ནས་རབ་ཏུ་བྱུང་སྟེ་སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཏུ་སྒོམ་དགོས་པ་ཞིག་ཡིན་ཏེ། དེ་མ་བྱུང་ཡང་ཁྱེད་རྣམས་ཀྱིས་ཕ་མ་རྒས་ཤིང་འཁོགས་པ་དང་། ཡུན་རིང་གི་ནད་པ་དང་ཤུལ་རིང་གི་མགྲོན་པོ་ལ་བསྙེན་བཀུར་བྱས་པ་ལ་སྒོམ་པ་འདྲ་བའི་བསོད་ནམས་ཐོབ་གསུངས། དེ་ལྟར་གཙང་ཕྱོགས་ལ་ལོ་གཅིག་ཟླ་བ་གསུམ་ཙམ་བཞུགས་སོ།།
དེ་ནས་རིམ་གྱི་དབུས་ཕྱོགས་སུ་ཕེགས་ཏེ། གན་པ་བྱང་ཐང་ནས་ལྷ་སའི་ཐད་ཀྱི་རི་ལ་མཚན་མ་བཙུགས་ནས་ཡ་གི་ན་ཅི་ཡོད་གསུངས། བོད་སྟོན་རྣམས་ཀྱིས་ལྷ་ས་ཡོད་ཚུལ་ཞུས་པས། དེའི་ཐང་འཇའི་གུར་གསུམ་བརྩེགས་འདུག །ལྷའི་བུ་མང་པོ་མཆོད་པ་རྒྱུན་མ་ཆད་པར་བྱེད་ཅིང་འདུག །རང་ཅག་ཡ་གིར་འདེངས་གསུངས། དེ་ནས་ཆུ་བོ་རིའི་ཐད་དུ་ཕེབས་པ་ན། རི་འདི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པར་འདུག་པས་བརྣབ་སེམས་སྐྱེ་གསུངས། དབུ་ཐུམ་འཕུར་བ་མཛད་ཅིང་ལུང་པ་སྐྱ་བོ་འདི་ཀུན་ལ་མ་ཆགས་ན་ལེགས་གསུངས། དེ་ནས་འཕྱིང་ངུར་ཕེབས་དུས། བུ་མོ་ཁྱིམ་གསར་མ་གཅིག་གིས་མགོ་རྒྱན་མ་ལུས་པ་ཕུལ། ཁྱིམ་དུ་ཕྱིན་པའི་ཚེ། ཨ་ཙ་ར་འདོད་པ་ཅན་ལ་དེ་ཙམ་འབུལ་བ་ཟེར་ནས་འཐབ་པས། བུ་མོ་གཙང་པོར་མཆོངས་ནས་ཤི །འཕྱིང་ངུར་མར་འབུལ་མི་མང་པོ་བྱུང་བས། རྩི་རྩི་ཀུན་གེའུ་གསོལ་གསུངས། རྔོག་སྒོམ་ཡོན་ཏན་རྒྱལ་བས་མར་དྲོ་གཅིག་ཕུལ་བས་ཕྱག་ལ་འཁོར་ལོ་ཡོད་པ་གཟིགས་ནས་དད་པར་གྱུར་ཅིང་། ཐུགས་རྗེ་ཆེན་པོའི་བཟླས་ལུང་གནང་བས་ཞལ་གཟིགས་པ་ཞིག་བྱུང་།
དེ་ནས་གཞུང་དུ་བྱོན་པའི་དུས་སུ་བུ་མོ་ཤི་བ་གསན་ནས། ཇོ་བོས་ངའི་བུ་མོ་སྙིང་རྗེ་གསུངས། དེ་ནས་ཉ་མོ་གྱུར་དུ་བྱོན་པས། ལོ་པཎ་མི་ཐེག་ཟེར་ཏེ་སྒོ་བསྡམས། ཇོ་བོ་འཁོར་བཅས་གཞུང་གི་སྟག་དཀར་གྱི་གད་ཕུག་ཏུ་ཞག་ལྔ་བཞུགས་ཏེ། བུ་མོའི་དོན་དུ་ངན་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས། སཙྪ་མང་པོ་བཏབ་ནས་རིགས་ཀྱི་བུ་མོ་ལྷར་སྐྱེས། ངའི་བུ་མོ་ཚེངས་གསུངས། དེ་ནས་དོལ་དུ་བྱོན་ཏེ་སྣ་བོ་ལ་ཁ་ནས་དུང་བུས་པས་མི་ཐམས་ཅད་བྲོས། ཕྱུགས་ཐམས་ཅད་ཐག་པ་བཅད་ནས་ཤོར་སྐད། དེ་གོང་དུ་རག་དུང་མེད་པ་ཡིན་གསུངས། ཡུར་མའི་དུས་ཡིན་པས། ཇོ་བོའི་ཞལ་ནས། བལ་ཡུལ་མཐིལ་འདྲ་གསུངས་ནས་མཉེས་སྐད། ཞག་ས་དཔེ་སྒང་དུ་བྱས། ཡུལ་འདི་ནས་བྱང་ཆུབ་སེམས་དཔའ་རྟགས་མཚན་ཅན་ཞིག་འབྱོན་པར་འདུག་གསུངས། ཇོ་བོས་དོལ་གྱི་རགས་མ་དེ་གཞན་ལ་ཕན་ཆེ་བར་དགོངས་ནས། རགས་མཛད་པས་ད་ལྟ་ཡང་ལྷ་རྗེ་རགས་ཟེར་སྐད། དོལ་གྱི་གནས་ཆུང་རྣམས་ལོ་པཎ་རྣམས་ལ་བསྙེན་བཀུར་བྱེད་པར་འདོད་པ་ལ་བསྡུས་ནས་བྱེད་པ་མ་བྱུང་། རེ་རེས་བྱེད་པ་ལ་ཆང་ཆུང་རེ་ལས་མ་ཐེག་པས། པཎ་ཆུང་རྣམས་དང་བོད་སྟོན་རྣམས་སྤྱན་དྲངས་ནས་ཇོ་བོ་ལུས་པ་ལ། དགེ་བཤེས་ཨཱརྱ་དེ་ཝའི་ཞལ་ནས། མཐའི་མི་འདོད་མཁན་མེད་པ་འདི། ངས་བྱ་ཡིས་ཟེར་ནས་ཇོ་བོ་སྤྱན་དྲངས། སྣན་མདར་ཨརྱ་དེ་ཝའི་ལྷ་ཁང་ལ་རབ་གནས་མཛད། དེའི་ཚེ་ཇོ་བོའི་ཞལ་ནས། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་འདི་ལ་རབ་གནས་ལེགས་པ་ཞིག་ཡོད་པས་དགོས་མཆོད་རེ་གྱིས། དེ་མ་ཆག་ན་ལེགས་པར་འོང་གིས་གསུངས། དེ་ནས་གྲ་ཕྱི་ཚོང་འདུས་གནས་པས་སྤྱན་དྲངས་ནས་ལྷ་ཁང་བྲེ་ཙམ་གཅིག་ལ་རབ་གནས་མཛད། དེའི་ཚེ་ཇོ་བོའི་ཞལ་ནས། ཆོས་འཁོར་ཆེན་པོ་གོང་ན་ཡོད་གསུངས། ལྐོག་རི་འདི་ནས་མཐོང་ཞུས་པས་དགྱེས་ནས་དེར་བྱོན་སྐད། དེ་ནས་སྤེལ་དམར་གྱི་གྲུ་ལ་བྱོན་ནས། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཕེབས་ཤིང་། སྐྱེ་བོའི་ཚོགས་ཆེན་པོས་དད་པ་དང་གུས་པའི་སྒོ་ནས་བལྟ་བས་ངོམ་པ་མེད་པར་ཞབས་དྲུང་དུ་འདུད། དེར་ཁྲོམ་ཆེན་པོས་ཡུན་རིང་བསྐོར་བས། ཇོ་བོ་ཆབ་དཀྱིལ་བ་རྣལ་འབྱོར་པ་ཆེན་པོས་ཞལ་གྱི་དཀྱིལ་འཁོར་ལས་ཤེས་ཏེ། ཞལ་ཆབ་དྲངས་ཤིང་ཆབ་སེང་ཞུས་པས། ཇོ་བོ་ཤིན་ཏུ་མཉེས་ནས། དེ་འདྲ་ཨ་མེས་ཀྱིས་ཇི་ལྟར་ཤེས། ཨ་མེས་ནི་རྒྱ་གར་བ་ཞིག་ཁོ་ན་འདྲ་གསུངས། གཞན་ཀུན་ཁམས་པ་གླེན་པ་དྲང་རྒྱུ་མེད་པར་ཞལ་ཆབ་འདྲེན་ཟེར། ཨ་མེས་བྱང་ཆུབ་དེ་གླེན་གླེན་འདྲ་ལ་ཤེས་རབ་ཆེ་བ་གཅིག་བདོག་སྐད། དེའི་དུས་སུ་འོག་ཁང་གི་བྱང་ཆུབ་ཆེན་པོ་དེ་དབུ་རྩེའི་ཐང་ནས་གཟིགས་པས་སྤྱན་སྔར་མ་བཏང་བ་ནས། ཇོ་བོ་དེར་བྱོན་ནས། མཧཱ་བོ་དྷི་དང་ཁྱད་པར་མི་འདུག་གསུངས། དེ་ནས་བྱང་ཆུབ་གླིང་དུ་ཕེབས་པའི་ཚེ། སྒོ་མ་ཕྱེ་བར་ཇོ་བོ་སངས་རྒྱས་མ་ཆགས་པདྨའི་ཞལ་རས་ཀྱི་རྡུལ་འཕྱི་ཞིང་འདུག་དེ་ནས་ང་མར་ཕོབ་གསུངས་ནས། སྤྱན་འདྲེན་པ་ལ་སྐས་རིང་པོ་འཛུགས་དགོས་པ་བྱུང་། དེ་སྐབས་ཇོ་བོ་བསམ་ཡས་ལ་ཤིན་ཏུ་ཐུགས་དགྱེས་ནས་རྒྱུན་ཞུགས་མཛད་པར་ཡང་དགོངས། གཟིམས་ཆུང་པེ་དཀར་གླིང་གི་དཀོར་མཛོད་བྱང་ངོས་མར་མཛད། ནུབ་གཅིག་ཇོ་བོའི་ཞལ་ནས། སྐྱེས་རབས་ཀྱི་ཕྲེང་རྒྱུད་དེ་སྤྱན་དྲོངས་དང་གསུངས། ཅི་མཛད་ཞུས་པས། ངའི་དད་པ་དེ་ཉམས་ནས་སོང་། དད་པ་སོས་གདབ་ཀྱིས་གསུངས་ནས་ཁྲི་བརྙན་གྱི་ལྤགས་པ་བཏིང་ནས་མར་མེ་ལ་གཟིགས་སོ།།
དེའི་དུས་ལྷ་བཙུན་བོ་དྷི་རཱ་ཛས་ཡོན་བདག་མཛད་ནས་རིམ་པའི་ཆོ་ག་མཛད། སངས་རྒྱས་ཐོད་པའི་རྒྱུད་ཀྱི་བསྐྱེད་རྫོགས་ཀྱི་གདམས་པ་དང་། ཕྱག་རྡོར་གོས་སྔོན་གྱི་སྒྲུབ་ཐབས། དབུ་མ་ཕུང་པོ་ལྔ་པ་དང་། བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་དུ་བྱས་པ་དང་། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ་རྣམས་ཇོ་བོ་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར། གཞན་ཡང་དེ་སྐབས་སྨན་དཔྱད་ཡན་ལག་བརྒྱད་པ་ཡང་གསུངས། བྲག་རྒྱབ་ཀྱི་དྭགས་པོ་འབུམ་པོའི་ཕས་ཉན་པས་སྨན་དཔྱད་ལ་ཤིན་ཏུ་མཁས་པར་གྱུར། ཇོ་བོའི་དགོངས་པ་ལ་གསོ་བ་རིག་པ་འདི། བོད་ན་སྨན་མེད་པས་ནུབ་ནས་འགྲོ་ལས་ཆེ་སྙམ་པ་ལ། རྗེ་བཙུན་མ་སྒྲོལ་མས་གཡུ་བྱ་ནེ་ཙོ་གཅིག་ཏུ་སྤྲུལ་ནས་བྱོན་ཏེ། སྨན་བསྟན་པར་བགྱིད། གཤེགས་པར་ཞུ་ཟེར་ཏེ། དེའི་ཕྱི་བཞིན་དུ་བྱོན་པས། བོད་ཀྱི་རི་ཀླུང་ཐམས་ཅད་ཀྱི་སྨན་མ་ལུས་པ་བསྟན། རྒྱ་གར་གྱི་སྨན་རེ་ལ་བོད་ན་སྨན་རེ་ཅི་ཀྱང་འདུག །ལར་བོད་ཀྱི་སྨན་རང་ནུས་པ་ཆེ་བ་ཙམ་འདུག་གསུངས།
དེ་ནས་ཀ་ཆུར་བྱོན་ཏེ་ཁུ་རྔོག་གཉིས་ཀྱིས་ཞུས་ནས་དབུ་མ་རིག་པའི་ཚོགས་དྲུག་གསུངས། མཆིམས་ཕུར་འབྲོམ་ལ་སྔགས་ཀྱི་གདམས་པ་མང་དུ་གནང་། དེར་སྤྱན་སྔར་དགེ་ཚུལ་གཉིས་ཤིག་ལས་མེད་ཙ་ན། དགེ་སློང་གཞོན་ནུ་གཉིས་བྱོན་ཏེ། གཅིག་གིས་ཟད་པར་ཆུའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་ཟེར་ནས། རང་གི་སྨིན་མཚམས་ནས་བཟུང་། ངམ་ཤོད་ཀྱི་ཡུལ་ཐམས་ཅད་ཆུར་གྱུར། གཅིག་གིས་ཟད་པར་དཀར་པོ་གཟིགས་པར་འཚལ་ལམ་ཟེར་ནས། སྨིན་མཚམས་ནས་འོད་དཀར་པོ་འཕྲོས་ཏེ། ངམ་ཤོད་ཐམས་ཅད་དཀར་ཆམ་སོང་བས། ཇོ་བོའི་ཞལ་ནས། ཕ་ལ་ཕ་ལ་ཏིང་ངེ་འཛིན་བཟང་གསུངས།
ཡང་སྐབས་གཅིག་དགེ་སློང་གཉིས་བྱོན་ཏེ། སྒྱུ་མ་ལྟ་བུའི་ཐང་ག་གཟིགས་པར་འཚལ་ལམ་ཞེས་ཐང་ག་ཕ་ཚེ་ཙམ་ཞིག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་བཀྲ་ལམ་མེ་བ་གཅིག་དང་། སྒྲོལ་མའི་ཐང་ག་ཞིག་གཟིགས་ཕུལ། དེའི་གནང་ནངས་པར་དབུ་རྩེ་ཆེན་མོར་སྟོན་མོ་ཆེན་པོ་གཅིག་བྱུང་བ་ལ། དགེ་སློང་དེ་གཉིས་མི་འདུག་པ་དང་། དགེ་ཚུལ་དེས་ཇོ་བོ་ལ་དེ་གཉིས་གར་ཐལ་ཞུས་པས། ཁོང་ལ་སའི་ལྷ་མོ་དང་ཤིང་གི་ལྷ་མོ་ལ་སོགས་པས་བཤོས་འདྲེན་པ་ཡིན་གསུངས།
ཡང་ཇོ་བོ་ཉིད་དབུ་རྩེའི་བྱ་འདབས་ཀྱི་ནམ་མཁའ་ལ་སྐོར་བ་མཛད་པ་རྣལ་འབྱོར་པ་ཆེན་པོའི་གནས་མོ་བཙུན་རྒན་མ་ཞིག་གིས་མཐོང་། དེས་རྣལ་འབྱོར་པ་ལ་བཤད། དེས་རྔོག་ལ་བཤད། རྔོག་གིས་ཇོ་བོ་ལ་ཞུས་པས། བན་དྷེ་མོ་དེ་མིག་འཁྲུལ་པ་ཡིན་ཏེ་འོངས་གསུངས་སྐད། ཡང་ཇོ་བོ། དགེ་བཤེས་སྟོན་པ། རྣལ་འབྱོར་པ་གསུམ་རས་ཡོལ་གྱིས་བཅད་ནས་བཞུགས་པའི་ནུབ་ཅིག་ནམ་ཕྱེད་ཙམ་ལ་ཁྱེད་ཀྱིས་ཐོས་སམ་གསུངས། ཅི་གདའ་ཞུས་པས་རྒྱ་གར་ན་ངའི་སློབ་མ་གཅིག་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གྲགས་གསུངས། དགེ་གཤེས་སྟོན་པས་དབུ་སྐྲ་བཏེག་སྟེ་གསན་པས་མ་གསན་སྐད། ཡང་ཉིན་གཅིག་ཡེལ་དཀར་གླིང་དུ་མི་མང་པོ་ལ་སེམས་བསྐྱེད་ཀྱི་ཆོ་ག་མཛད། དེའི་སྲོད་ལ་བོད་སྟོན་རྣམས་ཀྱིས་དེ་རིང་ནི་བྱང་ཆུབ་སེམས་དཔའ་མང་པོ་ཞིག་མཛད་ལགས་སོ་ཞུས་པས། ཇོ་བོའི་ཞལ་ནས། སྐྱེས་པ་ནི་གཅིག་ལ་ཡང་སྐྱེས་ཏེ་མི་ཡོང་གསུངས། དེ་ཇི་ལྟར་ལགས་ཞུས་པས། དཀོན་མཆོག་གི་མཆོད་པ་མེད་གསུངས། འོ་ན་མི་མཛད་ཐང་ཞུས་པས། མ་བྱས་ན་བོད་རྣམས་ང་ལ་ཁ་ཟེར་དུ་འོང་གསུངས།
ཡང་སྐབས་གཅིག་ཨ་མེས་ཀྱི་ཐུགས་ལ། ས་ཐག་རིང་པོ་ནས་ཆོས་ལ་འོངས་པ་བྱ་བས་གཡེངས་པ་འདི་མི་ཡོང་བར་འདུག་སྙམ་ནས་མཁྱེན་ཏེ། འབྲོམ་ལ་འདི་ནི་བསམ་ངན་རྒྱུའི་གྲོས་ཐོབ་ཅིག་གསུངས། ཡང་སྐབས་དེར་བོད་སྟོན་རྣམས་ཀྱིས་ཞུས་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཇི་ཙམ་སོང་གི་གཏན་ཚིགས་ཀྱང་མཛད་དོ། །དེ་ནས་ཡང་བོད་སྟོན་རྣམས་ཀྱིས་ཉི་ཁྲི་སྣང་བ་གསུང་བའི་ཞུ་བ་ཕུལ་ནས་ཡོད་པ་ལ། ཁུ་སྟོན་གྱིས་ཇོ་བོ་ལ་ལུང་ཆུ་བཟང་ཞིང་དྲོ། ཆོས་རྒྱལ་མེས་དབོན་གསུམ་གྱིས་ཞབས་ཀྱིས་བཅགས་པའི་ས་ཡིན་པས་གཞན་དོན་ཡང་ཆེ་ནས་མཆིས། བཞུགས་ས་ཡང་དབྱར་ལྷ་སྡིངས་སུ་བགྱིད། དགུན་ཐང་པོ་ཆེར་བགྱིད་ཞུས་པས། ཞལ་གྱིས་བཞེས། ཚོགས་སུ་ཡང་ཨ་ཏི་ཤ་ཡར་ལུང་དུ་སྤྱན་འདྲེན་པ་ཡིན་པས། ཉི་ཁྲི་ཉན་པ་ཀུན་ཡར་ལུང་དུ་ཤོག །འདིར་གསུང་ལོང་མི་ཡོང་ངོ་ཞེས་སྐད་བཏང་། དེར་འབྲོམ་གྱི་ཐུགས་ལ་ཁུ་སྟོན་ཐུགས་རྒྱ་ཆེ་བ་དང་། ཞབས་ཏོག་མཐོ་བ་མི་ཡོང་སྙམ་ནས། བང་སྟོན་ལ་ཁུ་ཐུགས་རྒྱལ་ཆེ་བས་ཇོ་བོའི་ཞབས་ཏོག་མཐོ་བ་ཁོ་ན་འོང་མེད་པས། ངས་ཐབས་ལེགས་ཀྱིས་བསམ་ཡས་སུ་སྤྱན་དྲང་གིས། དེ་ནས་ཁྱེད་ཀྱིས་རྟས་བསུས་ལ་སྙེ་ཐང་དུ་སྤྱན་དྲོངས་ཤིག་ངེས་ཆད་བྱས། དེ་ནས་ཇོ་བོ་དཔོན་སློབ་ཡར་ལུང་དུ་ཕེབས་ཏེ་བྱ་སའི་ལྷ་ཁང་རྙིང་མ་དེ་ལ་རབ་གནས་ཀྱང་མཛད། དེ་ནས་ཁྲ་འབྲུག་ཏུ་བྱོན། གནས་གཡར་བས་མ་བཏང་བར་ཐང་སྦྲ་མཛད། དེ་ནས་ཐང་པོ་ཆེར་ཕྱག་ཕེབས་ནས་ར་རྩིས་ཁང་པར་བཞུགས་སོ།།
དེའི་ཚེ་ཁུ་སྟོན་གྱིས་ཇོ་བོ་ཉིད་ལ་གསེར་སྲང་འགའ་སྐྱིས་པ་དང་འདྲེས་གསེར་སྲང་བརྒྱ་ཕུལ། ཆོས་ཀྱང་ཉི་ཁྲི་སྣང་བ་དང་བྱམས་ཆོས་ཕྱི་མ་གསུམ་ལ་སོགས་པ་མང་དུ་གསུངས། གཞན་ཡང་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཀ་མ་ལ་རཀྵི་ཏས་མཛད་པ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་རྟོག་པ་ཕྱོགས་གཅིག་པའི་སྒྲུབ་ཐབས་དང་། འཕྲིན་ལས་བཞིའི་འཁྲུལ་འཁོར་དང་། མངོན་སྤྱོད་བརྒྱད་པའི་འཁྲུལ་འཁོར་གྱི་མན་ངག་རྣམས་བསྒྱུར་རོ། །དེ་ནས་ཁུ་སྟོན་རང་ལྷ་སྡིངས་སུ་བཞུགས། ཇོ་བོ་ཐང་པོ་ཆེར་བཞག་ནས། མཐའི་མི་གྲངས་སུ་འཇུག་དགོས་ཟེར་ནས་ཞབས་ཏོག་མཐོ་བ་ཡང་མ་བྱས་པས། ཇོ་བོའི་ཞལ་ནས། ཁུ་སྟོན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ། ཁོ་བོ་དམངས་ཕལ་པ་ལྟ་བུ། ཁུ་སྟོན་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་ལྟ་བུ། ཁོ་བོ་པྲེ་ཏ་པུ་རི་ལྟ་བུ་གསུངས། དགེ་བཤེས་སྟོན་པ་ལ་ཡང་ཕྲག་དོག་བྱས། ཨ་མེས་བྱང་ཆུབ་ལ་ཡང་བརྙས་བྱས་པས། ཇོ་བོ་ལ་ཁུ་སྟོན་འདིས་ཡང་བརྙས་བྱུང་། ང་ཉེ་གནས་མི་བགྱིད་པར་ཞུ་ཞེས་ཞུས་པས། དགོངས་པ་མ་གནང་བ་དང་། དགེ་བཤེས་སྟོན་པས་ཨ་མེས་མི་སྤྲོ་ན་མི་བྱེད་དུ་འཆུག་མཛོད་ཞུས་པས། ངེད་རྒྱ་གར་དུ་ཡིན་ན་སྔགས་ཀྱི་སྒྲུབ་པ་བྱེད་པ་ལ་གྲོགས་རྣལ་མ་ཞིག་དགོས། དེ་ཕོ་ཉ་མོ་ཞེས་པ་དབང་དུ་བྱེད་པའི་ལས་བསྒྲུབས་ནས། རྒྱལ་པོའམ་བློན་པོ་ལ་སོགས་པའི་བུ་ཡིན་ཡང་བཀུག་ནས་བྱེད་པ་ཡིན། ངས་ཀྱང་འདི་ཕོ་ཉ་མོས་འགུགས་དགོས་པའི་ཚོད་ཡིན་གསུངས་ནས་གནང་བ་མ་མཛད་པ་དང་། ཡང་ཨ་མེས་རང་གིས་ཞུ་བ་མཛད་པ་དང་། དབུ་ཞྭ་ཕུད་ནས་དབུ་དཀར་པོར་སོང་བ་ཨ་མེས་ཀྱི་པང་དུ་བཞག་ནས། ང་རྒྱ་གར་ཤར་ཕྱོགས་སུ་སྐྱེས། ཁྱོད་མདོ་སྨད་དུ་སྐྱེས་པས། སྐྱེ་བ་སྔ་མའི་ལས་ཀྱིས་འཕྲད་པ་ཡིན། ད་ང་མགོ་འདི་ལྟར་སོང་བ་ཞིག་འཇོག་ཕོད་ན། ཉེ་གནས་ག་ལ་བྱེད་གསུངས་པས། ཨ་མེས་བྱང་ཆུབ་སྤྱན་ཆབ་ཅིག་འཕྲུལ་མཛད་ནས། འོ་ན་ཇི་སྲིད་བཞུགས་ཀྱི་བར་ཉེ་གནས་བགྱིད་པར་ཞུ་ལགས་སོ། །ཞེས་ཇོ་བོའི་བཀའ་དང་དུ་བཞེས་པས། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་ཁྱེད་བོད་རེ་དགའ། འདི་འདྲ་བའི་བསམ་པ་བཟང་པོ་ཡོད་གསུངས།
ཡང་སྐབས་ཤིག་དགེ་བཤེས་སྟོན་པས་ཁུ་སྟོན་མི་དགྱེས་པར་འདུག་པས། བདག་རང་དབུ་རུ་ན་ཡར་མཆིས་ལགས་སམ་ཞུས་པས། ཨུ་པ་སི་ཀ་བཞུད་ན་ཁོ་བོ་ཡང་བཞུད། ཨུ་པ་སི་ཀ་བཞུགས་ན་ཁོ་བོ་ཡང་བཞུགས་གསུངས་ཤིང་། བོད་ཀྱི་མགོན་པོ་ང་ལ་གསོན། །བདག་ལ་ཉེས་པ་མི་མངའ་ཡང་། །བོད་ཀྱི་དམ་པ་བཟང་པོར་གནས། །ཁོ་བོ་དེ་ལས་དམན་ལྟར་གདའ། །སྤྱན་རས་གཟིགས་དབང་ང་ལ་ཉོན། །གང་ན་སྡིག་གྲོགས་གནས་པའི་གཞི། །དགེ་བ་བཟང་པོ་མི་འགྱུར་བ། །ཆགས་སྡང་གྲོགས་ལས་དབེན་གྱུར་པའི། །བཟང་པོའི་གྲོགས་གནས་གང་ན་མཆིས། །ཨེ་མ་སྡིག་གྲོགས་རབ་སྤངས་ནས། །དགེ་བའི་བཤེས་གཉེན་བསྟེན་ན་བཟང་། །ཁོ་བོ་ནམ་མཁའི་སྤྲིན་དང་འདྲ། །སྣང་སྣང་འདྲ་སྟེ་བཟུང་བར་དཀའ། །ཁོ་བོ་འོད་ཀྱི་གུར་དང་འདྲ། །ལེགས་ལེགས་འདྲ་སྟེ་བཟུང་བར་དཀའ། །ཁོ་བོ་ཉི་མའི་འོད་དང་འདྲ། །ཉེས་སྐྱོན་སྤྲིན་གྱི་མ་བསྒྲིབས་གསལ། །ཁོ་བོ་སྨན་གྱི་ལྗོན་པ་འདྲ། །བརྟེན་ན་འཕྲལ་དང་ཕུགས་སུ་བདེ། །འབྲོམ་རྗེ་དབེན་གནས་གང་ན་མཆིས། །ཁྱོད་ལ་བསམས་ནས་འོངས་སོ་དགོངས། །ཞེས་བོད་ན་སྡིག་གྲོགས་ཀྱི་དབེན་པའི་གནས་གང་ན་ཡོད་དྲི་བ་མཛད་ཅིང་། རྒྱ་གར་དུ་ཡང་གཤེགས་པར་དགོངས་ཏེ། ཕྱིས་ཇོ་བོ་ཉིད་ཀྱི་བཀའ་ལས། ཁོ་བོ་ཐང་པོ་ཆེར་ཡོད་དུས། ཁུས་ལྷ་སྡིངས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འདྲ་བ་ཞིག་བྱས། ང་དམངས་ཕལ་པ་ང་འདྲ་བར་ཤིན་ཏུ་སྐྲན། ཀྱེ་མའོ་ཁོ་བོ་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་གྱི་བུ་ལ་སྐྲན་པའི་རེ་མོས་བབ། ཁོ་བོ་པྲེ་ཏ་པུ་རིའི་གྲོང་ཁྱེར་ལྟ་བུའི་མིས་རྒྱལ་པོའི་རེ་མོས། དེ་དུས་ངའི་སྤྱན་རས་གཟིགས་ལ་མངོན་ཤེས་ཡོད་པ་མིན་ན། ཁོ་བོ་རྒྱ་གར་དུ་ལྡོག་པའི་བློ་མིན་མ་སྐྱེས། དེའི་དུས་འབྲོམ་གྱི་ཇོ་བོའི་ཐུགས་ངལ་བསངས་ཤིང་། ཁུས་གཏོང་ན་དབུ་རུ་ན་སྙེ་ཐང་ཞེས་བྱ་བ་ནགས་ཚལ་དང་ནེ་སིང་ཡོད་པ་དགུན་ཡང་མེ་ཏོག་སྐྱེ་བ་ཞིག་བདོག །དེར་སྤྱན་འདྲེན་པར་བདོག་ལས་ཞུས་པས། ཁུ་སྟོན་གྱིས་མི་ཚོར་བའི་ཐབས་བཟང་པོ་ཡོད། ད་ལྟ་རང་གཤེགས་གསུངས་ནས་དེ་ནུབ་གྲབས་བྱས། ནངས་པར་མཐོ་རངས་གཤེགས། ཇོ་བོས་མི་ཞིག་ལ་ཁུ་སྟོན་གྱི་སར་སོང་ལ་ཇོ་བོ་དབུ་རུ་ལ་གཤེགས་སོ་གྱིས་ཤིག་གསུངས་ནས། ས་ལ་རི་མོ་ཞིག་བྲིས་ཏེ་བསུབ་པ་དང་། མི་དེས་དགོན་པར་ཕྱིན་ཀྱང་ཡུན་རིང་འགོར་ཞིང་མ་བརྟོལ། དགོན་པར་སླེབས་ཀྱང་ལོན་སྐྱེལ་མི་ཡང་ངེས་ངེས་མ་འབྱོར། རེ་ཞིག་ནས་གཅིག་གིས་ཐོས་ཏེ་སྐད་གཏང་བར་འདོད་པ་ལ། ཐུགས་བྲེལ་ཡོད་ཟེར་ནས་སྒོ་འབྱེད་དུ་མ་འདོད་པ་དང་། མི་དེས་ཁྱོད་སྒོ་བསྡོམས་ལ་སྡོད། ཇོ་བོ་འབྲོམ་གྱིས་བརྐུས་ནས་སོང་ངོ་བྱས་པས་ཁུ་སྟོན་ཧ་ལས་ཤིང་རྔམས་ནས། དེ་མ་ཐག་འབྱོན་པར་བརྩམས་པ་ལ། ཆིབས་པ་བྱེ་ནག་ཅེས་པ་སྔར་ཁུ་སྟོན་གྱི་སྐད་ཐོས་པ་ཙམ་གྱི་དྲུང་དུ་འོང་བ་ལ། དེ་ཉིན་འཕྲ་ཤགས་བྱས་ནས་ཡུན་རིང་མ་ཟིན། ཟིན་ནས་རྟ་པ་ཡངས་པོ་རྗེས་སྙེགས་ལ་བྱོན་ཏེ། འབྲོམ་སྟོན་འདི་གར་ཟིན་པར་རྒྱོབ་ཅིག་ཟེར། འབྲོམ་ཡང་ཁུ་སྟོན་གྱི་གནོད་པ་བྱུང་གིས་དོགས། འོན་གྱི་གྲུ་ལ་མྱུར་སྟབས་ཀྱིས་ཇོ་བོའི་སྔོན་ལ་གཤེགས། དེ་ནས་ཇོ་བོ་གྲུ་འདོམ་པ་གང་ཙམ་འཕགས་པ་ན། ཁུ་སྟོན་དཔོན་གཡོག་བྱ་སྟོང་ལ་ཚུར་ཚུབ་མ་རིང་ངེ་བྱུང་། དེར་ཁུ་སྟོན་གྱི་ཆིབས་པ་བཟང་བས་སྔོན་ལ་བྱུང་སྟེ། ནང་འཁོར་བ་ལ་ཡང་གསུང་མི་གཏོང་བ། ཨ་ཏི་ཤ་དེར་བཞུགས་དང་། ཐུགས་ལ་མི་འདོགས་སམ་ཟེར་བ་ལ། ང་ལ་ཡང་ཐུགས་ལ་མི་འདོགས་སམ་གསུངས་ནས། བོད་ཀྱི་མཁས་པ་ཆེན་པོ་མ་འབྱོན་ཕྱིར་ལོག་གསུངས་ཀྱང་། ཁུ་སྟོན་རྔམས་གྲགས་པས་ཆུ་ལ་དེའུ་ཤོར། དེ་ནས་ཇོ་བོ་ལ་ཁྱེད་ལྷོ་བལ་གྱི་མི་འདི་ཨོག་ངན་ང་ལ་གྲོས་མེད་པར་ཟེར། རྣལ་འབྱོར་པ་ལ་འགྲོན་པོས་ཀྱང་འགྲོན་པོ་ཤེས་པར་མཛོད་ཟེར། གསང་ཕུ་བ་ན་རེ། ང་ནི་མ་གཏོགས་སོ་ཟེར་བ་ལ་རྣལ་འབྱོར་པའི་ཞལ་ནས། དེ་ལས་ཡི་མུག་པ་ཞིག་མ་བྱུང་། མ་སོ་ཡང་ཁ་རོག་མི་བཞུགས་པར་གསུངས། དེ་ནས་ཁུ་སྟོན་གྱིས་ཕྱིར་ལྡོག་པར་ཞུ་བྱས་པས། ཇོ་བོའི་ཞལ་ནས། མཁས་པ་ཆེན་པོ་དེ་སྐད་མི་གསུང་བར་ཞུ་གསུངས་ནས། ཞུ་བ་ཕར་ཕུལ་བས། འོ་ན་མཆོད་གནས་ཤིག་ཞུ་ཟེར་བས་དབུ་ཞྭ་རྒྱངས་ཀྱིས་བསྐུར་རོ། །དེ་ནས་ཁུ་སྟོན་བྱིན་རླབས་ཀྱི་རྟེན་ཁྱེར་ནས་ཕྱིར་ལོག་གོ།
རྣལ་འབྱོར་པས་ཇོ་བོ་ལ་གྲུ་གླ་ཇི་ལྟ་བུ་ཞིག་སྦྱིན་ཞུས་པས། ཇོ་བོས་ཕྱག་རྒྱ་ཞིག་མཛད་པ་དང་། ཀ་ར་བམ་པོ་ལྔ་སྣོད་ནས་བཏོན་ཏེ་སྦྱིན་པས། ཇོ་བོ་དགྱེས་ནས་ངས་རྐང་མགྱོགས་བསྒྲུབས་ནས་བཙལ་ཡང་ཁྱོད་འདྲ་བ་མི་རྙེད་གསུངས། དེ་ནས་འོན་ཁྲ་སྣར་བཞུགས། དེར་རྒན་མོ་གཅིག་གིས་ནས་ཁལ་བཅོ་ལྔ་ཕུལ་བ་ལ་བརྟེན་ནས། ཟླ་བ་གཅིག་ཆོས་འཁོར་བཙུགས་པའི་སྲོལ་ཡུན་རིང་དུ་བྱུང་། དེ་ནས་བསམ་ཡས་སུ་ཕེབས་ཏེ་རྒྱ་དཔེ་གཟིགས་ཤིང་སྐོར་བ་མཛད། དེའི་ཚེ་ཇོ་བོའི་ཞལ་ནས། རྒྱ་གར་དུ་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་འདུག་གསུངས་ནས་དབུ་མ་སྣང་བ་དང་། ཕལ་པོ་ཆེ་ལ་སོགས་པ་བཞེངས་ཏེ་རྒྱ་གར་དུ་བསྐུར། སྔར་མ་གཟིགས་པའི་རྒྱུད་ཀྱང་མང་དུ་སྣང་བས། ངས་མི་ཡུལ་གྱི་རྒྱུད་རྣམས་མ་ཟད། མཁའ་འགྲོ་མས་བསྟན་པ་ཡང་དཔག་ཏུ་མེད་པ་མཐོང་སྟེ། དེ་རྣམས་ན་ཡང་འདི་ཀུན་མི་འདུག །གསང་སྔགས་འདི་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ། སློབ་དཔོན་པདྨས་སྲིན་པོའི་ཡུལ་སོགས་ནས་བླངས་པར་ངེས། སྤྱིར་ཡང་སློབ་དཔོན་པདྨས་ནཱ་ལེནྡྲའི་རྒྱུད་ཀྱི་རྒྱ་དཔེ་རྣམས་རྫུ་འཕྲུལ་གྱིས་བླངས་པས་མང་བ་ཡིན་གསུངས། དེས་ན་བོད་འདིར་མཁས་པ་ཆེན་པོ་དག་རྙིང་མའི་རྒྱུད་འབུམ་སོགས་ལ་དགག་པ་མཛད་པ་ནི་གཡག་ཞར་བས་རྩྭ་ཟ་བའི་དཔེ་དང་འདྲའོ་སྙམ་མོ། །གཞན་ཡང་དེའི་དུས་ཀྱི་བསྟན་པ་ལྟ་བུ་རྒྱ་གར་དུ་ཡང་མ་བྱུང་བ་འདུག །རཱ་ཛ་བོ་དྷི་ས་ཏྭ་གསུངས་ཤིང་རྗེས་སུ་ཡི་རང་མཛད་ཅིང་། བོད་ཀྱི་རྒྱལ་བརྒྱུད་ཡིན་ཟེར་བ་ཀུན་ལ་ཡང་ཤིན་ཏུ་གུས་པར་མཛད་དོ། །དེའི་ཚེ་བསམ་ཡས་ལ་ཐུགས་དགྱེས་པར་བྱུང་སྟེ། དབུ་རུར་གཤེགས་པའི་ཞུ་བ་ཕུལ་བས་ཀྱང་། རྟེན་འདི་ན་བཟང་གསུངས་ནས་གཤེགས་སུ་མ་གནང་།
དེ་ནས་འོལ་ཁའི་དགེ་བཤེས་གར་མི་ཡོན་ཏན་གཡུ་དྲུང་གིས་ཡོན་བདག་མཛད་ནས། དབྱར་དེར་བརྒྱད་སྟོང་པ་གསུངས་སོ། །སྐབས་ཤིག་ལྷ་བཙུན་བོ་དྷི་རཱ་ཛ་དེ་ལྷ་བཙུན་བྱང་ཆུབ་འོད་པས་ཀྱང་ཁོང་རང་ཆེ་ཞེས་གསུངས་པ་ཞིག་རེ་ནས། ཇོ་བོ་ལ་ལྷ་བཙུན་པས་ཕྱག་མཛད་པའི་དུས་སུ་མི་བཞེངས་ལ། ཁོ་བོས་བགྱིས་པའི་དུས་རྡོ་རྗེ་སྐྱིལ་ཀྲུང་མཛད་ཀྱང་བཞེངས་པ་ཇི་ལྟར་ལགས་ཞུས་པས། ལྷ་བཙུན་པ་ངའི་སློབ་མ་ཡིན། ཁྱེད་བོད་ཀྱི་རྒྱལ་པོ་ཡིན་གསུངས། འོ་ན་ཁོ་བོ་སློབ་མ་མ་ལགས་སམ་ཞུས་པས། ཇོ་བོ་སིམ་མེར་མཛད་ནས། ལགས་ལགས་བཟོད་པར་མཛོད་གསུངས། དེ་ནས་ལྷ་བཙུན་བོ་དྷི་རཱ་ཛ་དེ་དང་པོར་སྡོམ་ལྡན་ཡིན་པ་ལ། ཇོ་བོ་མཆིམས་མེ་བྱ་བས་བསླུས་ནས་བསླབ་པ་འཆལ་བས། ཇོ་བོའི་གཟི་བརྗིད་མ་བཟོད་ཅིང་ངོ་གནོངས་པས་བཞུགས་པར་ཞུ་བ་ལ་ཕུལ། དེའི་སྟེང་དུ་ཇོ་མོ་དེས་བྱིས་པ་ཚན་གཅིག་ལ་པཎྜི་ཏས་ཀྱང་ཆོས་མ་བཤད། ལོ་ཙཱ་བས་ཀྱང་ལོ་མི་ཙཱ། ཨ་ཏི་ཤ་ལ་བཞུད་དུས་མེད་ཅེས་བྱ་བ་བསླབས། བྱིས་པ་ཚན་གཅིག་ལ་རྒྱལ་པོ་སའི་སངྒ་ལ་མཉེས་པའི་དུས་ཀྱང་མི་གདའ་ན། ལྷ་བཙུན་བོ་དྷི་རཱ་ཛ་ལ་འབབ་པའི་དུས་ཀྱང་མི་གདའ་ན། ཇོ་བོ་ལྷ་གཅིག་མཚན་ཅན་ལ་གཤེགས་པའི་དུས་ཀྱང་མི་གདའ་ན། ཞེས་བསླབས་ཟེར་དུ་བཅུག་པས། ཇོ་བོས་སྐྱོ་སངས་ལ་བྱོན་པའི་དུས་གསན་ནས། གང་ལ་སྤྲོས་པའམ་རྩོད་པ་ཡོད་པ་ལས། དཔག་ཚད་བརྒྱའམ་ཕ་རོལ་འགྲོ་བ་མཆོག །བྱ་བ་ཡིན་པས་ད་ལྟ་རང་གཤེགས་གསུངས་ནས་གཤེགས་པར་ཐག་བཅད་ནས་བང་སྟོན་ལ་སྐད་བཏང་། བང་སྟོན་གྱིས་སྤྱན་འདྲེན་པ་དགུག་པར་ཞག་ཤས་ཐོགས། དེའི་ཚེ་རྒྱལ་པོ་སའི་སངྒ་བྱ་བ་དེས་ཀྱང་རྟག་ཏུ་གཙེས་ཏེ། རེས་ངའི་ཆོད་མར་ཕ་བོང་བྱུང་ཟེར། རེས་རྒྱ་གར་ན་འདེངས་ཟེར། འཁོར་ཕལ་ཆེར་དང་ཡང་འཐབ་པས། ཇོ་བོ་ཡང་ཐུགས་སུན་ཅིང་རྟག་ཏུ་སྐྱོ། འོན་ཀྱང་ཐུགས་བྱང་ཆུབ་སེམས་ཀྱི་བསྐུལ་མར་དགོངས།
སྐབས་ཤིག་ཇོ་བོའི་ཞལ་ནས། བྱང་ཆུབ་སེམས་ནི་རིན་པོ་ཆེ། །གང་གི་ཐུགས་ལ་གནས་གྱུར་པ། །དེའི་སྐུ་ལ་ཕྱག་འཚལ་ན། །བསོད་ནམས་དཔག་ཏུ་མེད་པ་འབྱུང་། །འགྱུར་ལེགས་པར་གདའ་འམ་གསུངས། ཡང་འགྱུར་ལེགས་པར་གདའ་འམ་གསུངས། ཡང་ལོ་ཙཱ་བ་དང་གཉིས་འགྱུར་ཆུང་ཞིག་མཛད་པའི་ཚེ། ལོ་ཙཱ་བས་སྣག་ཚ་བོ་ནས། ཇོ་བོས་ལོ་ཙཱ་བ་སྒོར་ཕྱུང་བས། ལོ་ཙཱ་བས་བླ་མས་ན་ནིང་ཡང་མངའ་རིས་སུ་སྒོར་ཕྱུང་བྱས་པས། ཇོ་བོའི་ཞལ་ནས་ལོ་ཙཱ་བ་ངན་པར་ཐལ། ཁྱོད་ལ་འཁོན་དུ་འཛིན་པ་འདུག །ང་ལ་ཁྲོ་བ་ཡོད། འཁོན་དུ་འཛིན་པ་མེད་གསུངས། དེའི་དུས་སུ་ཡང་བོད་ཀྱི་མི་ཆེན་ཕལ་ཆེར་ཚོགས་པས་རབ་ཏུ་བྱུང་བ་རྣམས་ཚུལ་ཁྲིམས་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད། ཆོས་ཐམས་ཅད་ལག་ཏུ་གདབ་ཏུ་རུང་བར་མཛད་དོ།།
དེ་ནས་བང་སྟོན་གྱི་རྟ་པ་ཉིས་བརྒྱ་བསུར་བྱོན་པ་ལ་ཇོ་བོ་དགྱེས་ནས་གཤེགས་པའི་སྦྱོར་བ་མཛད་དེ། བསམ་ཡས་ཕུའི་ལ་ལ་བྱོན། དེའི་དུས་ཇོ་བོ་ལ་དྲེལ་ཁལ་མང་པོ་དང་། རྟ་ཕྱུགས་མང་པོ་ཡོད་པས་ཐུགས་འདོད་ཆེ་བར་གྲགས། འཁོར་རྣམས་ཀྱིས་ཕྱུགས་འདི་ཙམ་མི་འཚོང་བ་ཞུས་པས། ཁྱེད་ཀྱིས་མི་ཤེས། ཕ་རྒན་མ་རྒན་འཚོང་ངམ་གསུངས། དེ་ནས་བསམ་ཡས་ལ་བར་དུ་ཞག་གཅིག་བཞུགས་པའི་ཚེ། ཇོ་བོའི་ཞལ་ནས། རྟ་རྒན་སྙིང་རྗེ་སོང་གསུངས་ནས་བལྟར་ཕྱིན་པ་དང་། ལ་རྒྱབ་ན་རྟ་རྒན་གཅིག་ལག་པ་རྫ་བར་དུ་ཚུད་ནས་འདུག་སྐད། དེ་ནས་སྲིད་རྒྱ་ཕིགས་ཞེས་བྱ་བར་ཟླ་བ་ཕྱེད་བཞུགས།
དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་སྤྱན་དྲངས་ནས་ལྷ་སར་ཕེབས། དེ་དུས་ཇོ་བོ་ཐུགས་རྗེ་ཆེན་པོས་མི་རེང་སྐྱ་བོ་གཅིག་ཏུ་སྤྲུལ་ནས་བསུ་བ་ལ་བྱོན་ཏེ། མཧཱ་པཎྜི་ཏ་བྱོན་པ་ལེགས་རྒྱལ་བར་གྱུར་ཅིག་གསུངས། ཇོ་བོ་དེ་མ་ཐག་ཆིབས་པ་ལས་བབས། ཕྱག་ཐལ་མོ་སྦྱར། མདོ་འདོན་གྱིན་མགྱོགས་པར་འཕྲུལ་སྣང་དུ་བཞུད། མི་དེ་ཐུགས་རྗེ་ཆེན་པོ་ཡིན་པར་འདུག །བྱིན་རླབས་ཞུ་བར་འདོད་དེ་རྗེས་མ་ཟིན། འདི་ལ་ཐིམ་གསུངས་ནས་རང་བྱུང་ཐུགས་རྗེ་ཆེན་པོའི་དྲུང་ན་བཞུགས་ཏེ། འདི་ལས་ངོ་མཚར་ཆེ་བ་མེད། ཐུགས་རྗེ་ཆེན་པོ་དངོས་ཡིན་གསུངས་ནས་མཆོད་པ་རྒྱ་ཆེན་པོ་མཛད།
དེ་ནས་ཇོ་བོ་ཤཱཀྱ་གཟིགས་པས་སྤྲུལ་པའི་སྐུ་དངོས་སུ་གསུངས། རྒྱ་གར་གྱི་ལྷ་བཟོ་མཁས་པ་གཅིག་ལ་འདི་ཁོ་ན་འདྲ་བ་ཞིག་བཞེངས་ཤིག་གསུངས་ནས། རས་གཞི་གཅིག་ལ་ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ་པ་བཞེངས་པས་མི་འདྲ་གསུངས། ལན་བདུན་གྱི་བར་དུ་བསྐྱར་ནས་བྲིས་པའི་ཐ་མ་ལ་འདྲ་གསུངས་ནས་ཐུགས་དམ་གྱི་རྟེན་མཛད་དོ། །དེའི་དུས་སུ་ཡང་བོད་དབུས་གཙང་གི་མི་ཆེན་མང་པོ་འདུས་ནས་ཆོས་མང་པོ་གསུངས། ཁྱད་པར་རྔོག་གིས་དབུ་མཛད་པའི་བོད་སྟོན་ཁག་གཅིག་ལ་རིམ་པའི་ཆོ་ག་རྒྱས་པར་གསུངས། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ་དང་། སང་ལྡེང་ནགས་ཀྱི་སྒྲོལ་མ་སོགས་ཀྲི་ཡའི་ཆོས་མང་དུ་བསྒྱུར། དབུ་མའི་ཆོས་ཞུས་པས། དབུ་མ་རྟོག་གེ་འབར་བ་གསུངས་ཤིང་། དེའི་མན་ངག་ཆེ་ཆུང་གཉིས་མཛད། ཕ་རོལ་ཏུ་ཕྱིན་པ་ཞུས་པས། སློབ་དཔོན་ལེགས་ལྡན་རྣམ་སྣང་གིས་མཛད་པའི་སིན་དྷར་ཐ་གསུངས། འདུལ་བ་ཞུས་པས། དགེ་སློང་གི་དང་པོའི་དྲི་བ་དང་། དགེ་ཚུལ་གྱི་དང་པོའི་ལོ་དྲི་བ་གཉིས་གསུངས། དགེ་བཤེས་རྣལ་འབྱོར་པས་ངེད་ཀྱི་སྡེ་པ་ཐམས་ཅད་ཡོད་པར་སྨྲ་བ་འདི་ལ་སྤྱི་བཤགས་བདོག་ལགས་སམ་ཞུས་པས། ཁྱེད་རང་གི་སྡེ་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་རེ་ཤནྟིས་མཛད་པ་ཡོད་གསུངས་ནས་སྤྱི་བཤགས་བསྒྱུར། འདིས་མ་ལུས་པ་བདག་ལགས་སམ་ཞུས་པས། ལྟུང་བའི་རིགས་ངོས་ཟིན་པ་རྣམས་འདུལ་བ་ལས་འབྱུང་བ་བཞིན་བཤགས་དགོས། མི་ཤེས་པ་དང་རྗེད་པས་བྱས་པ་རྣམས་འདིས་འདག་གསུངས།
ཡང་སྐབས་ཤིག་ཇོ་བོའི་ཞལ་ནས། ངས་ཕལ་ཆེན་པའི་སྡེ་པ་ཞིག་འཛུགས་སམ་གསུངས་པ་ལ། དགེ་བཤེས་སྟོན་པས་བླ་མ་དེ་མི་མཛད་པར་ཞུ། བོད་དུ་འདི་མི་ལེགས་ཞུས་པས། ང་གསང་སྔགས་དང་དོ་ཧ་རྡོ་རྗེ་གླུ་ལ་སོགས་པ་ཡང་བཤད་དབང་ཡང་མེད། སྡེ་པ་འཛུགས་དབང་ཡང་མེད་ན། ཁོ་བོ་འོངས་པ་ལ་དོན་མ་མཆིས་གསུངས། དེའི་དུས་རང་བཞིན་གྱི་རྣལ་འབྱོར་མ་མང་པོ་དང་། དགྲ་བཅོམ་པ་གཅིག་ཀྱང་འདུག་པ་གཟིགས། དེ་དག་ལ་སོགས་པ་ཡ་མཚན་གྱི་རྟགས་གཟིགས་ནས། བོད་ན་དུར་ཁྲོད་ཀྱི་གནས་གཅིག་ཡོད་པར་བཤད་པ་འདི་ཡིན་པར་འདུག་གསུངས། གནས་ཆེན་བརྒྱད་ཀྱི་བཤད་པ་མཛད་ཅིང་། གསང་སྔགས་སྒྲུབ་པའི་གནས་མཆོག་ཏུ་གྱུར་པ་ཡིན་ཞེས་ཐུགས་ཚིམ་པ་མེད་པར་ཞབས་སྐོར་མཛད་པ་ལ། དགེ་བཤེས་གསང་ཕུ་བས། སྔར་བསམ་ཡས་སུ་ནམ་མཁའ་ལ་སྐོར་བ་མཛད་ཟེར་བ་དེ་ཐུགས་ལ་བཞག་ནས་གཟིགས་པས། ནམ་ཞིག་ཇོ་བོ་ནམ་མཁའ་ལ་སྐོར་བ་མཛད་ཅིང་འདུག །དེར་ཇོ་བོ་ལ་བསམ་ཡས་ཀྱི་རྒན་མོ་དེ་སྣང་བ་དག་པར་གདའ། ཇོ་བོ་ནམ་མཁའ་ལ་སྐོར་བ་མཛད་ཅིང་གདའ་ཞུས་པས། ཁོ་བོ་ལ་རྒྱ་གར་ན་ཡང་དེ་ལྟར་གྲགས་གསུངས། དེའི་དུས་བོད་སྟོན་རྣམས་ཀྱིས་སྐོར་བའི་གདམས་པ་ཞུས་པས། འདུས་བྱས་ཀྱི་དགེ་བ་ལ་སྐོར་བ་ལས་ཕན་ཡོན་ཆེ་བ་མེད། ལུས་ངག་ཡིད་གསུམ་ཀས་སྐོར་བ་ཡིན་གསུངས། རྒྱ་གར་དུ་གྲོང་ཁྱེར་ཆེན་པོ་ལ་སྐོར་བ་བྱས་པ་དངོས་གྲུབ་ཐོབ་པ་དང་། གཙུག་ལག་ཁང་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང་། ཁ་སར་པ་ཎིའི་ལྷ་ཁང་ལ་སྐོར་ལ་བྱས་པས་དངོས་གྲུབ་ཐོབ་པ་ལ་སོགས་པའི་གཏམ་མང་པོ་གསུངས་ཤིང་སྐོར་བའི་གདམས་པ་རིགས་མང་དུ་གནང་།
ཡང་སྐབས་ཤིག་སྐོར་བ་མཛད་ཅིང་གཙུག་ལག་ཁང་འདི་ལྟར་བཞེངས་པའི་གཏམ་རྒྱུད་ཅིག་འོང་ཐང་སྙམ་དུ་ཐུགས་ལ་དགོངས་པ་ན། སྤྲང་མོ་སྨྱོན་མ་ཞིག་ན་རེ། ལྐོག་ཕ་གིར་གཤེགས་འཚལ་ཟེར་ཏེ། རཱ་ཛ་བོ་དྷི་ས་ཏྭ་དེས་གཙུག་ལག་ཁང་འདི་ཇི་ལྟར་བཞེངས་པའི་གཏམ་རྒྱུད་ཅིག་འཚལ་ལམ་ཟེར་བས། རང་བཞིན་གྱི་རྣལ་འབྱོར་མར་མཁྱེན་ནས། ཡིད་ཀྱི་ཕྱག་མཆོད་མཛད་ནས་གཅིག་ཀྱང་འཚལ་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས། འདོམ་ཕྱེད་དང་གསུམ་གཞལ་བ་ན་ཡོད། གཞན་ལ་མ་སྨྲ་ཞིང་ཟེར། དེར་འདོན་པར་བརྩམས་པས་གཏེར་བདག་གཉན་པོ་ཞིག་འདུག་པས། དེ་རིང་ཇི་ཙམ་ཟིན་པ་ཞིག་བྲིས། དེ་མིན་མི་སྟེར་ཟེར་བས། རྣལ་འབྱོར་པས་དབུ་མཛད་སྟོན་པ་བཞི་ཀས་བྲིས་པས་ཕལ་ཆེར་ཟིན། ལྷག་མ་ཅུང་ཟད་ལུས། སྣག་སྙུག་མ་འཛོམས་ཏེ། ཅི་སྙེད་ཀྱིས་བྲིས་པས་ཡི་གེ་མི་གསལ་ཙམ་ཡོད། འདི་སུ་ལ་ཡང་མ་བསྟན་ཅིག །ལྷ་སྲུང་བཟང་པོ་ཞིག་འདུག་གོ་གསུངས་ནས་ལྷ་སའི་སྐུ་གཉེར་བ་ལ་གཏད། གཞན་གདུང་རྟེན་དུ་བཅུག་སྐད། དེ་ནས་ཞག་གཉིས་ན་རང་བཞིན་གྱི་རྣལ་འབྱོར་མ་དེ་ལྷ་རྣམས་ཀྱིས་བསུས་ནས་གཤེགས་གསུངས་ཏེ། རྣལ་འབྱོར་པས་གཟིགས་སུ་བྱོན་པ་གྲོངས་མ་ཐག་ཏུ་འདུག །ཇོ་བོའི་ཞལ་ནས། གྲིབ་གྱི་རི་དང་ལྷ་ས་གཉིས་ཕར་བཞུད་ཚུར་བཞུད་བྱེད་པའི་རྣལ་འབྱོར་མ་གཅིག་ཀྱང་འདུག་གསུངས། ལྷ་སར་དགུན་གཅིག་བཞུགས། དེའི་དུས་སུ་ཆོས་གསུངས་པ་རྣམས་ལ་ཡང་ཟབ་རྟགས་ཁྱད་པར་ཅན་མང་པོ་གཟིགས། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེར་བཏགས་པ་ཡིན་ནོ་གསུངས་སོ།།
དེ་ནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་སྤྱན་དྲངས་ནས་ཡེར་པར་ཕེབས། གནས་བརྟན་དད་པ་བླ་མས་ཇོ་བོའི་གཟིམས་ཁང་དུ་དམིགས་པ་གཅིག་བརྩིགས་པར་ཞག་གཅིག་བཞུགས་ཏེ་གཟིམས་ཁང་དུ་གྲགས། དེ་ནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་དབུ་མཛད། བོད་སྟོན་བདུན་གྱིས་རིམ་པར་ཞུས། སྒྲོལ་དཀར་གྱི་སྒྲུབ་ཐབས་དང་། སེར་བ་བཟློག་པའི་ཆོ་ག་དང་། དམ་ཚིག་གསུམ་བཀོད་རྒྱལ་པོའི་ལེའུ་རྣམས་ཞུས་ནས་ལོ་ཙཱ་བས་བསྒྱུར་རོ། །ཡང་དེར་ཞང་བཙུན་འོལ་སྐོད་འབར་གྱིས་བསྙེན་བཀུར་བཟང་པོ་མཛད་ནས་གདམས་པ་ཞུས་པས། རིགས་ཀྱི་བུ་ཚེ་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། ཚེའི་ཚད་ཀྱང་མི་ཤེས་པས་ཁྱོད་ཀྱིས་སྒོམས་ཤིག །བསྒོམས་པས་མང་པོ་གོ་བ་ཡིན། ཉན་པས་ཉུང་ངུ་ཉུང་ངུ་ལས་མི་གོ །ཁྱོད་སྒྲུབ་པ་སྙིང་པོར་གྱིས་ཤིག་གསུངས། དེ་ལ་སོགས་པ་གདམས་པ་མང་པོ་གསུངས།
དེའི་དུས་ན་གྲུབ་ཐོབ་གནས་རྙིང་པ་ཕྱག་མཛད། དགེ་ཚུལ་བཞི་ལ་ཡང་ཕྱག་མཛད། ཇི་ལྟར་ལགས་ཞུས་པས་བཞི་གདའ་པ་གསུངས། མང་བ་དྷ་མོ་ནད་པ་ཞིག་གིས་བསྙེན་བཀུར་བྱས་པས། དེ་ཤི་བ་ཇོ་བོས་མཁྱེན་ནས། རྣལ་འབྱོར་པ་ཡོན་བདག་མོ་དེ་ཤིའམ་གསུངས། ཅང་ཤིའམ་ཁ་སང་རང་བསྙེན་བཀུར་བྱས་པ་ཞུས་པས། དེ་རིང་ཤི་བ་ཡིན། མོ་ལྷ་རུ་སྐྱེས་ནས་བཀའ་དྲིན་གྱི་མཆོད་པ་བྱེད་ཅིང་འདུག་གསུངས། དེའི་ཚེ་ལྷ་སར་མཆོད་པ་ཆེན་པོ་བྱེད་པ་ཇོ་བོས་གསན་ནས། སྟོན་པ་ལ་རང་ཅག་ཀྱང་མཆོད་པ་ལ་འདེང་ངམ་མེ་ཏོག་ཁྱེར་གསུངས། སྟོན་པས་དེ་མི་མཆི། ངེད་བོད་ན་དེ་ལ་སྐུ་བར་བྱེད་ཞུས་པས། ཨ་མེས་རྒྱ་གར་ན་མེད་པའི་གཏམ་མང་པོ་བོད་ན་འདུག་གསུངས་ནས་མ་མཉེས། གནས་བརྟན་དད་པས་དེ་ཐུགས་ལ་བཞག་ནས་མཆོད་པའི་ཡོ་བྱད་བསགས་ཏེ། ཇོ་བོ་ལ་ལྷ་སར་མཆོད་པ་ལ་གཤེགས་ཞུས་པས། ཁྱེད་བོད་ཁ་ཟེར་དུ་འོང་མི་འགྲོ་གསུངས། གནས་བརྟན་གྱིས་བླ་མ་རྗེ་བཙུན་ལ་དད་པ་མི་འདུག་པ་ཞུས་པས། ང་མ་དད་པས་སངས་རྒྱས་བྱང་ཆུབ་སེམས་རྣམས་སྔོན་ལ་ཤོར། ཁྱོད་ལྟ་བུའི་ཟླ་ལ་ལུས་པ་ཡིན་མོད་གསུངས། གནས་བརྟན་ན་རེ། དེ་ལས་ཡི་མུག་པ་བྱེད་མ་མྱོང་ཟེར་སྐད།
ཡང་ཡེར་པར་བཞུགས་སྐབས་དེར་བྲན་ཀས་བར་ཆོད་བརྩམས་པས་རྟ་མགྲིན་ཤ་ན་བཞི་སྐོར་གྱི་སྒོ་ནས་བྲན་ཀ་བཏུལ་ཞིང་དམ་ལ་བཏགས་སོ། །དེ་ནས་རྟ་མགྲིན་གྱི་སྒྲུབ་སྐོར་དེ་གཞན་སུས་ཞུས་ཀྱང་མ་གནང་བར། དགེ་བཤེས་ཡོལ་ལ་ཁྱོད་སྙིང་རྗེ་ཆེ་བ་ཡིན་པས་འདི་སྦྱིན། ཁྱོད་ཀྱི་སྙིང་རྗེའི་ལྷ་ཡིན་གསུངས་ནས་གནང་ངོ་། །ཡང་དེའི་ཚེ། དར་ཡུལ་མངོན་པ་ཞེས་ཟེར་བ་དེ་བྱུང་ནས། རྔོག་བྱང་ཆུབ་འབྱུང་གནས་ལ་གཡུ་རྡོག་གཅིག་བྱིན་ནས་གྲོགས་པོ་བཅོལ་ཏེ་ཇོ་བོ་མཇལ། ཁུ་སྟོན་གྱིས་འདི་བསོད་ནམས་ཆེ་བ་ཡིན་པ་ལ་བདུད་ཀྱིས་ཁྱེར་བ་ཡིན་པས་འདི་ཚར་བཅད་པ་ཞུ་ཞུས་པས། ཇོ་བོའི་ཞལ་ནས། ངས་དཔུང་བྱ་ཡིས་ཁྱོད་ཚར་ཆོད་ཅིག་གསུངས།
དེ་ནས་ཁུ་སྟོན་གྱིས་ཇོ་བོའི་སྐུ་སྐྱེ་སྔ་ཕྱི་སོགས་དྲིས་པས། མང་པོ་ཞིག་ཤར་གྱིས་བྱུང་། དེར་ཁུ་སྟོན་གྱིས་འགྲམ་པ་གཡས་གཡོན་དུ་དཀར་གོང་དང་སྲན་མ་བཅུག་ནས། འོ་ན་ངའི་འགྲམ་པ་གཡས་གཡོན་ན་ཅི་ཡོད་དྲིས་པས་མ་ཤེས་པར་སྐྱེངས་ཏེ་སོང་། དེ་ཕྱིན་ཆད་དེ་མ་བྱུང་ཞིང་བོད་ན་སྔར་དེ་འདྲ་མང་པོ་ཡོང་བ་ཕྱིས་ཉུང་དུ་སོང་། དེ་ནས་འཕན་ཡུལ་དུ་སྤྱན་དྲངས་པས། ལུང་པ་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བ་འདིར་མི་འགྲོ་གསུངས་ནས་མ་བྱོན། དེ་ནས་བང་སྟོན་གྱིས་སྤྱན་འདྲེན་ཞུས་ཏེ་སྙེ་ཐང་དུ་ཕེབས། བང་སྟོན་གྱི་སྲིང་མོ་བཙུན་མ་ཕྱུག་མོ་ཞིག་དང་། བང་སྟོན་གཉིས་ཀྱིས་ཇོ་བོ་དཔོན་སློབ་རྣམས་ལ་སྣེ་ལེན་བསྙེན་བཀུར་བཟང་པོ་ཞུས། བལ་འགོར་བཞི་དང་སྲན་ཁལ་བརྒྱད་ཁུལ། བང་སྟོན་གྱིས་མི་ཆོས་ལྗང་པ་རྣམས་ཀྱིས་ཇོ་བོ་ལ་ཕྱག་རྟེན་བྱེད་པའི་བོང་རྒྱབ་ལྗོངས་ནས་སྙེ་ཐང་དུ་མི་རྫོགས་པ་ཕུལ་སྐད། དེ་ནས་བན་དྷེ་མོ་དེས་ཇོ་བོའི་ཐབ་ལ་ཟོས་པས། བང་སྟོན་ན་རེ། ཇོ་བོའི་དད་རྫས་ཁྱེད་ཀྱིས་མི་འཇུ་ཟེར་ནས་བཀག་གོ །བང་སྟོན་དེ་ནི་ཐུགས་བསམ་བཟང་པོ་ཞིག་ཡོད་པ་འདུག་སྟེ། ལན་ཅིག་བང་སྟོན་གྱིས་ཐུགས་རྗེ་ཆེན་པོའི་གཟུངས་རིང་བཟླས་པས་བྱིན་རླབས་ཀྱི་མཚན་མ་ཆེན་པོ་བྱུང་བས། ཇོ་བོའི་ཞལ་ནས། བང་སྟོན་གྱི་སྔགས་ཀྱི་སྒྲ་དེ་ལ་བྱིན་རླབས་མི་འོང་། བསམ་པ་བཟང་པོའི་བྱིན་རླབས་ཡིན་གསུངས། ཡང་ཇོ་བོ་ཉིན་རེ་བཞིན་ཕྱག་ཚ་མང་པོ་མཛད་པས། ལན་ཅིག་ཕྱག་སྙུང་བས། བང་སྟོན་ལ་འདི་ལ་བྱིན་རླབས་གྱིས་དང་ཁྱེད་བསམ་པ་བཟང་གསུངས། ཇོ་བོ་སྙེ་ཐང་དུ་བཞུགས་པའི་རིང་། ཇོ་བོའི་གསོལ་ཞོ་སྐོལ་གྱི་ཕུ་ནས་དྲངས་པས། དེ་ཕྱིན་ཡུལ་དེ་ལ་ཕྱུགས་ནད་དང་གཅན་གཟན་མ་བྱུང་ཟེར།
ཡང་སྐབས་ཤིག་བོད་ཁམས་གསུམ་གླིང་དགུའི་མི་ཆེན་ཚོགས་ནས་ཆོས་ཞུས། སྐྱེ་བོ་ཐམས་ཅད་སྐྱབས་འགྲོ་ལ་བཀོད་པས་སྐྱབས་འགྲོ་བ་ཞེས་གྲགས། བཀའ་གདམས་པ་ཕྱིས་ན་གྲགས་པ་ཡིན་གསུངས། ཡང་དེའི་དུས་སུ་ལྷ་བཙུན་པས་བོད་ཀྱི་རབ་ཏུ་བྱུང་བ་ཐམས་ཅད་ལ་ཤམ་ཐབས་ཁྲལ་བསྡུས་ནས་སྙེ་ཐང་ན་མོ་ཆེར་འབུལ་བ་ཆེན་པོ་བྱས་ཏེ། འབྲོམ་སྟོང་བཙན་ནམ་མཁའ་བྱ་བ་གཟུགས་མཛེས་པ་གཅིག་གིས་ཕྱག་ཏུ་འབུལ་དུ་བཅུག །ཡང་དེ་ལ་བཙུན་མོ་རིན་པོ་ཆེའི་ཆ་ལུགས་བྱས་ནས་རྒྱལ་སྲིད་སྣ་བདུན་ཡང་ཕུལ། དེའི་ཚེ་བོད་སྟོན་རྣམས་ཀྱིས་བརྒྱད་སྟོང་པ་ཞུས་པས། ངས་ཤེས་ཚད་ཅིག་བྱའམ་གཞུང་གི་ཐོབ་ཚད་ཅིག་བྱ་གསུངས་པས། གཞུང་གི་ཐོབ་ཚད་ཅིག་ཞུ་ཟེར་བ་ལ་པཎྜི་ཏའི་བཤད་ལུགས་ཐོ་རེ་བ་ཞིག་གསུངས་པས། བོད་སྟོན་རྣམས་ཡིད་མ་ཆེས་ཤིང་ཁུ་སྟོན་ན་རེ། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཨ་པོ་རང་ཁོ་ན་ཡིན་ཟེར། དེ་ནས་དགེ་བཤེས་སྟོན་པས་བོད་སྟོན་ཁ་ཅིག་དང་གྲོས་བྱས་ཏེ། ཇོ་བོས་མཁྱེན་ཚད་ཅིག་ཞུས་པས། ཤིན་ཏུ་ལེགས་པ་ཞིག་བྱུང་། དེ་ལ་དགེ་བཤེས་ཕྱག་དར་སྟོན་པས་ཟིན་བྲིས་བྱས་པས། ཤེར་ཕྱིན་ཁམས་ལུགས་གྲགས་པ་བྱུང་ཞིང་། འཕགས་པ་བརྒྱད་སྟོང་པ་ཀུན་ཏུ་རྒྱུ་བདེ་ཆེན་ཡང་ལེགས་པར་བསྒྱུར་རོ།།
ཡང་དེའི་དུས་ཞང་སྣང་ཆུང་སྟོན་པ་དང་། ལྷ་ལྗང་སྟོན་པ་དང་། ཕྱག་དར་སྟོན་པ་བཞིས་གྲུབ་མཐའི་རྣམ་གཞག་ཅིག་ཞུ་བར་ཇོ་བོའི་གཟིམས་ཁང་དུ་བྱོན་པས་ཆོས་སྤྱོད་མཛད་ཅིང་གདའ། དེ་ཐོན་པ་དང་ཇོ་བོའི་ཞལ་ནས། པཎྜི་ཏ་ཀུན་ཅི་བཞེད་ལགས་གསུངས། གྲུབ་མཐའི་གདམས་པ་ཞིག་ཞུ་བ་ལགས་ཞུས་པས། ཕྱི་རོལ་པའི་འཇུག་པ་ལྔ། ནང་པའི་འཇུག་པ་གཅིག་ཅེས་པ་ལ་རྟེན་ནས། གྲུབ་མཐའ་ཁ་ཅིག་གསུངས་ནས། སློབ་དཔོན་རྣམས་ཀྱི་བཞེད་གཞུང་མང་པོ་ཅིག་ཡོད་དེ། དེ་ཐམས་ཅད་རྣམ་ཐར་རྟོག་པ་ལགས། ཚེ་ཐུང་འདི་ལ་རྣམ་ཐར་རྟོག་པ་བགྲངས་ཀྱིས་མི་ལངས་པས་སྙིང་པོ་བསྡུས་མཛོད་གསུངས། སྙིང་པོ་ཇི་ལྟར་བསྡུ་ཞུས་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པར་གྱིས། དེ་མ་བཟོད་པས་བྱང་ཆུབ་ཏུ་སེམས་བསྐྱེད། དེ་གྲུབ་པའི་ཕྱིར་ཚོགས་གཉིས་རྫོགས་པར་མཛད་དོ། །དེའི་དགེ་བ་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོས་མཛོད། ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོམས་པར་གྱིས། དེ་ལྟར་གྱིས་ལ་སྙིང་པོ་བསྡུས་མཛོད་གསུངས།
ཡང་རིན་བླ་མ་ཟེར་བ་གཅིག་གིས་ཅི་མ་བྱས་པར་འཚང་རྒྱ་བའི་ཐབས་ཤིག་ཞུ་ཟེར་བས། བྱུང་ན་ཁོ་བོ་ཡང་འདོད་དེ། ཚོགས་གཉིས་མ་རྫོགས་པའི་སངས་རྒྱས་ཁོ་བོས་མི་ཤེས་གསུངས། ཡང་བོད་སྟོན་ཁ་ཅིག་གིས་ཆོས་ཞུ་བར་བྱས་པ་ལ། ཞང་སྣང་ཆུང་སྟོན་པ་ན་རེ། ཇོ་བོ་ལ་ཆོས་ཞུས་ཚད་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་བྱ་བ་ལས་མི་ཡོང་ཟེར། དེ་ཇོ་བོས་གསན་ནས་ཞང་སྣང་ཆུང་སྟོན་པ་ཟེར་བ་བདེན། ང་ལ་རྒྱ་གར་ན་ཡང་ཁྱེད་འདྲ་བ་མན་ངག་ལ་དགའ་བ་སྒྲུབ་པ་ལ་མི་དགའ་བ་གཅིག་ཡོད། ཁོ་ཡང་བྱང་ཆུབ་སེམས་ལ་ཡིད་མ་ཆེས་ཞེས་གྲགས་པའི་འཕྱ་བའི་གཏམ་རྒྱུད་གསུངས་སོ།།
ཡང་སྐབས་ཤིག་ཇོ་བོས་ཕྱག་དར་སྟོན་པ་ལ་གུད་དུ་གསུངས་པ། བླ་མའི་གདམས་ངག་གསང་བས་འགྲུབ་པ་ཡིན་ཏེ། བསྟན་པ་ཉམས་པའི་དུས་སུ་བཟླ་དགོས། ཁྱེད་ཤེས་རབ་ཤིན་ཏུ་ཆེ་བར་འདུག་པས་ངས་ཇི་སྐད་བཤད་པ་བཞིན་དུ་གོ །ཇི་སྐད་ཟེར་བ་བཞིན་ད་བྱེད། གཞན་རྣམས་ཀྱིས་བསྟན་ཡང་མི་གོ །མ་གོ་བས་དེ་མ་ཡིན་པ་ཞིག་ལོགས་ན་ཡོད་སྙམ་ནས་འོང་། ཁྱེད་བྱང་ཆུབ་ཀྱི་སེམས་འབའ་ཞིག་སྒོམས་ཤིག་གསུངས། རྣལ་འབྱོར་པ་ཕྱག་ཁྲི་མཆོག་ལ་ཡང་ཁྱེད་མིང་དང་རུས་ཡིད་ལ་མ་བྱེད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིད་ལ་གྱིས་ཤིག་གསུངས། ཇོ་བོ་ཉིད་རང་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་ཐུགས་འབའ་ཞིག་སྦྱོང་བར་མཛད་ཅིང་། སེམས་ཅན་སྡུག་བསྔལ་ཅན་གཟིགས་ན་སྤྱན་ཆབ་རང་དབང་མེད་པར་འབྱུང་། ཞལ་ནས་ཀྱང་། ངན་སོང་ཐམས་ཅད་འཇིགས་པ་དང་། །སྒྲིབ་པ་ཐམས་ཅད་ལ་སྒྲོལ་ཞིང་། །རྫོགས་སངས་གོ་འཕང་གསལ་བྱེད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། ངན་འགྲོ་ཐམས་ཅད་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་པ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་ཡང་དང་ཡང་དུ་གསུངས་པར་མཛད་དོ། །དེའི་ཕྱིར་ལོ་ཙཱ་བས་བསྟོད་པ་ལས་ཀྱང་།
སེམས་ཅན་སྡུག་བསྔལ་ཅན་གཟིགས་ནས། །
ཐུགས་མི་བཟོད་པར་སྤྱན་ཆབ་འབྱུང་། །
ཐུགས་རྗེས་ཐུགས་ནི་གདུང་བ་ཁྱོད། །
རྟག་ཏུ་གཞན་དོན་འབའ་ཞིག་མཛད། །
ཅེས་བསྔགས་སོ། །ཇོ་བོ་བླ་མ་གཞན་ལ་འདས་མཆོད་མི་མཛད། བླ་མ་གསེར་གླིང་པ་ལ་འདས་མཆོད་བཟང་པོ་མ་ཆགས་པར་མཛད། དེའི་དུས་ན་སྤྱན་ཆབ་ཤར་ཤར་འབྱོན། ཨ་ཏི་ཤ་ཅི་ནོངས་ལ་ཞུས་ནས་བླ་མ་དྲན་གསུངས་སྐད། བླ་མ་གསེར་གླིང་པ་དྲན་པའམ་མཚན་གསན་པའི་དུས་ན་ཕྱག་ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱོར། བསྟོད་པ་ཚིག་བཞི་པ་རེ་ངེས་པར་མཛད། བླ་མ་གཞན་ལ་དེ་ལྟར་མི་མཛད་པར་གསེར་གླིང་པ་ལ་མཛད་པ་ཇི་ལྟར་ལགས་ཞུས་པས། ཁོ་བོའི་སེམས་བཟང་པོ་དུམ་ཙམ་ཞིག་བླ་མ་གསེར་གླིང་པའི་བཀའ་དྲིན་ཡིན་གསུངས། ཕྱག་སྤྱི་བོར་ཐལ་མོ་སྦྱོར། དགེ་བཤེས་སྟོན་པ་སོགས་ལ་སེམས་བཟང་པོ་གྱིས། བྱང་ཆུབ་ཀྱི་སེམས་མེད་ན་ཆོས་མང་པོ་ཉན་པ་དང་བལྟས་པ་དང་། བསམ་པ་དང་། སྒོམ་པ་དང་། བསྐྱེད་རིམ་དང་རྫོགས་རིམ་དང་། དབུ་མའི་ལྟ་བ་སྒོམ་པ་དང་། བཟླས་བརྗོད་ལ་སོགས་པ་གང་བྱས་ཀྱང་ཕན་པ་མེད། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་སྦྱོར་དང་། བྱང་ཆུབ་ཀྱི་སེམས་ལ་གནོད་པའི་དགེ་བ་ཐམས་ཅད་བདུད་ཀྱི་ལས་ཡིན། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་ལུས་ངག་གི་དགེ་སྦྱོར་ལྡམ་ལྡེམ་ཐམས་ཅད་མ་རིག་པའི་རྐྱེན་གྱི་འདུ་བྱེད་ཡིན། ཀུན་འབྱུང་དུ་ཆ་བ་ཡིན་གསུངས།
ཡང་སྐབས་ཤིག་དགེ་བཤེས་སྟོན་པས་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས། ཇོ་བོ་ཕྱག་ཐལ་མོ་ཤར་ཕྱོགས་སུ་སྦྱར་ཏེ། ད་ལྟ་རྒྱ་གར་ཕྱོགས་ན། ལྟ་བ་འདི་ཁོ་ན་འཛིན། ཁྱོད་ལྟ་བུའི་སེམས་ཅན་ཆེན་པོ་བོད་ན་ཡོད་པ་བསོད་ནམས་རེ་མི་ཆུང་། ཁོ་བོ་འོང་མི་དགོས་པ་འདུག་པ་ལ་གསུངས་ནས་གདམས་ངག་ཤས་གཅིག་གནང་། ཡང་སྐབས་ཤིག་ཇོ་བོས་ཀྱང་བོད་སྟོན་རྣམས་ལ་ཀུན་གཞིའི་ལྟར་འདོད་དང་། མདོ་སྔགས་ཀྱི་ཁྱད་པར་དང་། སྡོམ་པ་གསུམ་ཇི་ལྟར་འདོད་དང་། སོ་སོར་ཐར་པའི་སྒྲ་དོན་ཇི་ལྟར་འདོད་སོགས་དྲི་བ་མང་པོ་ཞིག་མཛད་ཅིང་། ཐུགས་ཕེབས་པའི་ཞལ་ཀྱའི་ཚུལ་དུ་བོད་ན་ཆོས་འཚོང་བའི་ཚོང་པ་མང་པོ་སྣང་། རྒྱ་གར་ན་ཟོང་འཚོང་བའི་ཚོང་པ་མང་པོ་ཡོད་གསུངས། དེ་གཉིས་གང་དགའ་ཞུས་པས། ཆོས་འཚོང་བའི་ཚོང་པ་ནི། བིཪྺ་ཀུ་ནི་ལ་ལི། ཟོང་འཚོང་བའི་ཚོང་པ་ནི་ཕ་ལ་ཕ་ལ་གསུངས།
ཡང་སྐབས་ཤིག་རྔོག་ལ་སོགས་པས་ཇོ་བོ་ལ་སྙུན་རྨེད་མཛད་པས་འབྲིང་ངེ་ཙམ་གསུངས། འབྲིང་ཚོ་ལགས་སམ་ཞུས་པས། གང་ན་ལགས་ཁོ་བོ་ནང་པ་སངས་རྒྱས་ལགས་གསུངས། ཡང་ཇོ་བོའི་ཞལ་ནས། བོད་ན་མུ་སྟེགས་པ་དངོས་མི་འདུག་སྟེ་ཆ་མཐུན་འདུག །གནས་བརྟན་གནས་གཞི་འཇིགས་པ་འདི་རྣམས་ཡིན་གསུངས། ཡང་སྐབས་འགར་སྙེ་ཐང་ན་མོ་ཆེར་སྐྱོ་སངས་མཛད། ལྡོང་ལྡོང་བཞུགས་ནས། རེ་ལུག་དང་། རྟེའུ་ཀུན་ལ། རེའི་བུ་ཆུང་ཁམས་བདེའམ། རྟའི་བུ་ཆུང་ཁམས་བདེའམ་གསུངས། ཁྱད་པར་ཁྱི་གུ་རྣམས་ཕྱག་ཏུ་བསྣམས་ཤིང་ཁྱིའི་བུ་ཆུང་ཁམས་བདེའམ། ལུས་ངན་འདི་ལྟ་བུ་ལེན་པ་ཁྱོད་རང་གིས་ནོངས་གསུངས། ཐུགས་བརྩེ་བ་དང་ཉེ་བའི་རྣམ་འགྱུར་མཛད། རེས་མཛེ་སྤྲང་ཀུན་ལ་བག་ཆགས་ངན་གསུངས་ནས་ཤངས་སྐྱོར། རེས་མཛེ་སྤྲང་གི་གསེབ་ཏུ་བཞུགས། ཕམ་བབ་གནང་ཞིང་བྱམས་སྙིང་རྗེ་སྒོམ་པ་མཛད་པ་དང་། ཁུ་སྟོན་གྱིས་བླ་མས་ཀྱང་མི་ཆེན་མི་མཁྱེན་པར་གདའ། དེ་ལྟར་མཛད་པ་མ་ལེགས་ཞུས་པས། ཇོ་བོའི་ཞལ་ནས། བོད་ཀྱི་མི་ཆེན་གྱིས་དགོས་པ་མེད། ངའི་བྱམས་སྙིང་རྗེ་ལ་གནོད་གསུངས།
ཡང་ཉིན་ཅིག་དེ་རིང་ངའི་དྲུང་དུ་སུ་ཡང་མ་ཐོངས་ཤིག་གསུངས་པས། རྒྱ་གར་ནག་ཆུང་གི་འབུལ་བ་བྱེད་དུ་གཏང་བ་ཡིན་ཟེར་བ་གཅིག་བྱུང་། དེ་བཏང་བས་ཁྲེས་པོའི་ནང་ནས་ལྕགས་ཀྱི་སྦར་མོ་ཞིག་འུར་གྱིས་སོང་བས། ཇོ་བོའི་སྐུ་རྒྱབ་ཀྱི་རྩིགས་ངོས་ལ་ཐིམ་སོང་ནས་ཁྲིལ་ལི་འདུག་སྐད། བོད་དུ་ནང་པའི་བསྟན་པ་འཕེལ་གྱི་དོགས། མུ་སྟེགས་རྣམས་ཀྱིས་གྲོས་ནས་ངན་སྔགས་བཏང་བས་མ་ཚུགས་པ་ཡིན་གསུངས།
ཡང་ཉིན་ཅིག་རྒྱ་གར་ནས་དགེ་སློང་སྦྱངས་པའི་ཡོན་ཏན་དང་ལྡན་པ་གཉིས་བྱུང་ནས་ཇོ་བོ་ལ་ཆོས་ཀྱི་གཏམ་ཞུ་བ་ལ། ཇོ་བོས་གང་ཟག་གི་བདག་མེད་ལས་ཙམ་ཆོས་གསུངས་པས་དད་ཅིང་ཉན། ཆོས་ཀྱི་བདག་མེད་གསུངས་པ་ན། ཨ་ཏི་ཤ་འཇིགས་འཇིགས་མི་གསུངས་པར་ཞུ་ཟེར་ནས་རྣ་བ་འགེབས། ཤེས་རབ་སྙིང་པོ་སྟོན་ཀྱང་རྣ་བ་འགེབས་པས། ཇོ་བོ་ཐུགས་ཆད་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་འཕངས་ནས། ཚོགས་ཁྱད་པར་ཅན་ལ་འབད་པར་མ་བྱས་ན། སྲུང་སྡོམ་དག་པ་གཅིག་པུས་གར་ཡང་མི་ཕྱིན་པར་འདུག་གསུངས།
ཡང་སྐབས་ཤིག་རྒྱ་གར་ནས་འབུལ་སྐྱེལ་བ་བྱུང་བ་ལ། ད་ལྟ་རྒྱ་གར་ན་ངོ་མཚར་བའི་གཏམ་ཇི་ལྟར་འདུག་དྲི་བ་གནང་བས། རྣལ་འབྱོར་པ་གཅིག་གིས་གྲོང་ཁྱེར་ཆེན་པོའི་དབུས་འཕྱག་པའི་ཁང་བུ་བྱས་ནས་ལོ་བཅུ་གཉིས་སྒྲུབ་པ་བྱས་ནས་ད་ལྟ་སྒྲུབ་པ་ཐོབ་སྟེ། སྐུ་ལུས་ཀྱི་བཀོད་པ་མང་པོ་སྤྲུལ་ནས་བྱམས་སྙིང་རྗེ་ལས་བརྩམས་ཆོས་གསུངས་ཤིང་གདའ། ཡང་རྣལ་འབྱོར་མ་ཞིག་གིས་མཎྜལ་ཕུལ་བ་ལས་པདྨའི་སྡོང་པོ་སྐྱེས་ཏེ། མེ་ཏོག་ཤར་ནས་ཞག་བདུན་པོ་ལ་སྡོད་པ་ཅིག་ཡོད་ཟེར་བས། དགེ་བཤེས་སྟོན་པ་ཚེམས་རྩ་རི་མ་མཆུ་ལ་བཏབ་ནས་རྒྱ་གར་ན་ད་རུང་ངོ་མཚར་ཅན་གྱི་གཏམ་ཡོད་པ་འདུག་གསུངས། སྐབས་དེ་དག་གི་ཚེ་དགེ་བཤེས་དགོན་པས་དབུ་མཛད། ཇོ་བོའི་བླ་མཆོད་རྣམས་བུར་གྱི་ཉམས་དགའ་མོར་བཞུགས་པས། ཇོ་བོ་ཡང་བླ་མཆོད་རྣམས་ཀྱི་ཞལ་ལྟ་གསུངས་ནས་ཡང་དང་ཡང་དེར་ཕེབས་པར་མཛད་དོ།།
རྒྱ་གར་དུ་ཇོ་བོའི་བཤོས་ལས་དགེ་སློང་བཞི་སྡེ་རེ་མཛད་པ་ལས། བོད་དུ་བཤོས་ཆུང་བ་བྱུང་བས་ཕུ་ཕུ་གསུངས། ཅི་ནོངས་ཞུས་པས། ཁོ་བོའི་བསོད་ནམས་འདི་ལྟར་ཐལ་གསུངས། དེ་ནས་ཇོ་བོ་ལ་བཤོས་ཆུང་རེ་དང་དགེ་སློང་བཞི་སྡེ་ལ་ལོང་པ་རེ་ཡང་འདྲེན། དེ་དགེ་སློང་བཞི་ལ་དྲངས་ནས། ཡོན་མེད་པའི་དུས་སུ་ཡང་ཨ་རུ་ར་བཞི་རེ་འབུལ་སྐད། ཡང་ལན་ཅིག་ཇོ་བོའི་ཞལ་ནས། ཨ་མེས་ལ་བཤོས་མང་དུ་མཛོད་ཅིག་གསུངས། དུ་འཆའ་ཞུས་པས། བཅུ་དྲུག་ཙམ་གྱིས་གསུངས། འོ་ན་ངའི་བཤོས་རྫི་རོགས་ལ་དགེ་བཤེས་ཁོང་ཐོངས་ཞུས་པས། དགེ་བཤེས་གནས་བརྟན་ཆེན་པོ་རྣམས་སྤྱན་འདྲེན་དུ་སོང་གསུངས། ཁོང་ཐེ་ཚོམ་དུ་གྱུར་ཙ་ན་འབྲོམ་སྤོས་གཅིག་དང་རྔ་ཡབ་གཅིག་ཁྱེར་ནས་བྱུང་སྟེ། རྒྱལ་བ་ཉན་ཐོས་ཆེན་པོ་རྣམས་འབྱོན་ཞིང་ཡོད་གསུངས། ཇོ་བོའི་ཞལ་ནས། རྒྱལ་བའི་འབྱུང་གནས་དྷརྨ་ཡེ་ཤེས་ཏ་ལའི་གཟུངས་དེ་ཁྱེར་ལ་ཤོག་གསུངས། ཇོ་བོ་བཞེངས་ནས་ཏ་ལ་ལའི་གཟུངས་འདོན་ཞིང་གདའ། དེ་ནས་དགེ་སློང་བགྲེས་པོ་བཅུ་དྲུག་བྱོན་ཏེ། ཇོ་བོ་ལ་ཕྱག་འཚལ་ནས་གྲལ་ལ་འཁོད། ཇོ་བོའི་ཞལ་ནས། ཆོས་འཕེལ་གྱིས་དགེ་འདུན་སྤྱན་དྲངས། དགེ་འདུན་གྱིས་བསྟན་པའི་བྱ་བ་མཛད། ཁོ་བོ་ཡང་དེ་ལ་དགའ་གསུངས། ཆོས་འཕེལ་ལ་ཆོས་ཀྱི་སྟོན་མོ་བྱེད་ཅིང་གསུངས། འབྲོམ་གྱིས་གུས་པར་ཐམས་ཅད་ལ་སྦྱིན་ལེགས་མཛད་ཅིང་བསྙེན་བཀུར། བསྙེན་བཀུར་གསོལ་བའི་རྗེས་ལ་ཇོ་བོའི་ཞལ་ནས། བསྟན་པ་ལ་བྱ་བ་མཛོད་གསུངས་ནས་ཉའི་ཉིན་མོ་ཡིན་པས་གསོ་སྦྱོང་མཛད་དེ་ལེགས་སོ་ལེགས་སོ། །དྷརྨ་གནས་བརྟན་རྣམས་སྤྱན་དྲོངས་ཤིག་གསུངས་ནས། དགེ་བསྙེན་ཆེན་པོས་གནས་བརྟན་རྣམས་སྤྱན་དྲངས་ནས་གཤེགས། ཨ་མེས་ཀྱང་དགེ་བསྙེན་ཆེན་པོ་བསུ་རུ་ཕྱིན་ཙ་ན་འབྱོན་པའི་དུས་མ་བྱུང་། ནང་དུ་ལོག་ཙ་ན་ཁོང་སླེབས་འདུག །དགེ་བསྙེན་ཆེན་པོས་གར་བྱོན་ཞུས་པས། ད་ནང་གི་དེ་པ་སྐྱེལ་དུ་ཕྱིན་མོད་མི་དྲི་དང་གསུངས།
ལན་ཅིག་ཡང་བཤོས་གཉིས་ཀྱིས་གསུངས། ལགས་ཞེས་བཤོས་གཉིས་དང་སྒྱ་རི་གཉིས་བྱས་ཡོད་ཙ་ན། དགེ་བསྙེན་ཆེན་པོས་དགེ་སློང་གཉིས་ཁྲིད་ནས་བྱུང་། ཁོ་བོའི་བསམ་པ་ལ་འདི་དག་བོད་ཀྱི་བཙུན་པ་མ་ཡིན་པར་འདུག་སྙམ་དུ་ཐེ་ཚོམ་ཟ་ཞིང་ཡོད་ཙ་ན། ཇོ་བོའི་ཞལ་ནས། ཁ་ཆེ་ན་ད་ལྟ་པཎྜི་ཏ་དུ་འདུག་གསུངས། དགེ་སློང་དེ་པ་ན་རེ། ད་ལྟ་ལྔ་བཅུ་ཙམ་འདུག །རེ་འགའ་མང་པོའང་འོང་བར་འདུག །དེ་ནས་ཙུན་དྷ་བྱ་བ་ཞིག་ཡོད་པ་དེ་འདུག་གམ། དགེ་སློང་དེ་པ་ན་རེ། ཁོང་ལུས་འཕགས་གླིང་དུ་སོང་ནས་མེད་ཟེར། ཇོ་བོའི་ཞལ་ནས། དྷརྨ་བསྙེན་བཀུར་ཕུན་སུམ་ཚོགས་པར་མཛོད། དགེ་བསྙེན་ཆེན་པོས་བསྙེན་བཀུར་ཕུན་སུམ་ཚོགས་པར་མཛད་ནས། ཡང་སྤྱན་དྲངས་ནས་སོང་ཞེས་ཨ་མེས་ཀྱིས་གསུངས་ཏེ། མདོར་ན་ཇོ་བོའི་གསོལ་བའི་སྟེང་ནས། འཕགས་པའི་དགེ་འདུན་གཞན་ལ་ཡང་ཕལ་ཆེར་ཉིན་རེ་བཞིན་གདུགས་ཚོད་འབུལ་བ་ཡིན་པར་འདུག །
ཡང་ནུབ་དགོན་པ་བའི་ཐུགས་ཉམས་ལ་འུར་སྒྲ་ཆེན་པོ་ཞིག་བྱུང་བའི་རྗེས་ལ། ས་འོག་ནས་སྡིག་པ་ཆེན་པོ་བྱུང་བས་འཇིགས་ཏེ་ཇོ་བོ་ལ་གསོལ་བ་བཏབ་པས་མེད་དེ་སོང་། དེའི་ནངས་པར་སྔ་མོ་ཇོ་བོ་བྱོན་ནས། མདང་ནུབ་ཁྱེད་ང་སྦྲན་པ་ཅི་བྱུང་གསུངས། བྱུང་ཚུལ་ཞུས་པས། མི་གཡོ་བའི་རྣལ་འབྱོར་སྲུང་བའི་སྐོར་རྣམས་གནང་ངོ་། །དུས་དེ་དག་གི་ཚེ་འབྲོག་དགོན་རི་བྲག་དག་ལ་བསམ་གཏན་པའི་གནས་ཡིན་གསུངས་ནས་ཕྱག་མཛད། འདི་ན་མི་མེད་ཞུས་ཀྱང་ཕྱིས་སྒོམ་མཁན་འོང་སྟེ་མཆི་ཁོ་བོ་སྒོམ་པ་ལ་དགའ། ཁོ་བོ་ལ་སྒོམ་ཕྲུག་མ་བྱུང་། ཁོ་བོ་བོད་དུ་འོངས་པ་ལ་དོན་མ་མཆིས་གསུངས། ཁྱེད་རང་ཡང་རི་ལ་སྒོམ་གསུངས། འདྲེ་འོང་ཞུས་པས། ཁྱེད་རང་ཚུལ་ཁྲིམས་ཅ་ལེ་ཅོ་ལེར་སོང་བ་མིན་ནམ། ངེད་རྒྱ་གར་ན་འདྲེའི་གསེབ་ཏུ་སྒོམ་པ་ཡིན། ངའི་སློབ་མ་སུ་བྱ་ཏ་ན་ཏི་ཞེས་པ་ལ་འདྲེའི་བར་ཆད་བྱུང་བས་སྟོང་ཉིད་བསྒོམས་པས་ཞི་འདུག་གསུངས། ཡང་རྔོག་གིས་དབང་བསྐུར་མ་བྱས་པར་སྒྲུབ་ཐབས་ཆང་ཆུང་ཉན་དུ་རུང་ངམ་ཞུས་པས། བྱང་ཆུབ་ཀྱི་སེམས་བརྟན་པོ་ཡོད་ན་དེ་ཙམ་རུང་། བོད་ཀྱི་དབང་བསྐུར་གྱིས་གོ་མི་ཆོད་པར་སྣང་། བོད་དད་པ་ཆེ་བས་སྣོད་རུང་གི་སློབ་མ་ཡོང་སྲིད། དབང་བསྐུར་ནུས་ཀྱི་སློབ་དཔོན་མི་འདུག་གསུངས། རྔོག་ཕྱིས་ཀྱང་གསུངས་འདི་ལ་ཡིད་ཆེས་སོ་གསུངས་སྐད། ཡང་ཆོས་ཞུས་པས། དད་པ་དད་པ་དད་པ་ཁོ་ན་གལ་ཆེ་གསུངས། བཅུད་ལེན་ཞུས་པས། ཁོ་བོ་ནི་བྱང་ཆུབ་ཀྱི་སེམས་བཅུད་དུ་ལེན་གསུངས། ཆོས་གོས་གྱོན་པ་དང་། ལྡིང་བ་འདིང་པ་དང་ནམ་གུང་ལ་ཉལ་བ་རྣམས་ལ་སངས་རྒྱས་ཀྱི་རྗེས་སུ་སློབ་སྙམ་པའི་དུས་དྲན་རེ་མེད་ན་ཉེས་པ་འབྱུང་སྟེ། བོད་ཀྱི་རབ་ཏུ་བྱུང་བ་རྣམས་ལ་ཅི་ཆ་གསུངས།
ཡང་དུས་དེར་དབུས་གཙང་དང་། ཁམས་པ་མང་པོས་དབང་དང་སེམས་བསྐྱེད་ཞུས་པས། སེམས་བསྐྱེད་ཞུ་བ་ཚན་གཅིག་ལ། སྟོན་པ་འདི་ཀུན་ལ་ཆོས་ཞུ་བའི་རྒྱགས་འདུག་སྟེ། མཆོད་པའི་ཡོ་བྱད་མི་འདུག་གསུངས། ཡང་ཁམས་པ་ཚན་གཅིག་གིས་རབ་གནས་ཞུས་པ་ལ། རྒྱུ་བྱིན་གྱིས་བརླབས་པ་ནས་གཟུངས་རབ་ཏུ་གནས་པའི་གདམས་པ་རྒྱས་པར་ཇོ་བོས་གསུངས་ཤིང་། དགེ་བཤེས་སྟོན་པ་ལ་ཞལ་འཛུམ་མཛད་ནས། ཇོ་བོ་ལ་གཟིགས་ཁམས་པ་དེ་རྣམས་ལ་གཟིགས་ནས། བླ་མ་འདི་བཞིན་དུ་གསུངས་ཤིང་གདའ་གསུངས་ནས་བསྒྱུར་བར་མཛད་དོ།།
ཡང་དེའི་ཚེ་བྱམས་པ་ལྷ་ཡུལ་མའི་སྒྲུབ་ཐབས་དང་། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་མ་དང་། འཕགས་པ་བརྒྱད་སྟོང་པ་ལ་སོགས་པ་དགེ་བཤེས་སྟོན་པས་བསྒྱུར། ཡང་དེའི་དུས་ལོ་ཙཱ་བས་ཀྱང་། བང་སྟོན་དང་ཨ་མེས་བྱང་ཆུབ་དང་ཕྱག་ཁྲི་མཆོག་གིས་ཞུས་ནས། ཁྲོ་བོ་མི་གཡོ་བ་དང་ཡིད་བཞིན་ནོར་བུའི་ཆོ་ག་དང་། སྨན་བླའི་ཆོ་ག་ཇོ་བོ་ཉིད་ཀྱིས་མཛད་པ་དང་། ཀ་བ་ཤཱཀྱ་དབང་ཕྱུག་དང་། གར་མི་ཡོན་ཏན་གཡུང་དྲུང་དང་། དར་བྱང་ཆུབ་དང་། གནས་བརྟན་རྒྱལ་བ་ལ་སོགས་པས་ཞུས་ནས། བླ་མ་གསེར་གླིང་པས་མཛད་པའི་ཨ་ར་པ་ནའི་སྒྲུབ་ཐབས་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྒྲུབ་ཐབས་དང་། ནོར་བུ་རྒྱས་པ་གཞལ་མེད་ཁང་གི་ཆོ་ག་དང་། གཙུག་ཏོར་དྲི་མེད་ཀྱི་ཆོ་ག་དང་། དེའི་བུམ་ཆོག་དང་། རབ་གནས་ཀྱི་ཆོ་ག་དང་། ཨ་མོ་གྷ་པཱ་ཤའི་ཆོ་ག་ལ་སོགས་པ་དང་། གཞན་ཡང་འབྲོམ་དང་བོད་སྟོན་དང་རྔོག་ལ་སོགས་པས་ཞུས་ནས། སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་མདོ་དང་། སེམས་མགུ་བར་བྱ་བ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་དང་། ཚུལ་ཁྲིམས་ལེའུའི་འགྲེལ་པ། ཡོན་ཏན་འོད་ཀྱིས་མཛད་པ་རྣམས་དང་། ཡང་འབྲོམ་དང་ཕྱག་ཁྲི་མཆོག་དང་། བཙུན་པ་དགེ་སྐྱོང་རྣམས་ཀྱིས་ཞུས་ནས། ཀླུ་སྒྲུབ་ཀྱིས་མཛད་པའི་ཁ་སར་པ་ཎི་དང་། སེངྒེ་སྒྲ་དང་། ཡི་གེ་དྲུག་པའི་སྒྲུབ་ཐབས་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྣམས་དང་། ཡང་ཨ་མེས་བྱང་ཆུབ་དང་ཕྱག་ཁྲི་མཆོག་གིས་ཞུས་ནས། སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་འཇིག་རྟེན་དབང་ཕྱུག་སྒྱུ་འཕྲུལ་དྲ་བའི་སྒྲུབ་ཐབས་སོགས་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་བསྒྱུར་རོ།།
དེ་ནས་ལོ་ཙཱ་བས་བདག་དག་སྦྱོར་ཞིག་བགྱིད་པས། མཆིམས་ཕུར་འགྲོ་བར་ཞུས་པས། ཇོ་བོའི་ཞལ་ནས་ལོ་ཙཱ་བ་དགོས་གསུངས་ནས་མ་གནང་། ཡང་ཡང་ཞུས་པས་དགོངས་པ་གནང་ནས། དེའི་བར་གྱི་ལོ་ཙཱ་དགེ་བཤེས་སྟོན་པ་ལ་གཏད་ནས་ཟླ་བ་གསུམ་བཞུགས། དེ་ནས་ཡང་རོང་པའི་སྟོན་པ་དགེ་བ་དང་། ཉན་རོའི་སྟོན་པ་ཐོག་འབེབས་དང་། བསོད་ནམས་ཡེ་ཤེས་ལ་སོགས་པ་སྟོན་ཆེན་མང་དུ་ཕེབས་པ་དང་། དགེ་བཤེས་སྟོན་པས། ལོ་ཙཱ་བ་ལ་སློབ་དཔོན་མྱུར་དུ་བྱོན་ཞེས་པའི་སྤྱན་འདྲེན་པ་བཏང་ནས་ལོ་ཙཱ་བ་བྱོན་ཏེ། སྟོན་པ་དེ་དག་གིས་ཞུས་པའི་ངོར། དགྱེས་པ་རྡོ་རྗེའི་སློབ་དཔོན་ཤནྟི་པས་མཛད་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དང་། ཌོཾ་བྷི་ཧེ་རུ་ཀའི་བདུད་རྩིའི་འོད་ཀྱི་འགྲེལ་པ་ཇོ་བོ་ཉིད་ཀྱིས་མཛད་པ་དང་། དཔལ་འཁོར་ལོ་སྡོམ་པའི་གཞུང་མང་པོ་དང་། མཧཱ་མ་ཡའི་སྒྲུབ་ཐབས་སོགས་ཆོས་མང་དུ་བསྒྱུར་རོ།།
དུས་སྐབས་དེ་དག་གི་ཚེ། བོད་སྟོན་རྣམས་ཀྱིས་བྱས་པའི་བསྟན་བཅོས་མང་པོ་གཟིགས་ཕུལ་བས། ཨ་རོས་མད་པའི་ཐེག་ཆེན་རྣལ་འབྱོར་ལ། ཚིག་སྙན་ངག་ཆེ། ལས་རྒྱུ་འབྲས་ཞིབ། དོན་ཟབ་ལ་རྒྱ་ཆེ་བ་འདུག་གསུངས། གཞན་དག་ལ་དགྱེས་པར་མི་མཛད་དོ། །ཡང་དབུ་གཡོར་གཙང་གསུམ་གྱིས་ཞུས་ཏེ། བྱང་ས་དང་མདོ་སྡེ་རྒྱན་དང་། རྒྱུད་བླ་མ་དང་། ལམ་སྒྲོན་རྣམས་གསུངས། དེའི་དབྱར་བསླབ་པ་ཀུན་ལས་བཏུས་པ་དང་། སྤྱོད་འཇུག་དང་། ལམ་སྒྲོན་རྣམས་གསུངས་སོ།།
དེ་ཕན་ཆད་བོད་ཡུལ་དབུས་ཀྱི་སའི་ཆ་ལ་ལོ་བདུན་དང་ཟླ་བ་ལྔ་བཞུགས་ཀྱང་ཆོས་ཙམ་ཡང་མི་གསུང་། རྒྱ་ལམ་གསུངས་ན་མགུར་དུ་བཞེས་ནས་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་གླུ་དང་། འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་གླུ་དང་། བདེ་བ་དྲུག་གི་གླུ་དང་། བྱང་ཆུབ་སེམས་ཀྱི་གླུ་སོགས་མགུར་དུ་བཞེས། མཚན་མོ་ཕལ་ཆེར་མཁའ་འགྲོ་མའི་ཚོགས་སུ་གསང་སྔགས་ཀྱི་ཟབ་དོན་མང་པོ་མགུར་དུ་བཞེས་ཏེ། ལྟ་བ་རྡོ་རྗེའི་གླུ་དང་། སྒོམ་པ་རྡོ་རྗེའི་གླུ་དང་། རྡོ་རྗེ་ཆོས་ཀྱི་གླུ་ལ་སོགས་པ་མགུར་དུ་བཞེས་པ་བླ་མ་ལ་ཞུས་པས་གནང་སྟེ་ལོ་ཙཱ་བས་བསྒྱུར། དེ་ནས་ལོ་ཙཱ་བ་ཡང་ཇོ་བོ་ལ་དགོངས་པ་ཞུས་ནས། ཕལ་ཆེར་མཆིམས་ཕུར་ཐུགས་དམ་ལ་བཞུགས་པ་སོགས་ལམ་ཡིག་ཆེ་མོ་ལས་འབྱུང་བ་ནི། ཇོ་བོ་སྙེ་ཐང་དུ་བཞུགས་པའི་སྐབས་སྔ་ཕྱི་ཐམས་ཅད་ཀྱི་ལོ་རྒྱུས་རགས་པ་ཙམ་ཕྱོགས་གཅིག་ཏུ་བསྡེབས་པ་སྟེ། ཞིབ་པར་ན་ཇོ་བོས་སྙེ་ཐང་དུ་ཕེབས་བཞུད་ལན་གསུམ་ཙམ་མཛད་པ་འབྲོམ་ཆེན་པོའི་གསུངས་ལས་འབྱུང་ཞིང་། དེ་ཡང་ཐང་པོ་ཆེ་ནས་སྙེ་ཐང་དུ་ཕེབས། དེ་ནས་བསམ་ཡས་ལྷ་ས་ཡེར་པ་སོགས་སུ་ཕེབས། ཡང་སྙེ་ཐང་དུ་ཕེབས། དེ་ནས་ཡང་སྐུ་ཚེའི་སྨད་ཀྱི་ཆ་ལ་ཡེར་པར་ཕེབས་ནས་ཟླ་གཅིག་ཙམ་བཞུགས། དེ་ནས་ཡང་སྙེ་ཐང་དུ་ཕེབས་པ་འདྲ་ནའང་། རྣམ་ཐར་ཕལ་ཆེར་ན་སྔ་ཕྱིའི་ལོ་རྒྱུས་ཕྱོགས་མཐུན་རྣམས་བསྡེབས་པ་མ་གཏོགས་ཞིབ་པར་མི་འདུག་ཅིང་། ལྷག་པར་ལོ་རྩིས་ཀྱང་ཕྱེད་ལོ་དང་། ལོ་ཧྲིལ་པོ་བརྩིས་པ་སོགས་སྣ་ཚོགས་ཡོད་པས་ཕན་ཚུན་མ་འདྲེས་པར་གོ་བར་བྱའོ། །ཡང་ཞུ་ལན་ནོར་བུའི་ཕྲེང་བ་ལས་ནི་ཐང་པོ་ཆེ་ནས་སྙེ་ཐང་དུ་ཕེབས་ཚུལ་མ་གཏོགས། གཞན་གསལ་ཁ་མེད་དེ། རྣམ་ཐར་གྱི་གཙོ་ཆེ་བ་སྐབས་ཐོབ་ཀྱི་བསྡུས་པར་མངོན་ནོ།།
དེ་ཡང་འདི་ལྟར་ཇོ་བོ་ཐང་པོ་ཆེར་ཟླ་བ་བརྒྱད་བཞུགས་ནས། དེ་རྗེས་ཕྱོགས་དེར་ཐུགས་སུན་ཏེ་ཡབ་སྲས་སྙེ་ཐང་དུ་ཕེབས་པར་བཞེད་ནས་ལམ་དུ་ཞུགས་པ་དང་། དེ་བར་ལམ་བྱེ་སྟོང་ཆེ་བར་ཡོད་པ་ལ་ཇོ་བོ་ཡབ་སྲས་གཉིས་ཆོས་ཀྱི་གསུང་གླེང་མཛད་བཞིན་དུ་ཕེབས་ཏེ། ཇོ་བོའི་ཞལ་ནས། སྲས་ཀྱི་ཐུ་བོ་འབྲོམ་རྗེ་ཉོན། །ད་རིང་ལམ་འདི་ཆོས་ཀྱིས་བསྐྱལ། །ས་ཕྱོགས་འདི་ནི་བྱེ་སྟོང་ཆེ། །སྙེ་ཐང་དེ་ཡང་ཤུལ་ཐག་རིང་། །རྒྱ་གར་གནས་ནས་འདིར་འོངས་པ། །ཐ་མལ་གཏམ་ལ་འོངས་པ་མིན། །སེམས་ལ་མི་ཕན་ཉན་བཤད་རྣམས། །ལྟར་སྣང་དོན་མེད་ལས་རོ་ཡིན། །སེམས་ལ་ཕན་ན་གདམས་ངག་ཡིན། །གསུངས་ཤིག་སྡིག་གྲོགས་སྤངས་ཏེ་དབེན་པ་བསྟེན་དགོས་ཚུལ་མང་པོ་མཛད་པ་དང་། འབྲོམ་གྱིས་ཀྱང་ཇོ་བོའི་ཐུགས་བསྲིངས་ཤིང་སྤྲོ་བ་འཕེལ་བའི་ཕྱིར་མགུར་གྱི་ཚུལ་དུ་འདི་སྐད་ཅེས། རྗེ་བླ་མའི་གསུང་རབ་ལ་བརྟེན་ནས། །ཆོས་ནོར་བུ་རིན་ཆེན་ཉམས་སུ་བླངས། །གནས་ཆགས་སྡང་མེད་པ་རབ་ཏུ་བསྟེན། །གྲོགས་ཆགས་སྡང་ཡུལ་ལས་ཅི་ཐར་བྱས། །སྐྱབས་དགེ་བའི་བཤེས་གཉེན་འབྲལ་མེད་བསྟེན། །འཁོར་ཐར་པར་གཉེར་བ་འབའ་ཞིག་གནས། །སྤང་ལྗོངས་མེ་ཏོག་མཛེས་པའི་སར། །ཆོས་ཚད་མེད་བསྒོམས་ཤིང་བག་ཆགས་བཞག །མཐར་ཞིང་ཁམས་གཙང་མར་བརྒྱུད་ཅིང་འགྲོ། །མ་ལུས་རིན་ཆེན་ཀློང་དུ་དྲང་། །ལུས་པདྨའི་སྦུབས་སུ་ལེགས་བལྟམས་ཏེ། །ཚུར་བྱམས་པའི་ཐུ་བར་རབ་ཏུ་བླང་། །བུ་སྙིང་རུས་བསྐྱེད་ཅིག་རྗེས་འབྲང་ཀུན། །ཞེས་མགུར་བཞེས་ཏེ། དུས་རིང་ལམ་གྱི་སྐྱེལ་ཐུང་ཡིན་ཞུས་པས། ཇོ་བོའི་ཞལ་ནས། སྲས་ཀྱི་ཐུ་བོ་འབྲོམ་རྗེ་མཆོག །ད་རིང་ཉིད་ནས་རྟེན་འབྲེལ་ལེགས། །སྐྱོ་བ་ལམ་དུ་སངས་པར་བྱུང་། །ཅི་བྱས་ལམ་དུ་འགྲོ་བའི་ཆོས། །ཅིག་ཀྱང་འོང་བ་ཁོ་བོས་ཤེས། །ཐར་པ་གཉེར་བའི་མི་དག་ནི། །སྤྱོད་ལམ་ཇི་ལྟར་བྱས་གྱུར་ཀྱང་། །ཆོས་ཀྱི་ལོངས་སྤྱོད་ཁོ་ནར་ཟད། །རྨི་ལམ་ན་ཡང་ཆོས་སྣང་འབྱུང་། །ཞེས་བྱ་བ་སོགས་ཡབ་སྲས་ཐུགས་འདྲེས་པའི་གསུང་གླེང་མང་པོ་མཛད་བཞིན་རྫུ་འཕྲུལ་གྱི་ཤུགས་ཀྱིས་སྙེ་ཐང་དུ་བྱོན་པ་སྟེ། འབྲོམ་རྗེ་གཞན་སྣང་འཁྲུལ་པ་ལ། །ཇོ་བོ་ཡབ་སྲས་ངལ་བ་སྐད། །ཤུལ་རིང་ལམ་ནི་བགྲོད་དཀའ་སྐད། །མི་ངན་ཆོམ་པོ་འོང་ངོ་སྐད། །ཁྱེད་ཀྱིས་མྱུར་དུ་ཡེར་ལ་དྲོངས། །གསུངས་ཤིང་རྫུ་འཕྲུལ་ཤུགས་ཀྱིས་བྱོན། །སྙེ་ཐང་འོར་དུ་ཕྱག་ཕེབས་ཚེ། །སེམས་ཅན་རང་རང་གང་མཐུན་པའི། །སྣང་ངོར་རྣམ་འཕྲུལ་དུ་མ་བསྟན། །ཞེས་འབྱུང་བས་གང་ཟག་ཕལ་ཆེ་བ་ལ། ཡུལ་གཟན་དང་གཞན་དུ་ཕེབས་པའི་སྣང་བ་ཤར་བར་མངོན་ནོ།།
དེ་ལྟར་སྙེ་ཐང་དུ་ཕེབས་ནས་འབྲོམ་ལ་དགུན་མེ་ཏོག་འཆར་བ་ཞིག་ཡོད་ཟེར་བ་ག་རེ་གསུངས་པ་དང་། ན་མོ་ཆེར་སྤྱན་དྲང་ནས་སིང་མའི་མེ་ཏོག་གཟིགས་ཕུལ་བས་རྫུན་མ་བཏང་ཙམ་འདུག་གསུངས། ཡང་འབྲོམ་གྱི་ལྗགས་ལ་མེ་ཏོག་སྐྱེས་པར་སྤྲུལ་ཏེ་གཟིགས་ཕུལ་བས། ཀྱེ་མ་ཧོ་ཡ་མཚན་དེ་ན་འདུག །འབྲོམ་གྱི་ལྕེ་ནི་ནེ་ཐང་འདྲ། །བུང་བ་ཞལ་དུ་མ་ཚང་ཙམ། །འོ་ནའང་མངར་རྩི་མེད་དམ་ཅི། །གསུངས། ཡང་ལྗགས་ཀྱི་མེ་ཏོག་དེའི་སྟེང་དུ་ཇོ་བོའི་སྐུ་ནས་རྡོག་ཙམ་ཞིག་སྤྲུལ་ནས་གཟིགས་ཕུལ་བས། ཨ་རེ་ཡང་དགོད་རེ་བྲོ། །བདག་ལ་འབྲོམ་གྱི་བུང་བ་བྱས། །ཁོ་བོ་ཆེ་ཆུང་ནས་རྡོག་ཙམ། །རེ་རོད་གསུངས་ཤིང་ཕྱག་གིས་རེག །པདྨའི་སྟེང་གི་ཇོ་བོ་བཞད། །དེ་ནས་ཇོ་བོ་བཞད་སྤྲིན་ལངས། །ཡང་དང་ཡང་དུ་བཞད་པར་གྱུར། །ཡང་ཇོ་བོའི་སྐུ་ཆུང་ངུ་དེའི་མདུན་དུ་འབྲོམ་ཆུང་ཆུང་གཅིག་བླ་མའི་ཞལ་ལ་བལྟ་ཞིང་འཛུམ་འཛུམ་བྱེད་ཅིང་བུ་ཆུང་གི་སྐད་འདྲ་བར་སྙན་པའི་སྒྲ་འབྱིན་པ་ཞིག་སྤྲུལ་ཏེ་གཟིགས་ཕུལ་བས་ཇོ་བོ་ཤིན་ཏུ་དགྱེས་ཏེ། མེ་ཏོག་འདི་འདྲ་རྒྱ་གར་ནའང་མེད། །ཟབ་མོའི་ཡབ་སྲས་ལྗགས་ཀྱི་སྟེང་ན་གདའ། །ངོ་མཚར་ཆེའོ་ནང་གི་ཡ་གི་གཉིས། །འབྲོམ་རྗེའི་ལྗགས་དེ་གུལ་གུལ་མ་མཛད་ཅིག །གསུངས། ཡང་འབྲོམ་གྱི་ལྗགས་སྐྱོད་པ་དང་། སྐུ་ཆུང་ཆུང་དེ་གཉིས་འགྲིལ་ལ་ཁད་དུ་གཡོས་པས། ཇོ་བོ་ལྷག་པར་བཞད་ཅིང་འབྲོམ་རྗེ་ག་ལེར་མཛོད། ཁྱེའུ་གཞོན་ནུ་སྲན་རྡོག་ཟ་དང་མཚུངས། །ལྕེའི་སྟེང་ན་རིལ་རིལ་ལྟད་མོ་ཆེ། །བདེ་གཤེགས་ལྗགས་ཀྱི་པདྨོ་ལས་འཁྲུངས་པའི། །སོ་སོར་བཞུགས་པ་ནང་གི་ཡ་གི་གཉིས། །མར་བྱོན་བདག་ཅག་གཉིས་ནི་ནང་དུ་འགྲོ། །གསུངས། ཡང་འབྲོམ་གྱི་ཞལ་ནས། འཇིག་རྟེན་སྒྲོལ་མ་ཡར་ལ་གཤེགས་སུ་གསོལ། ཁོ་བོ་ཕྱིན་པས་གཉིས་པོ་མི་འདུག་མཆི། །གསུངས། དེ་ལྟར་ཡབ་སྲས་དགྱེས་པའི་གསུང་གླེང་མཛད་བཞིན་དུ་གཟིམས་ཁང་དུ་ཕེབས་པ་དང་། བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་མེ་ཏོག་ཕབ་བོ།།
ཡང་ཇོ་བོའི་ཞལ་ནས། འབྲོམ་མེ་ཏོག་མཆོག་ལ་མཉེས་གྱུར་ན། །ཁོ་བོས་ས་ཕྱོགས་འདི་དག་བྱིན་གྱིས་བརླབ། །རིན་ཆེན་ལྔ་ཡི་མེ་ཏོག་འབྱུང་བར་བྱ། །གསུངས་ཤིང་གསེར་དངུལ་ལ་སོགས་པ་རིན་པོ་ཆེའི་མེ་ཏོག་མང་པོས་སྙེ་ཐང་གི་ས་ཕྱོགས་རྣམས་གང་བར་མཛད་ཅིང་། ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ནས་གཞན་དང་ཐུན་མོང་མ་ཡིན་པའི་ཞུ་ལན་ནོར་བུའི་ཕྲེང་བ་ཞེས་བྱ་བའི་ཞལ་གདམས་གསུངས་ནས། སླར་ཡེར་པ་ལྷ་རི་སྙིང་པོར་གོ་རིམ་ཕྱོགས་གཅིག་ཏུ་བསྡེབས་པར་མཛད་པའི་ཚུལ་ཞིབ་པར་འོག་ཏུ་འབྱུང་ངོ་།།
གཞན་ཡང་འབྲོམ་ཆེན་པོས་ཇོ་བོ་ལ་བསྙེན་བཀུར་ཇི་ལྟར་མཛད་ཅིང་ཆོས་ཞུས་པའི་ལོ་རྒྱུས་ནི། འབྲོམ་ཉིད་ཀྱི་གསུང་ལས། མགོན་པོ་ཨ་ཏི་ཤ་སུས་བློ་བྲི་དང་། ང་རྒྱལ་ཅི་བྱས་ནས་སྤྱན་འདྲེན་པ་ལ་དཀའ་ལས་རི་འཁུར་བ་ཙམ་ལ་སྡོས་ཀྱང་མ་འདྲོང་མ་ཐོབ་པ་དེ། ང་མི་རེང་དཀར་པོ་གཅིག་གི་ལག་མཐིལ་དུ་ཅང་གི་འཁོར་ནས། བཞུགས་ཏེ་སྙེ་ཐང་འོད་མོའི་སྐྱོ་སངས་སུ། དགུན་སྤང་མེ་ཏོག་བཀྲ་བའི་གནས་སུ་ཕྱག་ཕེབས། བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་ལས་ལེགས་པར་རྙེད་པའི་གཞུང་མན་ངག །ལུང་རིགས། བཀའ་བསྟན་བཅོས། མདོར་ན་ཡི་གེ་ཨ་གཅིག་ནས་བཟུང་། བཀའ་རྒྱས་འབྲིང་བསྡུས་གསུམ། འདུལ་བ་ལུང་སྡེ་བཞི། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་པ་གཉིས། པྲ་ཀ་ར་ན་སྡེ་བརྒྱད། མདོར་ན་ཀྲི་ཡོ་ལ་སོགས་པ་བླ་མ་བརྒྱ་ལྔ་བཅུ་རྩ་བདུན་ལས་ལེགས་པར་བརྒྱུད་པ། མགོན་པོ་ལ་ལུང་ཡོད་པ་ཐམས་ཅད་ལ་ཉིན་མ་དལ་མཚན་མ་གཉིད་ཟེར་བའི་ཚུལ་དུ་བཀླག་ལུང་འོས་པ་ཐམས་ཅད་ལ་བཀླག་ལུང་། བཤད་ལུང་འོས་པ་ཐམས་ཅད་ལ་བཤད་ལུང་། ཟིན་མཐུན་དང་ཁྲིད་དུ་འོས་པ་ཐམས་ཅད་ལ་ཟིན་མཐུན་དང་ཁྲིད་དུ་བྱས་ཏེ་ལན་ཅིག་སྙེ་ཐང་དུ་སྟོན་ཟླ་གསུམ་པ་ལ། ཉི་མ་རི་རྩེ་ལ་ནུབ་ནས། ངེས་པར་ཡབ་སྲས་གཉིས་མིན་པ་མི་མེད་པར་བྱས་ནས། དཀོན་མཆོག་གི་དྲུང་དུ་མར་མེ་ཆེ་ལ་བཟང་བ་བཤམས། མཆོད་པ་ཐམས་ཅད་ཀྱང་དང་བ་འདྲེན་པར་བྱས་ནས། ཇ་སུན་རེ་ཁྲོམ་མེ་བསྡུས། རྡོར་ཆེན་པོ་བསྐྱུར་ཤིན་ཏུ་ཚོས་པར་བྱས་ཤིང་། བུ་རམ་རྒྱ་གར་མ་རྡོག་པོ་བཅུ་གཅིག་དང་བསྡེབས་ནས་མགོན་པོ་ཨ་ཏི་ཤ་ལ་སུན་རེ་དྲངས། ཐོ་རངས་ཀྱི་དུས་སུ་སྐྱོ་ཚ་སེར་མ་མི་སྐྱེ་བ་ཞལ་བུ་དོ་དྲངས། དེའི་དུས་སུ་ངའི་རྟོག་པ་ལ་འདི་སྙམ། བླ་མ་མི་བཞུགས་པ་ཙ་ན་མཆོད་པ་ལ་གཟབ་པ་ཡིན། བླ་མ་བཞུགས་པའི་དུས་བླ་མ་མཉེས་པའི་མཆོད་པ་བྱ་དགོས་སྙམ་ནས། མདོ་ཁམས་ནས་བླ་མ་ལ་དམིགས་ནས། ཆུ་ཤེལ་གྱི་དཀར་ཡོལ་དབྱིབས་དང་ཁ་དོག་ཐམས་ཅད་འཇིག་རྟེན་ན་དཀོན་པ་ཐམས་ཅད་དུ་ཇ་དྲངས། དེ་བཞིན་དུ་མེ་ཤེལ་གྱི་སྡེར་མ་ཁ་འཕྱངས་གཟུགས་བྱས་པ། དེའི་ནང་དུ་དུས་དུས་ཀྱི་ཟས་རྣམས་དྲངས། གཞན་ཡང་དཀར་ཡོལ་གྱི་རྒྱན་བུ། དངུལ་གྱི་སྐྱོགས། གསེར་གྱི་གླང་པོ་དེ་ལ་སོགས་པ་འདི་ལགས་སམ་སྙམ་པ་རྣམས་ཕུལ། ང་རང་གིས་ཀྱང་དེའི་ནུབ་ལྷའི་ཆས་སུ་ཞུགས་ནས་ཆ་ཐམས་ཅད་ནས་བླ་མ་མཉེས་ཤིང་ཐུགས་ཟིན་ཕུན་སུམ་ཚོགས་པར་མཛད། བླ་མའི་ཞལ་ནས་འོག་མིན་ཆོས་ཀྱི་ཕོ་བྲང་དང་མཚུངས་གསུངས་ནས་ཤིན་ཏུ་མཉེས།
དེ་ནས་བླ་མ་རང་བཞིན་གྱི་ལྗགས་བདེ་བ་དང་། ཇ་བཟང་པོ་དེས་རྐྱེན་བྱས་པ་ལ་རྟེན་ནས། བླ་མས་བཀླག་ལུང་མཛད་པ་ན་སྲོད་ཐོ་རངས་གཉིས་ལ་རྒྱས་འབྲིང་བསྡུས་གསུམ་སང་གི་བཀླགས་ཟིན་པ་བྱུང་། དེའི་ཚོད་ལ་རྩིས་པའི་ནུབ་རེ་ལ་ཚན་ཆེན་པོ་གཏང་བ་སྟོན་ཟླ་གསུམ་དུ་མ་ཆག་པར་མཛད། དེ་ནས་སྔ་དྲོ་དང་ཕྱི་དྲོའི་དུས་སུ་བྲིས་ཐིག་ལ་སོགས་པ་མན་ངག་ཕྲ་མོ་མང་པོས་བསླབས། གཞན་ཡང་རྒྱ་གར་གྱི་རྡོ་རྗེའི་མགུར་དང་། དབྱངས་ཀྱི་ང་རོ་དང་རིག་པའི་གནས་ཐམས་ཅད་ལ་རིག་པའི་ཤུགས་ཕྱུང་ནས་བསླབས། ཤིན་ཏུ་དབེན་པར་བྱེད་དགོས་པ་རྣམས་ཡེར་པར་གདན་དྲངས་ཏེ་ཡོངས་སུ་ཚང་བར་བསླབས། མདོར་ན་ཇོ་བོ་ལས་ཞུས་པའི་ཆོས་སྒྲུབ་ཐབས་ཆེ་མ་ཆུང་ཐམས་ཅད་བསྡོམས་པ་ལ། རྒྱ་གར་སྐད་ཡོད་པའི་ཆོས་དྲུག་སྟོང་བཞི་བརྒྱ་བདུན་ཅུ་རྩ་ལྔ་ཞུས་ཏེ། ཐམས་ཅད་ཀྱང་འལ་འོལ་མིན། སབ་སོབ་མིན། ཁ་ཙམ་ཚིག་ཙམ་མིན་པར་སང་སོ་གཏད་ནས་གུས་པས་ཞུས། བརྩེ་བར་གནང་བའི་ཆོས་ཡིན། ཆེ་བའི་དབང་དུ་བྱས་ན་ཡང་། བླ་མ་བརྒྱུད་པའི་ཟམ་མ་ཆད། བྱིན་རླབས་ཀྱི་བཀའ་མ་ཉམས། བར་དུ་མ་ཉམས་དང་། རྟོག་གེ་དང་འདྲེས་ཁྱེར་གྱི་ལྷད་དང་ཟེར་མ་ཞུགས་པར་ཡོད། བླ་མ་དང་སློབ་མ་ལ་མཛུབ་མོ་འཛུགས་པ་ཡོད། རྫོགས་པའི་སངས་རྒྱས་ནས་བཟུང་སྟེ། ད་ལྟ་ཡན་ཆད་དུ་སྙན་ནས་སྙན་དུ་བརྒྱུད་པ་ཡིན། དེ་རྣམས་ཞུས་པའི་དབང་དུ་བྱས་ན་ཡང་ལོ་ཧྲིལ་པོ་བཅུ་གཉིས་སུ་ཉིན་དང་མཚན་ཁ་སྦྲེལ་ནས་ཞུས་པ་ཡིན་ནོ། །དེ་ལ་ཡང་ཞུས་པའི་གནས་ཡོད་རྒྱ་སྡེ་ལ་གྲགས་ཚོད་ཡོད། དེ་ལྟ་བས་ན་ངའི་བརྡ་བརྒྱུད་པ་འདི་ཤིན་ཏུ་བཀྲ་ཤིས་སོ། །ཞེས་གསུངས།
ཡང་སྐབས་ཤིག་ཇོ་བོ་སྙུང་བ་ཞིག་བྱུང་བས། མཆོད་པ་དང་སྐུ་རིམ་ལ་སོགས་པའི་ཚུལ་སྟོན་ཀྱང་མཛད་ཅིང་། ཡི་དམ་གྱི་ལྷ་ཞལ་གཟིགས་ནས་གདའ། དེ་ལྟ་བུ་ཡང་ཡང་བྱུང་གསུངས། སྤྱིར་སྙེ་ཐང་དུ་བཞུགས་པའི་རིང་ལ་ཡི་དམ་ཞལ་གཟིགས་མང་སྟེ། ཡང་ཟླ་བ་ཉ་བའི་ནུབ་ཅིག་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཞལ་གཟིགས། དེ་ནས་བཟུང་སྲོད་ཀྱི་མཐུན་ལ་ནུབ་རེ་བཞིན་ཞལ་གཟིགས་གསུངས། ཉིན་གཅིག་དགུན་རླུང་ཆེན་པོ་གཅིག་ལ་ཇོ་བོ་མཎྜལ་མཛད་ཅིང་། ཕྱག་སེར་ཀ་བཀྲ་ཧྲིག་གེ་ཡོད་པ་ལ་སྒྲོལ་མ་བྱོན་ནས། དེ་ཙམ་དུ་དཀའ་སྤྱད་བགྱིད་གང་ན་འཚལ་གསུངས།
ཡང་ནུབ་གཅིག་མནལ་ལམ་དུ་བུད་མེད་ཀྱི་རྒྱན་སིལ་ཁྲོལ་གསན་པ་དང་ལྟར་མི་རུང་སྙམ་ནས་མ་གཟིགས་པས། ཁྱོད་མ་ལ་ཡང་མི་གཟིགས་སམ་གསུངས་ལྡང་བྱུང་བས། མནལ་སད་པ་དང་མདུན་གྱི་ནམ་མཁའ་ནས་སྒྲོལ་མའི་ཞལ་དངོས་སུ་གཟིགས། ང་རྨི་ལམ་དུ་ཡང་སྒྲོལ་ལ་མའི་འདུ་ཤེས་སྒོམ་པ་ཡིན། ཇོ་མོ་རང་འདི་ན་བཞུགས་པ་དཔང་པོ་ཡིན་གསུངས་ཏེ། སྒྲོལ་མའི་ཐང་སྐུ་ལ་ཕྱག་མཛུབ་བཙུགས་པ་དེ་ད་ལྟ་རྭ་སྒྲེང་ན་ཡོད་སྐད།
ཡང་ཉིན་གཅིག་གཟིམས་ཆུང་དུ་བཞུགས་པ་ལ་བཤོས་འདྲེན་དུ་བྱོན་པས། སྤྱན་ནམ་མཁའ་ལ་གཟིགས་ནས། མཻ་ཏྲི་མཻ་ཏྲི་གསུངས་ཤིང་འདུག་པས་འདྲེན་མ་ནུས་པར་ལོག །ཡང་ཕྱིན་པའི་ཚེ་ཡང་དེ་བཞིན་དུ་འདུག་པས་ལོག །དགེ་བཤེས་སྟོན་པའི་ཞལ་ནས། ཨ་མེས་ཇོ་བོའི་ཚ་བ་དེ་གྲང་དུ་མ་འཇུག་པར་སྲོས་ཤིག །ཇོ་བོས་མགོན་པོ་བྱམས་པའི་ཞལ་གཟིགས་ཚོད་དུ་འདུག །འུ་ཅག་གཉིས་ཀྱིས་མཐོང་དུས་ནི་མེད་གསུངས། དེ་ནས་དྲོ་ཡོལ་དུ་ཉེ་བ་ན་ངའི་ཆོས་སྟོན་ཁྱེར་ལ་ཤོག་གསུངས། ད་ཅི་ནས་མི་གསོལ་བ་ཇི་ལྟར་ལགས་ཞུས་པས། མཻ་ཏྲི་བྷྲི་ཁོ་ལི་གསུངས། དེ་ནས་བྲོ་ཐོན་པ་དང་། ད་ནང་ནས་རྗེ་བཙུན་བྱམས་པ་དང་མཇལ། དཔལ་གཉིས་མདུན་གྱི་ནམ་མཁའ་འདིར་བྱོན་ནས་ཐེག་པ་ཆེན་པོའི་ཆོས་ལ་བགྲོ་བ་མཛད། ཕྱག་རྡོར་གྱིས་བར་ཆད་བསྲུངས། ལྷའི་བུ་རྣམས་ཀྱིས་ཟིན་བྲིས་བྱས། ད་རེ་འདྲི་དགོས་གསུངས་ནས་སྐྱ་རིས་ཕྱག་བྲིས་མཛད་དེ། ང་ལ་འདི་འདྲ་བའི་ཐང་སྐུ་གཅིག་དང་། བྱང་ཆུབ་ཆེན་པོ་པུ་རི་མ་དང་། ཡི་གེ་དྲུག་པ་བྲག་རི་མ་གསུམ་བྲིས་ལ་བསྐུར་ཞེས་བི་ཀ་མ་ལ་ཤཱི་ལར་གསེར་བསྐུར་ནས་བཏང་ངོ་། །དེ་ནས་རྒྱ་གར་ཤར་ཕྱོགས་ནས་རི་མོ་མཁན་མཁས་པ་བོས་ནས་བྲིས་ཏེ་བསྐུར་བྱུང་བ་སྙེ་ཐང་ན་ཡོད་སྐད།
ཡང་སངས་རྒྱས་ཐམས་ཅད་གང་ལ་གང་འདུལ་དུ་བསྟན་པ་ལས། རང་མདོག་གསེར་མདོག་ཏུ་གསུངས་ནས་རིགས་ལྔ་གསེར་འཇམ་དུ་མཛད་དོ། །དེའི་དུས་སུ་ཁམས་སྟོན་རྒ་ཆེན་རྒ་ཆུང་གཉིས་དང་། བ་རི་བ་ལ་སོགས་པ་རྒྱ་གར་དུ་འགྲོ་བའི་ལམ་རྒྱུས་དང་བྱིན་རླབས་ཞུ་བར་བྱུང་བས་བྱིན་རླབས་མཛད། ད་ཁྱེད་རང་ལ་བར་ཆད་མེད། གཞན་ལ་ཕན་ཐོགས་པར་འདུག་གི །རྡོ་རྗེ་གདན་པའི་སྤྱན་སྔར་སོང་ཞེས་ལུང་བསྟན་གནང་། དུས་དེའི་ཚེ་དྷརྨ་ཨ་ལོ་ཀ་ཡམ་ཆོས་བྱ་བའི་དུས་ཡིན། ཞེས་ཐུགས་སྣ་བཏུང་བའི་རྣམ་འགྱུར་དང་། ཆོས་ཐམས་ཅད་ཀྱང་ཞལ་ཆེམས་སུ་གསུངས།
ལྷག་པར་ལོ་གཅིག་ནས་ཞིང་གཞན་དུ་གཤེགས་པར་སྔོན་དུ་ཕྱོགས་ནས་ཡེར་པར་ཕེབས་ཏེ་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ནས། ཞུ་ལན་ནོར་བུའི་ཕྲེང་བ་ལེའུ་ཉེར་གསུམ། རྔོག་ཆོས་ཉི་ཤུ། ཁུ་ཆོས་གཉིས། བཀའ་རྒྱ་མ་ལོངས་ལུང་བསྟན་སོགས་ཆོས་ཀྱི་རྣམ་གྲངས་མང་པོ་གསུངས་ཤིང་། རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས་ཉེར་བསྡུས་ཙམ་ནི་འདི་ལྟར། རི་བོ་ཆེན་པོ་པོ་ཏ་ལ་དང་མཚུངས་པའི་སྒྲུབ་གནས་ཆེན་པོ་ཡེར་པ་དེའི་ནང་ནས། སྒྲོལ་མའི་ཞབས་གཡས་པ་ཕྱུགས་རྫི་ལྟ་བུའི་བྱང་ཆུབ་སེམས་དཔའི་ཁང་པ་འོད་གསལ་འཇའི་གུར་ནང་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཕོ་བྲང་རྒྱལ་བ་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་པདྨའི་སྟེང་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་གདན་ཁྲི་ལ། སྤྲུལ་པའི་ཆོས་རྒྱལ་དཔལ་ལྡན་མར་མེ་མཛད་བཟང་པོ་མ་དག་པའི་གདུལ་བྱ་ལ་དུས་དྲུག་ཏུ་གཟིགས་ཤིང་བཞུགས་པའི་ཚེ་ན། སྙིགས་མའི་མགོན་པོ་རྒྱལ་བ་བདུན་དང་། རང་གི་སྟོན་པ་ཤཱཀྱ་ཐུབ་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས་དང་བཅས་པ་དག་པའི་སྣང་བ་ལ་མདོའི་བཀོད་པ་བཞིན་དུ་གསལ་བར་བཞུགས་པའི་དབུས་སུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་གྲགས་པ་འཕགས་པ་སྤྱན་རས་གཟིགས་དགེ་བསྙེན་གྱི་ཚུལ་དུ་སྤྲུལ་པ་དེ་ཉིད་ཇོ་བོ་ལ་མཆོག་ཏུ་གུས་པ་ཆེན་པོས་བཞུགས་ཤིང་འདི་སྙམ་དུ། ད་ལྟ་ཐམས་ཅད་མཁྱེན་པ་བཞུགས་པའི་དུས་སུ་ལེགས་ཉེས་ཀྱི་ཐེ་ཚོམ་བཅད་པས་ཆོག་ཀྱང་། གདུལ་བྱའི་དབང་གི་རྒྱལ་བ་ཞིང་ཁམས་གཞན་དུ་གཤེགས་སྲིད་ན་བདག་གིས་ཞུ་བར་དཀའ་བ་དང་། དེང་སང་སྙིགས་མའི་དུས་སུ་གྱུར་པས་སེམས་ཅན་རྣམས་ཀྱང་དམུ་རྒོད་པས་གདམས་ངག་བསྟན་ཀྱང་ཉམས་ལེན་མི་བྱེད་པར་དགེ་བའི་བཤེས་གཉེན་ལ་སྡིག་གསོག་སྲིད་པས། དེའི་དུས་སུ་ངའི་རྗེས་སུ་འབྲངས་པའི་དགེ་སྦྱོང་ཕལ་ཆེར་བློ་གཏད་ཐུབ་པའི་ཆོས་ཤིག་ཞུ་དགོས་ཤིང་། ཡབ་སྲས་ཐུགས་ཕེབས་པའི་ཞུ་ལེན་བསམ་གྱིས་མི་ཁྱབ་པ་ཞིག་མཛད་པའི་ཐོག་མར། གང་གིས་ཐོས་ན་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པར་ནུས་པའི་བླ་མ་དམ་པ་མང་པོའི་མཚན་བརྗོད་ཅིང་ཕྱག་མཛད་པ་ན། ནམ་མཁའི་དབྱིངས་སུ་འཇའ་སྤྲིན་གྱི་གསེབ་ནས། ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པས་མེ་ཏོག་གི་ཆར་འབེབས་ཤིང་། པི་ཝང་དང་གླིང་བུ་ལ་སོགས་པའི་རོལ་མོའི་སྒྲ་སྒྲོག །ལྷའི་སྤོས་དང་སྣང་གསལ་ལ་སོགས་པ། མདོར་ན་མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་ཉན་པར་བྱེད། ཇོ་བོའི་བླ་མ་དེ་དག་ཀྱང་དག་པའི་སྣང་བ་ལ་བྱོན་ཞིང་བྱིན་གྱིས་བརླབས་པར་མཛད་དོ།།
དེ་ནས་ཡང་ལྷ་བཞི་སྟེ་གདམས་པའི་ཞུ་ལན་མཛད་པ་ན། ལྷ་བཞི་སོ་སོའི་སྐུ་མདོག་དང་མཐུན་པའི་འཇའ་སྤྲིན་གྱི་ཚོགས་འཁྲིགས་ཤིང་ངོ་མཚར་བའི་བཀོད་པ་འདི་ལྟར་སྣང་སྟེ། གསར་འཇམ་འཇའི་གུར་གསེབ་ན། །རིགས་ལྔ་སེར་འཇམ་འབའ་ཞིག་གིས། །ས་བཅུའི་སྲས་ལ་འདི་སྐད་གསུངས། །དུས་གསུམ་ཕྱོགས་བཅུའི་རྒྱལ་བ་རྣམས། །འདི་ལྟར་རིགས་ལྔའི་རང་བཞིན་ཡིན། །དེ་ཡང་གསེར་གྱི་མདོག་འདྲ་བ། །ཤཱཀྱའི་རྒྱལ་པོ་ཡིན་ནོ་འབྲོམ། །ཐུགས་རྗེ་ནང་གི་གཞལ་ཡས་བཞིན། །བཀོད་པ་དཔག་མེད་བསྟན་དུ་གསོལ། །འབྲོམ་རྗེའི་ཐུགས་ཁ་རབ་ཕྱེ་བས། །རང་གི་ཐུབ་པའི་ངོ་བོ་ཉིད། །རིགས་ལྔས་ནམ་མཁའ་གང་ཚུལ་དུ། །ཐུགས་ཀྱི་ནམ་མཁའ་རྒྱལ་བས་གང་། །རྒྱལ་བའི་དཀྱིལ་འཁོར་ཡིན་ནོ་གསུངས། །ཇོ་བོའི་ཞལ་ནས་སྲས་ཀྱི་མཆོག །འདམ་ཁ་མ་ལོག་སྲས་ཀྱི་མཆོག །རྒྱལ་བའི་ཞིང་ཁམས་འདི་ལྟར་གདའ། །ལེགས་པར་འདམས་པའི་ཕན་ཡོན་ཡིན། །འགྲོ་བའི་དོན་དུ་ངེས་འགྱུར་གསུངས། །དཀར་འཇམ་སྤྲིན་གྱི་གུར་གསེབ་ནས། །ཟླ་བ་ལྟ་བུར་སེམས་དཔའ་རྣམས། །ཇི་ལྟར་རྒྱལ་སྲས་མང་གྱུར་ཀྱང་། །འདི་ལྟར་ཐུགས་རྗེ་ཆེན་པོ་ལས། །གཡོ་བ་འགའ་ཡང་ཡོད་མ་མཆིས། །ཉིད་ཀྱི་ནང་གི་གཞལ་ཡས་ཁང་། །མཚུངས་པ་མེད་པར་གསལ་བར་མཛོད། །དེ་ནས་འབྲོམ་རྗེས་ལེགས་ཞེས་གསུངས། །ཐུགས་ཀྱི་པད་སྒོ་རབ་ཕྱེ་ནས། །སྤྱན་རས་གཟིགས་ཀྱི་ཞིང་ཁམས་བསྟན། །ལྗང་ཁུ་སྤྲིན་གྱི་གུར་གསེབ་ནས། །ལྗང་ཁུའི་མདོག་ཅན་ལྷ་མོའི་ཚོགས། །སྤྱན་རས་གཟིགས་དབང་ཡར་ལ་གསོན། །སེམས་མ་དཔག་ཏུ་མེད་གྱུར་ཀྱང་། །འདི་བཞིན་འདི་དག་རྣམས་སུ་འདུས། །འདི་ཡང་སྒྲོལ་མའི་རང་བཞིན་ཏེ། །ཁྱེད་ཀྱི་ཐུགས་ཀྱི་གཞལ་ཡས་བཞིན། །འབྲོམ་རྗེས་ལེགས་ཞེས་རབ་གསོལ་ནས། །ཐུགས་ཀྱི་པདྨོ་རབ་ཕྱེ་སྟེ། །སྒྲོལ་མའི་ཞིང་ཁམས་དཔག་མེད་བསྟན། །མཐིང་འཇམ་སྤྲིན་གྱི་གུར་གསེབ་ནས། །མཐིང་མདོག་ཁྲོ་བོ་དུ་མ་བསྟན། །རྐྱང་བསྐུམ་གར་གྱིས་བདུད་སྡེ་སྐྲག །འཛུམ་ཆགས་གར་གྱིས་འབྲོམ་རྗེ་བསྟོད། །སྲས་ཀྱི་ཐུ་བོ་འདི་ལ་གསོན། །ཁྲོ་བོ་ཞེ་སྡང་དཔག་མེད་ཀྱང་། །མི་གཡོ་བསྟན་པ་ཉིད་ཡིན་ནོ། །ཁྱེད་བསྟན་སྲུང་ཞིང་བར་ཆད་བསལ། །ཇི་ལྟར་ཁྱོད་ཀྱི་ཞིང་ཁམས་ཀྱི། །དཔག་མེད་ནང་དུ་གསལ་བ་བཞིན། །འབྲོམ་རྗེས་ལེགས་ཞེས་ཐུགས་སྒོ་གསལ། །ཁྲོ་བོའི་ཞིང་ཁམས་དཔག་མེད་བསྟན། །དེ་ལྟར་བསམ་གྱིས་མི་ཁྱབ་པའི། །ལྷ་བཞིས་ལེགས་པར་གདམས་པའི་ཚེ། །མར་མེ་མཛད་དཔལ་རབ་ཏུ་མཉེས། །རྒྱལ་བ་སྲས་བཅས་མ་ལུས་པའི། །ངོ་བོར་གྱུར་པ་སྤྱན་རས་གཟིགས། །དེ་ལྟར་ལྷ་རབས་དཔག་མེད་རྣམས། །དེ་རིང་ཇི་ལྟར་གཟིགས་པ་ཡི། །བསྡུས་པའི་ངོ་བོ་ལྷ་བཞི་ཡི། །སྐུ་འདྲ་བཞི་བཞེངས་ཁོ་བོ་ཡིས། །བཟོ་ཞིང་རབ་ཏུ་གནས་པར་བྱ། །ཞེས་གསུངས། དེ་ནས་འབྲོམ་གྱིས་ཡོན་བདག་མང་པོ་ལས། དེ་དག་གིས་བསོད་ནམས་གསོག་པའི་ཕྱིར་ཏུ་བླངས་ནས། རིན་པོ་ཆེ་དུ་མའི་འཇིམ་པ་རི་ཆུང་ཙམ་ཞིག་སྦྱར་ནས། ཇོ་བོ་ལ་བཞེངས་པར་གསོལ་བ་དང་། ཨ་ཏི་ཤས་རང་ཉིད་འདྲ་བའི་དགེ་སློང་རྡོ་རྗེ་འཛིན་པ་བཅུ་དྲུག་སྤྲུལ་ནས་ལྡེ་གུའི་མཐའ་བསྐོར། བུ་མོ་སྔོ་ལྗང་དུ་མས་ཙན་དན་གྱི་ཆུས་བྲན་ཞིང་གཡོས་ནས། རིང་པོར་མ་ཐོགས་པར་ལྷ་བཞིའི་སྐུ་བྱམས་པའི་སྐུ་ཚད་ཙམ་དག་བཞེངས་སོ།།
དེ་ནས་འཇའ་འོད་སྣ་ཚོགས་ཀྱི་གུར་ཕུབ། མཆོད་པའི་ལྷ་མོ་མང་པོས་མཆོད། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་ཤིས་པ་བརྗོད། མི་གཡོ་བ་ལ་སོགས་པ་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ཇོ་བོ་ཉིད་ཐུབ་པའི་དབང་པོའི་སྐུར་ལྷམ་མེར་མཛད་ནས་རབ་ཏུ་གནས་པ་གཟིགས་ནས་འབྲོམ་དག་པའི་སྣང་བ་ལ་ཡུད་ཅིག་འབྱམས་སོ། །དེ་ནས་ཏིང་ངེ་འཛིན་ལས་བཞེངས་པ་ན། ལྷ་བཞིའི་སྐུ་རྣམས་མི་སྣང་བར་ཇོ་བོ་འབའ་ཞིག་བཞུགས་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པ་ལ་སོགས་པ་ཞུ་ལན་མང་པོ་མང་པོ་མཛད་ཅིང་། དེ་ནས་རེ་ཞིག་ལོན་པ་ན་ཡེ་ཤེས་ཀྱི་ལྷ་བཞི་པོ་མདུན་དུ་བྱོན་ནས། འབྲོམ་རྗེ་གཏམ་འདི་གསན་དུ་གསོལ། །གཟུགས་ལ་ལྷ་རུ་མ་འཛིན་ཅིག །ལྡེ་གུ་རྒྱུ་རུ་མ་འཁྲུལ་ཅིག །དེང་ནས་འཁོར་བ་མ་སྟོང་བར། །བདག་ཅག་འབྲལ་མེད་རྒྱུན་དུ་འོང་། །ལྷག་པར་དེང་སང་བྱིན་གྱིས་བརླབས། །ནངས་པར་ཆོས་ལ་འདམ་ཁ་ཐོངས། །ཁེ་ཆེ་གཡེང་པ་མེད་པར་འདོམས། །དེ་ཚེ་ངེད་ཀྱང་དྲུང་དུ་འོང་། །ལྷག་པར་སྒྲོལ་མས་འདི་སྐད་གསུངས། །སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱེད་ཀྱི་རྗེས་འབྲང་ཁོ་མོས་སྐྱོབ། །ཁོ་མོའི་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟན་པར་གྱིས། །ཞེས་རྗེས་དྲན་ལྔ་ལ་སོགས་པ་གསུངས་སོ།།
དེའི་ནངས་པར་ཡང་རྒྱལ་བ་ཡབ་སྲས་ཐུགས་ཕེབས་པའི་ཞུ་ལན་འཕགས་པའི་དབྱངས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆེ་བ་གསུངས་ཤིང་། འོན་ཀྱང་དེང་སང་ལམ་དུ་ལོང་བར་དཀའ་བས་ཁེ་ལས་ཉེན་ཆེ་བར་གསུངས་ཏེ། ཡང་ཇོ་བོས། སྲས་ཀྱི་ཐུ་བོ་འབྲོམ་རྗེ་ང་ལ་གསོན། །རྐྱེན་དགེ་བའི་བཤེས་གཉེན་གྲོགས་བཟང་པོ། །དུས་རྟེན་འབྲེལ་འཛོམས་ནས་གསང་སྔགས་རིགས། །གཞན་བུ་ཆུང་ཤ་ཁོག་ཟད་དང་མཚུངས། །སྲས་མི་གཅིག་གཡང་སའི་ཕ་རོལ་ཏུ། །ལུས་སྟོབས་མེད་འདོད་པས་ཕ་རོལ་འཕྱོང་། །རྒྱ་གལ་ཏེ་མྱུར་དུ་སླེབས་པ་སྲིད། །རྒྱ་གལ་ཏེ་དོང་དུ་ལྷུང་གྱུར་ན། །ལུས་ཚེ་སྲོག་འབྲལ་བ་ཉེན་དུ་ཆེ། །ཀྱེ་དེ་བས་བདེ་བའི་ལམ་བསྐོར་ན། །དུས་འཕྲལ་བདེ་ཕུགས་སུ་བཙན་པ་ཡིན། །ཆོས་བཟང་པོ་སྡེ་སྣོད་རིན་ཆེན་གསུམ། །གནས་སྟན་ཐོག་གཅིག་ཏུ་ཉམས་བླངས་ན། །ཉེན་ངན་སོང་མི་ཆེ་མཐར་ཕུགས་བཟང་། །རྗེ་སངས་རྒྱས་བསྟན་པ་དམ་ཆོས་ཡིན། །ཆོས་ཚུལ་བཞིན་བྱེད་པ་དགེ་འདུན་ཡིན། །དེ་འདུལ་བའི་སྡེ་ལ་རག་པས། །བུ་རྒྱལ་བའི་བཀའ་ལུང་འདུལ་བ་བརྟེན། །མི་ཁྱེད་ཀྱིས་གསང་སྔགས་སྐྱོང་ན་ཡང་། །ཕྱིས་གཉེན་པོ་བཙན་ས་མ་ཟིན་པའི། །ཆོས་ཟབ་མོར་གྲགས་པ་སྔགས་ལ་འཁྲུལ། །ལས་འཁོར་བའི་གཏིང་རྡོ་བྱས་ཀྱིས་དོགས། །ཁྱེད་གསང་སྔགས་ཟབ་མོ་རྒྱུད་ལ་བརྟེན། །ངག་གསང་སྔགས་ཁས་ལེན་མ་ཆེ་ཅིག །དཔལ་བསྟན་པ་འདི་ཡི་ཞབས་ཏོག་ཏུ། །ཆོས་སྡེ་སྣོད་རིན་ཆེན་ཆེའོ་བུ། །དེ་ཕུགས་སུ་དགེའོ་འབྲོམ་རྗེ་མཆོག །ཅེས་གསུངས་པ་དང་། འབྲོམ་གྱི་དགོངས་པ་ལ། གསང་སྔགས་ནི་ལམ་མྱུར་ཡང་སོ་སོ་སྐྱེ་བོ་དག་གིས་འཆུན་པར་དཀའ་ལ། སྡེ་སྣོད་རིན་ཆེན་གསུམ་ནི་ཁྱེ་ལ་ཉེན་ཆུང་བའི་ཆོས་སུ་འདུག །རྣམ་པ་གཅིག་ན་གསང་སྔགས་ཉིད་ཀྱང་སྡེ་སྣོད་གསུམ་དུ་མ་འདུས་པ་མེད་པས། དེ་སྡེ་སྣོད་གསུམ་ཞེས་ཀྱང་རུང་བསླབ་པ་གསུམ་ཞེས་ཀྱང་རུང་། ཆོས་གསུམ་པོ་འདི་ཕྱི་རབས་ཀྱི་གདུལ་བྱ་ལ་བྱིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ས་གཞི་གང་བ་ཙམ་བྱས། དེ་དག་གི་རྒྱུད་སྡེ་སྣོད་གསུམ་གྱིས་རྒྱས་པར་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་གསལ་བར་བྱའོ་སྙམ་དུ། ནན་ཏན་དུ་ཐུགས་ལ་གཅེར་ཞིང་གཅེར་ཞིང་སེམས་པ་ན། ཡང་ཇོ་བོ་དག་ལྷ་བཞིས་ཀྱང་དེའི་མཐུན་འགྱུར་གྱི་འཕགས་པའི་དབྱངས་བཞེས་སོ།།
གཞན་ཡང་རྒྱལ་བ་ཡབ་སྲས་གཉིས་ཀྱིས་ཕྱི་རབས་མ་འོངས་པའི་གདུལ་བྱ་ལ་གཟིགས་ནས་དམ་པའི་ཆོས་ཀྱི་ཞུ་བ་ཞུ་ལེན་རྣ་བར་སྙན་ཞིང་ཡིད་ལ་འབབ་པ། སུས་ཐོས་ཀྱང་འཁོར་བ་ལ་ཡིད་ངེས་པར་འབྱུང་ཞིང་། བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་སྦྱོར་བ་བསམ་གྱིས་མི་ཁྱབ་པ་ཞིག་མཛད་པ་རྒྱས་པར་གླེགས་བམ་ཉིད་དུ་ལྟ་བར་བྱ་ཞིང་ངག་རྫུ་འཕྲུལ་གྱི་བཀོད་པ་སོགས་ཅུང་ཟད་བརྗོད་དོ། །ཡང་སྐབས་ཤིག་ཇོ་བོས་རྫུ་འཕྲུལ་གྱི་བཀོད་པ་སོགས་ཅུང་ཟད་བརྗོད་དོ།།
ཡང་སྐབས་ཤིག་ཇོ་བོས་རྫུ་འཕྲུལ་གྱི་བཀོད་པ་འདི་ལྟར་མཛད་དོ། །གཞུ་གང་ཤར་གྱི་གྱེན་གསེག་ལ། །དམར་པོ་འཇའ་ཡི་ཐེམ་སྐས་བཙུགས། །དེ་ཙམ་བཞུ་གང་གྱེན་གསེག་ལ། །ལྗང་ཁུ་མཛེས་པའི་ཐེམ་སྐས་བཙུགས། །དེ་བཞིན་སྔོ་སེར་དཀར་པོ་ཡི། །ཐེམ་སྐས་ལྔ་ཡི་ཡང་སྟེང་ན། །རྣམ་དག་འོད་ཀྱི་གཞལ་ཡས་བཞེངས། །དེ་ན་རང་ལུས་འོད་གསལ་བ། །བླ་མ་ལྷར་བཅས་བཞུགས་གྱུར་ཏེ། །སྣང་སྟོང་འཇའ་འོད་ལྟ་བུ་ཡི། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ནས་འབྲོམ་ལ་འདི་སྐད་དུ། །ཀུན་དྷའི་སྦུབས་དང་བཅུད་བཅས་པ། །བསིལ་ཟེར་འོད་ཀྱི་དབྱིངས་སུ་བྱོན། །བསོད་ནམས་ཚོགས་ཀྱི་ལམ་ལ་བྱོན། །ཆོས་དབྱིངས་སྒོམ་པའི་ལམ་ལ་བྱོན། །ཡེ་ཤེས་སྦྱོར་བའི་ལམ་ལ་བྱོན། །གནས་ལུགས་མཐོང་བའི་ལམ་ལ་བྱོན། །ཆོས་དབྱིངས་སྒོམ་པའི་ལམ་ལ་བྱོན། །མཐར་ཕྱིན་མི་སློབ་ལམ་ལ་བྱོན། །གནས་འདི་བདེ་བ་ཆེན་པོ་ཡིན། །གནས་འདི་ཀུནྡ་འབྱེད་པའི་གནས། །གནས་འདི་སྲས་མཆོག་སྤེལ་བའི་ཞིང་། །ཕ་ཕོགས་ལེན་པའི་མཛོད་འདི་ན། །མ་དག་དྲི་བྲལ་བཀའ་གདམས་ཡབ། །བག་ཆགས་གཙང་ལྡན་བུ་གར་རྩེས། །ལམ་གསུམ་ནང་ནི་ཐེམ་སྐས་བཙུགས། །རིམ་གྱིས་འཛེགས་ལ་ཡང་རྩེར་བྱོན། །ནམ་མཁས་ཁྱབ་ཚད་མཐོང་བར་འགྱུར། །གང་ན་བདེ་དང་སྡུག་བསྔལ་བའི། །སྐྱེས་དགུ་གང་དེ་ཡར་ལ་དྲོངས། །རྣམ་གཡེང་ཆེ་ན་རྩེ་ལ་བྱོན། །ལྟད་མོ་མ་ཚང་མེད་པར་མཐོང་། །རྣམ་གཡེང་ཆུང་ངུ་འོད་དབྱིངས་སུ། །ཆོས་དབྱིངས་རང་གྲོལ་ལྷུག་པར་ཞོག །གོས་སོགས་ཇི་ལྟར་འདོད་པ་རྣམས། །དེ་ན་ཡོད་ཀྱི་བདེ་བར་སྤྱོད། །འདི་ནི་བདེ་བའི་གནས་ཆེན་ཡིན། །གང་དུ་བདེ་བ་མཐོང་བ་དེར། །སྤྲོ་བར་མཛད་དེ་ཞིང་དེར་བྱོན། །ཐེ་ཚོམ་སྐྱེས་ན་མི་འགྲུབ་རྒྱུ། །དང་པོར་གང་བསམ་བཟང་མཐར་སྐྱོལ། །དེ་ནས་རིམ་གྱིས་ཐམས་ཅད་འགྲུབ། །གཞན་དུ་གཅིག་ཀྱང་འགྲུབ་མི་འགྱུར། །དེས་ན་རིམ་གྱིས་ཐམས་ཅད་འགྲུབ། །གཞན་དུ་གཅིག་ཀྱང་འགྲུབ་མི་འགྱུར། །དེས་ན་ཀུན་སྤྱོད་གཙང་མའི་བུ། །དེ་འདྲའི་སྲས་མཆོག་དེ་འདྲ་བ། །དེ་ཡི་སྲས་མཆོག་བཟང་འཛིན་པ། །ཁྱེད་ཚ་རིགས་གསུམ་ཉིད་ཀྱིས་སྤྲུལ། །དེ་ཚའང་རིགས་གསུམ་ཉིད་ཀྱིས་སྤྲུལ། །དེ་ཚའང་ཁྱེད་ཀྱི་རྣམ་ཐར་འཛིན། །ཨེ་མ་མ་མཐར་ཁྱོད་ཀྱི་སྲས། །མཛེས་པར་མཛེས་སྦུབས་རབ་ཏུ་བལྟམས། །ལྷ་དང་བཅས་པའི་མཆོག་གནས་ཡིན། །མེ་ཏོག་སྦུབས་ཀྱང་ལྷ་ཡིས་སྐྱོང་། །རྣམ་ཐར་གཙང་མའི་སྲས་གཅིག་པུ། །ཀུན་ཏུ་སྐྱོངས་ཤིག་རབ་ཏུ་མཛེས། །གསུངས། ཡང་ཡབ་སྲས་གཉིས་འབེལ་གཏམ་ཞུ་ལན་མང་དུ་མཛད་པ་ན། བུ་མོ་ལྗང་ཁུ་མ་གཅིག་གིས་ཡེ་ཤེས་ཀྱི་བདུད་རྩི་བུམ་པ་གང་ཁྱེར་ཏེ། ཤེལ་གྱི་སྐྱོགས་དཀར་སེར་གཉིས་སུ་བླུགས་ནས་ཡབ་སྲས་གཉིས་ལ་དྲངས་ཏེ། ཤགས་འདེབས་པ་བྱ་བ་སྐོམ་དད་ཆེ་བ་ཡིན། ཁོ་མོས་ཀྱང་ཐུགས་ལ་བཞག་ལ་སྐུ་ཆེ་བ་དེ་ཐོས། བདེན་བདེན་འདྲ་བར་གདའ་བ་དེས་ཁོ་མོས་ཀྱང་ཉན་དུ་འོངས་པ་ཡིན་གསུངས། དེ་ནས་གསུང་གླེང་འགའ་རེ་མཛད་པའི་མཐར། བུ་མོ་དེ་ཉིད་དེ་བཞིན་གཤེགས་པའི་སྐུར་ལམ་མེར་མཛད་ཅིང་ཆོས་ཀྱི་གསུང་གླེང་མང་པོ་མཛད་པ་དང་། འབྲོམ་གྱི་ཞལ་ནས། དི་རིང་གསུང་གླེང་ཉམས་དགའ། ལྷ་མོ་བྱོན་པའང་ཐུགས་ལ་བཏགས་བླ་མའི་གདམས་ངག་ཟབ་གསུངས། ང་རྒྱལ་དང་མཐོ་བའི་སེམས་བྱུང་བའི་ཚེ། བླ་མའི་གདམས་ངག་ཇི་ལྟར་དྲན་པར་བྱ་བ་དང་། སྡུག་བསྔལ་གྱི་རྩ་བ་བཅད་དེ་བྱིང་རྒོད་མཉམ་ཉིད་དུ་སྒོམ་པ་དང་། སྣང་སྟོང་གྲགས་སྟོང་གི་ངང་དུ་བློ་ཇི་ལྟར་སྦྱོང་བའི་ཚུལ་ལས་བརྩམས། རྣམ་ཐར་གཙང་མའི་ཕ་ཕོགས་བཟང་པོ་གནང་བ་དང་། འབྲོམ་གྱི་ཞལ་ནས། འགྲོ་བའི་མགོན་པོ་ཨ་ཏི་ཤ །བདག་གི་ཕ་ཕོགས་དམ་པ་ཡིན། །གནས་ལྔ་མཁྱེན་པའི་པཎྜི་ཏ། །བས་མཐའ་དགོན་པར་རབ་གནས་ཤིང་། །རི་དྭགས་ཤི་བའི་རོ་བཞིན་དུ། །བདག་གིས་བདག་ཉིད་སྦ་གསུངས་ན། །བདག་གི་གདུལ་བྱ་གང་ན་ཡོད། །དགོན་པ་དག་ཀྱང་བསྟན་པར་ཞུ། །
ཞེས་ཞུས་པ་དང་། བྱང་རྭ་སྒྲེང་དུ་དགོན་པ་ཇི་ལྟར་བྱ་བ་དང་། སྐུ་མཆེད་གསུམ་ལ་སོགས་སྤྲུལ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་འབྱུང་བར་ལུང་བསྟན་པ་དང་། འབྲོམ་ཐུགས་དགྱེས་པའི་ཚུལ་གྱིས་མགུར་གསུངས་པ། ཀྱེ་བླ་མ་དམ་པ་གསན་དུ་གསོལ། །ཆོས་བཟང་པོ་དགེ་བ་ཡང་ལྡན་དེ། །ང་རྣམ་ཐར་གཙང་མའི་ཆོས་སུ་གནང་། །ལྷ་འགྲན་ཟླ་མེད་པའི་དཀོན་མཆོག་གསུམ། །ང་རྣམ་ཐར་གཙང་མའི་རྒྱན་དུ་གནང་། །ཁྲིམས་ཡོན་ཏན་ཀུན་གྱི་གཞི་རྟེན་དེ། །ང་རྣམ་ཐར་གཙང་མའི་ཞིང་དུ་གནང་། །ཆོས་མཛད་མེད་གཏེར་གྱི་བང་མཛོད་དེ། །ང་རྣམ་ཐར་གཙང་མའི་ཕོགས་སུ་གནང་། །སྨན་ལྗོན་པ་སྟོང་ལྡན་ནད་སེལ་ཏེ། །ང་རྣམ་ཐར་གཙང་མའི་སྨན་དུ་གནང་། །ལས་ཅི་བྱེད་རྟག་ཏུ་དགེ་བ་དེ། །ང་རྣམ་ཐར་གཙང་མའི་སྨན་དུ་གནང་། །ལས་ཅི་བྱེད་རྟག་ཏུ་དགེ་བ་དེ། །ང་རྣམ་ཐར་གཙང་མའི་བྱ་བར་གནང་། །ཆོས་བསྟན་པ་ཟབ་མོའི་ཆོས་གཞུང་དེ། །ང་གསེར་བྱ་སྤྱོད་པའི་དགའ་བདེར་གནང་། །སྤྱིར་ཕན་བདེའི་མན་ངག་རིན་ཆེན་མཚོ། །གཞི་གྲམ་བུ་གསེར་གྱི་བྱེ་མ་བདལ། །མཐའ་སྟོང་ལྡན་མཛེས་པའི་རྒྱན་གྱིས་སྤུད། །སེམས་བཟང་ལྡན་འཛིན་པའི་ལེགས་བཤད་དེ། །ང་བཀའ་གདམས་བརྩེ་བའི་གནས་སུ་གནང་། །ཀྱེ་སུམ་ཅུ་རྩ་གསུམ་ཁང་བཟང་ན། །ཁོང་ལྷ་དབང་འབྱོར་པ་ཆོས་ཀྱི་རྒྱན། །ལྷ་ཉེ་དབང་རྣམས་ཀྱིས་རབ་མཆོད་ཅིང་། །ཉམས་དཔག་མེད་དགའ་ལྡན་ཞིང་ཁམས་བཞིན། །ང་བཀའ་གདམས་ཚད་མེད་ཁང་བཟང་ན། །ཆོས་འབྱོར་པ་བསླབ་གསུམ་ངང་གིས་འཕེལ། །ཁོང་དྲང་སྲོང་ཁྲིམས་ལྡན་དུ་མས་སྐོར། །ཉམས་དཔག་མེད་དགའ་བའི་ལོ་འདབ་རྒྱས། །བཀྲ་ཤིས་སོ་བཀའ་གདམས་ལྷ་བཅས་རྣམས། །ཡར་ཤོག་ཅིག་སེམས་ཅན་གྲངས་མེད་རྣམས། །ངས་བསྐྱབ་བོ་ལྷ་ཆོས་བདུན་ལྡན་གྱིས། །ཕུགས་བཙན་ནོ་ཐར་པའི་ཞིང་ཁམས་ཡིན། །འཕྲལ་བདེའོ་གཡང་ས་མེད་པའི་ཆོས། །གྲོགས་བཟང་པོ་ཆོས་ལྡན་འབའ་ཞིག་ཡིན། །དོན་བཟང་པོ་འདི་བེ་ཏའི་རོ་ལས་དབེན། །ང་ཀུན་ཏུ་དགེ་བའི་བཀའ་གདམས་པ། །ཁོང་གཙང་མའི་རིགས་རྣམས་མ་ལུས་འདུས། །དགའ་བ་སྒོམས་ཤིག་ཉམས་ལེན་ཅན། །དྲིན་ཆེའོ་བླ་མ་ཨ་ཏི་ཤ །ཆོས་གོ་བདེ་ཟབ་རྒྱས་མང་པོ་ཐོབ། །ད་དེ་ལའང་ནན་ཏན་བསླབ་བྱ་མཛོད། །རྗེ་ཁྱེད་ཀྱི་བཀའ་དང་མི་འགལ་ལོ། །
ཞེས་འཕགས་པའི་དབྱངས་སྙན་པོས་ཞུས་པ་དང་། ཇོ་བོས་ལན་གསུངས་པ། འབྲོམ་གཏིང་མཐའ་ཟབ་པའི་རྒྱ་མཚོ་ཁྱོད། །ཁྱེད་གཏིང་མཐའ་གང་གིས་མི་གཡོ་བར། །ཁ་གཡོ་བ་ལྟར་སྣང་ཁྲེམ་གཉེར་ཅན། །འབྲོམ་ཁྱོད་ལ་མཐུ་ཡོད་སྐལ་བ་བཟང་། །རྗེ་བདེ་གཤེགས་གསུང་རྣམས་བརྒྱུད་པ་ཡི། །རྗེ་བླ་མར་བཅས་ལ་ངས་ཞུས་ནས། །སྲས་ཐུ་བོ་ཁྱོད་ལ་གང་འབྱོར་བྱིན། །ད་དམ་བཅའ་འདོར་ན་དམ་པ་མིན། །ད་འཁུར་ཆེན་མ་བོར་ཡི་དམ་བྱོས། །བུ་ལེ་ལོ་སྙོམས་ལས་སྒྱིད་ལུག་རྣམས། །ཚེ་མི་རྟག་མི་ཤེས་རྣམས་ལ་འབྱུང་། །ཁྱོད་རྟག་འཛིན་བྲལ་བ་དེ་བྱུང་ན། །དགྲ་བདག་གིས་བྱས་པས་ལེ་ལན་དེར། །ཁྱོད་སྔར་གྱི་སྡུག་བསྔལ་མ་བྲེད་པར། །དུས་ད་དུང་བྲེད་ཤུལ་འགྲིམ་མམ་ཅི། །ཡའི་ཕ་མ་བཅས་པ་འདི་ཡིས་བསླུས། །ཚུར་བདག་འཛིན་དགྲ་མགོ་མི་འཛེམས་པར། །ཕར་སྤང་བྱ་མང་པོ་སྤངས་སྤངས་ནས། །དེ་སྤང་བར་མ་ལངས་ཐམས་ཅད་འཇོག །དགྲ་ངོས་མ་ཟིན་པས་ལན་པ་ཡིན། །དོས་སྟོང་གི་རྩ་ཕུར་ཇི་བཞིན་དུ། །སྡོམ་རྩ་ཕུར་འདྲ་བས་བདག་བསླུས་ན། །དོས་སྟོང་དང་འདྲ་བའི་སྤང་བྱ་རྣམས། །བདག་དེ་དང་འབྲལ་བ་ག་ལ་འགྱུར། །ཀྱེ་རྩ་ཕུར་འབྱིན་པ་གནད་དུ་ཆེ། །ཆུ་མགོ་བརྒྱ་ཟམ་པ་གཅིག་ཏུ་འདུ། །མགོ་ཐམས་ཅད་སྐོར་ན་ག་ལ་ལང་། །དེ་ཤེས་པར་བྱས་ན་མཁས་པ་ཡིན། །ད་ཟམ་པ་འགྲིམ་པ་གནད་དུ་ཆེ། །ཤིང་རྟ་ལ་བྱུར་དུ་ཤེས་པ་གང་། །རྩེ་ཡན་ལག་བཅད་ཀྱིས་ག་ལ་ལང་། །གཞི་རྩ་བ་ཆོད་པ་གནད་དུ་ཆེ། །འབྲོམ་ཕུང་བྱེད་ཐམས་ཅད་བདག་འཛིན་ཡིན། །བདག་འཁོར་འདུས་ཀུན་གྱི་རྩ་བ་ཡིན། །དོན་ཡོད་མེད་ཤེས་ན་མཁས་པར་གྲགས། །འདི་ཡོད་པར་ཤེས་ན་དམྱལ་ཁམས་འགྲིམས། །དུས་ཉིན་མཚན་མེད་པར་བརྔན་བགྲང་ཞིང་། །འདིར་ལེ་ལོ་སྙོམ་ལས་འབད་པས་ཆོམ། །འབྲོམ་ཇི་སྐད་གསུངས་བཞིན་དེ་འདྲ་བའི། །རྒྱུད་མི་རྟག་གཙང་མའི་བརྟུལ་ཞུགས་རྣམས། །ལས་ཕྲ་ཞིང་ཕྲ་བའི་ཉེས་བྱས་ཀྱང་། །མིག་དབང་པོ་དྭངས་མའི་རྡུལ་བཞིན་དུ། །ཁོ་ཇི་ལྟར་ཆུང་ཡང་མི་བཟོད་པར། །ལས་འབད་པས་འདོར་ལ་ནན་ཏན་མཛོད། །ཀྱེ་བརྟུལ་ཞུགས་འདི་ཡི་མཐའ་འབྲས་ནི། །འབྲོམ་ཁྱོད་ལྟར་མཚུངས་པ་ཡོད་མ་ཡིན། །བུ་ཐེག་པ་རིན་ཆེན་ཐེམ་སྐས་ལ། །དུས་རིམ་གྱིས་འཛེགས་དང་བཙན་ས་ཡིན། །ཀྱེ་ཆི་ཆོད་གསུངས་པ་ཡོད་ན་ཡང་། །ཁོང་དྲོ་ན་རྒྱལ་བ་ཉིད་ལ་དགོངས། །བུ་ཁྱད་གཞི་མེད་པའི་ཁྱད་ཆོས་དཀའ། །བུ་ལྟོས་པ་མེད་པའི་ལྟོས་ཆོས་དཀའ། །བུ་གཞག་བྱ་མེད་པའི་འཇོག་བྱེད་དཀའ། །འབྲོམ་རྒྱུ་མེད་པ་ཡི་འབྲས་བུ་ཅི། །ཁོས་རྒྱལ་ལ་བྱིས་པས་འགྲན་པ་རྣམས། །འབྲོམ་འཕྲལ་དུ་ཇི་ལྟར་ཉམས་པར་འགྱུར། །ཕུགས་ཅི་ཐོབ་བྱ་ན་རིམ་གྱིས་བཟང་། །དེ་ཤེས་པར་མཛོད་ལ་རྒྱུ་འབྲས་ལ། །ཡིད་གཞན་དུ་མ་འཆུག་ཆེས་པར་མཛོད། །དོན་བདེན་མེད་ངང་དུ་ཁྱེད་དང་འབྲོམ། །དེ་བདག་གིས་བསླབ་བྱ་ནན་ཡིན་ནོ། །
ཞེས་གསུངས་པ་གསན་ནས་འབྲོམ་ཐུགས་དགའ་བཞིན་དུ་གདན་པདྨ་དྲི་མ་མེད་པ་ཞིག་ལ་བཞུགས་ནས། ཚུལ་ཁྲིམས་ཡོངས་སུ་དག་པའི་མདོ་སྟོན་པར་མཛད་པ་ན། ཇོ་བོའི་ཞབས་ལ་བཏུད་ནས། ལགས། འགྲན་ཟླ་མེད་པའི་ཨ་ཏི་ཤ །ངེད་རྣམ་རྟོག་མེད་པའི་རྣལ་འབྱོར་པ། །གནས་མི་གཙང་ཁྲོད་དང་པད་ཚལ་ལ། །དོན་ཅུང་ཟད་ཙམ་ཡང་ཁྱད་མཆིས་སམ། །ངེད་རྟོག་མེད་བག་ཡངས་སྐྱོང་བ་ལ། །ལས་ཉོན་མོངས་མི་སྐྱེ་ཇི་ལྟར་ཉེས། །འབྲོམ་རྒྱལ་བའི་འབྱུང་གནས་གསུང་བཙན་ན། །ང་ཇི་མི་མཉམ་པའི་སྲས་སུ་མཉམ། །ཀྱེ་གཟིགས་དང་སྙིང་རྗེ་འགྲོ་བའི་མགོན། །ཟས་དཀར་གསུམ་མངར་དང་འདི་དག་ལ། །ཁྱད་ཅུང་ཟད་ཙམ་ཡང་མཆིས་སམ་འབྲོམ། །
ཞེས་གསུངས་ཤིང་ཐོད་པ་དྲི་ཆེན་གྱིས་གང་བ་ཞིག །ཕྱག་གཡོན་པའི་སྲིན་ལག་གིས་དཀྲུག་ཅིང་ཞིམ་གལ་ལྟར་གསོལ། ལྭ་བའི་གོད་ཕུད་ནས། སྐུ་ལ་དྲི་མ་དག་གིས་བྱུགས་པར་མཛད་ནས་ཡང་འདི་སྐད་ཅེས། དུས་དང་པོར་སྐྱེ་བས་སྟོང་ངོ་འབྲོམ། །དུས་མཐའ་མར་འཆི་བས་སྟོང་ངོ་འབྲོམ། །དུས་ད་ལྟ་གནས་པས་སྟོང་ངོ་འབྲོམ། །ང་དེ་ལྟར་ཤེས་པའི་རྣལ་འབྱོར་ལ། །གནས་འཁོར་བར་དབང་མེད་ག་ལ་འཁྱམས། །རྫས་གང་ལའང་བཟང་ངན་ཞེན་པ་བྲལ། །ང་གང་དུ་བསྡད་ཀྱང་གཙང་བཙོག་མེད། །ང་རྣམ་རྟོག་རང་གྲོལ་ཆེན་པོ་ཡིན། །སེམས་གཙང་མར་བཟུང་ན་རྟོག་བཅས་ཡིན། །ང་རྟོག་པ་མེད་པའི་རྣལ་འབྱོར་བདེ། །ང་རྟོག་པ་མེད་པའི་རྣལ་འབྱོར་གཙང་། །ཉམས་དཔག་མེད་དགའ་བ་དེ་དགའ་འོ། །
ཞེས་གསུངས་པ་དང་། འབྲོམ་གྱིས། སྐུ་ཟླ་བ་དྲི་མ་མེད་པ་ལྟར་དཀར་ཞིང་། ཕྱི་ནང་གསལ་བ་ཤེལ་གྱི་མེ་ལོང་ལྟ་བུ་བདེ་བར་གཤེགས་པ་རྣམས་གསལ་བར་སྣང་བ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབུ་སྐྲ་ལ་མཐོན་མཐིང་སིལ་བུར་གསིལ་བ། ཕྱག་གཡས་གསེར་གྱི་གཞུ་ཆུང་དང་། གཡོན་གཡུའི་པི་ཝང་བསྣམས། སྐུ་པདྨའི་སྟེང་ན་འགྱིང་ཅུང་ཟད་དང་བཅས། འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་། མེ་ཏོག་གི་ཆར་དལ་བུས་འབབ། གནས་གཙང་མའི་ལྷ་དག་གིས་དཀར་གསུམ་མངར་གསུམ་གྱིས་མཆོད་པ་འབུལ་བ་ཞིག་ཏུ་མཛད་ནས། པི་ཝང་གི་རྟ་ལ་བཅུག་ནས་འདི་སྐད་ཅེས་མགུར་དབྱངས་བཞེས་སོ།།
ཧྲིཿ སྐྱེ་བ་མེད་པའི་ཆོས་དབྱིངས་ནས། །གཟུགས་སྣང་འཇའ་ལྟར་ཤར་ན་ཡང་། །དོན་བདེན་མེད་དག་པའི་སྣང་བ་ལ། །ལས་སྨོན་ལམ་དབང་གི་འདི་འདྲ་སྟེ། །ད་ཞེན་པའི་རྣམ་རྟོག་ཅི་ཡང་མེད། །ལར་འོན་ཀྱང་སྣང་ཙམ་མཉམ་པོ་ལ། །གཟིགས་དེ་དང་འདི་ལ་ཁྱད་པར་གསལ། །ཁོང་རྒྱལ་ལ་ཉོན་མོངས་མི་མངའ་ཡང་། །ཁོང་གདུལ་བྱ་དང་བ་འདྲེན་ན་ལེགས། །མཚན་དཔེ་བྱད་བརྒྱ་དང་བཅུ་གཉིས་ཀྱང་། །དོན་ལེགས་པར་སྤྱད་ན་བདེན་བྲལ་མེད། །འདིར་འདི་འདྲའི་སྐུ་ལས་ཁྱད་འཕགས་མོད། །གནས་མི་གཙང་ཁྲོད་རྣམས་ཡེ་སྟོང་ཡང་། །གནས་འདི་ན་པད་ཚལ་ཁྱད་འཕགས་མོད། །གནས་འཁོར་བ་དག་ཏུ་ཁྱད་མེད་ཀྱང་། །ལྷ་མནར་མེད་གནས་ལ་ག་ན་སྨོན། །ཡའི་ཆོས་ལ་བཟང་ངན་བྲལ་ན་ཡང་། །ང་མུ་སྟེགས་རྗེས་སུ་ག་ན་འཇུག །ཟས་བདེན་པའི་ཆོས་ལ་འདས་ན་ཡང་། །ཟས་འདི་ལ་ཡིད་སྨོན་སུ་ཞིག་འཆའ། །གོས་སྟོང་པའི་གནས་ལུགས་ཉིད་ཡིན་ནའང་། །འདིར་རོ་ལངས་སྤྱོད་པ་ཇི་ལྟར་སྐྱོང་། །ང་སྣང་ཙམ་པཉྩ་ལི་ཀའི་གོས། །རྗེ་རྫོགས་སངས་རྒྱས་ཀྱིས་མགོ་བོ་བརྒྱན། །གནས་ཐམས་ཅད་རྒྱན་ཆ་དུ་མས་བརྒྱན། །
ལུས་འདི་འདྲ་བསྟན་ཡང་འདི་འདྲ་ཉིད། །འཁོར་འདི་འདྲ་རྗེ་ཡང་འདི་འདྲ་ཉིད། །འཕྲལ་འདི་འདྲ་ཕུགས་ཀྱང་འདི་འདྲ་ཉིད། །ཀྱེ་གྲོགས་པོ་པད་སྟེང་གནས་འདིར་བྱོན། །ལུས་དེ་ལས་སྣང་ཙམ་ཅུང་ཟད་བསྒྱུར། །ང་འཇིག་རྟེན་ཀུན་ཏུ་དག་སྣང་བས། །གྲོགས་ཁྱེད་ཀྱི་ལུས་ཀྱང་ཤེལ་དཀར་འདྲ། །ང་འདི་ལས་མ་གཡོས་ཀུན་ཏུ་སྤྱོད། །མི་ཁྱོད་ལ་འདྲ་ཡང་གཞན་མི་འདྲ། །རྟ་ཕག་གི་སྐུ་དང་འོད་དཔག་མེད། །མི་ཁྱོད་ལ་འདྲ་སྟེ་གདུལ་བྱ་གང་། །ལེགས་ནོར་བུ་བརྩེགས་འདྲར་འདོད་རྣམས་ལ། །ཁྱོད་གསལ་ལ་མ་འདྲེས་འཕགས་པར་འགྱུར། །དུས་ད་རུང་ང་ཡི་རྗེས་འབྲང་རྣམས། །རྒྱུད་བརྟུལ་ཞུགས་འདི་ལས་མ་གཡོས་པར། །དུས་རྒྱུན་ཆད་མེད་པར་འདི་བཞིན་ཤོག །དེ་ལྟར་སྲས་གཉིས་ཀྱིས་རྡོ་རྗེའི་གླུ་ཟེར་ལེན་མཛད་པ་དང་། ཇོ་བོས་ཐུན་མོང་དུ་འདི་སྐད་ཅེས་གསུངས་སོ།།
གསོན་མར་མེ་མཛད་དཔལ་བཟང་པོ་ང་། །སྤྱིར་འཁོར་འདས་ཆོས་ལ་མཁས་གྱུར་ཀྱང་། །ཁོ་དོན་ལ་གྲུབ་པ་ཅང་མི་གདའ། །ལར་ཀུན་རྫོབ་འདི་ན་ཅི་ཡང་སྣང་། །ཆོས་ཐམས་ཅད་མཉམ་ཉིད་རྟོགས་པ་རབ། །གནས་གཙང་ཞིང་མི་གཙང་དུ་མ་ན། །ཟས་བཟང་དང་ངན་པ་དཔག་མེད་ཀྱང་། །སེམས་རྣམ་རྟོག་མེད་པར་མཁྱེན་པ་རྒྱས། །ལར་མ་ག་དྷའི་གདན་སྟེང་དུ། །རྗེ་རྒྱལ་བ་དུ་མ་སངས་རྒྱས་སོང་། །འབྲོམ་ཅི་འདྲ་དེ་འདྲར་མངོན་སངས་རྒྱས། །ཐུགས་ཌོཾ་བྷི་ཁྱོད་དང་ཁྱད་མི་མངའ། །དགོས་གདུལ་བྱའི་སྣ་འདྲེན་འབྲོམ་རྗེའི་ལུགས། །དོན་གསལ་ལ་མ་འདྲེས་སོ་སོར་ཕྱེ། །སེམས་སྣང་བ་ཙམ་པོ་སུས་བལྟས་ཀྱང་། །དོན་འདི་ནི་འདམས་པར་འོས་པའི་རིགས། །དོན་ཧྲིལ་ཏེ་དྲིལ་ན་ཆོས་དབྱིངས་ལས། །དུས་སྐད་ཅིག་ཙམ་ཡང་འདས་པ་མེད། །ཁྱེད་ཞབས་ཏོག་ཆེའོ་གྲུབ་ཐོབ་གཉིས། །དུས་ད་རུང་འདི་བཞིན་རང་སར་མཛོད། །ཆོས་གནད་དུ་ཕྱིན་ན་གང་ཡང་ཟབ། །དཔེ་ཁྱེད་ཀྱི་འདི་དང་མཚུངས་པ་ཡིན། །དེ་ལྟར་རྒྱལ་བ་ཡབ་སྲས་གསུམ་ཐུགས་ཕེབས་པའི་ཞུ་ལན་རྡོ་རྗེའི་གླུ་མང་པོ་མཛད་ནས། སྲས་ཨ་ཝ་དྷཱུ་ཏི་ཆོས་ཀྱི་དབྱིངས་སུ་གཤེགས། འབྲོམ་སྟོན་པ་སྔར་བཞིན་དུ་བཞུགས་སོ།།
དེ་ནས་ཡང་གཞན་གྱི་སེམས་ཇི་ལྟར་སྲུང་ཞིང་རྟག་ཏུ་གཞན་དོན་བྱ་བ་དང་། གཞན་ལ་བསྐུར་བ་མི་འདེབས་པར་ཆོས་ཟབ་མོ་ཉམས་སུ་ལེན་པའི་ཚུལ་དག་ལས་བརྩམས་ཞུ་ལན་རྒྱ་ཆེར་མཛད་ནས། ཇོ་བོའི་སྐུ་དྲིན་ཆེ་བའི་བླ་མ་དང་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བ་ལ་སོགས་པ་མཛད་དོ།།
དེ་ལྟར་ཆོས་ཟབ་ལ་རྒྱ་ཆེ་བ་རྣམས་འཇམ་པའི་དབྱངས་ཀྱི་ཐུགས་ལ་གསལ་བས། ཇི་ལྟ་བ་བཞིན་དུ་རྔོག་ལེགས་པའི་ཤེས་རབ་ལ་གནང་སྟེ། ཇོ་བོ་ཡབ་སྲས་ལ་ཆོས་ཞུ་བར་ཇི་ལྟར་བསྐུལ་ཞིང་བྱོན་ཚུལ་ནི། པུར་རྒྱལ་བོད་ཀྱི་བྱང་ཕྱོགས་སུ། །གྲུབ་ཐོབ་བརྒྱ་རྩ་བརྒྱད་ཀྱི་གནས། །དཔལ་གྱི་དཔལ་གནས་ཡེར་པ་དེར། །རྒྱལ་བ་ཡབ་སྲས་བགྲོ་མཛད་ཚེ། །གསང་ཕུའི་ནགས་ཁྲོད་དབེན་པ་ན། །ལེགས་པའི་ཤེས་རབ་ཤེས་བྱའི་དོན། །འགལ་འགྲེལ་དག་པར་སྤྱོད་པའི་ཚེ། །འཇམ་པའི་དབྱངས་མཆོག་དེར་བྱོན་ནས། །ཤེས་བྱའི་དོན་ལ་ཁྱོད་མཁས་ཀྱང་། །གནད་དུ་ཕྱིན་པར་མ་གྱུར་པས། །བུ་སློབ་ལྔ་བརྒྱའི་ཚོགས་རབ་རྣམས། །ཉན་བཤད་ཉིད་ལ་རབ་ཁོད་ལ། །མ་ཆགས་ཡེར་པའི་ནང་དུ་སོང་། །དཱི་པཾ་ཀ་ར་བོད་ཀྱི་རྗེ། །རྒྱལ་བའི་འབྱུང་གནས་མཚུངས་པ་མེད། །མཐའ་མེད་འཁོར་བའི་གནས་གཟིགས་ནས། །ཞུ་ལན་ནོར་བུ་རིན་པོ་ཆེ། །གསེར་གྱི་ཕྲེང་བ་ལྟ་བུ་དག །ཉིན་དང་མཚན་དུ་མཛད་ཅིང་ཡོད། །འདི་ལྟར་བླ་མའི་མཚན་བཟུང་ནས། །ལྷག་ཆད་མེད་པར་གསུངས་ཏེ་བསྟན། །སྐད་ཅིག་ཉིད་ལ་ལྷ་མི་སྣང་། །ཡ་མཚན་གཟུགས་མཐོང་ཆོས་སྒྲ་ཐོས། །ལུས་སྟོབས་མེད་ཀྱང་འཕུར་སྙིང་འདོད། །རིང་པོར་མི་ཐོགས་ཡེར་པར་འགྲོ། །རྒྱལ་བ་སྲས་བཅས་གསུང་བ་ཉན། །ཚུལ་གནས་ཐོས་དང་བསམ་པ་ནི། །ལེགས་པའི་མཆོག་ཡིན་བྱས་མོད་ཀྱིས། །སྒོམ་པས་ཉོན་མོངས་མ་ཕྱུང་ཞིང་། །སེམས་ལ་བསྟན་པ་མ་ཐོབ་པས། །ངེས་པར་གནས་དེར་སྨིན་པར་བྱ། །དེ་ལྟར་དགའ་བ་རབ་རྒྱས་ནས། །སླར་ཡང་ཚོགས་པའི་དབུས་སུ་འོངས། །དི་རིང་ཐམས་ཅད་གནས་འདིར་འདུས། །ང་ཡི་ཚིག་ཉོན་ལེ་ལོ་ཕྲོལ། །སྔོན་ཆད་བཤད་པས་དུས་འདས་ཀྱང་། །མན་ངག་གནད་དུ་མ་ཕྱིན་པས། །ད་གཟོད་སེམས་ལ་གཟེར་བུ་འདེབས། །ཐམས་ཅད་ཉན་བཤད་རང་སར་བརྩོན། །སེམས་ལ་ཕན་ན་ཉ་བཤད་བཟང་། །ཞི་ཞིང་དུལ་ན་ཐོས་རྟགས་ཡིན། །ཉོན་མོངས་ཆུང་ན་སྒོམ་རྟགས་ཡིན། །གནས་ལུགས་མཐོང་ལ་རྣལ་འབྱོར་ཡིན། །ལུང་རིགས་འཕྲོད་ན་སྟོན་པ་ཡིན། །གནད་དུ་ཕྱིན་ན་མཁས་པ་ཡིན། །ཐོས་བསམ་མི་ཚེ་བསྒྲིལ་གྱུར་ཀྱང་། །སྤང་བླང་མི་ཤེས་ལས་རོ་ཡིན། །དགེ་བཤེས་བགྲེས་ཀུན་བཤད་པ་ཡི། །གོ་ཆ་ཆེར་གྱོན་སློབ་མ་ཀུན། །ཐོས་བསམ་སྟེང་ནས་ཉམས་ལེན་མཛོད། །ཁོ་བོ་ཟླ་བ་གཉིས་གསུམ་ཞིག །སྒྲུབ་གནས་ཡེར་པར་རྒྱལ་བ་ཡི། །ཞལ་ལྟ་ཆོས་ཉན་ཉམས་ལེན་བྱེད། །དོན་དག་ཡོད་ན་དེ་རིང་གྱིས། །དེ་ནས་རྣམ་གཡེང་དགོས་པ་མེད། །ཇི་སྲིད་གནས་འདིར་མ་ལོག་པར། །མཇལ་བ་སྐད་དང་འབོད་པ་སྐད། །ཙབ་ཙོབ་མང་པོ་མ་བྱེད་ཅིག །ང་ནི་ཡར་རྒས་ཕྱི་མ་གཉེར། །དད་གུས་ཡོད་ན་གང་ཟེར་ཉོན། །ད་ནི་ཇོ་བོ་ཡབ་སྲས་དང་། །ཤེས་རབ་རྒྱལ་མཚན་ཐུགས་རྩེ་ཅིག །ཁྱོད་ཀྱིས་ངའི་ཞབས་ཐོག་གྱིས། །དགོས་ཆ་ཀུན་ཀྱང་ཁྱོད་ཀྱིས་སྐྱོལ། །དེ་ནས་ཕྱིར་ལོག་ཆོས་ཁྲིམས་གྱིས། །མཐོན་པོ་གཉའ་ཆོག་དམའ་བ་སྐྱོངས། །ཆོས་མིན་གཅོད་ལ་ཆོས་པ་ཁུར། །ནོར་དང་མི་ཆེན་དགོས་པ་མེད། །སྡིག་གྲོགས་སྦལ་པ་རྨ་ཅན་ཡིན། །ཆོས་པ་མ་གཏོགས་ངོ་མི་འཛིན། །ང་ལ་མཇལ་ཞེས་དོན་ཡོད་སྐད། །བསླུ་བྲིད་བྱུང་ན་བདུད་ཡིན་ཆོམ། །ནངས་པར་སྔ་མོ་ཡེར་པར་འགྲོ། །མཁས་བཙུན་ལྔ་བརྒྱ་ཐེ་ཚོམ་ཟོས། །སྔར་ནི་ཐུགས་སྒྲིམ་བཀའ་མི་བཀྱོན། །དོ་ཞག་བཞུགས་པ་ནགས་སུ་བྱེད། །དེ་རིང་དྲག་པོའི་གསུང་འབྱོན་ཞིང་། །བཤོལ་བཏབ་དགོས་ནས་མཐའ་རྒྱ་གཅོད། །ད་ནི་བཞུགས་པར་གསོལ་བ་དཀའ། །གསུང་བཞིན་སྒྲུབ་ལས་མི་ཤེས་སོ། །ཤབ་ཤིབ་གྲོས་སུ་དེ་སྐད་སྨྲ། །ལ་ལ་ཕག་ཏུ་མཆི་མ་འབྱིན། །ལ་ལ་སེམས་གསོ་མ་ངུ་ཞེས། །རིང་པོ་མི་ཟུག་མྱུར་དུ་མཆིས། །སྐུ་གཤེགས་མ་གྱུར་དེ་ཡིས་མཆོག །ནངས་པར་རི་ལ་ཉི་ཤར་ཚེ། །མཛོ་མོ་གཅིག་ལ་ཁལ་བཀལ་ཞིང་། །མཛོ་ཕོ་གཅིག་ལ་ཞོན་པ་བྱས། །ཤེས་རབ་རྒྱལ་མཚན་མ་གཏོགས་པ། །གཅིག་ཀྱང་ཕྱོགས་སུ་མ་རྟེན་ཏོ། །གསང་མདའ་མར་ལ་ཕྱིན་ཙ་ན། །སྐྱེ་བོ་ཀུན་དང་འཕྲད་པའི་ཚེ། །ཐེ་ཚོམ་ཟོས་ནས་འདི་སྐད་དུ། །སྔོན་ཆད་ལྔ་བཅུ་མི་ཉུང་བར། །རྟ་བཟང་ཆིབས་ཏེ་གཤེགས་གྱུར་ན། །དེ་རིང་འདི་འདྲ་ཅི་ཡིན་ནམ། །གཞན་གྱིས་ཐུགས་སུན་མ་ཕྱུང་ངམ། །ཟེར་ཞིང་མགྱོགས་པོ་མགྱོགས་པོ་དག །གསང་ཕུར་ཕྱིན་ནས་བྱ་བཏང་ངོ་།།
དེ་ནས་ཡེར་པའི་གནས་སུ་སླེབས། །སྔར་བཞིན་རྒྱལ་བ་སྲས་དང་མཇལ། །སྔར་གྱི་བྱུང་ལུགས་སྙན་དུ་གསོལ། །དེ་ནས་སྒོ་གསུམ་ལེགས་བཏུད་ནས། །འབྲལ་གླགས་མེད་པར་གསོལ་བ་བཏབ། །སྐྱེས་རབས་ཁྱད་འཕགས་ཉི་ཤུ་དེ། །ལེགས་པའི་ཤེས་རབ་བུ་ཆོས་སུ། །ཇོ་བོས་གསུང་བཞིན་ཐུགས་སུ་ཆུད། །ཕ་ཆོས་ཉི་ཤུ་དྲུག་པོ་ལ། །ཉི་ཤུ་རྩ་གཅིག་ནགས་ཁྲོད་དུ། །འཇམ་པའི་དབྱངས་ཀྱིས་དག་པར་གསུངས། །གཅིག་ཀྱང་མ་ལུས་ཐུགས་སུ་ཆུད། །སླེབས་མ་ཐག་ཏུ་ལེའུ་གཉིས། །དེ་ནས་རང་གི་ཆོས་དུས་སུ། །ཉི་ཤུ་པ་ལ་བཀའ་རྒྱ་ཐོབ། །མཐར་ཐུག་རྡོ་རྗེའི་གླུ་ཡིས་རྫོགས། །དེ་ནི་ལོ་རྒྱུས་ཀྱི་ཚོམས་སོ། །དེ་ལྟར་རྔོག་ལེགས་པའི་ཤེས་རབ་འཇམ་པའི་དབྱངས་ཀྱིས་བསྐུལ་ནས་བྱོན་ཏེ། ཇོ་བོ་ཡབ་སྲས་གཉིས་ཀྱིས་སྔར་ཞུ་ལེན་མཛད་པ་རྣམས་ཀྱི་ལུང་ཞུས་པས། འབྲོམ་ཆོས་ཀྱི་རྒྱལ་པོས་ཚར་གཅིག་སྐྱོར་བ་མཛད་ནས། ཡང་འཕགས་པའི་ནོར་བདུན་ལས་བརྩམས་ཞུ་ལན་མཛད་པའི་མཐར་ཇོ་བོའི་ཞལ་ནས། ཉི་ཤུ་རྩ་གཉིས་ཞུ་ལན་ཡང་། །གནས་འདིར་མ་ཚང་ཅི་ཡང་མེད། །འདི་ནི་ནོར་མཆོག་དམ་པ་ཡིན། །ནོར་འདི་ཁྱོད་ལ་བརྩེ་བས་བསྟན། །ཁྱོད་ཀྱིས་ཁྲོམ་དུ་མ་སྒྲོགས་ཤིག །ཞིང་ཁམས་འདི་ནི་ཁྱོད་ཀྱིས་ཀྱང་། །ཐམས་ཅད་ཁྱོད་ཀྱི་མི་མ་ཡིན། །མི་མ་ཡིན་ལ་རྗོད་བྱེད་ན། །བདུད་སྡེས་མ་བཟོད་འཁྲུགས་གྱུར་ཏེ། །ཁྱོད་ཀྱི་ཤིང་རྟ་གཅོག་པར་བྱེད། །སྲོལ་འདི་མ་ཉམས་ཐིག་ལེར་སྐྱོངས། །
ཞེས་སོགས་སྣོད་མིན་ལ་གསང་བར་བསྡམས་ཤིང་བཀའ་རྒྱ་མཛད་ནས། བསྟན་མ་བཅུ་གཉིས་ལ་གཉེར་དུ་གཏད་པ། གསེར་མཚོ་མ་དང་དུང་མཚོ་མ། །བསྟན་སྐྱོང་མ་དང་ཡིད་འཛིན་མ། །སྟོབས་ཆེན་མ་དང་དྲག་ཤུལ་ཆེ། །ཁྲག་མདོག་མ་དང་དུང་ཁ་མ། །ཐོགས་མེད་མ་དང་སྟོབས་མོ་ཆེ། །དབང་བསྡུད་མ་དང་ལས་འཇོམས་མ། །བཅུ་གཉིས་བསྟན་པ་སྲུང་བ་ཀུན། །ཁོ་བོའི་བསྟན་པ་མི་སྐྱོང་ན། །ཅི་སྟེ་ཁོ་བོའི་སླད་བཞིན་འབྲང་། །ཞུ་ལེན་གཞན་ལ་མ་སྤེལ་ཅིག །ནོར་བུ་དགྲ་ལ་མ་སྐྱོལ་ཅིག །གཅིག་ཙམ་གཅིག་གི་ཕྱི་ལ་རྒྱུག །བཅུ་གཅིག་རྡོ་རྗེ་གདན་དུ་སོང་། །སྤྱན་རས་གཟིགས་ཀྱི་བསྟན་པ་སྲུངས། །ང་ནི་ལོ་གཅིག་ཟླ་གཅིག་ནས། །བྱམས་པའི་དྲུང་དུ་ཤོག་ཅེས་གདའ། །མཆོག་གི་དངོས་གྲུབ་འབྲོམ་ལས་ལོངས། །སྟོབས་ཆེན་གཏན་གྱིས་བཙན་ས་བཟུང་། །རི་རབ་ཐལ་བར་རློག་ནུས་ཀྱང་། །འགྲོ་བ་མ་སྒྲོལ་དོན་གོ་ཆུང་། །ཞེས་གསུངས་པ་དང་། བུ་མོ་བཅུ་གཉིས་བྱུང་སྟེ། རྒྱལ་བ་ཡབ་སྲས་ཀྱི་ཞབས་སྤྱི་བོར་བླངས་ནས་འདི་སྐད་ཅེས། སྤྱན་རས་གཟིགས་དབང་ཁྱོད་རྗེས་འབྲངས། །འདི་ལྟར་སྒྲོ་བསྐུར་འདེབས་བྱེད་པའི། །སྡིག་ཅན་འགའ་ཞིག་བསྒྲལ་བར་བྱ། །ལ་ལ་ས་ཡི་བསྟན་མ་ཡིན། །ལ་ལ་ནམ་མཁའི་རྡོ་རྗེ་ཡིན། །ཁྲོས་ན་ཉི་ཟླ་ས་ལ་འབེབས། །དགའ་ན་རྒྱ་མཚོ་མཁའ་ལ་སྐྱེལ། །མི་དབང་རྒྱལ་པོ་ཨ་ཏི་ཤ །དབུས་ནས་མཐའ་འཁོབ་འདིར་ཁྲིད་ནས། །བདག་ཅག་བཞག་ནས་ཡར་གཤེགས་སམ། །གཞན་དབུགས་བཅད་ན་བཀའ་ལས་འགལ། །གཞན་དུ་ཆོས་ཀྱི་འཚོ་བ་གང་། །ཞེས་གསོལ་བ་དང་། ཇོ་བོའི་ཞལ་ནས། ཁྱོད་ནི་འབྲོམ་གྱིས་འཚོ་བར་བྱེད། །འབྲོམ་གྱི་བཀའ་ལས་མ་འདའ་ཅིག །ཞེས་གསུངས་པ་དང་། འབྲོམ་ཆེན་པོས་ཀྱང་བསྟན་མ་བཅུ་གཉིས་དང་དཀར་པོ་བརྒྱད་ཅུ་ལ། ཞུ་ལན་གྱི་བསྟན་པ་སྲུང་ཞིང་སྐྱོང་བར་བཀའ་བསྒོ་བར་མཛད་ཅིང་། དེ་དག་གིས་ཀྱང་བཀའ་བཞིན་རྗེས་སུ་སྒྲུབ་པར་དམ་བཅས་སོ།།
དེ་ནས་རྒྱལ་བ་ཡབ་སྲས་གསུམ་གྱིས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་བཞེངས་ནས་ཤར་དུ་ཇོ་བོ་ཆེན་པོ་བཞུགས། ལྷོར་ཐུགས་རྗེ་ཅན་གྱིས་བཞུགས། ནུབ་ཏུ་གསང་བར་ནུས་ཀྱིས་བཞུགས། བྱང་དུ་སྒྲོལ་མ་མཆོག་གིས་བཞུགས། དཀར་པོ་བརྒྱད་ཅུས་གཡས་ནས་བསྐོར། བསྟན་མ་བཅུ་གཉིས་ཀྱིས་གཡོན་ནས་བསྐོར་ཏེ། སྒྲུབ་པས་མཆོད་པར་མཛད། བཀའ་སྲུང་དགུ་བཅུ་རྩ་གཅིག་གཏོར་མས་ཚིམ་པར་བྱས་ཏེ་གཤེགས་རྗེས། ཇོ་བོ་ལ་འབྲོམ་གྱིས་བླ་མ་དམ་པ་གསན་དུ་གསོལ། རྒྱ་ཆེན་པོ་བསྡུས་པའི་བསྟན་བཅོས་འདི་ཤིན་ཏུ་དཀའ་བ་ཡིན། ད་ཐམས་ཅད་བསྡུས་པའི་ཉམས་ལེན་ཟབ་པ་ཞིག་གསུང་བར་ཞུ་ཞུས་པས། བརྟག་པ་གཉིས་སུ་བསྡུས་ནས་གསུངས་ཏེ་ཞུ་ལན་མཐར་ཕྱིན་པ་དང་། འཇམ་པའི་དབྱངས་ཀྱིས་མི་མངོན་པའི་དབྱིངས་སུ་གླེགས་བམ་དུ་འཁོད་པར་མཛད་དོ།།
ཡང་ཇོ་བོ་ཡབ་སྲས་གཉིས་ཡེར་པ་ལྷ་རི་སྙིང་པོའི་མགུལ་ནས་བཞུགས་པའི་དུས། རྔོག་ལེགས་པའི་ཤེས་རབ་ཀྱིས་འབྲོམ་རྒྱལ་བའི་འབྱུང་གནས་ལ་འདི་སྐད་ཅེས་ཞུས་པ། ཁྱེད་རྒྱལ་བ་ཡབ་སྲས་གཉིས་ཀྱིས་ལོ་གསུམ་གྱི་བར་དུ་ཞུ་ལན་ནོར་བུའི་ཕྲེང་བ་ཞེས་བྱ་བ་གཞན་དང་མཐུན་མོང་མ་ཡིན་པ་ལེའུ་ཉི་ཤུ་རྩ་གསུམ་གྱི་སྒོ་ནས་ཆོས་ཟབ་མོ་དཔག་ཏུ་མེད་པ་གསུངས་ནས་དེའི་ནང་ནས་མར་ལ།
ཐེ་ཚོམ་ཐམས་ཅད་སྤང་བྱ་ཞིང་། །སྒྲུབ་ལ་ནན་ཏན་གཅེས་སུ་བྱ། །
ཞེས་གསུངས་གདའ་ན། ཁྱེད་ཀྱིས་ཐེ་ཚོམ་ཐམས་ཅད་སྤངས་ནས་སྒྲུབ་པ་ལ་ནན་ཏན་ཇི་ལྟ་བུས་མཛད། བདག་ལ་ཐུགས་བརྩེ་བའི་སྒོ་ནས་བསྟན་དུ་གསོལ་ཞེས་ཞུས་པ་དང་། འབྲོམ་གྱི་ཞལ་ནས། ཁོ་བོ་བྱིས་པ་སོ་སོ་སྐྱེ་བོ་འཆིང་བ་དུ་མས་བཅིངས་པ་ལ། ཐེ་ཚོམ་ཐམས་ཅད་སྤངས་པ་ག་ལ་སྲིད། མངོན་པར་ཤེས་པ་མེད་པས་སྔོན་སྒྲུབ་པ་ལ་ནན་ཏན་གཅེས་སྤྲས་སུ་བྱས་པའང་བསྟན་པར་དཀའ། ཁོ་བོ་ལ་ཐེ་ཚོམ་ཐམས་ཅད་སྤངས་ནས་སྒྲུབ་པ་ལ་ནན་ཏན་གཅེས་སྤྲས་སུ་བྱས་པ་མེད་མོད་ཀྱི། སྤྱིར་ཐར་པ་འདོད་པ་ལ་ཐེ་ཚོམ་ཐམས་ཅད་སྤངས་ནས་སྒྲུབ་པ་ལ་ནན་ཏན་གཅེས་སྤྲས་སུ་བྱེད་དགོས་པར་གསལ་མོད་གསུངས་པ་དང་། གསང་ཕུ་བས་ཇོ་བོ་ལ་ཕྱག་གསུམ་བཙལ་ཏེ། རྒྱལ་བའི་འབྱུང་གནས་འདིས་ཡོན་ཏན་ཐམས་ཅད་གབ་ནས་མི་སྟོན་པར་གདའ་བས། ཁོང་གི་ཡོན་ཏན་ཞིག་བླ་མས་གསུང་བར་ཞུ། ཁོང་ལ་ཡོན་ཏན་ཡོད། བླ་མ་ལ་སྒྲོ་བསྐུར་མི་མངའ། ཁོང་གི་ཡོན་ཏན་ཐོས་པ་ལ་བརྟེན་ནས་དད་གུས་སྒོམ་ཞིང་། ཕྱི་རབས་ཀྱིས་སེམས་ཅན་ལའང་ཕན་ཐོགས་པས་ཅིས་ཀྱང་བླ་མས་བསྟན་པར་ཞུ་ཞུས་པས། ཇོ་བོའི་ཞལ་ནས། ཁོང་གི་ཡོན་ཏན་འདི་ཀུན་རིན་པོ་ཆེའི་གཏེར་དང་འདྲ། ཡོན་ཏན་ཤིན་ཏུ་ཆེ་སྟེ་གཞན་གྱི་བློར་ཤོང་བར་དཀའ། ཁྱོད་ཀྱིས་གཞན་ལ་བཤད་དུ་མི་རུང་། ཁྱོད་རང་གཟུང་བར་བྱ་བའི་ཕྱིར་ཅུང་ཟད་བཤད་ཀྱིས་གསུངས་པ་དང་། རྒྱལ་བའི་འབྱུང་གནས་ཀྱི་ཞལ་ནས། བླ་མ་ཁྱེད་ལ་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆོས་ཟབ་མོ་བསྟན་དུ་ཡོད་བཞིན་དུ་བདག་འཁོར་བར་འཁྱམས་ཚུལ་མང་པོ་བསྟན་པ་ལ་དགོས་པ་ཅི་བདོག །དེ་བས་མ་འོངས་པ་ན། སེམས་ཅན་དམུ་རྒོད་དད་པའི་ཞིང་ས་ལོག་རྟོག་གི་བདུད་ཀྱིས་ཁྱེར་བ་འབའ་ཞིག་འདོན་ཏ་ཟེར་ནས་འོང་བ་ལས། སྔར་ཞུས་པ་བཞིན་དུ་ཆོས་ཟབ་མོ་སྟོན་པར་རིགས་ཀྱི། བདག་གི་སྙིང་ཕྱིར་མ་འདོན་ཞེས་ཞུས་པ་དང་། རྔོག་གི་ཞལ་ནས། དགེ་བའི་བཤེས་གཉེན་པ་ང་དེ་ལྟར་ཁ་ཡངས་ཀླད་པ་ཆུང་བ་ཞིག་ཀྱང་མིན། གྲྭ་པ་ལྔ་བརྒྱ་བཞག་ནས་འདིར་ཐེ་ཚོམ་གཅོད་དུ་འོང་གིས་ཁྱེད་རང་མི་གསུང་ཡང་། ཇོ་བོའི་གསུང་བ་ལ་གེགས་མི་མཛད་པར་ཞུ། ཁོ་བོའི་མགོ་དང་གཉེར་མ་འདི་དག་ལའང་གཟིགས། ཐུགས་ཀྱིས་གཟུང་འཚལ་ཞུས་པས། དགེ་བའི་བཤེས་གཉེན་པས་ཀྱང་གཏམ་གེགས་པོ་དེ་གསན་པས་ཅང་གསུང་མ་ནུས། དེར་ཇོ་བོ་ཡང་ཡུས་ཆེ་ཆེ་སྐད་དུ། ལེགས་པའི་ཤེས་རབ་ཁྱེད་བདེན། ཁོ་བོས་ཐག་བཅད་ལ་བཤད་ཀྱིས། རང་རེ་ཡབ་སྲས་གསུམ་གྱི་སྙིང་གཏམ་ཡིན་པས་གཞན་ལ་མ་འཆད་པར་མཛོད་གསུངས་ནས། སྔོན་སེར་སྐྱའི་གྲོང་ཁྱེར་དུ་འབྲོམ་ཉིད་བྲམ་ཟེའི་ཁྱེའུ་གསལ་བར་འཁྲུངས་པའི་ཚེ། ཇོ་བོའི་སྤྲུལ་པ་བྲམ་ཟེའི་སྟོན་པ་བློ་གྲོས་འཇིགས་མེད་ཀྱི་རྗེས་སུ་བཟུང་། ཐེ་ཚོམ་ཐམས་ཅད་སྤངས་ནས་སྒྲུབ་ལ་ནན་ཏན་ཇི་ལྟར་མཛད་པའི་ཚུལ་གསུངས་སོ།།
ཡང་དེའི་སང་ཉིན་ཡེར་པ་ལྷ་རི་སྙིང་པོའི་མགུལ་ན་ཇོ་བོ་ཡབ་སྲས་གཉིས་བཞུགས་པའི་དྲུང་དུ། ལེགས་པའི་ཤེས་རབ་ཀྱིས་བྱོན་ནས་ཕྱག་གསུམ་བཙལ་ཏེ། ཇོ་བོ་ཡབ་སྲས་ལ་འདི་སྐད་ཅེས་ཞུས་པ། གནས་ལྔ་མཁྱེན་པའི་པཎྜི་ཏ་རྒྱལ་བའི་འབྱུང་གནས་འདིས་སྔོན་སྐྱེ་བ་ཁྱད་པར་ཅན་བཞེས་ལུགས་ཁ་སང་རྒྱས་པར་བཤད་མོད་ཀྱི། ད་རིང་ཡང་ནོར་བུའི་ཕྲེང་བ་འདི་ནས་མར་ལ།
གཉིད་རྨུགས་མེ་ལོ་རབ་སྤངས་ཤིང་། །རྟག་ཏུ་བརྩོན་འགྲུས་འབད་པར་བྱ། །
ཞེས་ཞུ་ལེན་དང་བཅས་པ་མང་པོ་གསུངས་གདའ། རྒྱལ་བའི་འབྱུང་གནས་འདིས་སྔོན་གཉིད་རྨུགས་ལེ་ལོ་སྤངས་ནས་བརྩོན་འགྲུས་ཆེན་པོ་ཇི་ལྟར་བགྱིས། ཁོ་བོ་དད་པའི་སེམས་ཀྱིས་ཉན་ལགས་ཀྱི། ལོ་འདོད་དང་རེ་ལྟོས་གང་ཡང་མི་བདོག་པས། ཇོ་བོས་ཐུགས་བརྩེ་བའི་སྒོ་ནས་གསུང་དུ་གསོལ་ཞེས་ཞུས་པས། ཇོ་བོའི་ཞལ་ནས། སྣོད་དུ་མི་རུང་བའི་མི་མི་གདའ་འམ། འབྲོམ་གྱི་ཞལ་ནས། ད་ལྟ་རང་རེ་ཡབ་སྲས་གསུམ་ལས་མི་གདའ་ཡི། ད་གཟོད་ལྷགས་པས་རྩིག་གསེབ་ནས་ཕར་སྐྱེལ་མོད་ཀྱི། ད་རིང་འཛེར་བར་འགྲོ་གདའ་བས། བླ་མ་ལ་སྒྲོ་བསྐུར་མི་མངའ། རྔོག་ཁྱེད་ཐོས་པ་དང་ཡོན་ཏན་གྱི་ང་རྒྱལ་མེད། དད་གུས་ཀྱི་གཞི་ཆེ། བླ་མ་དང་གྲོགས་པོ་ལ་བླ་མ་དང་གྲོགས་པོར་འཛིན། མི་ཆོས་དང་ལྷ་ཆོས་གཉིས་ཀ་ལ་མཁས་པས། མགོན་པོ་སྤྱན་རས་གཟིགས་ལ་དངུལ་གྱི་མཎྜལ་གཅིག་ལ་དུང་ཆུང་དཀར་པོའི་རྒྱན་བཀོད་ལ་ཕུལ། སེམས་ཅན་གྱི་སྡུག་བསྔལ་ལ་གཟིགས་ལ་སྙིང་རྗེ་ཞིག་སྒོམ། བདག་ལ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན་སྙམ་པའི་མོས་པ་མཛོད་ལ་ཉོན་ཅིག །ཇོ་བོས་ཀྱང་དོན་དང་མཐུན་པར་གསུང་བར་ཞུ་ཞེས་གནང་བ་དང་། སྔར་མེད་པའི་དྲི་བཟང་པོ་ཁྱད་པར་བ་ཞིག་ཀྱང་བྱུང་། མེ་ཏོག་སྔོན་པོ་སོལ་ལེ་བ་དང་ཡང་ཡང་ལྷུང་ཞིང་བྱུང་། རྒྱལ་བ་ཡབ་སྲས་ཆགས་སྡང་གི་མཚོ་སྐམ། ལོག་རྟོགས་ཀྱི་མེ་ཞི། བསྟན་པ་གསལ་བྱེད་ཀྱི་སྒྲོན་མེ་འབར། མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ་ཆེ་བའི་ཡོན་ཏན་བཤད་པས། བོད་ཁམས་ཀྱི་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་འགྱུར། ཞེས་བྱ་བའི་སྒྲ་སྙན་པ་ཞིག་ཀྱང་ཐོས། འབྲོམ་ནམ་མཁའ་ལ་སྤྱན་གཟིགས་ཤིང་ཞལ་འཛུམ་འཛུམ་གདའ་བ་ལ། རྔོག་གི་ཞལ་ནས། ཁྱེད་ནམ་མཁའ་ལ་གཟིགས་ལུགས་དེ་དང་། སྒྲ་སྙན་པ་ཞིག་གདའ་བ་དང་། ལྟས་ཁྱད་པར་ཅན་གཞན་ཡང་གདའ་བ་ཡིན་པས་འདི་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱང་དགེ་བར་སྟོན་པ་ཡིན་པ་ལ་ཐེ་ཚོམ་མེད་ཅེས་ཞུས་པ་དང་། ཇོ་བོའི་ཞལ་ནས། མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ་ཆེ་བའི་ཡོན་ཏན་བཤད་པ་ལ་ལྷ་རྣམས་དགའ་སྟེ་རང་རང་གི་མེ་ཏོག་དང་བདུག་སྤོས་ཁྱེར་ནས་མཆོད་ཅིང་གདའ་འོ། །རྔོག་རང་ཡང་དེ་དག་བློས་ལོང་ལ་ཕུལ་ཅིག །ཁྱོད་རང་ཡང་འབྲོམ་གྱིས་གསུངས་པ་བཞིན་དུ་དངུལ་གྱི་མཎྜལ་ལ་དུང་གི་རྒྱན་ཁོད་ལ་དངོས་སུ་ཕུལ་ཅིག །དེ་ནི་དོན་ཆེན་པོ་དང་ལྡན་ནོ། །
ཞེས་གསུངས་པ་དང་། རྔོག་གི་ཞལ་ནས། ཁོ་བོ་ལ་དེ་རིང་དངུལ་གྱི་མཎྜལ་བས་ཤིང་གི་མཎྜལ་ཡང་མེད་དེ། ད་དེས་མ་ཕན་ཆོས་ཟབ་མོ་ཞུ་བ་ལ་དཀའ་ཚེགས་ཅུང་ཟད་མ་བཟོད་ན་མི་རུང་བས། ད་རིང་འོན་འཆང་རྡོ་ནས་མར་ཕྱིན་ལ་མཎྜལ་དེ་སྒྲུབ་པར་བྱས་ལ་མྱུར་དུ་ལོག་སྟེ་ཆོས་ཟབ་མོ་ཞུའོ་ཞེས་ཞུས་པ་དང་། འབྲོམ་གྱི་ཞལ་ནས། རྔོག་བློ་སྣ་མ་མང་ལྷ་ཐམས་ཅད་ཀྱང་འདི་ན་འདུས་གདའ། མི་གཅིག་གི་རིང་ལ་ལྷ་མང་པོ་ལྡོག་ཏུ་བཅུག་པས་མི་འོང་། ད་རིང་ང་རང་གི་མཎྜལ་ང་རང་གིས་བཤམ་གྱིས་གསུངས་པ་ལ། ཇོ་བོའི་ཞལ་ནས། འབྲོམ་ཁྱོད་ཀྱིས་མཎྜལ་མ་བཤམས་པ་མ་ཡིན། ད་རིང་རྔོག་གི་ཚོགས་རྫོགས་དགོས་པས། རྔོག་ལ་ངས་གཅིག་འབུལ་གྱིས་གསུངས་ནས། ན་བཟའི་ཕག་ནས་ཚུར་དངུལ་གྱི་མཎྜལ་ཁྲུ་གང་པ་ཞིག་འཇུར་གྱིས་བཏོན་ནས། དེའི་སྟེང་དུ་དུང་ཆུང་བརྒྱ་རྩ་བརྒྱད་སྤུངས་ཏེ་རྔོག་གི་ཕྱག་ཏུ་གཏད་ནས། འདི་དག་བླ་མ་གསེར་གླིང་པ་ལ་སོགས་པ་དྲིན་ཅན་གྱི་འདྲེན་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་དུ་ཁྱོད་ལ་འབུལ་ལོ། །ཁྱོད་ཀྱིས་ཀྱང་རང་གི་ཚོགས་རྫོགས་པར་བྱ་བའི་ཕྱིར་དུ་རྒྱལ་བའི་འབྱུང་གནས་ལ་ཕུལ་ཅིག་གསུངས་པ་དང་། ལེགས་པའི་ཤེས་རབ་ཀྱིས་ཀྱང་བླ་མས་གནང་བའི་མཎྜལ་འདི། བདག་གི་ཚོགས་རྫོགས་པར་བྱ་བའི་ཕྱིར་དུ་ཁྱེད་ལ་འབུལ་ལོ་ཞེས་འབྲོམ་ལ་ཕུལ་ནས་སྤྱན་སྔར་འདུག་པ་དང་། ཡང་སྔོན་རྒྱལ་བའི་འབྱུང་གནས་ཡུལ་ཀཽ་ཤམ་བྷིའི་རྒྱལ་པོ་འོད་ཟེར་དཔལ་ཞེས་བྱ་བའི་སྲས་རྒྱལ་བུ་ཆགས་པ་མེད་པ་ཞེས་བྱ་བར་འཁྲུངས་ཤིང་། ཇོ་བོའི་སྤྲུལ་པ་འཕགས་པ་ཆགས་པ་མེད་པ་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ། ལོ་སུམ་ཅུ་རྩ་དགུའི་བར་དུ་གཉིད་རྨུགས་དང་ལེ་ལོ་སྤངས་ཏེ། འགྲོ་བའི་དོན་དུ་བརྩོན་འགྲུས་ཆེན་པོ་བརྩམས་ནས། བདེ་བ་ཅན་དུ་འཕོ་བ་བཏབ་སྟེ་གཤེགས་པའི་གཏམ་རྒྱུད་རྣམས་གསུངས་པ་དང་། ལེགས་པའི་ཤེས་རབ་བཞེངས་ཏེ་སྤྱན་ཆབ་སྲན་རྡོག་ཙམ་པ་ཉིལ་ལེ་བྱས་ཏེ། འཇིག་རྟེན་གྱི་མགོན་པོ་ཡོན་ཏན་འདི་ལྟ་བུ་ཡོད་བཞིན་དུ་གབ་པ། གཞན་དག་གི་བླ་མ་ནི་ཡོན་ཏན་ཏིལ་འབྲུ་ཙམ་ལ་སྒྲོ་ཏ་ལའི་སྡང་པོ་ཙམ་བཏགས་ཏེ་སྨྲ་བར་བྱེད་ན་ཞེས་འབྲོམ་གྱི་ཞབས་ལ་སྤྱི་བོས་གཏུགས་ཏེ། ཁྱེད་ཅིའི་ཕྱིར་འདི་ལྟར་སྦས་པའི་བརྟུལ་ཞུགས་ཀྱི་ཡོན་ཏན་སྦེད་པར་མཛད་ཅེས་ཞུས་པ་དང་། འབྲོམ་གྱི་ཞལ་ནས། ང་ལ་ཡོན་ཏན་དེ་ཙམ་མེད་དེ། འོན་ཀྱང་བླ་མས་གསུངས་པ་ལ་འཁྲུལ་པ་ཆེ་ཞེས་བྱ་བ་མིན་ཏེ། འཇིག་རྟེན་གྱི་མགོན་པོ་ཤཱཀྱ་ཐུབ་པ་ནས་བཟུང་སྟེ། ད་ལྟ་བླ་མ་ཞལ་བཞུགས་པ་ཡན་ཆོད་ཡོན་ཏན་ཐམས་ཅད་སྦས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན། བླ་མ་དམ་པའི་རྗེས་སུ་མི་འཇུག་ན་སློབ་མ་འཆལ་བ་ཡིན་ནོ།།
ལར་ནང་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཡོན་ན་ཕྱིར་གཡེང་མི་འཚལ། རང་བཞིན་གྱི་འོད་འཕྲོ། རྨོངས་པས་མི་མཐོང་སྟེ་མཁས་པས་མཐོང་། ཕུགས་ན་ནོར་ཡོད་ན་ཕྱིར་ནོར་ཡོད་ཅེས་མ་བསྒྲགས་ཀྱང་བབས་ཀྱིས་གཞན་ལ་ཕན་པ་ཡིན་གསུངས་ཏེ། མདོར་ན་བཤེས་གཉེན་པ་ཉིད་ཀྱིས་གཞན་དོན་དུ་སྐྱེ་བ་བཞེས་ཚུལ་རྣམས་ཡང་ཡང་དུ་གསང་བར་བསྡམས་ཤིང་མི་གསུང་བར་ཞུ་བ་མཛད་ཀྱང་། རྔོག་ལེགས་པའི་ཤེས་རབ་ཀྱི་དད་པ་དང་། འདུན་པ་ཆེན་པོས་ཕྱི་རབས་མ་འོངས་པའི་གདུལ་བྱ་ལ་བརྩེ་བས་དགོངས་ཏེ་ནན་གྱིས་ཞུ་བ་མཛད་པ་དང་། ཇོ་བོ་ཆེན་པོས་ཀྱང་ལེགས་པའི་ཤེས་རབ་དང་། ཕྱི་རབས་ཀྱི་གདུལ་བྱ་དག་ལ་ཐུགས་བརྩེ་ཞིང་དོན་ཆེན་པོར་འགྱུར་བར་དགོངས་ནས། རྒྱལ་བུ་ཀུན་ཏུ་དགའ། རྒྱལ་བུ་ལྷ་སྐྱེས། རྒྱལ་བུ་དཀོན་མཆོག་འབངས། རྒྱལ་བུ་དད་པ་བརྟན་པ། དད་པ་རབ་ཏུ་བརྟན་པ་རྣམས་ཀྱི་སྐྱེ་རབས་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་གསུངས་སོ།།
ཡང་ཉིན་གཅིག་ཇོ་བོ་ཡབ་སྲས་གཉིས་ཆབ་ཆུའི་དྲུང་ན་བཞུགས་པའི་དུས་སུ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ནས། རྒྱལ་བའི་འབྱུང་གནས་ཀྱི་དྲུང་དུ་ཐལ་མོ་སྦྱར་ཏེ། ཕྱི་རབས་ཀྱི་མི་དམུ་རྒོད་དག་སྒྲོ་བསྐུར་ཀྱང་འདེབས་ནའང་འདེབས། ད་རིང་ལྷ་ཚོགས་མང་པོ་འདིར་ལྷགས་པ་ལ། ཁྱེད་ཀྱི་སྐུ་ཆེ་བའི་ཡོན་ཏན་བརྗོད་ན་ཁོང་རྣམས་ལ་མངོན་ཤེས་ཡོད་པ་དང་། ཇོ་བོ་ལ་སྒྲོ་བསྐུར་མི་མངའ་ཞིང་བཀས་གནང་བར་ཞུ་ཞུས་པས། འབྲོམ་གྱི་ཞལ་ནས། དགེ་བཤེས་པ་ལ་ཞུ་ན། འཇིག་རྟེན་པའི་ཁ་ངག་ལ། སྒོག་པ་ཆེ་ཟོས་ཆུང་ཟོས་མཉམ་ཟེར་བ་ཞིག་གདའ་སྟེ། དེ་བཞིན་དུ་འུ་ཅག་གི་ཡོན་ཏན་འདི་ཀུན་ཡང་མ་བརྗོད་ན་ལེགས་ཏེ་ཇོ་བོས་བརྗོད། འོ་ནའང་བླ་མ་ལ་མི་ལེགས་པ་མི་མངའ། ད་དགེ་བའི་བཤེས་གཉེན་པས་ཀྱང་བུ་མོ་ངན་མ་བཞིན་དུ། ནང་དུ་ཅི་ལབ་ཕྱིར་སྐྱེལ་བ་རེའང་མཛད། ཁྱེད་གང་ཟག་དམ་པ་གཅིག་གིས་ཞུས་སྟངས་ལ། ཇོ་བོས་ཀྱང་བདག་གིས་ཕ་རོལ་ཏུ་མ་ཕྱིན་པའི་སྟོབས་ཀྱི་འཁོར་བ་འདིར་འཁྱམས་ཚུལ་མང་ཙ་ན། དགེ་བཤེས་པ་གང་མཉེས་པའི་ས་ནས་གསུང་བར་མཛད་ཅིག་ཅེས་གནང་། དེར་རྔོག་གིས་ཀྱང་གཟིགས་པར་བུ་མོ་སྔོ་ལྗང་གི་གོས་གྱོན་པ་ཕར་ཆམ་ཚུར་ཆམ་མཛད་ཅིང་། སྐྱེས་བུ་དམ་པ་ཡོན་ཏན་རྣམས་ཧ་ཅང་རང་སྦས་ནའང་། སེམས་ཅན་ཉོན་མོངས་པ་ཅན་གྱི་ཡུལ་ཁྱད་པར་ཅན་ལ་བརྙས་པ་བྱས་ན་རུང་ངམ། ཧེ་ཧེ་ཟེར་ཏེ་གར་སོང་ཆ་མེད་པར་སོང་བ་དང་། རྔོག་ན་རེ། ད་ཅིས་ཀྱང་ཡི་གེར་འགོད་པར་ཞུ། ད་ལྟའི་ལྷ་མོ་དེ་སྒྲོལ་མ་ཡིན་པར་འདུག་ངས་ཀྱང་ཤེས། ཡི་གེར་འདྲིར་མི་བཏུབ་ན་རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཡོན་ཏན་ད་རུང་སྦོས་གསུངས་ནས་འོང་དུ་བཤའ་ལ། སྐྱེས་བུ་དམ་པའི་ཡོན་ཏན་སྦས་དྲགས་ན་རུང་ངམ་ཧེ་ཧེ་གསུངས། ཁོང་ཤིན་ཏུ་མད་ཞུས་པས། འབྲོམ་གྱི་ཞལ་ནས། དེ་བས་ངས་གཏམ་གྱི་གོང་དུ་སླེབས་པར་བྱས། བུ་མོ་ངན་པའི་གཏམ་བྱ་བ་དེ་ལ་ཟེར་བ་ཡིན་རྟག་མི་ཐུབ། འདིར་ཇོ་བོས་ཁོ་བོ་ལས་བརྩམས་ཏེ་གསུངས་ཚད་ཡི་གེར་བྲིས་ན་འབུམ་ཙམ་ཞིག་མཆི། དེ་བས་བདེ་བར་གཤེགས་པའི་གསུང་རྩོད་པ་མེད་པ་འདྲི་མོད་གསུངས། རྔོག་ན་རེ། ད་རིང་གང་ལྟར་ནའང་སྐྱེ་རབས་ཤིག་ཞུ་འཚལ་བས་གེགས་མ་མཛད་ཅེས་ཕྱག་འཚལ་ནས་ཇོ་བོ་ལ་ཞུས་པ་དང་། བཤེས་གཉེན་པ་རྒྱལ་བུ་བློ་གྲོས་འཕེལ་དུ་ཇི་ལྟར་སྐྱེ་བ་བཞེས་པའི་ཚུལ་གསུངས་ཤིང་། རྒྱལ་བུ་དེས་ཆོས་བསྟན་ནས་གྲོལ་བའི་གྲུབ་ཐོབ་མང་པོ་ཞིག་ནི། ད་ལྟ་ཡང་རྒྱ་ནག་ལ་སོགས་པའི་ཡུལ་སྣ་ཚོགས་ན་སྤྲུལ་པ་འགྱེད་ཅིང་བཞུགས་ལ། ལྷག་པར་རྒྱལ་བུ་ཡ་འབར་ཞེས་བྱ་བ་ནི། ཟླ་བ་སྔོན་མ་དེ་ལ་ལྷ་རི་སྙིང་པོའི་མགུལ་ནས་ན་ཆོས་འཆད་ཅིང་ཡོད་ཙ་ན། ཨཱ་ཙརྱ་གཅིག་བྱུང་ནས་འབྲོམ་ལ་ཕྱག་འཚལ་བ་དེ་ཡིན། ཁྱེད་ཀྱིས་སེམས་ལ་ཟིན་ནམ་གསུངས། རྔོག་ན་རེ། རྒྱུ་མཚན་དང་བཅས་ངེས་པ་མི་གདའ་ཟེར། ཡང་ཡེར་པ་ལྷ་རི་སྙིང་པོའི་མགུལ་ན་ཇོ་བོ་ཡབ་སྲས་གཉིས་བཞུགས་པའི་སྤྱན་སྔར། ལེགས་པའི་ཤེས་རབ་ཀྱིས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ནས། བླ་མ་དམ་པ་ལགས། རྒྱལ་བའི་འབྱུང་གནས་རིན་པོ་ཆེའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་ད་ལྟ་ཐོས་པར་བྱར་ཡོད་པའི་དུས་སུ། ཆུ་ཐིགས་ཙམ་ཞིག་མ་ལོན་ན་རྒྱལ་བ་ཡབ་སྲས་མི་བཞུགས་པའི་དུས་སུ་འགྱོད་པ་མཆིས། ལ་ལ་ན་ཕར་ལང་རང་གི་བླ་མ་ཚོགས་ལམ་ཆུང་ངུའི་ཡོན་ཏན་ཙམ་ཞིག་མ་ཐོབ་པར་རྫོགས་པའི་སངས་རྒྱས་སྐད་དུ་སྨྲ་བ་ཡོད། ཨེ་མ་ཐམས་ཅད་མཁྱེན་པ་ཨ་ཏི་ཤ་ཁྱེད་ཀྱི་སྤངས་རྟོགས་འདི་འདྲ་ནའང་། ལ་ལ་དག་སྦྱོར་ལམ་པའོ་ཞེས་བསྐུར་བ་འདེབས། འོ་ནའང་ཁྱོད་བོད་ཡུལ་འདི་ན་ཁ་སང་ཐམས་ཅད་ཀྱང་དད་ཅིང་གུས་པའི་སྒོ་ནས་ཐམས་ཅད་ཀྱིས་དམ་པར་འཛིན། མགོན་པོ་རྒྱལ་བ་རྒྱ་མཚོ་འདི་ཀུ་སུ་ལུའི་སྤྱོད་པ་འབའ་ཞིག་ལ་གནས་པས། མངོན་ཤེས་མེད་པ་རྣམས་ཀྱིས་འདིའི་ཡོན་ཏན་མི་ཤེས་པ་ཕྱི་རབས་ཀྱི་སེམས་ཅན་དམུ་རྒོད་ཀྱི་སྒྲོ་བསྐུར་གྱི་ཚིག་ལ་འཛེམས་ན་སངས་རྒྱས་རང་གིས་ཀྱང་གསུང་ངོ་མི་ཤེས། ཡང་ཕྱོགས་གཅིག་ནས་རྒྱལ་བའི་འབྱུང་གནས་འདི་ཁྱེད་ཀྱི་ཐུ་བོ་ཡིན་པས། ཁོང་གི་ཡོན་ཏན་བརྗོད་པ། རང་གིས་ཀུན་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཤུགས་ལ་རང་ཤེས། ཁོང་མི་ཆོས་ཀུན་གྱི་ཕ་ལའང་བུ་འདི་ཀུན་སྐྱེས་པར་ཤོག །མ་དང་འདྲ་བ་ཞིག་བྱུང་ནས་གདའ་ཡིས་ཟེར་ནས། བུ་བཟང་པོ་སྐྱེས་པ་རང་གིས་ཕའི་ཡོན་ཏན་དུ་བཞེད་ན། ཁྱེད་བླ་མ་བཟང་པོའི་ཡོན་ཏན་བུམ་པ་གང་བྱོ་བཞིན་དུ་ཡོད་ན། ཅི་སྟེ་བླ་མ་བཟང་བར་མི་མཚོན་ཁ་སང་ནས་ཡོན་ཏན་རྒྱ་མཚོ་ལྟ་བུ་ཐོས་པས་ཡིད་ཚིམ་ཞིང་ཁ་སང་ནས་ཀྱི་འཕྲོ་ལས།
མི་དགེ་བ་ནི་སྤང་བྱ་ཞིང་། །རྟག་ཏུ་དད་དང་ལྡན་པར་བྱ། །
ཞེས་གསུངས་གདའ་ན། རྒྱལ་བའི་འབྱུང་གནས་རིན་པོ་ཆེ་འདིས། སྔོན་ལུས་ངག་ཡིད་གསུམ་གྱི་སྒོ་ནས། མི་དགེ་བ་བཅུ་སྤངས་ཏེ་དགེ་བཅུ་ཇི་ལྟར་སྤྱད། ཡུལ་ཁྱད་པར་ཅན་ལ་དད་པ་ཇི་ལྟར་བརྟན་པར་མཛད། བླ་མས་གསུང་བར་ཞུ་ཞེས་ཞུས་པ་དང་། བཤེས་གཉེན་པ་ཁྱེའུ་དགའ་འཛིན་དུ་སྐྱེ་བ་བཞེས་ཚུལ་གསུངས་སོ།།
ཡང་ཡེར་པའི་རྗེ་བཙུན་བྱམས་པའི་དྲུང་ན་ཇོ་བོ་ཡབ་སྲས་གཉིས་བཞུགས་པའི་དུས་སུ། རྔོག་གིས་ཀྱང་ཆོས་ཤིག་ཞུ་སྙམ་དུ་ཕྱིན་ཙ་ན། དགེ་སློང་སྣམ་སྦྱར་རྡོ་ཚོས་མ་གསོལ་བ་གཅིག་ཇོ་བོ་ཡབ་སྲས་གཉིས་ཀྱི་དབུས་ན་བཞུགས་ནས། འཚང་རྒྱ་བར་འདོད་པ་ལ་སངས་རྒྱས་ཀྱི་ཡུམ་ལ་བརྟེན་དགོས་ཏེ། དངོས་པོ་དང་མཚན་མའི་ཁོང་སྐྲན་མ་ཐོན་བར་དུ་ཡུམ་དང་སྲས་སུ་མི་མཇལ་བས་ནད་དེ་འདོན་པ་ལ་བརྩོན་པར་མཛོད།
ཨ་ཅང་དེ་ཀུན་གྲགས་སྟོང་ལྡེམ་པའི་ཚིག །རྒྱལ་བའི་མདུན་དུ་རྒྱལ་སྲས་བཟང་པོ་བསྐྱངས། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །རྒྱལ་བར་གནས་ཀྱང་མ་རྒྱལ་ལྟ་བུར་བསྟན། །གངས་རིའི་ཁྲོད་འདིར་ཁྱེད་གཉིས་མཆོག་གྱུར་པ། །ཁྱེད་ཀྱི་འཕྲིན་ལས་དཔག་མེད་བརྗོད་ལས་འདས། །གདུལ་བྱ་གནས་ཀྱི་བར་དུ་འདིར་བཞུགས་ལ། །བགྲོ་བ་མཛད་དང་དགའ་ལྡན་གནས་སུ་བྱོན། །ཞེས་གསུངས་ཤིང་གདའ་བ་ལ། ཇོ་བོ་ཡབ་སྲས་གཉིས་གཞན་གསུང་གླེང་མི་མཛད་པར་རྔོག་ལ་གཟིགས་ཤིང་ཞལ་འཛུམ་འཛུམ་མཛད་ནས། ཏིང་ངེ་འཛིན་ལ་བཞུགས་པའི་འཕྲོ་ལ། བྱམས་པའི་ཐུགས་ཁ་ནས་འོད་ཅིག་འཁྱིལ་འཁྱིལ་འདུག་པ་ལ་རྔོག་གིས་གཟིགས་ཙ་ན་འོད་དེ་ཡལ་ནས་ཐལ་བས། དེ་ཅི་ཡིན་ནམ་སྙམ་སྟེ་ཇོ་བོ་ཡབ་སྲས་ལ་གཟིགས་པས་དགེ་སློང་དེ་མི་གདའ། དེར་རྔོག་གིས་ཕྱག་གསུམ་མཛད་དེ། ད་ལྟ་ཚུལ་དང་མཐུན་པའི་གསུང་གླེང་མཛད་པའི་དགེ་སློང་དེ་སུ་ཡིན་གར་ཐལ་ཞུས་པས། ཇོ་བོའི་ཞལ་ནས། དེ་ནི་དགེ་སློང་བློ་གྲོས་བརྟན་པ་ཡིན། རྒྱལ་བ་རྒྱ་མཚོ་ན་རེ། དེ་ནི་མི་ཕམ་དགའ་ལྡན་ཆོས་ཀྱི་རྗེ། །ནམ་མཁའ་དྲི་མ་མེད་པའི་ཞལ་ནས། དེ་ནི་ས་བཅུའི་དབང་ཕྱུག་བྱམས་པ་ཡིན། །དགེ་བསྙེན་ཆེན་པོ་རྟག་ཏུ་ཆོས་འཕེལ་ན་རེ། དེ་ནི་རྒྱལ་བའི་རྒྱལ་སྲས་བཟང་པོ་ཡིན། །ཞེས་གསུངས་པའི་འཕྲོ་ལ་ཇོ་བོ་མི་གདའ། དེར་རྔོག་གིས་རྒྱལ་བ་རྒྱ་མཚོ་ལ། བླ་མ་པཎྜི་ཏ་གར་གཤེགས་ཞུས་པས། རྒྱལ་བ་རྒྱ་མཚོའི་ཞལ་ནས། རྫུ་འཕྲུལ་ཅན་དེ་དགའ་ལྡན་གནས་སུ་གཤེགས། །རིང་པོར་མི་ཐོགས་ད་ལྟ་གནས་འདིར་མཆི། །ཐུགས་རྗེའི་སྤྲིན་དེ་ཐུགས་རྗེའི་ཆར་རྒྱུན་དག །སྐལ་ལྡན་འདོད་པའི་ས་ཆེན་སྤོང་བའི་ཕྱིར། །མྱུར་དུ་བྱོན་ཏེ་ཨེ་མ་འོངས་གྱུར་ཚེ། །ས་བོན་རུལ་པ་དག་ལས་ཆུ་ཡིས་ནི། །མི་གཏོང་ཚེ་ན་སྤྲིན་བཟང་གཤེགས་པར་གྱུར། །རེ་ཞིག་བཞུགས་དང་ད་ལྟར་ཆོས་སྟོན་མཆི། །ཞེས་གསུངས།
དེ་ནས་རེ་ཞིག་ན་ཕྱི་དག་ནས་སྒྲ་སྙན་པ་དང་། དྲི་ཞིམ་པོ་མང་པོ་ཞིག་བྱུང་བ་ན་ཅི་ཡིན་སྙམ་སྟེ། རྔོག་གིས་བཞེངས་ཏེ་ལྟར་བྱོན་པ་དང་། ཤར་ཕྱོགས་ངོས་ནས་འཇའ་ཚོན་སྔོན་པོ་མཐིང་གི་མདོག་འདྲ་བ་ཞིག་བྲག་ཁུང་གི་སྒོ་ལ་ཟུག་སྟེ། དེའི་སྣ་ལ་ཁྱེའུ་སྔོན་པོ་མཐིང་གི་མདོག་འདྲ་བ་ཞིག་བྲག་ཁུང་གི་སྒོ་ལ་ཟུག་སྟེ། དེའི་སྣ་ལ་ཁྱེའུ་སྔོན་པོ་བཻཌཱུརྱའི་མདོག་ལྟ་བུ་ཟུར་ཕུད་ཅན་མང་པོ་སྒོ་དྲུང་ན་མེ་ཏོག་དང་། སྤོས་བཟང་པོ་མང་པོ་ཐོགས་ཏེ་གླུ་དབྱངས་ཀྱི་ཚིགས་སུ་བཅད་པ་མང་པོ་སྒྲོག་པ་མཐོང་། དེ་ལ་རྔོག་ཡ་མཚན་སྐྱེས་ཏེ་ནང་དུ་འོངས་ཙ་ན་ཇོ་བོས་ཀྱང་སླེབས། སྨན་བླའི་ཕོ་བྲང་དཔག་ཏུ་མེད་པ་བཞེངས་ཏེ་མཆོད་པ་ཡང་མདོ་དང་མཐུན་པར་མཛད། དེ་བཞིན་གཤེགས་པ་བརྒྱད་རང་རང་གི་འཁོར་དང་བཅས་པའང་འོད་ཀྱི་རྣམ་པར་སོ་སོའི་ཁ་དོག་དང་མཐུན་པར་སྒོ་རེ་རེ་ན་བཞུགས་ནས་འདུག །དེར་འབྲོམ་ཡང་སྐུ་ནས་ལྷག་པར་གཞོན་པ་གཅིག་མཛད་ནས། ཁྲུས་མཛད་ཅིང་དགེ་བའི་བཤེས་གཉེན་པའང་ཡར་འབྱོན་པར་ཞུ། བླ་མས་ཀྱང་ཆགས་ཕེབས། དེ་བཞིན་གཤེགས་པ་རྣམས་ཀྱང་བཞུགས། ལས་སྨོན་དག་ཙ་ན་གནས་ལུགས་འདི་འདྲ་མཐོང་བ་ཡིན། རང་རེའི་ལུགས་ཀྱི་ཆོས་ཐམས་ཅད་ཆ་བཞིར་བྱས་པ་ལ་བཞི་ཆ་གཅིག་དགའ་བ་སྒོམ་པ་ཡིན་པས། འདི་ལྟ་བུ་མཐོང་བ་ལ་དགའ་བ་སྒོམ་མཛོད། ཁྲུས་ཤིག་ཀྱང་མཛོད་གསུངས་ནས། དེར་རྔོག་གིས་ཁྲུས་མཛད་ནས་ཡན་ལག་བདུན་པ་གཙང་སིང་བ་ཞིག་ཕུལ་ནས་དགའ་བ་སྒོམ་ཞིང་བཞུགས་པ་ན། རྒྱལ་བ་རྒྱ་མཚོའི་ཞལ་ནས། རྔོག་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་གི་ཞལ་ལྟ་བར་བཞེད་དམ་གསུངས་པས། མགོན་པོ་ཅིས་ཀྱང་སྨོན་ནོ་ཞེས་ཞུས་པས། འབྲོམ་ན་རེ། ང་དང་ཁྱད་པར་ཆེན་པོའང་མེད། འོ་ནའང་གཟིགས་འབུལ་འཚལ་གསུངས་ཏེ་ཐུགས་ཁ་ནས་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་རྣམས་སྨན་བླའི་མདོ་ནས་འབྱུང་བ་བཞིན་དུ་མཆོད་རྫས་མང་པོ་ཁྱེར་ཏེ། དགེ་བའི་བཤེས་གཉེན་པ་ཐམས་ཅད་སྒྱུ་མ་སྤྲུལ་པའི་སྣང་བ་ཡིན་ཟེར་ཞིང་མཆོད་པ་དག་འབུལ་ཞིང་གདའ།
ཡང་རྔོག་གིས་འོ་ན་སྔོན་གྱི་མཁན་སློབ་ངོ་མཚར་ཅན་དེ་དག་ཀྱང་བསྟན་པར་ཞུ་འཚལ་ཞུས་པས། འབྲོམ་ན་རེ། དེ་དག་ཇོ་བོ་ཆེན་པོ་དང་ཐ་མི་དད་པས་ཁོང་ལ་ཞུས་ཤིག་གསུངས་པས། ཇོ་བོ་ལ་དེ་བཞིན་དུ་ཞུས་པ་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཞི་བར་བྱེད་པ། ཡོན་ཏན་རྒྱ་མཚོ་ལྟ་བུ་རྟག་ཏུ་འཚོ་ཞིང་མངའ་བ། སྤྲུལ་པའི་མཁན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ཇོ་བོའི་ཐུགས་ཁ་ནས་ཚུར་རྒྱང་སྟེ་བྱོན་ནས། དགེ་སློང་ལེགས་པའི་ཤེས་རབ་ཡོན་ཏན་ཐམས་ཅད་བླ་མ་ལ་བརྟེན་ནས་འབྱུང་བ་ཡིན། བླ་མ་དེ་ཡང་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་ཡང་འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་ཞིག་དགོས་པ་ཡིན། འཇིག་རྟེན་ཆོས་བརྒྱད་མི་མཛད་ན་ཀུ་སུ་ལུའམ་སྦས་པའི་བརྟུལ་ཞུགས་མཛད་པ་གཅིག་ཅིས་ཀྱང་འོངས་པ་ཡིན། ངས་ཀྱང་བྱིན་གྱིས་བརླབས་ཀྱིས། རྒྱལ་བ་རྒྱ་མཚོས་དག་བྱེད་ཀྱི་ཆུ་ཞིག་སྣོམས་ལ་འབྱོན་ཞིག་གསུངས་ནས། རྒྱལ་བ་རྒྱ་མཚོས་ཀྱང་ཆུ་ཤེལ་གྱི་བུམ་པ་གཅིག་ཏུ་བསྣམས་ཏེ་མཁན་པོའི་ཕྱག་ཏུ་གཏད་པ་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིན་ཏཾ་ཀུ་རུ་ཡེ་སྭཧཱ། ཡོན་ཏན་གྱི་བྱིན་རླབས་ཐམས་ཅད་འབྱུང་བ་ཚུལ་ཁྲིམས་ཀྱི་རྒྱ་མཚོ་རྟག་ཏུ་འཚོ་བར་གྱུར་ཅིག །ཇོ་བོ་ཡབ་སྲས་བཞིན་དུ་མི་དགེ་བ་མཐའ་དག་ཞི་ཞིང་གཞན་དོན་དུ་ཚངས་པར་སྤྱོད་པའི་ལྗོན་པ་ཆེན་པོ་རྟག་ཏུ་འཚོ་བར་གྱུར་ཅིག །ཅེས་དེ་བཞིན་གཤེགས་པའི་མཆོད་པ་ལ་ཞུགས་སོ།།
དེའི་དུས་སུ་ཇོ་བོས་དབུ་མཛད་ནས་ས་གཞི་བྱིན་གྱིས་བརླབས་པས། བྱམས་པ་གནས་པའི་བྲག་ཁུང་དེའི་ས་དང་ལོགས་དང་བླ་གབ་དང་བཅས་པ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཆུ་ཞེང་འཕང་རྒྱས་པ་དབྱིབས་ཟླ་བ་ཉ་གང་བ་ལྟ་བུ་ཟླུམ་པོར་འཁྱིལ་བ། ས་གཞི་དེ་དག་འཇམ་ཞིང་སྙོམས་པ་རྔ་ལེགས་པ་ཐང་ལ་ཕབ་པ་ལྟ་བུ་གཞི་བརྟན་པའི་དབུས་ན། པདྨའི་སྙིང་པོ་འདབ་མ་བརྒྱད་པ། དབུས་ཀྱི་ཟེའུ་འབྲུ་བཻཌཱུརྱ་སྔོན་པོ་ལས་བྱས་པ། དེའི་དབུས་ན་ཇོ་བོ་ཆེན་པོ་རེས་འགའ་བསྟན་པའི་བདག་པོའི་རྣམ་ཐར་སྣང་བ། རེས་འགའ་ཡུམ་ཆེན་པོའི་རྣམ་ཐར་སྣང་བ། རེས་འགའ་སྒྲོལ་མའི་རྣམ་ཐར་སྣང་བ། མདོར་ན་གདུལ་བྱ་རང་རང་གི་བསམ་པ་ལས་སྨོན་ལམ་དང་མཐུན་པར་བཞུགས་པ་ལ། དེ་བཞིན་གཤེགས་པ་བརྒྱད་ཀྱི་པད་འདབ་བརྒྱད་བརྒྱན་པ། དེ་ལས་འདབ་མ་བཅུ་དྲུག་གྱེས་ཏེ་སེམས་དཔའ་སེམས་མ་བཅུ་དྲུག་གིས་བརྒྱན་པ། དེ་ལས་འདབ་མ་ཕྲ་མོ་ཉི་ཤུ་རྩ་གཉིས་གྱེས་ཏེ། གདུལ་བྱ་གང་དག་དངོས་གྲུབ་གང་འདོད་པའི་ཕྱག་མཚན་དེ་དག་མཐུན་པར་བསྣམས་པ་ཕྱོགས་ཀྱི་ཕྱོགས་སྐྱོང་བཅུ་རང་རང་གི་འཁོར་གྱིས་བསྐོར་བ། པད་འདབ་རེ་རེ་སྟེང་ན་དུ་མ་མི་དོག་པར་འདུག་གོ།
དེ་བཞིན་དུ་པད་འདབ་བཅུ་གཉིས་ལ་གནོད་སྦྱིན་བཅུ་གཉིས་པོ་རེ་རེ་ལ་ཡང་འཁོར་བདུན་འབུམ་བདུན་འབུམ་བཅས་པའང་མི་དོག་པར་འདུག་གོ །དེ་བཞིན་དུ་ཁྱེའུ་དང་བུ་མོའི་གཟུགས་དཔག་ཏུ་མེད་པ་དང་མཆོད་པ་འབུལ་བ་དང་། ཕྱོགས་བཞིར་པདྨ་རེ་རེ་གྱེས་ཏེ། ཕྱོགས་བཞིའི་རྒྱལ་པོ་རང་རང་གི་འཁོར་དང་བཅས་པའང་ཕྱོགས་ཐམས་ཅད་ལ་བལྟས་ནས་ཕོ་བྲང་གི་ཕྱོགས་བཞི་ན་གདའ། པད་སྡོང་ལ་བལྟས་ནས་དེའི་ཕྱོགས་ན་རྒྱལ་པོ་རེ་རེ་གདའ། དེ་ནས་མཁན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དང་། ཨུ་པ་ལི་སྦ་རཏྣ་ཆེན་པོ་དང་། སྤྲུལ་པའི་ཤཱཀྱ་མུ་ནེ། ཆགས་པ་མེད་པ་ནམ་མཁའི་མཛོད་དང་། དགེ་བའི་འབྱུང་གནས་དཔལ་གྱི་གཞི་དང་། བླ་ཆེན་པོ་དགོངས་པ་ཉི་མའི་འོད་ལྟར་རབ་ཏུ་གསལ་བ་དང་། ཡེ་ཤེས་ཆེན་པོ་བཀྲ་ཤིས་སྤེལ་བ་དང་། ཡེ་ཤེས་རྒྱལ་མཚན་སྙིང་པོར་རྒྱལ་བ་དང་། ཤེས་རབ་ཆེན་པོ་བཀྲ་ཤིས་སྤེལ་བ་དང་། ཡེ་ཤེས་རྒྱལ་མཚན་སྙིང་པོར་རྒྱལ་བ་དང་། ཤེས་རབ་ཆེན་པོ་ཀུན་གྱི་མེས་པོ་དང་། མི་རྗེ་བསྟན་པའི་རྒྱལ་མཚན་འཛིན་པ་སྟེ། བོད་ཀྱི་ཁྲིམས་དག་གི་སྦྱིན་བདག་ཆེན་པོ་ཨུ་པ་ལི་དག་གིས་ཕྱོགས་བཞི་ནས་བསྐོར་ཏེ། ཆགས་པ་མེད་པ་ནམ་མཁའི་མཛོད་ཀྱིས་ནི་དབྱངས་སྣ་འདྲེན། རྡོ་རྗེ་དང་གཡུང་དྲུང་དང་། བཀྲ་ཤིས་པའི་མཚན་མ་གཉིས་ཀྱིས་ནི་ཟུར་འདེབས། མདོར་ན་ཐམས་ཅད་དགོངས་པ་གཅིག་ཏུ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པ་མཛད། ཁྱད་པར་དུ་ཡང་རྒྱལ་བ་རྒྱ་མཚོ་བཞེངས་ཏེ། སྤྱིར་ཡང་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་དུས་ངན་པའི་སེམས་ཅན་གྱི་སྣང་ཚུལ་ལ་དགོངས་ཏེ། མྱ་ངན་ལས་འདའ་བའི་གོ་སྐབས་མེད་པར་གསལ་བ་དང་། ཉིང་དགོས་སུ་ཡང་མཁན་པོ་རྣམས་ལ་ཁྱེད་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་ངའི་ཞིང་ཁམས་གཅིག་པུ་འདིའི་གདུལ་བྱ་དམུ་རྒོད་དག་ཚུལ་ཁྲིམས་ཀྱི་གོས་ཀྱིས་བཀབ་སྟེ། སྔར་ཡང་བདག་གི་དཔུང་གྲོགས་དཔག་ཏུ་མེད་པ་མཛད། ད་ཡང་མྱ་ངན་ལས་མི་འདའ་བའི་བསམ་པ་བརྟན་པོས་ཆད་ཆད་འདྲ་ན་རྒྱུན་སྲིང་བ་དང་། གང་དམའ་ས་ནས་བསྟོད་པ་དང་། ཕན་བདེའི་སྒོ་ཐམས་ཅད་དར་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་འདེབས་པ་དང་། ཐུན་མོང་དུ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྐུ་གསུམ་མངོན་དུ་འགྱུར་བར་བསྔོས་ཤིང་བཀྲ་ཤིས་མཛད་པ།
འཇིག་རྟེན་མགོན་དང་མགོན་པོ་ཡིས། །
བསྔོ་བ་སྨོན་ལམ་བཀྲ་ཤིས་རབ་བསྔགས་པ། །
རྒྱལ་བའི་འབྱུང་གནས་ཉིད་དུ་སྤྱོད་པར་ཤོག །
དུས་གནས་ཀུན་ཏུ་བཀྲ་ཤིས་ཤོག །
ཅེས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་མ་ལུས་པ་མཚན་ལེགས་རིན་ཆེན་ཟླ་བའི་ཐུགས་ཁར་ཐིམ། དེ་ནི་གསེར་བཟང་མྱ་ངན་མེད་ལ་ཐིམ། དེ་ནི་རྒྱ་མཚོ་མངོན་མཁྱེན་དབྱིངས་སུ་ཐིམ། དེ་ནི་སྨན་ཆེན་ཀུན་ལ་སྙོམས་པར་ཐིམ། དེ་ནི་རང་གི་སྟོན་པ་ཉིད་ལ་ཐིམ། དེ་ནི་འོད་དཔག་མེད་པ་མཛད་དཔལ་བཟང་པོ་ཨ་ཏི་ཤ་ལ་ཐིམ། མཁན་པོ་གཞན་རྣམས་ནམ་མཁའ་མཛོད་ལ་ཐིམ། ཤཱཀྱ་མུ་ནི་ཤཱཀྱ་མུ་ནི་ཉིད། །རྡོ་རྗེ་རྒྱལ་མཚན་ཐམས་ཅད་རྡོ་རྗེར་གྱུར། རཏྣ་ཐམས་ཅད་སྟོན་པའི་རཏྣར་གྱུར། །ཐམས་ཅད་སེམས་དཔའ་སེམས་དཔའ་བྱང་ཆུབ་མཆོག །གཅིག་ཏུ་འདུས་ཏེ་རྗེ་ལ་ཐིམ་པར་གྱུར། །རྒྱལ་པོ་བློན་བཅས་རིམ་གྱིས་འབྲོམ་རྗེ་ལ། །ཐམས་ཅད་གཉིས་སུ་མེད་པར་ཐིམ་པར་གྱུར། །རྒྱལ་དང་སེམས་དཔའ་དགེ་བསྙེན་སྲུང་མའི་ཚོགས། །འོད་ཀྱི་རྣམ་པར་ཡལ་ཏེ་གཤེགས་ལགས་སོ། །དེ་ནས་ལེགས་པའི་ཤེས་རབ་དགའ་བ་རྒྱས། །ཏིང་འཛིན་གཅིག་ལ་ལྷན་གྱིས་འབྱམས་པ་ན། །མགོན་པོ་སྤྱན་རས་གཟིགས་དབང་འབྲོམ་ཞེས་པ། །ཤེས་རབ་ཕྱག་ལ་འཇུས་ཏེ་ལེགས་ཞེས་གསུངས། །དཀོན་མཆོག་གསུམ་དང་འགྲོགས་ན་དཀོན་མཆོག་གསུམ། །དུག་གསུམ་སྤྱོད་དང་འགྲོགས་ན་དུག་གསུམ་ཉིད། །ཏིང་འཛིན་རྩེ་གཅིག་སེམས་ལ་དབང་བསྒྱུར་ཞེས། །ཤེས་རབ་ཤེས་རབ་དབྱིངས་སུ་སྒོམ་པར་མཛོད། །ཨེ་མ་སྙིང་རྗེ་ཡར་བཞེངས་ཡར་ལ་བཞེངས། །ཕ་མ་བྱས་དང་བྱེད་དང་བྱ་འགྱུར་རྣམས། །ཐབས་ཀྱིས་འདྲེན་འཚལ་སེམས་དཔའི་ཁྱད་ཆོས་ཡིན། །བདག་གིས་འཁོར་བར་འཁོར་ཚེ་དག་ཀྱང་ཉོན། །ཞེས་མགོན་པོ་སྤྱན་རས་གཟིགས་ཀྱིས་ཏིང་ངེ་འཛིན་དེ་ལས་བཞེངས་སུ་གསོལ་བ་དང་། དགེ་བའི་བཤེས་གཉེན་པས་ཀྱང་ལངས་ནས་བལྟས་པས། ཇོ་བོ་ཡང་ཐུགས་དམ་ལ་བསྐོས་ཕོར་ཞིག་ཡོད་པས། སཙྪ་རྡོག་མ་དགུ་འདེབས་ཤིང་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་ལ་བྱང་ཆུབ་ལ་བརྩོན་གལ་ཆེ་བ་ཡིན་གསུངས་ནས། ཕྱག་དང་ན་བཟའ་ཀུན་འདག་པ་ཁལ་ཁལ་གདའ་བ་ལ། བཤེས་གཉེན་འབྲོམ་གྱི་ཞལ་ནས།
ཡ་རབས་ཟ་ཧོར་རྒྱལ་པོའི་རིགས་སུ་བལྟམས། །
ངེས་པར་འབྱུང་ནས་ཐར་པའི་བཙན་ས་བཟུང་། །
མི་ཆོས་ལྷ་ཆོས་གཉིས་སུ་ཁྱད་ཆེ་ན། །
འཇིམ་གཡོས་བྱ་བ་དམན་པ་མ་མཛད་ཅིག །
ཅེས་ཞུས་ནས་འཇིམ་པ་དམ་དུམ་འདྲ་འདུག་པ་རྣམས་ཏིང་ཕོར་ཞིག་ཏུ་བསྡུས། རྡོ་གཅིག་གི་རྩ་ན་རས་མ་སེར་པོ་དུམ་གཅིག་འདུག་པ་དེ་ཕྱག་གིས་བླངས་ནས། དབུ་སྐྲའི་གསེབ་ཏུ་རེ་ཞིག་བཅུག་སྟེ། དུས་ཕྱི་རབས་ན་ཕར་འདི་སུས་གྱོན་ཀྱང་། འདི་བདེ་བར་གཤེགས་པའི་ན་བཟའ་ཡིན། གཞན་ཡང་འདི་གསོལ་བ་ཕལ་ཆེར་ལ་སྡོམ་པ་སྣ་རེ་ཙམ་མེད་པ་མི་མཆིས་གསུངས་ནས། བུམ་པར་ཆབ་ཅིག་ཁྱེར་ནས་ཕྱག་ཁྲུད་པར་ཞུ་ཞུས་པས། ཇོ་བོའི་ཞལ་ནས།
བོད་ཀྱི་མི་ཆེན་དད་པས་བསླུས། །ཁྲོ་དང་ང་རྒྱལ་དད་པས་བཟུང་། །མི་ཆོས་ལྷ་ཆོས་འཛོལ་གྱུར་ཀྱང་། །སྒོ་གསུམ་ཆོས་ལ་མ་བཀོལ་ན། །མི་ཆོས་ཕུགས་ཀྱི་གསེར་བཞིན་དུ། །བཟང་ཡང་དོན་མེད་མཆིས་པར་མཛོད། །དེང་སང་ཁོ་བོ་གཟུགས་མཛེས་པས། །ཆགས་མེད་བླ་མའང་བྱམས་གྱུར་ན། །ཆགས་ལྡན་ཕལ་ཆེར་སྨོས་ཅི་འཚལ། །སྔར་ཡང་སྒོ་གསུམ་དགེ་བཀོལ་བས། །འདིར་ཡང་འདི་འདྲ་འདི་འདྲར་གྱུར། །ད་ཡང་ཆུ་རྒྱུན་བཅད་པར་དཀའ། །ལེགས་པའི་ཤེས་རབ་འདི་འདིར་སྡོད། །ཁྲོ་དང་ང་རྒྱལ་མི་མཛད་པར། །དམན་དམན་བཞིན་དུ་སྒོ་གསུམ་ཐུལ། །དྲིས་ལེན་དེ་ནའང་འདི་ཚོགས་ཡོད། །འཕྲོ་ལ་ཉོན་ཅིག་ཁོ་བོས་བཤད། །སླར་ཡང་ཡན་ལག་བདུན་པ་ཕུལ། །ཞེས་གསུངས་པས། ལེགས་པའི་ཤེས་རབ་ཀྱིས་ཀྱང་ཇི་སྐད་གསུངས་པ་བཞིན་བྱས་ཏེ་ཐུགས་ལ་བཏགས། དེ་ཡང་མཉན་འཚལ་ཏེ་ཁ་སང་དགེ་སློང་དེའི་ཞལ་ནས། རྒྱལ་བ་གསུམ་སྦྱར་ཞིག་གསུངས་ཤིང་གདའ་བས་དེ་བསྟན་འཚལ་ཞུས་པས། ཇོ་བོའི་ཞལ་ནས། དེ་ངས་བཤད་ཀྱང་མི་འོང་། དགེ་བཤེས་ལོ་ཙཱ་བ་ལ་ཞུས་ཞེས་དེ་གསུང་དུ་མ་བཞེད་པར། སྔོན་ཡུལ་ཝཱ་རཱ་ཎ་སཱིར་འབྲོམ་སྟོན་དགེ་བསྙེན་བཙུན་པ་ཞེས་བྱ་བར་འཁྲུངས་པ་ན། ཁྲོ་བ་དང་ང་རྒྱལ་སྤངས་ཏེ་དམན་ཆ་འབའ་ཞིག་བླངས་ཤིང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་རྣམས་གསུངས་སོ།།
ཡང་ཞུ་ལན་དཀྱུས་མཐུན་ཙམ་དུ་ཡེར་པའི་བྱམས་པའི་དྲུང་དུ་ཁྱེའུ་ནོར་བཟང་གི་སྐྱེ་རབས་དང་། ལྷ་རི་སྙིང་པོའི་མགུལ་དུ་ཁྱེའུ་ཟླ་བ་དང་། ཁྱེའུ་རིན་ཆེན་སྙིང་པོ་དང་། ཁྱེའུ་པདྨ་རྣམས་ཀྱི་སྐྱེ་རབས་གསུངས་སོ། །ད་སྐབས་འདི་དག་གི་ཚེ་སྐུ་དངོས་དེ་རང་གི་མཛད་པ་ཟུར་གསལ་ཆེར་མེད་པས་འདིར་རྐང་གྲངས་ཙམ་བཀོད་པ་ཡིན་ནོ།།
འཕྲོས་རྗེས་མར་གཟིགས་པར་ཞུ།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣ ནས་ ༢༥༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།