ཅ༽ བོད་སྐད་ནས་རྒྱ་ཡིག་ཏུ་བསྒྱུར་བའི་གཞུང་ལུགས།

ཅ༽ བོད་སྐད་ནས་རྒྱ་ཡིག་ཏུ་བསྒྱུར་བའི་གཞུང་ལུགས།

 

བོད་ཡིག་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་བའི་ལོ་རྒྱུས་ཀྱི་དུས་སྐབས་གཙོ་བོ་ནི། དུས་རབས་ཉི་ཤུ་པའི་ནང་ཡིན་ཅིང་། དེའི་སྔོན་དུ་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་ཁག་གཅིག་ཏུན་ཧོང་བྲག་ཕུག་ནས་ཐོན་ཡོད་ཚུལ་བཤད། དུས་རབས་ཉི་ཤུ་པ་ནས་བཟུང་བོད་ཡིག་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་བ་གཙོ་བོ་ནང་ཆོས་དང་། ལོ་རྒྱུས། རྩོམ་རིག་བཅས་ཀྱི་གཞུང་ལུགས་ཡིན།

དང་པོ་ནང་ཆོས་ཀྱི་གཞུང་ལུགས། དཔེར་ན། ཧྥ་ཙུང་ཧྥ་ཧྲིན་གྱིས་བསྒྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལེའུ་ཉི་ཤུ་པ་སོགས་ཡོད་ཚུལ་བཤད། དུས་རབས་ཉི་ཤུ་པའི་དུས་འགོར་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་དག་ནི། དཔེར་ན། རྗེ་བདག་ཉིད་ཆེན་པོའི་གསུང་རྟེན་འབྲེལ་བསྟོད་པ་དང་། དྲང་ངེས་ལེགས་བཤད་སྙིང་པོ། བྱང་ཆུབ་ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ། ཚད་མ་རྣམ་འགྲེལ། དབྱང་ཧཱ་ཆུན་གྱིས་ཚད་མ་རིགས་ཐིགས། ནེང་ནེ་ཧྥ་ཧྲིན་གྱིས་སོ་སོར་ཐར་པའི་སྡོམ་པ་གཏན་ལ་ཕབ་པ་འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པ། བཤེས་གཉེན་དམ་པའི་བསྟེན་ཚུལ་ལྔ་བཅུ་པའི་རྣམ་བཤད་ལ་སོགས་པ་བསྒྱུར་འདུག།

གཉིས་པ་རྩོམ་རིག་གི་གཞུང་། དཔེར་ན། ཡུ་ཏའོ་ཆོན་གྱིས་བསྒྱུར་བའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་། ལུའུ་ལི་ཆེན་གྱིས་བསྒྱུར་བའི་དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ། དེ་མིན་ད་དུང་། ས་སྐྱ་ལེགས་བཤད་དང་། ཆུ་ཤིང་བསྟན་བཅོས། མི་ལ་རས་པའི་རྣམ་ཐར། གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཚན་པ་ཁག་ཁ་ཤས་ལ་སོགས་དུ་མ་ཞིག་བོད་ཡིག་ནས་རྒྱའི་ཡི་གེར་བསྒྱུར་འདུག

གསུམ་པ་ལོ་རྒྱུས། ལུའུ་ལི་ཆེན་གྱིས་བསྒྱུར་བའི་རྒྱལ་བའི་གསལ་བའི་མེ་ལོང་དང་། ཀོ་ཧི་ཆིན་གྱིས་བསྒྱུར་བའི་དེབ་ཐེར་སྔོན་པོ། ཆོས་འབྱུང་མཁས་པའི་དགའ་སྟོན་ལ་སོགས་པ་བསྒྱུར་འདུག་པ་རྣམས་ནི་རགས་རིམ་ཙམ་མོ།།

དེ་ལྟར་བོད་གངས་ཅན་གྱི་ཞིང་དུ་བཀའ་དྲིན་ཁུར་གྱིས་ཤིན་ཏུ་ལྕི་བའི་སྔོན་བྱོན་ཆོས་རྒྱལ་རིམ་བྱོན་དང་། རྣམ་དཔྱོད་འགྲན་ཟླ་བྲལ་བའི་ལོ་པཎ་རྣམས་དང་། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་པ་རྣམས་ཀྱིས། བཤད་སྒྲུབ་ཀྱི་ཤིང་རྟ་ཆེན་པོ་བཅོ་བརྒྱད་རྗེས་འབྲང་དང་བཅས་པའི་ཆོས་བརྒྱུད་དང་བཀའ་སྲོལ་མཐའ་དག་དང་། དེ་དང་རྗེས་སུ་འབྲེལ་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་རིག་དང་བཅས་པའི་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་པ། ཚང་ལ་མ་ནོར་བ་བསམ་གྱིས་མི་ཁྱབ་པ་ཞིག་འཆད་ཉན་སྒྱུར་གསུམ་དང་། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཐོག་མར་སྲོལ་གཏོད། བར་དུ་གཏན་ལ་ཕབ། མཐར་རིམ་བཞིན་དར་རྒྱས་བཏང་བ་སོགས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བཀའ་དྲིན་བདག་རྐྱེན་ལས། དབུས་གཙང་ཁམས་གསུམ་དུ་བཞུགས་སོ་ཅོག་གི་བཀའ་བསྟན་གསུང་འབུམ་གྱི་གླེགས་བམ་ཐམས་ཅད་གཅིག་ཏུ་སྤུངས་ན་རི་རབ་ལྷུན་པོའི་གཏོས་དང་མཉམ་ཞིང་། ཆོས་ཚན་གྱི་རྣམ་དབྱེ་ཇི་སྙེད་ཡོད་པ་གྲངས་སུ་བགྲང་ན་ནམ་མཁའི་གཟའ་སྐར་ཚོགས་ཀྱང་སྐྱེངས་པར་བྱེད་པ་ཞིག་མཆིས་པ་ཙམ་དུ་མ་ཟད། རྒྱ་བལ་ཧོར་སོགས་ཀྱི་ཡུལ་གྲུ་ཀུན་ཏུའང་དར་ཁྱབ་ཆེ།

བཤད་སྒྲུབ་ཤིང་རྟ་ཆེན་པོ་བཅོ་བརྒྱད་ཅེས་པ་ནི། དེ་ཡང་ཇི་སྐད་དུ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཞལ་ནས[1]། ཆོས་བློན་ཐོན་མི་བཻ་རོ་སྐ་ཅོག་ཞང་། །གནུབས་ཆེན་རིན་བཟང་རྔོག་ལོ་ས་སྐྱ་པ། །བུ་སྟོན་བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ། །ཞེས་དང་། བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །ཞེས་གསུངས་པ་ལྟར། ཤེས་བྱའི་གཞུང་ལུགས་སྣ་ཚོགས་ཀྱི་འགྱུར་ཁྱད་དང་། འཆད་ཚུལ་གྱི་དབྱེ་བས་བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ་དང་། སྒྲུབ་པ་ཉམས་སུ་ལེན་ཚུལ་ལ་བརྒྱུད་པའི་ཁྱད་པར་དང་། མན་ངག་གི་དབྱེ་བས་སྒྲུབ་རྒྱུད་འདྲེན་པའི་ཤིང་རྟ་བརྒྱད་དེ། བཤད་སྒྲུབ་ཤིང་རྟ་ཆེན་པོ་བཅོ་བརྒྱད་རྗེས་འབྲང་དང་བཅས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ཞིག །བདག་ཅག་གི་ཡབ་མེས་གོང་མ་རྣམས་ཀྱིས་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཕངས་མེད་དུ་བཏང་སྟེ། ཕྱི་རབས་རང་རེའི་བརྒྱུད་འཛིན་རྣམས་ལ་འཕྲལ་ཡུན་ཕན་བདེའི་དཔལ་ལ་དམིགས་ནས་བཞག་པའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོ་མཐའ་ཡས་པ་ཞིག་མཆིས་སོ།།

དེ་ལྟར་རྒྱལ་བློན་ལོ་པཎ་རིམ་བྱོན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱལ་བའི་བཀའ་བསྟན་སྒྱུར་སྤེལ་འཆད་ཉན་སོགས་ཀྱི་སྒོ་ནས་རང་རིགས་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གྱི་བྱ་བར་རང་རང་འཁོས་བསྟུན་གྱི་སྲི་ཞུ་སྒྲུབ་པའི་ཕ་ནོར་མང་པོ་ཞིག་ད་དུང་ཡང་རང་ཅག་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ལྷག་ཡོད་པ་རྣམས་གཅེས་སྤྲས་ཆེན་པོས་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་ནི་ཡབ་མེས་རྣམས་ཀྱིས་ང་ཚོར་གནང་བའི་ལས་འགན་ཡིན་པར་མ་ཟད། རང་ཅག་བོད་ཀྱི་རིག་གནས་སློབ་གསོའི་བྱ་བར་ལེགས་སྐྱེས་འབུལ་མཁན་གྱི་ཤེས་ཡོན་ཅན་རྣམས་ཀྱི་ཕྲག་པར་བབས་པའི་གཞན་དྲིང་མི་འཇོག་པའི་གཟི་འོད་བླ་ན་འབར་བའི་འོས་འགན་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན་པས་ན། གུས་པས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་རབ་རྣམས་འཚོལ་བསྡུ་ཕྱོགས་བསྒྲིགས་དང་། རྣམ་ཐར་ཞིབ་རྒྱས་ཉམས་ཞིབ་འབྲི་རྩོམ་སོགས་པོ་ཏི་བརྒྱད་ཅུ་ལྷག་ཙམ་ཕྱོགས་སྒྲིག་དཔར་འགྲེམས་ཀྱིས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་བར། ལྷག་བསམ་ལྡན་ཞིང་མཁྱེན་སྤྱན་ཡངས་པའི་མཁས་དབང་རྣམས་ཀྱིས་དགོངས་འཆར་གྱི་བཀའ་སློབ་ལྷུག་སྩོལ་ཡོང་བ་ཞུ་རྒྱུ་དང་། ལྷག་པར་ལུས་ཀྱི་ལང་ཚོ་རྒྱས་ཤིང་། སེམས་ཀྱི་བློ་གྲོས་བཀྲ་བའི་གཞོན་སྐྱེས་རྣམས་ཀྱིས་ཟོལ་མེད་ཀྱི་ལྷག་བསམ་སྙིང་ལ་འཆང་། དོན་ལྡན་གྱི་བྱ་བ་དང་དུ་ལེན། རིན་བྲལ་གྱི་ཆོས་རིག་ལ་ཐོས་བསམ་སློབ་གཉེར་གྱི་ཐོག་ནས་བོད་དང་བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་ལེགས་སྐྱེས་འབུལ་ཐབས་ལ་བརྩོན་གལ་ཤིན་ཏུ་ཆེའོ་ཞེས་གསལ་འདེབས་ཞུ་རྒྱུ་བཅས། དཔྱད་རྩོམ་ཕྱོགས་བསྒྲིགས་འདིར་རྒྱལ་བའི་བཀའ་འགྱུར་པོད་ ༡༠ དང་། བསྟན་འགྱུར་པོད་ ༡༩ བོད་ཀྱི་གསུང་འབུམ་པོད་ ༡༦༧ ཚིག་མཛོད་དང་། དུས་དེབ། བཀའ་སློབ། དྲ་རྒྱ་བཅས་ཀྱི་དཔྱད་གཞི་རྣམ་གྲངས་ ༢༠ བཅས་ཁྱོན་དཔྱད་གཞིའི་ཡིག་ ༢༡༦ ལས་ལུང་འདྲེན་ཞུས་ཡོད་པ་བཅས། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡༤ དགེ་བར།།  །།

 

དཔྱད་གཞིའི་ཡིག་ཆ།

[1] ཨ་ཏི་ཤའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༦༡ ནས་ ༥༦༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *