ང༽ རྒྱ་གར་སྐད་དང་། འགྱུར་ཕྱག་གི་ལམ་སྲོལ།
དེ་ཡང་མཉམ་མེད་ཇོ་བོ་ཆེན་པོས་ (982-1054) མཛད་པའི་དབུ་མའི་མན་ངག་གི་འབུམ་ལས[1]། སྔོན་གྱི་རྒྱལ་བློན་ཆེན་པོ་རྣམས་དང་ལོ་ཙཱ་བ་ཆེན་པོ་རྣམས་བཀའ་བགྲོས་ནས། དགོས་པ་ཆེན་པོ་གསུམ་ཐུགས་ལ་བཞག་ནས་རྒྱ་གར་སྐད་ཀླད་ལ་བྲིས་པ་ཡིན། དེ་ལ་དགོས་པ་གསུམ་ནི། རྒྱ་གར་ལ་བྱས་པ་ཤེས་ཤིང་བྱས་དྲིན་དུ་གཟོ་བའི་དགོས་པ་དང་། ཁུངས་བཙུན་པའི་དགོས་པ་དང་། བོད་སྐད་ཅིག་ཀྱང་དོད་དུ་བྲིས་པ་དེ་སྐད་ལྡོབ་པ་ལ་ཕན་པའི་དོན་དུ་ཡིན།
དེ་ལ་དང་པོ་ནི་བོད་ཐམས་ཅད་ཆོས་མ་བྱུང་གི་གོང་རོལ་དུ་མུན་རུམ་དང་འདྲ་ཞིང་། དུད་འགྲོ་དང་ལག་ལེན་ཁྱད་མེད་པར་འདུག་པ་ལས། ཤེས་རབ་ཀྱི་སྣང་བ་ཅུང་ཟད་བྱེད་ཤེས་པ་འདི་ཆོས་ཀྱི་དྲིན་ཡིན་ལ། བདེན་པ་འདོད་པ་དེ་ཙམ་དུ་བདེན་པ་ཞེས་བྱའི་རྣལ་མར་ན་དེ་ཉིད་རིགས་པས་དཔྱད་ན་སྐྱེ་བ་མེད་པའི་རང་བཞིན་ཡེ་ནས་གནས་པའི་ཆོས་ཉིད་དོན་དམ་པའི་བདེན་པ་དང་གཉིས་ཡིན། ཞེས་གསུངས་སོ།།
དེ་བཞིན་སཾ་བོད་སྐད་གཉིས་ཤན་སྦྱར་དུ་སྨོས་པའི་དགོས་པ་ནི། བུ་སྟོན་རིན་ཆེན་དོན་གྲུབ་ཀྱིས་ (1290-1364) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྒྱ་ཆེར་བཤད་པ་ལུང་གི་སྙེ་མ༌ལས[2]། གསུམ་པ་ལ་གསུམ་སྟེ། རྒྱ་སྐད་དང༌། བོད་སྐད་དང༌། གཉིས་ཀ་ཀླད་དུ་སྨོས་པའི་དགོས་པའོ། །དང་པོ་ནི། སཾ་སྐྲི་ཏའི་སྐད་ལ་བག་ཆགས་འཇོག་ཅིང༌། གཞུང་འདི་ལ་རྒྱ་སྐད་དུ་མིང་འདི་སྐད་ཟེར་ཞེས་བརྡ་ཤེས་པར་འགྱུར་པའོ། །གཉིས་པ་ནི། གཞུང་འདི་ལ་རྒྱན་འགྲེལ་ཞེས་བརྡ་སྦྱར་བས་བརྡ་དུས་སུ་མིང་དོན་འབྲེལ་པ་ཤེས་ཤིང༌། ཐ་སྙད་ཀྱི་དུས་སུ་མིང་ལས་དོན་རྟོགས་པ་དགོས་པའི་གཙོ་བོ། དོན་མཐོང་བ་ལས་མིང་དྲན་པའང་དགོས་པ་ཙམ་མོ། །གསུམ་པ་ལ། སྤྱིར་མིང་ཀླད་དུ་སྨོས་པས་བཙལ་སླ་ཞིང༌། སྐད་གཉིས་ཀྱིས་དོན་གཅིག་བརྗོད་པར་མཐོང་བས་སྐད་གཉིས་པོ་རྣམ་གྲངས་སུ་ཤེས་ལ། རྒྱ་སྐད་གོ་བ་མེད་པ་བོད་སྐད་གོ་བ་ཅན་དུ་སྒྱུར་བྱེད་ལ་བྱས་ཤེས་དྲིན་གཟོའི་བློ་སྐྱེ་བའོ། །ཞེས་གསུངས་སོ།།

དེ་ཡང་རྒྱ་གཞུང་ཡིན་ན་དབུར་རྒྱ་གར་སྐད་ཡོད་པའི་ཁྱབ་པ་དང་། བོད་གཞུང་ཡིན་ན་རྒྱ་གར་སྐད་མེད་པའི་ཁྱབ་པ་མེད་པ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ཀློང་ཆེན་ཆོས་འབྱུང་ལས[3]། ཁྱད་པར་དུ་རྒྱུད་ཟབ་མོ་གསང་བའི་སྙིང་པོ་ལ་རྒོལ་བའི་ལན་ནི། རྒྱུད་གཞུང་འདི་དག་ལ་རྒྱ་སྐད་མ་བྱུང་བས་བོད་མར་འགྱུར་རོ་ཞེ་ན། རྒྱ་སྐད་མི་སྨོས་པར་བོད་སྐད་སྨོས་པའི་དགོས་པ་ནི། ལོ་ཙཱ་བ་འགའ་ཞིག་རྒྱ་གར་དུ་བགྲོད་པའི་དཀའ་བ་སྤྱད་པས་བོད་འབངས་ལ་དྲིན་བཞག་པའམ། བསྟན་པའི་འབྱུང་ཁུངས་རྒྱ་གར་ཡིན་པས་ཁུངས་བཙུན་པའི་ཕྱིར་རྒྱ་སྐད་དང་བོད་སྐད་གཉིས་སྨོས་ཀྱི། རྒྱུད་གཞུང་འདི་ལ་པཎྜི་ཏ་བཱི་མ་ལ་མི་ཏྲ་བོད་ཡུལ་དུ་བྱོན་ནས། ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་དཀའ་བ་སྤྱད་མ་དགོས་ཤིང་། ཚིག་སྤྲོས་པའང་མི་སྤྲོ་བས། སྐད་གཉིས་སྨོས་ཀྱང་དོན་གཞན་མ་མཐོང་བའི་ཕྱིར། རྒྱ་སྐད་སླད་དུ་མ་བཀོད་ལ། དོན་མྱུར་དུ་ངོས་ཟིན་པར་བྱ་བའི་ཕྱིར་བོད་སྐད་བཀོད་པས། བོད་མར་འགྱུར་བའི་ཁྱབ་པ་མེད་ལ། དེ་བོད་མར་འགྱུར་ན། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལ་སོགས་ཏེ། མདོ་སྡེ་དང་། དཀོན་བརྩེགས་ཀྱི་ནང་ནའང་བོད་སྐད་རྐྱང་པར་སྨོས་པ་མང་དུ་ཡོད་དོ། །ཡང་ཞིག་སྤྲོས་པ་ལ་དགའ་བ་འགའ་ཞིག་གིས་བོད་དུ་བརྩམས་པའི་བསྟན་བཅོས་འགའ་ལ་ཡང་། རྒྱ་སྐད་སླད་དུ་སྨོས་པ་དུ་མ་ཡོད་དོ། །དེས་རྒྱ་གར་མར་འགྱུར་བ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ཁོ་ནའི་དབང་དུ་བྱས་ཀྱང་། བསྟན་འགྱུར་དུ་བཞུགས་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ ༥༢༩ བཞུགས་པ་ལས། རྒྱ་གར་སྐད་གསལ་བ་གྲངས་ ༤༢༩ དང་། རྒྱ་གར་སྐད་མི་གསལ་བ་ ༡༠༠ ཡོད་པ་དེ་དག་ཀྱང་བོད་མར་འགྱུར་བར་ཐལ་ལོ།།
དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[4]། གསུམ་པ་ནི། ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འབྱུང་ཞེས་སྔ་མ་རྣམས་འཆད་ཅིང༌། ཕྱི་མ་རྣམས་དེ་འགོག་མོད། འོན་ཀྱང་དང་པོ་བླ་ནས་བཀའ་སྩལ་པ་མ་གཏོགས་བསྒྱུར་ཏུ་མེད་པ་དང༌། བོད་ཀྱི་བསྟན་བཅོས་ཀྱི་མགོར་ཡང་རང་གང་འདོད་ཀྱི་རྒྱ་གར་སྐད་བྱ་ས་མེད་པའི་དུས་སུ། ཆོས་ཁུངས་མར་མཚོན་བྱེད་དུ་མཛད་པ་འདྲའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཐོན་མིས་མཛད་པའི་ལུང་སྟོན་པ་སུམ་ཅུ་པ་[5]དང་། ལུང་སྟོན་པ་རྟགས་ཀྱི་འཇུག་པ་[6]གཉིས་ཀྱི་དབུར། རྒྱ་གར་སྐད་དུ། ཞེས་པ་དག་ནི་ལེགས་སྦྱར་སྐད་ལ་བག་ཆགས་འཇོག་པ་དང་། རང་རྒྱུད་ལ་བྱིན་རླབས་འཇུག་པ། བསྟན་བཅོས་ཁུངས་བཙུན་པ་བཅས་ཀྱི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་རྒྱ་གར་སྐད་དུ་སྨོས་ཤིང་། ལྷག་པར་འགྱུར་ཕྱག་སློབ་དཔོན་རང་ཉིད་ཀྱི་གསུང་ཡིན་པའི་དགོངས་པ་འགྲེལ་སྟངས་ལྟར་ནའང་། བཀའ་བསྟན་གྱིས་མཚོན་བཅུ་ཕྲག་རིག་གནས་ཀྱི་གཞུང་ལུགས་གང་ཞིག་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་བར་དཀའ་ཚེགས་མེད་པར་བསྒྱུར་ཐུབ་པའི་ཁྱད་ཡོན་ལྡན་པའི་བོད་ཀྱི་སྐད་ཡིག་གི་རང་བཞིན་དང་། ཁྱད་ཆོས་སོགས་མཁྱེན་པའི་ཐོག་ནས་མ་འོངས་པའི་ལོ་ཙཱ་བ་རྣམས་ཀྱིས་དེང་དུས་ཀྱི་རིག་པའི་གཞུང་ལུགས་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་རྒྱུར་ཤུགས་སྣོན་གནང་གལ་ཤིན་ཏུ་ཆེ།
དེ་བཞིན་འབྲས་སྤུངས་ཚོགས་ཆེན་ཁྲི་པ་བསྟན་པ་བསྟན་འཛིན་ (1917-2007) མཆོག་གིས་མཛད་པའི་སུམ་རྟགས་རྩ་ཚིག་གི་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུག་ལས[7]། སློབ་དཔོན་འདིས་འཕགས་ཡུལ་དུ་བཞུགས་པའི་བཀའ་དང་བསྟན་བཅོས་རྣམས་ཀྱི་ཚིག་དོན་ཡོངས་སུ་རྫོགས་པ་བོད་སྐད་དུ་བསྒྱུར་བའི་ཆེད་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་པར་གྲགས་པ་དོན་གནས་ལ། དེ་ཡང་མཉམ་མེད་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མ་རྒྱ་གར་སྐད་དུ་བརྩམས་ནས་འཕགས་ཡུལ་དུ་གནས་བརྟན་རཏྣ་ཨ་ཀ་ར་སོགས་ལ་ལམ་སྒྲོན་ཇོ་བོས་ཕྱག་བྲིས་ངོ་མ་གཟིགས་སུ་ཕུལ་ནས་སླར་ཡང་བོད་སྐད་དུ་བསྒྱུར་བ་ལྟར། སློབ་དཔོན་འདིས་ཀྱང་འཕགས་ཡུལ་གྱི་བཀའ་བསྟན་རྣམས་ཇི་བཞིན་བསྒྱུར་ཏུ་བཏུབ་མིན་ཚོད་ལྟའི་ཆེད་གཙོ་བོ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་སཾ་སྐད་དུ་བརྩམས་ནས་སྐད་གཉིས་ཤན་སྦྱར་དང་། འགྱུར་མཐར་ཕྱིན་པའི་ཕྱག་ཀྱང་མཛད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། འདི་གཉིས་ཀྱི་སྲོལ་ཡང་ཐུ་མི་རང་ཉིད་ཀྱིས་ཕྱེ་བ་ཡིན་ནོ།།
འགྱུར་ཕྱག་འདི་ལ་བོད་སྔ་མ་རྣམས་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་སོགས་ཀྱིས་དུས་འདུལ་བའི་ཀླད་དུ་ཐམས་ཅད་མཁྱེན་པ་དང་། མདོ་སྡེ་ལ་སངས་རྒྱས་བྱང་སེམས་དང་། མངོན་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ། ཞེས་སྨོས་པ་ནི་སྡེ་སྣོད་གསུམ་ངོས་འཛིན་གྱི་ཕྱག་ཡིན་པར་གསུངས་ལ། བོད་ཕྱི་རབས་པ་རྣམས་ཀྱིས་མ་ངེས་པའི་རྒྱུ་མཚན་དུ་མ་བཤད་ནས་ལོ་ཙཱ་བ་རང་གི་དད་པའི་ལྷ་ལ་ཕྱག་བྱས་པར་འཆད་མོད་ཕྱིས་མ་ངེས་ཀྱང་། དང་པོའི་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་པ་ཡིན་པར་གསུངས། །ཞེས་གསལ་ལོ།།
དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[8]། འདིར་སྔ་མ་རྣམས་འདུལ་བའི་ཀླད་དུ་ཐམས་ཅད་མཁྱེན་པ་དང༌། མདོ་སྡེ་ལ་སངས་རྒྱས་བྱང་སེམས་དང༌། མངོན་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་སྨོས་ཤིག་ཅེས་ལོ་པཎ་གྱིས་བཀས་བཅད་པས་སྡེ་སྣོད་གསུམ་ངོས་འཛིན་གྱི་ཕྱག་ཡིན་ཞེས་སྤྲོས་ནས་འཆད་ཅིང༌། དེ་ལ་ཕྱི་རབས་པ་རྣམས་ཀྱིས་མ་ངེས་པའི་རྒྱུ་མཚན་དུ་མ་བཤད་ནས། ལོ་ཙྪ་བ་རང་དད་པའི་ལྷ་ལ་ཕྱག་བྱས་པར་འཆད་མོད། འོན་ཀྱང་སྔོན་བསྒྱུར་བའི་འདུལ་བ་དང༌། མངོན་པ་དང༌། མདོ་སྡེ་ཕལ་མོ་ཆེ་ལ་ངེས་པ་ཅན་དུ་སྨོས་འདུག་པས། ཕྱིས་མ་ངེས་ཀྱང་དང་པོའི་ཆོས་རྒྱལ་རྣམས་ཀྱི་དུས་སུ་བཀས་བཅད་པ་འདྲའོ། །ཞེས་གསུངས་སོ།།
དེ་ཡང་ཐོན་མིས་བོད་ཡིག་བཟོས་ཤིང་། སྒྲ་ཡི་བསྟན་བཅོས་བརྩམས་ཏེ་བཀའ་བསྟན་གསུང་རབ་སྒྲ་སྒྱུར་ཇི་ལྟར་མཛད་པ་དང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ལ་མཐུན་རྐྱེན་ཇི་ལྟར་སྦྱར་བ། མཚན་གནས་གང་ཞིག་སྩལ་བའི་ཚུལ་ནི། མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[9]། རྒྱ་གར་ལ་མེད་པའི་ཡི་གེ་དྲུག་གིས་ཁ་བསྐངས་ཏེ། ཀ་མད་སུམ་ཅུ་ཐམ་པ་བྱུང་སྟེ་ད་གཟོད་བོད་སྐད་དུ་བསྒྱུར་བཏུབ་ནས་རྒྱ་ཡིག་ལས་བོད་ཡིག་ཏུ་བྲིས་ནས་རྒྱ་གར་སྐད་ལས་བོད་སྐད་དུ་བསྟན་ནས་སྒྲ་བསྒྱུར་ནས་གཏན་ལ་ཕབ། བཤད་ཉན་དང་སྒོམ་སྒྲུབ་ཀྱི་སྲོལ་ནི་མ་དོད། འབྲི་བ་དང་ཀློག་པའི་སྲོལ་ནི་མ་དོད་དེ། མདོ་སྡེ་དཀོན་མཆོག་སྤྲིན་དང༌། པདྨ་དཀར་པོ་དང༌། ཟ་མ་ཏོག་བཀོད་པ་དང༌། རིན་པོ་ཆེ་ཕྲེང་བ་དང༌། མདོ་ཕྲན་མང་དུ་བསྒྱུར་ཏོ། །དེ་ནས་ལྷ་ཆོས་དང་མི་ཆོས་ཀྱི་གདམས་པ་མང་དུ་བསྒྱུར་ཏོ། །དེ་རྣམས་མཆིམས་ཕུའི་ཕྱག་མཛོད་དུ་བཞུགས་སོ།།
ལོ་ཙཱ་བ་ལ་རྒྱལ་པོའི་རྩིས་དང༌། བསྙེན་བཀུར་ནི་ཕྲ་མེན་གྱི་ཡི་གེ་ཆེན་མོ་ཡིག་མཁན་ལ་དར་གྱི་ཡོལ་བ། ཟ་འོག་གི་བླ་རེ། གབ་རྩེའི་གདན། སྤྱན་གཟིགས་ཚོད་དགུ། ཟང་ཟིང་གི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་གནང་ངོ༌། །དགེ་བ་ཉམས་བག་ཏུ་སྤྱོད་དུ་ཆུག །མཚན་མཆོད་གནས་ཞེས་བྱ་བར་བཏགས་སོ། །ཡི་གེའི་དཔེ་གཅིག་ལྷ་སའི་བྲག་ལོགས་ལ་བཏབ་པ་ནི་སྦལ་ནག་ནག་ལ་རྒྱངས་པ་འདྲ་བ་གཅིག་བྱུང་ངོ༌། །འབྲི་ཀློག་དག་པར་བྱ་བའི་ཕྱིར་དུ་སྒྲའི་བསྟན་བཅོས་དང༌། དག་ཡིག་རྒྱས་པ་ཡང་མཛད་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་བས་མཉེས་སོ། །བོད་ཀྱི་ལོ་ཙཱ་བ་ལ་སྔ་བ་དེ་ཐོན་མི་སམ་བྷོ་ཌ་ཡིན་ནོ། །ཞེས་བྱུང་ངོ་། །དེ་བཞིན་མཉམ་མེད་ཇོ་བོ་ཆེན་པོས་ (982-1054) མཛད་པའི་དབུ་མའི་མན་ངག་གི་འབུམ་ལས[10]། ལོ་ཙཱ་བའི་ཕྱག་འཚལ་བ་ནི། རྒྱ་གར་ཉིད་དུ་བསྒྱུར་བས་བཀས་བཅད་རྒྱུས་མེད་པའི་རང་དགའ་ཡིན་ལ། དགོས་པ་ནི་བར་ཆད་བཟློག་ཅིང་བརྩམས་པ་མཐར་ཕྱིན་པར་གྱུར་བ་དང་། ཡ་རབས་དང་མཐུན་པ་གཉིས་ཡིན་ཏེ། ལོ་ཙཱ་བའི་དགོས་པ་གྲུབ་ཟིན། ཞེས་ཀྱང་བྱུང་ངོ་།།
ཨ་ལག་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་ཐོན་མིའི་ཞལ་ལུང་ལས[11]། སྤྱིར་བོད་དུ་གཞུང་བསྒྱུར་བ་རྣམས་ལ་རྒྱ་གར་སྐད་དང་། འགྱུར་ཕྱག་དང་ཤླཽ་ཀ་དང་བམ་པོའི་གྲངས་ཚད་དང་། འགྱུར་བྱང་འགོད་པ་སོགས་ཀྱི་སྲོལ་ནི་སྲོང་བཙན་རྗེས་ཀྱི་རྒྱལ་རབས་ལྔ་པ་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་དུས་སུ་རྒྱལ་བའི་གསུང་རབ་རྒྱ་ཆེར་བསྒྱུར་བའི་ཚེ་བཀས་བཅད་པ་ལ་བརྟེན་ནས་བྱུང་བས་ན། ཐོན་མིའི་དུས་སུ་དེ་དག་ཅི་ནས་ཀྱང་ཡོད་པའི་བཀས་བཅད་ཀྱི་ངེས་པ་མ་མཛད་དོ། །རྒྱ་ནག་གི་བཀའ་བསྟན་རྣམས་ལ་འགྱུར་བྱང་གི་དོད་དུ་ལོ་ཙཱ་བའི་མཚན་ཙམ་འགོད་པ་ལས། རྒྱ་གར་སྐད་དང་། འགྱུར་ཕྱག་དང་། བམ་གྲངས་འགོད་པ་སོགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སུ་སྣང་ངོ་། །དེ་བཞིན་དུ་རྒྱ་ནག་གི་འགྱུར་བྱང་གཞུང་གི་མཇུག་ཏུ་མི་འགོད་པར་དབུར་འགོད་པ་ནི་རྒྱ་ནག་གི་ཐུན་མོང་མ་ཡིན་པའི་ཆོས་སོ། །ཞེས་གསུངས་པ་ལྟར་དབུར་རྒྱ་གར་སྐད་སྨོས་པ་དང་། བམ་གྲངས། འགྱུར་ཕྱག་མཛད་སྲོལ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་གསར་གཏོད་གཏན་འབེབས་མཛད་ཡོད་དོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༦༤༣
[2] བུ་སྟོན་རིན་ཆེན་གྲུབ་ཀྱི་བཀའ་འབུམ། ༼ཚ༽ བཀྲས་ལྷུན་ཤིང་པར། དཔེ་རིང་ཤོག་གྲངས་ ༥བ༡
[3] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༤༣༢
[4] ལེགས་བཤད་གསེར་ཕྲེང་། ༼ཙ-ཚ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༢
[5] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅོ༽ དེབ་ཨང་། ༡༡༥ པ། ཤོག་གྲངས་ ༣༩༧
[6] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅོ༽ དེབ་ཨང་། ༡༡༥ པ། ཤོག་གྲངས་ ༤༠༢
[7] སུམ་རྟགས་རྩ་ཚིག་གི་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུག །འབྲས་སྤུངས་སྒོ་མང་དཔེ་མཛོད། ༢༠༡༢ ལོ། ཤོག་ ༤
[8] ལེགས་བཤད་གསེར་ཕྲེང་། ༼ཙ༽ སྟོད་ཆ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༢
[9] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༧༣
[10] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༦༤༤
[11] ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༣༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༣ ནས་ ༢༣༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།