ཙ༽ བསྟན་འགྱུར་སྒྲ་སྒྱུར་གནང་སའི་ཡུལ་གྲུ།

ཙ༽ བསྟན་འགྱུར་སྒྲ་སྒྱུར་གནང་སའི་ཡུལ་གྲུ།

 

དེ་ཡང་བཀའ་བསྟན་གཉིས་ལས་བསྟན་འགྱུར་འགྱུར་བྱང་དག་ཏུ་གསལ་བ་ལྟར་ན། བསྟན་འགྱུར་སྒྲ་སྒྱུར་མཛད་ཡུལ་གྱི་རྒྱལ་ཁབ་དང་། དགོན་གནས་གཙུག་ལག་ཁང་སོགས་ཀྱི་མཚན་གསལ་བ་རྣམས་ནི། ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དང་། ཆོས་འཁོར་ལྷ་སའི་གཙུག་ལག་ཁང་། བསམ་ཡས་གཙུག་ལག་ཁང་། ཨག་ཅོར། ཁྲ་འབྲུག་གཙུག་ལག་ཁང་། དབེན་གནས་དཔལ་ཨེ་ཝཾ་ཆོས་འཁོར། ཆོས་ཀྱི་རྒྱལ་པོའི་ཕོ་བྲང་སྐུ་མཁར་ཉི་གཟུངས།

ཡུལ་དབུས་ཀྱི་གྲུབ་པ་ཐོབ་པའི་གནས་དྲང་སྲོང་སྲིན་པོ་རི། མང་ཡུལ་གྱི་བཟོ་གནས་ཆེན་པོ། སྐད་གཉིས་སྨྲ་བའི་གདན་ས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་། གྲོང་ཁྱེར་ཏི་ར་ཧ་ཏིའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་། བལ་ཡུལ་གྱི་ཡམ་བུའི་གྲོང་ཁྱེར། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་། དིང་རི་མཁན་པའི་ཁྲོད། དཔལ་གྱི་བལ་ཡུལ་ཡམ་མགལ་གྱི་གཙུག་ལག་ཁང་། བལ་ཡུལ་གུ་ལང་གསེར་ཁང་། པུ་ཏི་ཤའི་གྲོང་ཁྱེར། དཔལ་སྣེའུ་གདོང་རྩེ། དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། བལ་པོའི་མཐིལ། གཞུའི་གཙུག་ལག་ཁང་། འཕན་ཡུལ་རྒྱལ་གྱི་ལུག་ལྷས། དཔལ་རྩེ་ཐང་གི་གཙུག་ལག་ཁང་། རི་བོ་ཆེན་པོ་སྤུ་ཏྲའི་མགུལ་ཇོ་མོ་སྒྲོལ་མས་ཞབས་ཀྱིས་བཅགས་པ་ཚངས་པའི་འབྱུང་གནས་རྡོ་ལུང་དགོན་པ། འཛམ་གླིང་བྱང་ཕྱོགས་ཀྱི་བྲག་དམར་དཔལ་བསམ་ཡས་སུ་རྒྱལ་པོ་ཁྲི་པའི་གདུང་རྒྱུད་ཀྱི་སྲས་ལྷ་གཅིག་ལྷ་ལྕམ་དར་སྒྲོན་གྱི་ཕོ་བྲང་རྡོ་ལུང་དགོན་པ། བོད་ཡུལ་གྱི་དབུས་དྲང་སྲོང་སྲིན་པོ་རི། གྲུབ་པའི་ཞིང་དམ་པ་མང་ཡུལ་སྐྱིད་གྲོང་འཕགས་པ་འཇིག་རྟེན་དབང་པོའི་གཙུག་ལག་ཁང་ལས་མི་རིང་བའི་ཆེན་པོ་རྣམས་ཀྱིས་གདན་ས་དཔལ་ཤེར་གྱི་གཙུག་ལག་ཁང་། འདུལ་བའི་བསྟན་པ་སྙིང་པོར་གནས་པའི་དཔལ་ལྡན་རྒྱན་གོང་གི་གཙུག་ལག་ཁང་། རི་བོ་ཆེན་པོ་སྤུ་ཏྲའི་མགུལ། བལ་ཡུལ། བཀའི་གཙུག་ལག་ཁང་ཆེན་པོ། སྨོན་འགྲོའི་གཙུག་ལག་ཁང་། དབེན་གནས་དམ་པ་ཆུ་མིག་རྫིང་ཁ། གྲོང་ཁྱེར་ཡམ་བུའི་ནུབ་ཕྱོགས་ཉི་མའི་གཙུག་ལག་ཁང་། རྒྱ་ཡུལ་ཅོང་ཏོའི་མཁར། ལྷ་ཁང་བི་ཧཱ་ར། ཡམ་བུ་ཀརྟ་རི། ཆོས་འཁོར་ཤོད་མའི་གཙུག་ལག་ཁང་། བོད་ཡུལ་གྱི་དབུས་ངམ་ཤོད་ཀྱི་མཐིལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྒྱལ་པོའི་ཕོ་བྲང་ཡིད་བཞིན་ནོར་བུའི་མཛོད་དབུ་རྩེ་རིགས་གསུམ་ལྷ་ཁང་གི་སྟེང་། མང་ཡུལ་གྱི་གྲོང་གི་འཕགས་པ་ཝ་ཏིའི་ཕོ་བྲང་། ཕོ་བྲང་ཆེན་པོ་སྣེའུ་གདོང་གི་གཙུག་ལག་ཁང་། དཔལ་ལྡན་མན་ལུངས་ཀྱི་གཙུག་ལག་ཁང་ཆེན་པོ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ། ལུགས་གཉིས་ཀྱི་མདུན་ས་ཆེན་པོ་ཕོ་བྲང་སྣེའུ་གདོང་རྩེ། ར་ས་ར་མོ་ཆེ། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་། ཐུགས་དམ་སའི་སྙིང་པོ་ཐོ་ལིང་། རུ་ལག་གི་གཙང་སྟོད་འབྲིང་མཚམས་ཀྱི་ས་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་། གྲྭ་ཐང་། རྒྱང་རོ་ས་ལུའི་གཙུག་ལག་ཁང་། གྲོང་ཁྱེར་དཔེ་མེད། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་དབྱིག་འདུལ་པེ་དཀར་གླིང་། དཔལ་ས་སྐྱའི་གཙུག་ལག་ཁང་། ཁ་ཆེར་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་ཛ་ར་མེའི་གཙུག་ལག་ཁང་གི་བྱང་ཕྱོགས་ཀྱི་བསིལ་ཁང་། དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་པའི་གཙུག་ལག་ཁང་། དཔལ་ར་སའི་གཙུག་ལག་ཁང་གི་འོད་མཆོག་དངོས་གྲུབ་ཀྱི་གཙུག་ལག་ཁང་། མང་ཡུལ་འཕགས་པའི་དྲུང་དགེ་འདུན་བཞི་སྡེའི་གཙུག་ལག་ཁང་། གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་རཏྣ་རརྨིའི་གཙུག་ལག་ཁང་། དཔལ་གྲྭ་ཐང་གི་གཙུག་ལག་ཁང་། མཁས་གྲུབ་དུ་མ་བརྒྱུད་མར་བྱོན་པའི་དཔལ་ངམ་རིང་ཡང་རྩེའི་གཙུག་ལག་ཁང་། ཕོ་བྲང་ཆེན་པོ་པོ་ཏ་ལ། གྲུབ་པའི་ཞིང་སྐྱིད་རོང་འཕགས་པ་འཇིག་རྟེན་དབང་པོའི་གཙུག་ལག་ཁང་ལས་ཅུང་ཟད་མི་རིང་བར་ཆེན་པོའི་ཆེན་པོ་སྤུ་ཊའི་མགུལ་གྱི་ཕོ་བྲང་ཆེན་པོ། མང་ཡུལ་གུང་ཐང་གི་རྒྱལ་ས། བལ་ཡུལ་རྣལ་འབྱོར་པའི་གཙུག་ལག་ཁང་། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད། བསམ་ཡས་ལྷུན་གྱིས་གྲུབ་པའི་ཕོ་བྲང་། དཔལ་སྟག་ལུང་ཐང་གི་གཙུག་ལག་ཁང་། ཨེ་ཝཾ་ཆོས་འཁོར། གཞིས་ཁ་ལྷུན་གྲུབ་ལྷ་རྩེ། ཤར་ཕྱོགས་ཀོ་བོའི་སའི་ཆ་དགའ་ལྡན་མ་མོའི་གཙུག་ལག་ཁང་། ཤེལ་དཀར་གྱི་གཙུག་ལག་ཁང་། དཔལ་ཨེའི་ཆོས་གྲྭ་ཆེན་པོ། དཔལ་རོལ་པའི་གྲོང་གཽ་ཏ་མ་ལྷག་པར་གནས་པའི་གཙུག་ལག་ཁང་ཆེན་པོ་བཅས་གོང་གསལ་རྒྱ་གར་དང་། རྒྱ་ནག །བལ་ཡུལ། ཁ་ཆེ། བོད་བཅས་རྒྱལ་ཁབ་ལྔའི་ཡུལ་ལུང་དགོན་གནས་དང་། གཙུག་ལག་ཁ་སོགས་ ༧༤ ལྷག་ཙམ་ནང་དུ་བསྟན་འགྱུར་བསྒྱུར་བ་གནང་ཡོད་ལ། འདི་དག་ནི་བསྟན་འགྱུར་གྱི་མཇུག་བྱང་ཁག་ཏུ་གསལ་བའི་བསྟན་འགྱུར་སྒྲ་སྒྱུར་མཛད་ཡུལ་གཞིར་བཞག་ལས། བསྟན་བཅོས་ཕལ་མོ་ཆེར་སྒྱུར་ཡུལ་གྱི་ས་གནས་གསལ་ཁ་མེད་པས་འགོད་ཐབས་མ་མཆིས་སོ།།  །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༩ ནས་ ༤༥༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *