ག༽ ལོ་ཙཱ་བའི་ཐོག་མ་དང་། སྒྱུར་གཞུང་གི་དང་པོ།

ག༽ ལོ་ཙཱ་བའི་ཐོག་མ་དང་། སྒྱུར་གཞུང་གི་དང་པོ།

 

དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[1]། སངས་རྒྱས་འོད་སྲུང་སྤྲུལ་པ་ནི༔ ཡར་ཀླུངས་ཡུམ་བུ་བླ་མཁར་དུ༔ ཐོ་རི་སྙན་ཤལ་རིང་ལ་བྱུང་༔ ཡིག་དྲུག་སྤང་སྐོང་ཕྱག་རྒྱ་དང་༔ གསེར་གྱི་མཆོད་རྟེན་ཙིཏྟཱ་མ༔ སྐུ་ཕོར་ནམ་མཁར་བྱོན་པ་ལ༔ གང་ཡིན་མ་ཤེས་མཆོད་པ་ཕུལ༔ རྒྱལ་པོ་ཉིད་ཀྱིས་མནལ་ལམ་དུ༔ གདུང་རབས་ལྔ་ན་ཤེས་ལུང་བསྟན༔

དེ་ནས་གདུང་རབས་ལྔ་ནས་ནི༔ ཐུགས་རྗེ་ཆེན་པོ་དངོས་སྤྲུལ་པ༔ རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན༔ ལྷ་ས་འཕྲུལ་སྣང་ར་མོ་ཆེ༔ བྲག་ལྷ་ལྷ་ཁང་གསུམ་པོ་དང་༔ རུ་བཞིའི་གཙུག་ལག་ཁང་བཞི་དང་༔ མཐའ་འདུལ་གཙུག་ལག་བརྒྱད་སོགས་དང་༔ ཡང་འདུལ་གཙུག་ལག་ལ་སོགས་བཞེངས༔ དགེ་བཅུ་ལ་སོགས་ཁྲིམས་རྣམས་བཅས༔ རྒྱ་གར་མཁས་པ་ལི་བྱིན་ལ༔ བོད་ཀྱི་ཐུ་མི་འབྲི་ཐོ་རིགས༔ ཨ་ནུས་ཡིག་བསླབས་མཁས་པར་གྱུར༔ རྒྱ་ཡིག་ལྔ་བཅུ་ཐམ་པ་ནི༔ བོད་ཡིག་སུམ་ཅུས་ཆོག་ཤེས་པ༔ ཁ་ཆེའི་ཇོ་བོ་ཨ་ནན་ཏ༔ སྤྱན་དྲངས་མདོ་སྡེ་པད་དཀར་དང་༔ ཙིཏྟཱ་མ་ཎི་དཀོན་མཆོག་སྤྲིན༔ གྲ་ལྔ་འདུས་པ་རིན་ཆེན་ཏོག༔ རྡོ་རྗེ་རྣམ་འཇོམས་སྒྲོལ་མ་རྣམས༔ ལོ་ཙཱ་ཐུ་མི་སམྦྷོས་བསྒྱུར༔ བོད་དུ་དམ་ཆོས་བསྒྱུར་བ་སྔ༔ དཀོན་མཆོག་གསུམ་གྱི་རྟེན་བཙུགས་ནས༔ བོད་རྣམས་དམ་པའི་ཆོས་ལ་བཀོད༔ དམ་ཆོས་སྲོལ་གཏོད་བཀའ་དྲིན་ཆེ༔ ཤཱཀྱ་མུ་ནི་མི་བསྐྱོད་རྡོར༔ བོད་ན་བཞུགས་པས་བཀའ་དྲིན་ཆེ༔ ཞེས་བྱུང་བ་ལྟར། ཡོངས་གྲགས་རྒྱལ་རབས་ཆོས་འབྱུང་ཁག་ཏུ་གསལ་བ་ལྟར་ན། དེ་རྗེས་དུས་རབས་བདུན་པར་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་རིམ་བགྲོད་ཀྱིས། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ལ། བོད་ཡུལ་མུན་པའི་གླིང་དང་འདྲ་བ་ལ་ནང་ཆོས་ཀྱི་སྲོལ་བཟང་བཏོད། གཙུག་ལག་ཁང་མང་དུ་བཞེངས། བཙན་པོ་རང་ཉིད་ཀྱི་བཀའ་ཆེམས་ཀྱི་སྐོར་རྣམས་གཏེར་ཁ་གསུམ་དུ་སྦས་པ་རྣམས་གྲུབ་ཐོབ་དངོས་གྲུབ་དང་། མངའ་བདག་ཉང་རལ་ཉི་མ་འོད་ཟེར། སྟོན་པ་ཤཱཀྱ་འོད་གསུམ་གྱིས་གཏེར་ནས་གདན་དྲངས་པའི་དེང་སང་མ་ཎི་བཀའ་འབུམ་ཞེས་སུ་གྲགས་པ་འདི་ཉིད་བོད་ཆོས་ཀྱི་ཐོག་མ་ཡིན། འཇམ་དབྱངས་མི་ཡི་རྣམ་སྤྲུལ་ཐོན་མི་སཾ་བྷོ་ཊས་ཡི་གེའི་སྲོལ་གསར་དུ་བཏོད་ཅིང་། བརྡ་སྤྲོད་ཀྱི་གཞུང་ལུགས་བརྩམས་ནས་བཀའ་བསྟན་གསུང་རབ་བསྒྱུར་བ་སོགས་ཀྱིས་བོད་གངས་ཅན་གྱི་ལྗོངས་ལ་ཤིན་ཏུ་བཀའ་དྲིན་ཆེ་བས། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]།

མཁན་པོ་ལོ་ཙཱའི་ཐོག་མ་འདིའི། །བཀའ་དྲིན་བོད་ཀྱི་ཇི་ལྟར་ཁྱེར། །

གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །མངོན་སུམ་མི་ཡི་ཚུལ་འཛིན་པས། །

བོད་ཡུལ་རྒྱལ་བའི་བཀའ་སྡུད་པོ། །སམྦྷོ་ཊ་ལ་གུས་ཕྱག་འཚལ། །

ཞེས་གསུངས་པ་ལྟར། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་སཾ་བྷོ་ཊས་ཆུ་སྦྲུལ་ཕྱི་ལོ་ ༦༣༣ ལོར་རྒྱ་གར་འཕགས་ཡུལ་དུ་ཕེབས་ནས་ལོ་ངོ་བདུན་རིང་སློབ་དཔོན་ལྷ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བི་ཀ་ར་རྣམ་གཉིས་ཀྱི་ཞབས་ལ་གཏུགས་ནས་བྱ་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་། བྱ་དཀའ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས། སྒྲ་གཞུང་ཀ་ཙན་དབྱངས་གསུམ་སོགས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་མཐར་ཕྱིན་པ་གནང་། བོད་དུ་ཕྱིར་ལོག་གནང་སྟེ། དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[3]།

ལོ་པཎ་སྐྱེས་བུ་ཇི་ལྟར་བྱོན་པ་ནི༔

འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་དབང་གི༔

སྐུ་ཡི་སྤྲུལ་པ་རྒྱལ་པོའི་རྟགས་འཛིན་པ༔

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ༔

ལོ་ཙཱ་ཐུ་མི་སམྦྷོ་ཊ་ཞེས་བྱོན༔

ཆོས་བསྒྱུར་པིར་ཐོགས་ཡི་གེ་དེ་ནས་བྱུང་༔

དམ་ཆོས་སྤྱོད་པའི་མངའ་སྲོལ་དཀྱུས་ལ་ཕབ༔

ཅེས་གསུངས་ལ། དེ་བཞིན་འཇམ་མགོན་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[4]།

བོད་ཡུལ་ཆོས་རྒྱལ་ལིཙྪ་བཱི་ཡི་རིགས། །

ཐོ་རིའི་དུས་སུ་དམ་ཆོས་དབུ་བརྙེས་ཤིང༌། །

སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོ་ཡིས། །

གཙུག་ལག་ཁང་བཞེངས་དམ་ཆོས་སྲོལ་ཆེན་བཏོད། །

ཐོན་མིས་ཡི་གེའི་གཟུགས་དང་བརྡ་སྤྲོད་བརྩམས། །

གངས་ལྗོངས་སྨྲ་བའི་སྒོ་ཆེན་ཐོག་མར་ཕྱེས། །

ཞེས་གསུངས་པ་ལྟར། སློབ་དཔོན་ཐོན་མིས་མེ་རྟ་ཕྱི་ལོ་ ༦༤༦ ལོར་བོད་ཡིག་གསར་དུ་སྲོལ་བཏོད་[5]ཅིང་། ཆུ་གླང་ཕྱི་ལོ་ ༦༥༣ ལོར་སྒྲ་ཡི་བསྟན་བཅོས་བརྒྱད་བརྩམས་ཏེ་སྒྱུར་བྱེད་ཀྱི་ཡི་གེ་ཚད་ལྡན་ཡོད་པར་གྱུར་པས། རྒྱ་གར་སོགས་ནས་མཁན་སློབ་པཎ་གྲུབ་དུ་མ་སྤྱན་དྲངས་ཏེ་ལོ་ཙཱ་བ་རིམ་བཞིན་རྒྱ་ཆེར་སྤེལ་བ་ལས། རྒྱ་གར་གྱི་པཎྜི་ཏ་ཀུ་ས་ར་དང་། བྲམ་ཟེ་ཤཾ་ཀ་ར་དང་། ཁ་ཆེ་ཨ་ནན་ཏ། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡཱ་ན་སོགས་ལོ་པཎ་དུ་མ་བོད་དུ་གདན་དྲངས། ལྷག་པར་ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་དང་། དེའི་མཆན་བུ་རྒྱ་གར་གྱི་སློབ་དཔོན་དྷརྨ་ཀོ་ཤ་དང་། ཨཱ་ཙ་རྱ་ཨ་ལོ་ཀ་དང་། ལང་གྲོ་ཡེ་ཤེས་དཔལ། ལྷ་ལུང་རྡོ་རྗེ་དཔལ་སོགས་ལོ་པཎ་མང་པོས་ལེགས་སྦྱར་གྱི་སྐད་ནས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མེའི་མདོ། མདོ་སྡེ་དཀོན་མཆོག་སྤྲིན། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་རྣམས་བོད་ཡིག་ཏུ་བསྒྱུར་བས་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལོ་ཙཱ་བའི་ཐོག་མ་དང་། དེང་སྐབས་ཀྱི་བོད་ཡིག་འདི་གསར་གཏོད་མཛད་པའི་ཐོག་མ་ཡིན་ལ། ནང་ཆོས་ཀྱི་གཞུང་ལུགས་དེ་དག་ནང་པས་བོད་སྐད་དུ་བསྒྱུར་བའི་སྒྱུར་གཞུང་གི་ཐོག་མར་གྱུར་ཞིང་། གཞན་ཡང་གཉན་པོ་གསང་བར་མཚན་གསོལ་བའི་ཙིནྟ་མ་ཎིའི་གཟུངས་དང་། ཟ་མ་ཏོག །སྤང་ཀོང་ཕྱག་བརྒྱ་པ་ལ་སོགས་པ་བོད་ཡིག་ཏུ་བསྒྱུར་བར་གྲགས་སོ།།

ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར་ལས[6]། དེའི་ཚེ་རྒྱ་གར་ནས་སློབ་དཔོན་ཀུ་མ་ར་དང་། བལ་པོའི་སློབ་དཔོན་ཤྲི་མཉྫུ་དང་། ཁ་ཆེའི་སློབ་དཔོན་ཏ་བུ་ཏ་དང་། གྷ་ནུ་ཏ་དང་། བྲམ་ཟེ་ལི་བྱིན་དང་། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་རྣམས་སྤྱན་དྲངས། ལོ་ཙཱ་བ་ཐོན་མི་དང་། དྷརྨ་གོ་ཆ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ (ལྷ་ལུང་རྡོ་རྗེ་དཔལ།) རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ། ཅེས་གསུངས་པ་ལྟར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། རྒྱ་གར་འཕགས་ཡུལ་ནས་སློབ་དཔོན་ཀུ་ས་ར་བྱ་བ་སྤྱན་དྲངས་ཏེ། དེའི་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊས་བྱས་ནས། མངོན་པའི་སྡེ་སྣོད་དང་། རྒྱས་འབྲིང་བསྡུས་གསུམ་བསྒྱུར་ཏོ། །བལ་པོའི་བློན་པོ་ཤྲཱི་ལ་མཉྫུའི་ལོ་ཙཱ་བ་ལྷ་གཅིག་བལ་བཟའ་ཁྲི་བཙུན་གྱིས་བྱས་ནས་མདོ་སྡེའི་སྡེ་སྣོད་དང་། ཕལ་པོ་ཆེ་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམས་བསྒྱུར་ཏོ། །རྒྱ་གར་གྱི་བྲམ་ཟེ་ཤཾ་ཀ་རའི་ལོ་ཙཱ་བ་ཨ་ཙ་ར་དྷརྨ་ཀོ་ཥས་[7]བྱས་ནས་འདུལ་བའི་སྡེ་སྣོད་དང་། ཀ་རི་ཀ །འདུལ་བ་འོད་ལྡན། ཀྲི་ཡའི་མདོ་རྒྱུད་རྣམས་བསྒྱུར་ཏོ།།

དེ་བཞིན་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?)        བཀའ་ཐང་སྡེ་ལྔ་ལས[8]།

རྒྱ་ནག་ཡུལ་ན་མཁས་པར་གྲགས་པ་ཡི༔

ཧྭ་ཤང་མཧཱ་ན་ཡ་གདན་དྲངས་ནས༔

རྒྱ་ནག་སྨན་དང་འབྱུང་བའི་རྩིས་ལ་སོགས༔

ལོ་ཙཱ་སྣ་ནམ་ས་ལ་བཙུན་གྱིས་བསྒྱུར༔

ཞེས་གསུངས་པ་ལྟར། རྒྱ་ནག་ནས་སློབ་དཔོན་ཧྭ་ཤང་མ་ཧཱ་ཡ་ན་སྤྱན་དྲངས་ཏེ། དེའི་ལོ་ཙཱ་བ་ལྷ་ཅིག་རྒྱལ་བ་ཀོང་ཇོ་དང་། ལྷ་ལུང་རྡོ་རྗེ་དཔལ་གྱིས་བྱས་ནས། ནག་རྩིས་དང་སྨན་དཔྱད་ལ་སོགས་མང་པོ་བསྒྱུར་བར་མཛད། དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཀྱི་སྒྲ་སྒྱུར་ནི་ནང་ཆོས་ཀྱི་གཞུང་ལུགས་བསྒྱུར་བ་ཙམ་མིན་པར་གསོ་རིག་དང་། རྩིས་རིག་སྐོར་གྱི་བསྟན་བཅོས་ཀྱང་མི་ཉུང་བ་ཞིག་བསྒྱུར་གནང་མཛད་ཡོད།

དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཀྱི་སྒྲ་སྒྱུར་བྱ་བའི་དབུ་ཚུགས་པ་དང་། སློབ་དཔོན་ཐོན་མི་ཡབ་སྲས་སོགས་བོད་ཀྱི་ལོ་རྒྱུས་སྟེང་གི་འགྱུར་གཞུང་མཇལ་རྒྱུ་ཡོད་པའི་ལོ་ཙཱ་བའི་མི་རབས་ཐོག་མར་བྱུང་བ་དང་། ལོ་ཙཱ་བའི་དཔུང་ཚོགས་ཀྱང་ཅུང་ཟད་ཆེ་ཙམ་ཡོད་པས། སྒྲ་སྒྱུར་གྱི་བྱེད་སྒོ་སྔར་མ་བྱུང་བའི་གོང་འཕེལ་ཕྱིན་པར་མ་ཟད། ནང་དོན་རིག་པས་གཙོས་པའི་རིག་ཚན་སྣ་ཚོགས་ཀྱི་སྒྱུར་རྩོམ་ཕོན་ཆེ་བྱུང་སྟེ། སྒྲ་སྒྱུར་གྱིས་བོད་ཀྱི་རིག་གནས་སྤྱི་བྱེར་གྲུབ་འབྲས་དང་ཕན་ཐོགས་རླབས་ཆེན་ཞིག་བྱུང་ཡོད་ལ། བཀའ་བསྟན་གསུང་རབ་ཀྱིས་མཚོན་ནང་བསྟན་བོད་དུ་གདན་དྲངས་པ་ནི་གཙོ་བོ་སྒྲ་སྒྱུར་ལོ་ཙཱའི་བྱ་གཞག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[9]།

ཤར་ཕྱོགས་རྒྱ་ནག་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །

ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །

ནུབ་ཕྱོགས་སོག་པོ་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །

བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །

དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས། །མཐའ་ཡི་ལོངས་སྤྱོད་དབང་དུ་བསྡུས། །

ཞེས་གསུངས་པ་ལྟར་བཟོ་དང་རྩིས། བཟོ་བརྐོས་མཛེས་རིག་གི་ལག་རྩལ། སྒྱུ་རྩལ་སོགས་དར་འཕེལ་བྱུང་སྟེ་འཛམ་གླིང་ཡོངས་ལ་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། མདོར་ན་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཕུལ་དུ་བྱུང་བའི་ཆོས་རིག་ལེགས་བྱང་དང་བཅས་པ་ནང་འདྲེན་མཛད་པ་སོགས་རྨད་དུ་བྱུང་ཞིང་། རླབས་ཆེན་གྱི་མཛད་རྗེས་མང་དུ་འཇོག་གནང་མཛད་ཡོད།

དེ་བཞིན་ཚལ་པ་ཀུན་དགའ་རྡོ་རྗེས་ (1309-1364) མཛད་པའི་དེབ་ཐེར་དམར་པོ་ལས[10]། ཐང་ཐའི་ཛུང་རྒྱལ་པོའི་དུས་སུ་ཐང་ཛམ་ཚང་ཞེས་པའི་ལོ་ཙཱ་བས་རྒྱ་གར་ནས་ཆོས་མང་པོ་བསྒྱུར། དེ་ཡན་ཆོད་ལ་བརྒྱའི་ལོ་ཙཱ་བ་ཉིས་བརྒྱ་བྱུང་། ཐང་ཛམ་ཚང་དེ་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན། ཞེས་གསལ་བ་ལྟར་བོད་ཀྱི་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་སམ་བྷོ་ཊ་དང་དུས་མཉམ་དུ་བྱོན་པའི་ཐང་སན་བླ་མ་ཡན་ལ་རྒྱ་ནག་ཏུ་རྒྱའི་སྐད་གཉིས་སྨྲ་བའི་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཉིས་བརྒྱ་བྱོན་ཟིན་པར་གསལ་ནའང་། བོད་དུ་དུས་ཐུང་ནང་སྒྲ་སྒྱུར་གྱི་ལོ་ཙཱ་བ་དུ་མ་བྱོན་པ་དང་། བཀའ་བསྟན་གྱི་གཞུང་ལུགས་མང་དུ་བསྒྱུར་ཏེ་རྒྱ་ནག་དང་བསྡུར་ན་དུས་ཐུང་ནང་ལོ་ཙཱ་མང་དུ་གསོ་སྐྱོང་གནང་བ་དང་། བཀའ་བསྟན་གསུང་རབ་དུ་མ་བསྒྱུར་བས་གྲུབ་འབྲས་རྨད་དུ་བྱུང་བ་ཐོན་པ་གསལ་བར་མཚོན་ཡོད།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༡༡

[2] ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༨༡

[3] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༢

[4] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༧

[5] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༡༤

[6] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༧༧

[7] དྷརྨ་ཀོ་ཥ་ནི་ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་ཆོས་ཀྱི་མཛོད་ཅེས་གྲགས། དོན་དུ་ཤེས་བྱ་ཐམས་ཅད་ཁོང་དུ་མ་ཆུད་པ་མེད་ཅིང་། ནོར་བུའི་བང་མཛོད་ལྟར་སྤྱད་ན་འཛད་པ་མེད་པ་ལྟ་བུའོ།།

[8] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༡༢༠

[9] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༨༤

[10] དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༥ ནས་ ༢༣༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *