ཁ༽ པཱ་ལི་ནས་བཀའ་བསྟན་བོད་འགྱུར་ཇི་བཞུགས།
དང་པོ་པཱ་ལི་ནས་བོད་འགྱུར་ལ་མཚོན་ན། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་བུ་སྟོན་ཐམས་ཅད་མཁྱེན་པའི་བླ་མ་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དང་། སིངྷ་ལའི་སློབ་དཔོན་ཨཱནནྡ་ཤྲཱི་གཉིས་ཀྱི་གནས་བརྟན་སྡེ་པའི་སྐྱེས་རབས་ཀྱི་གླེང་གཞི་དང་། མདོ་སྡེ་ཚངས་པའི་དྲྭ་བ། ཆོས་འཁོར་གྱི་མདོ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། བཀྲ་ཤིས་པ་ཆེན་པོའི་མདོ་སོགས་མདོ་བཅུ་གསུམ་བསྒྱུར་ཡོད་པ་རྣམས་དེང་པཱ་ལིའི་སྡེ་སྣོད་གསུམ་ནང་བཞུགས་པ་དང་མཐུན་པ་མང་དག་ཅིག་སྣང་ཞིང་།
དེ་ལས་གཞན་ཐེག་པ་འོག་མའི་མདོར་གཏོགས་པ་གཟུགས་ཅན་སྙིང་པོས་བསུ་བ་དང་། ཆེན་པོ་ལྔ་གསུམ་པ་དང་། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་སོགས་མདོ་གྲངས་སོ་བཞིའི་བོད་འགྱུར་ཡོད་པ་རྣམས་མཚུངས་པ་ཙམ་ལས་མདོ་དངོས་དང་མི་མཐུན་པ་དུ་མ་ཞིག་ཀྱང་འདུག་པས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མདོའི་གྲས་ཡིན་སྲིད་པར་སྣང་།
སྤྱིར་དེང་གི་ཆར་སྡེ་པ་བཅོ་བརྒྱད་ཀྱི་ནང་གསེས་འཕགས་པ་གནས་བརྟན་སྡེ་པའི་བཀའ་སྡེ་སྣོད་གསུམ་པཱ་ལིའི་སྐད་དུ་ཕལ་མོ་ཆེ་བཞུགས་ཡོད། དེ་དག་གི་ལུགས་ལྟར་བཀའ་འགྱུར་ཡོངས་རྫོགས་སྡེ་སྣོད་གསུམ་དུ་བསྡུས་ཚུལ་ནི། ཀ༽ འདུལ་བའི་སྡེ་སྣོད་ཀྱི་ཁོངས་སུ་སོ་ཐར་མདོའི་དགོངས་འགྲེལ་ལ། ༡) སྡེ་ཚན་ཆེན་པོ། ༢) སྡེ་ཚན་ཆུང་ངུ་། ༣) ཕམ་པ། ༤) ལྟུང་བྱེད་འབའ་ཞིག་པ། ༥) འཁོར་བཅས་ལྔར་དབྱེ།
ཁ༽ མདོ་སྡེའི་སྡེ་སྣོད་ཀྱང་སྡེ་ཚན་ལྔར་དབྱེ་སྟེ། ༡) རིང་པོའི་སྡེ། མདོ་ ༣༤། ༢) བར་མའི་སྡེ། མདོ་༡༥༢། ༣) ཡང་དག་ལྡན་པའི་སྡེ། མདོ་ ༢༤༣༡། ༤) གཅིག་ལས་འཕྲོས་པའི་སྡེ། མདོ་ ༢༣༠༨། ༥) ཕྲན་ཚེགས་ཀྱི་སྡེ། མདོ་ ༡༥ ཕྲན་ཚེགས་ཀྱི་སྡེའི་ནང་གསེས་ཀྱི་མདོ་བཅོ་ལྔ་པོ་ནི། ༡) སིལ་བུ་ཁག ༩། ༢) ཆོས་ཀྱི་ཚིགས་སུ་བཅད་པ། སྡེ་ཚན་ ༢༦། ༣) ཆེད་དུ་བརྗོད་པའི་ཚོམས། ༨། ༤) དེ་ལྟ་བུ་བྱུང་བ། མདོ། ༡༡༢། ༥) མདོ་བསྡུས་པ། མདོ་ ༧༢། ༦) གཞལ་ཡས་ཁང་གི་གཞི། ༧) ཡི་དྭགས་ཀྱི་གཞི། ༨) གནས་བརྟན་པའི་ཚིགས་སུ་བཅད་པ། ལེའུ་༢༡། ༩) གནས་བརྟན་མའི་ཚིགས་སུ་བཅད་པ། ལེའུ་ ༡༦། ༡༠) སྐྱེས་པའི་རབས་ ༥༤༧། ༡༡) ངེས་པ་བསྟན་པ། ༢། ༡༢) སོ་སོ་རང་གི་རིག་པའི་ལམ། སྡེ་ཚན་ ༣ ལེའུ་ ༣༠། ༡༣) རྟོགས་པ་བརྗོད་པ། སྡེ་ཚན་ ༢ ཚན་པ་༥༥། ༡༤) སངས་རྒྱས་ཀྱི་སྐུ་བརྒྱུད། ལེའུ་ ༢༨། ༡༥) སྤྱོད་པའི་སྡེ་སྣོད། ལེའུ་ ༧།
ག༽ མངོན་པའི་སྡེ་སྣོད་ལ་མངོན་པ་སྡེ་བདུན་ཡོད། དེ་དག་ནི། ༡) ཆོས་ཀྱི་ཚོགས། ལེའུ་ ༡༢༢། ༢) རྣམ་པར་འབྱེད་པ། ལེའུ་ ༡༡༡། ༣) གཏམ་གྱི་གཞི། ལེའུ་ ༡༤། ༤) གང་ཟག་གདགས་པ། ལེའུ་ ༦། ༥) ཁམས་ཀྱི་གཏམ། ལེའུ་ ༡༨། ༦) ཆ་ལྡན་ནམ་ཟུང་ལྡན། ལེའུ་ ༡༠། ༧) རབ་ཏུ་འཇུག་པ། ལེའུ་ ༢༤ བཅས་ཡིན། དེ་དག་གི་བསྟན་འགྱུར་ལའང་གཞུང་ཆེས་ཤིན་ཏུ་མང་པོ་བཞུགས་ཡོད་པས་འདིར་སྤྲོས་ཀྱི་མི་ལང་། སྡེ་སྣོད་གསུམ་ཕལ་མོ་ཆེར་སློབ་དཔོན་སངས་རྒྱས་དབྱངས་ཀྱིས་འགྲེལ་པ་མཛད་ཡོད།།[1] །།
ག༽ པཱ་ལིའི་སྐད་ནས་གཞུང་བསྒྱུར་རྒྱུ་ཇི་ཡོད།
རང་རེའི་སྐད་དུ་པཱ་ལིའི་གཞུང་ད་ཡོད་མཚན་ཙམ་མཚུངས་པ་བཅུ་ཕྲག་གསུམ་ལྷག་ཡོད་རུང་། ཕན་ཚུན་ཞིབ་བསྡུར་བྱེད་སྐབས་མཐའ་གཅིག་ཏུ་མཚུངས་པ་ནི་གཞུང་བཅུ་ཕྲག་གཉིས་ལྷག་ལས་མཇལ་རྒྱུ་མེད། སྤྱིར་ན་པཱ་ལིའི་སྐད་དུ་བཞུགས་པའི་བཀའ་བསྟན་གཞུང་ཆེན་ཆེ་ཆུང་ཆ་ཚང་བ་བསྡོམས་ན་མདོ་ཆིག་ཁྲི་ལྷག་ཡོད། དེང་གི་ཆར་སྡེ་པ་བཅོ་བརྒྱད་ཀྱི་ནང་གསེས་འཕགས་པ་གནས་བརྟན་སྡེ་པའི་བཀའ་སྡེ་སྣོད་གསུམ་པཱ་ལིའི་སྐད་དུ་ཕལ་མོ་ཆེ་བཞུགས་ཡོད། དེ་དག་ལས་འདུལ་བའི་སྡེ་སྣོད་ཀྱི་ཁོངས་སུ་གཙོ་བོ་འདུལ་གཞུང་ལྔ། མདོ་སྡེའི་སྡེ་སྣོད་སྡེ་ཚན་ལྔར་དབྱེ་སྟེ། ༡ རིང་པོའི་སྡེ། ༢ བར་མའི་སྡེ། ༣ ཡང་དག་ལྡན་པའི་སྡེ། ༤ གཅིག་ལས་འཕྲོས་པའི་སྡེ། ༥ ཕྲན་ཚེགས་ཀྱི་སྡེ། མངོན་པའི་སྡེ་སྣོད་ལ་མངོན་པ་སྡེ་བདུན་ཡོད་ཅིང་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མངོན་པ་སྡེ་བདུན་དང་མི་འདྲ་ཞིང་། དེ་དག་གི་བསྟན་འགྱུར་ལའང་གཞུང་ཆེས་ཤིན་ཏུ་མང་བས་འདིར་སྤྲོས་ཀྱིས་མི་ལང་བས་གཞན་དུ་བཤད་པར་བྱའོ།།
བཀའ་སྡེ་སྣོད་གསུམ་པོ་དེ་དག་ཆ་ཚང་བ་བོད་སྐད་དུ་ཕྱིས་བོད་སྒྱུར་དགོས་ངེས་ཡིན་རུང་། དེང་གི་ཆར་རང་རེ་བོད་མིར་ཆེས་ཤིན་ཏུ་མཁོ་བའི་གཞུང་འགའ་ཞིག་གི་མཚན་སྨོས་ན། ལུང་རིང་པོའི་སྡེའི་མདོ་སོ་བཞི། ལུང་བར་མའི་སྡེའི་མདོ་བརྒྱ་དང་ང་གཉིས། ཆོས་ཀྱི་ཚིགས་སུ་བཅད་པའི་མདོའི་རྣམ་བཤད་ཆེན་མོ། སངས་རྒྱས་གདུང་བརྒྱུད་ཀྱི་རྣམ་ཐར་ཆེ་ཆུང་། མངོན་པ་སྡེ་བདུན་ཕལ་མོ་ཆེ་དང་། དེ་ལས་གཏམ་གྱི་གཞི། གནས་བརྟན་སངས་རྒྱས་དབྱངས་ཀྱིས་མཛད་པའི་རྣམ་པར་དག་པའི་ལམ་དང་དེའི་རང་འགྲེལ། སྐྱེས་རབས་ལྔ་བརྒྱ་ཞེ་བདུན། རྒྱལ་པོ་མི་ལིནྡའི་དྲི་ལན། སིངྒ་ལའི་གླིང་ཕྲན་གདུང་བརྒྱུད་ཆེན་མོ་སོགས་ཡིན་ནོ།།[2] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལོ་ཙཱ་བ། ས་རཱ་མཐོ་ཀྱི་མཐོ་རིམ་སློབ་གཉེར་ཁང་གཞོན་ནུ་རུ་ཁག །ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༥༦
[2] ལོ་ཙཱ་བ། ས་རཱ་མཐོ་ཀྱི་མཐོ་རིམ་སློབ་གཉེར་ཁང་གཞོན་ནུ་རུ་ཁག །ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༥༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༤༡ ནས་ ༥༤༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།