༥༽ བསྟན་པའི་སྙིང་པོ་དབུ་མ།

༥༽ བསྟན་པའི་སྙིང་པོ་དབུ་མ།

 

དེ་ཡང་མཁས་པའི་དབང་པོ་ལྡན་མ་དགེ་བཤེས་སྟོང་དཔོན་རིན་པོ་ཆེ་རྗེ་བཙུན་ངག་དབང་ཆོས་གྲུབ་ (1889-1949) མཆོག་གིས་མཛད་པའི་གཞུང་བཀའ་པོད་ལྔ་ཡི་སྨོན་ལམ་མཁས་པའི་ཡིད་འཕྲོག་ལས[1]།

མཐའ་བྲལ་གཞུང་ལུགས་ཀུ་མུད་ཟླ་འོད་བཞིན། །

ཡོངས་རྫོགས་སྙིང་པོའི་གཏམ་གྱི་དབུ་མའི་ནོར། །

འཛིན་པ་མཆོག་གྱུར་ཀླུ་སྒྲུབ་གྲགས་པ་བཞིན། །

བདག་གི་སྙིང་ལ་ཀུན་ནས་བརྟན་གྱུར་ཅིག །

ཅེས་གསུངས་པ་ལྟར། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མ་ནི། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཤེར་མདོའི་དངོས་བསྟན་སྟོང་ཉིད་ཀྱི་ཆ་དབུ་མ་རིགས་ཚོགས་དྲུག་གིས་རྒྱས་པར་བཀྲལ་བ་ལ་བརྟེན་ནས་དངོས་སློབ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་ལུགས་སུ་བཀྲལ་ཞིང་། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་མཛད་དེ་དབུ་མ་ཐལ་འགྱུར་བའི་སྲོལ་བཟང་རྒྱས་པར་མཛད་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། ནང་པའི་གྲུབ་མཐའ་སྨྲ་བའི་ཡ་གྱལ་ཞིག་སྟེ། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་དབུ་མ་པ། དེ་ཡང་གཡང་ས་ཆེན་པོ་བཞིན་གང་དུ་ལྷུང་ན་ལྷུང་བ་དེ་ཕུང་བར་འགྱུར་བའི་གནས་རྟག་མཐའ་དང་ཆད་མཐའ་གཉིས་བཀག་ནས་དེ་གཉིས་དང་བྲལ་བའི་དབུས་ཟབ་མོ་རྟེན་འབྱུང་གི་དོན་ཁས་ལེན་པས་སོ། །དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དབུ་མའི་ལམ་མོ། །ཞེས་གསུངས་པ་ལྟར་རོ།།

མིང་གི་རྣམ་གྲངས་ལ་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་ཀྱང་ཟེར། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དབུ་མ་པའི་མཚན་ཉིད། དེ་ལ་དབྱེ་ན། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་མི་འདོད་ཀྱིས་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་སུ་དབྱེ་བའོ། །དབུ་མའི་ལུགས་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་འཛམ་གླིང་གི་ཆོས་སྐལ་དུ་ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སོགས་སྤྱན་དྲངས། ཀླུ་སྒྲུབ་རང་གིས་རྩ་བ་ཤེས་རབ་སོགས་གསར་དུ་བརྩམས་ཏེ་དབུ་མ་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ཅིང་། སློབ་དཔོན་འདིའི་སློབ་མ་གྲངས་ལས་འདས་པ་ཞིག་གི་ནང་ནས་སློབ་དཔོན་ཉིད་དང་འདྲ་བར་ཚད་མར་འཛིན་པ་སློབ་དཔོན་ཨརྱ་དེ་བ་སྟེ། ཡབ་སྲས་འདི་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ལུགས་སུ་གནས་ཀྱང་གཞུང་གི་བསྟན་ཚོད་ལ་ཐལ་འགྱུར་བའི་ཐུན་མོང་མིན་པའི་རྣམ་གཞག་གསལ་བར་མ་ཕྱེ་བས་ཐལ་རང་གི་ཕྱོགས་གཉིས་ཀའི་སྤྱི་ལ་བཞུགས་པས་གཞུང་ཕྱི་མོའི་དབུ་མ་པ་སྟེ། ཕྱིས་བྱུང་བའི་དབུ་མ་ཐལ་རང་གཉིས་ཀའི་ཁུངས་གཏུགས་སའམ་རྩ་བ་འཛིན་སའི་དབུ་མ་པ་ཞིག་ཡིན། ཞེས་གསུངས་ལྟར་རོ།།

དེ་ཡང་དབུ་མ་ཐལ་རང་གཉིས་ལས། དབུ་མ་ཐལ་འགྱུར་བ་ཞེས་པ་ནི། གཞན་གྲགས་ཀྱི་ཐལ་འགྱུར་ཙམ་ཞལ་གྱིས་བཞེས་པའི་སྒོ་ནས་བདེན་དངོས་ཐ་སྙད་དུའང་མི་འདོད་པའི་དབུ་མ་པ་དེ་ཐལ་འགྱུར་བའི་མཚན་ཉིད། སློབ་དཔོན་སངས་རྒྱས་བསྐྱངས། ཟླ་གྲགས། ཞི་བ་ལྷ་ལྟ་བུའོ། །སྒྲ་བཤད་ནི། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་དེ་ལྟར་བརྗོད་དོ།།

དབུ་མ་རང་རྒྱུད་པ། རང་རྒྱུད་ཀྱི་རྟགས་ཞལ་གྱིས་བཞེས་པའི་སྒོ་ནས་བདེན་དངོས་ཐ་སྙད་དུའང་མི་འདོད་མི་འདོད་པའི་དབུ་མ་པ་དེ་དབུ་མ་རང་རྒྱུད་པའི་མཚན་ཉིད། དེ་དང་རང་བཞིན་གྱིས་ཡོད་པར་སྨྲ་བའི་དབུ་མ་པ་དོན་གཅིག །དེ་ལ་དབྱེ་ན། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད། དང་པོའི་མཚན་གཞི་ལེགས་ལྡན་འབྱེད་དང་། ཡེ་ཤེས་སྙིང་པོ་ལྟ་བུའོ། །གཉིས་པའི་མཚན་གཞི་ཞི་བ་འཚོ། སེངྒེ་བཟང་པོ། ཀ་མ་ལ་ཤཱི་ལ་ལྟ་བུའོ། །སྒྲ་བཤད་ནི། རང་རྒྱུད་དམ་རང་བཞིན་གྱིས་གྲུབ་པ་ཞལ་གྱིས་བཞེས་པས་དེ་ལྟར་དུ་བཏགས་སོ།།

སུ་མ་ཏི་དྷརྨ་དྷ་རས་མཛད་པའི་བཀའ་པོད་རྣམ་ལྔའི་བཤད་སྒྲུབ་སོགས་ཆོས་སྲིད་དགེ་མཚན་སྤེལ་བའི་བྱིན་འབེབས་གསོལ་འདེབས་པདྨ་རཱ་གའི་དོ་ཤལ་ལས[3]།

ཤེར་མདོའི་དངོས་བསྟན་སྤྲོས་བྲལ་ལྷ་ལམ་ཁྱོན། །

རྩ་འཇུག་བཞི་གསུམ་རིགས་པའི་འོད་རྣོན་པོས། །

མཐར་འཛིན་མུན་པའི་སྒོ་སྐབས་འཕྲོག་པའི་དཔལ། །

མཐའ་བྲལ་ཡང་དག་ལྟ་བའི་ཕྱྭ་གཡང་སྩོལ། །

ཞེས་གསུངས་པ་ལྟར། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས[4]། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བྱོན་ཏེ། དབུ་མའི་ལུགས་རྒྱ་ཆེར་གསལ་བར་མཛད་པ་བཀའ་གསུམ་གྱི་དོན་འགྲེལ་བ། གཏམ་གྱི་ཚོགས་བཀའ་དང་པོའི་འགྲེལ་པ་དང༌། རིགས་པའི་ཚོགས་བར་པའི་འགྲེལ་པ་དང༌། བསྟོད་པའི་ཚོགས་ཐ་མའི་འགྲེལ་པར་མཛད་པ་དང༌། འཕགས་པ་ལྷས་བཞི་བརྒྱ་པ་ལ་སོགས་པ་མཛད་པ་དང༌། ལེགས་ལྡན་འབྱེད་ཀྱིས་མཛད་པ་སྤྱན་རས་གཟིགས་བརྟུལ་ཞུགས་ལ་སོགས་པ་དང༌། ཟླ་བ་གྲགས་པས་མཛད་པ་ཚིག་གསལ་བ་དང༌། དབུ་མ་ལ་འཇུག་པ་ལ་སོགས་པ་དང༌། ལོ་དགུ་བརྒྱ་ལྷག་སྟོང་དུ་ཉེ་བ་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་ལ་སོགས་པ་བྱོན་ཏེ། ཐོགས་མེད་ཀྱིས་བྱམས་པ་བསྒྲུབས་ནས་དགའ་ལྡན་དུ་བྱོན་ཏེ་ལྷའི་དྲོ་སྐད་ཅིག་གནས་པ་ལ། འཕགས་པ་བྱམས་པས་བཀའ་སྤྱིའི་འགྲེལ་པར་རྒྱན་གཉིས། འབྱེད་གཉིས། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་དང་ཆོས་ལྔ་མཛད་དེ་གསུངས་པ་རྣམས་ཛམྦུའི་གླིང་དུ་དར་བར་བྱས་ཏེ། སློབ་དཔོན་སོ་སོས་འགྲེལ་པ་དུ་མ་མཛད་པ་དང༌། ཁྱད་པར་དུ་སློབ་དཔོན་ཐོགས་མེད་ཀྱིས་ས་སྡེ་ལྔ། སྡོམ་རྣམ་པ་གཉིས་ལ་སོགས་པ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུར་གྲགས་པ་རྣམས་མཛད་པ་དང༌། དབྱིག་གཉེན་གྱིས་དེ་དག་གི་འགྲེལ་ཊཱིཀ་དུ་མ་དང༌། ཁྱད་པར་དུ་ཆོས་མངོན་པ་མཛོད་རང་འགྲེལ་དང་བཅས་པ་ལ་སོགས་པ་དུ་མ་མཛད་པ་དང་། ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་དོན་བསྡུས་དང༌། ཚད་མ་ཀུན་ལས་བཏུས་ལ་སོགས་པ་དུ་མ་མཛད་པ་དང༌། ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་ལ་སོགས་མཛད་པ་དང༌། ཙནྡྲ་གོ་མིས་སྒྲའི་བསྟན་བཅོས་ཙནྡྲ་པ་ལ་སོགས་པ་དུ་མ་མཛད་པ་དང༌། དཔའ་བོས་སྐྱེས་པ་རབས་ཀྱི་སྡེ་ལ་སོགས་པ་དུ་མ་མཛད་པ་དང༌། སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བ་བམ་པོ་དགུ། ཀརྨ་ཤ་ཏཾ་བམ་པོ་དགུ་ལ་སོགས་པ་མཛད་པ་དང༌། ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་ལ་སོགས་པ་མཛད་པ་དང༌། ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་ལ་སོགས་པ་དང༌། སློབ་དཔོན་བི་མ་ལས་ལུང་སྡེ་བཞིའི་གནས་སྟོན་པ་དགའ་བ་བསྐྱེད་པ་དང༌། གླང་པོ་ཆེའི་ཆུ་འཐུང་ལ་སོགས་པ་དུ་མ་མཛད་པ་དང༌། མཁན་པོ་ཞི་བ་འཚོས་དབུ་མ་སྣང་བ་ལ་སོགས་པ་མཛད་པ་དང༌། ཀ་མ་ལ་ཤཱི་ལས་སྒོམ་རིམ་གསུམ་པ་ལ་སོགས་པ་མཛད་པ་དང༌། སློབ་དཔོན་ཡེ་ཤེས་སྙིང་པོས་བདེན་གཉིས་འབྱེད་པ་ལ་སོགས་པ་མཛད་པ་དང༌། ཤཱནྟི་པས་ཉི་ཁྲི་དག་ལྡན་ལ་སོགས་པ་མཛད་པ་དང༌། སློབ་དཔོན་རྣམ་གྲོལ་སྡེས་ཉི་ཁྲི་སྣང་བ་ལ་སོགས་པ་མཛད་པ་དང༌། སེང་གེ་བཟང་པོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་ཆུང་དོན་གསལ་ལ་སོགས་པ་མཛད་པ་དང༌། ཤེས་རབ་འབྱུང་གནས་སྦས་པས་ཐུབ་པ་དགོངས་པའི་རྒྱན་ལ་སོགས་པ་མཛད་པ་དང༌། ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་སོགས་པ་མཛད་པ་སྟེ། མདོར་ན་རྒྱ་གར་གྱི་པཎྜི་ཏ་དེ་དག་དང་། གཞན་ཡང་དཔག་ཏུ་མེད་པས་ཕྱི་ནང་གི་གནས་གསལ་བར་བྱེད་པའི་བསྟན་བཅོས་དུ་མ་མཛད་དེ། ཛམྦུའི་གླིང་དུ་དར་ཞིང་རྒྱས་པས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་མཛད་པ་ཡིན་ཏེ།

ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །

ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་པ། །

དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །

འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །

ཞེས་གསུངས་པ་བཞིན་ནོ། །

དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་ལས[5]།

ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི། །

དྲི་མེད་གསུང་རབ་རྩ་འཇུག་བཞི་གསུམ་སོགས། །

དབུ་མའི་གཞུང་ལ་ཡིད་དཔྱོད་ཙམ་མིན་པར། །

ཚད་མའི་སྟོབས་ཀྱིས་ངེས་པ་རྙེད་པར་ཤོག །

ཅེས་གསུངས་པ་ལྟར། སྐབས་བབས་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་དབུ་མའི་གཞུང་ལ་མཚོན་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་དང་། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ། སྟོང་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ། རྩོད་པ་བཟློག་པའི་འགྲེལ་པ། ཐེག་པ་ཆེན་པོ་ཉི་ཤུ་པ། ཡི་གེ་བརྒྱ་པ། ཡི་གེ་བརྒྱ་པ་ཞེས་བྱ་བའི་འགྲེལ་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སྐྱེ་མེད་རིན་པོ་ཆེའི་མཛོད། དབུ་མ་སྲིད་པ་འཕོ་བ། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ། སྒོམ་པའི་རིམ་པ། མདོ་ཀུན་ལས་བཏུས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་བཅས་བསྟན་བཅོས་ཉི་ཤུ་རྩ་གཅིག་དང་། སློབ་དཔོན་འཕགས་པ་ལྷས་མཛད་པའི་ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ་དང་། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ། བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། འཁྲུལ་པ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ། ལག་པའི་ཚད་ཀྱི་འགྲེལ་པ། དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་བཅས་བརྒྱད། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མ་རིན་པོ་ཆེའི་སྒྲོན་མ་དང་། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ་བཅས་ལྔ།

དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་དང་། དབུ་མ་ལ་འཇུག་པའི་ཚིག་ལེའུར་བྱས་པ། དབུ་མ་ལ་འཇུག་པ། དབུ་མ་ལ་འཇུག་པའི་བཤད་པ། དབུ་མ་ཤེས་རབ་ལ་འཇུག་པ། རིགས་པ་དྲུག་ཅུ་པའི་འགྲེལ་པ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ་བཅས་བསྟན་བཅོས་བཅུ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། བསླབ་པ་ཀུན་ལས་བཏུས་པ། བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་བཅས་བཞི།

མཁན་ཆེན་ཞི་བ་འཚོས་མཛད་པའི་བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ་དང་། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། དབུ་མའི་རྒྱན་གྱི་འགྲེལ་པ་བཅས་གསུམ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་དང་། དབུ་མ་སྣང་བ་ཞེས་བྱ་བ། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ། བསྒོམ་རིམ་དང་པོ། བསྒོམ་རིམ་བར་མ། བསྒོམ་རིམ་ཐ་མ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ་བཅས་དགུ།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བདེན་པ་གཉིས་ལ་འཇུག་པ། དྲན་པ་གཅིག་པའི་མན་ངག །དབུ་མའི་མན་ངག །དབུ་མའི་མན་ངག་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། བྱང་ཆུབ་ལམ་གྱི་སྒྲོན་མ། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ། སྙིང་པོ་བསྡུ་བ། སྙིང་པོ་ངེས་པར་བསྡུ་བ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། སྐྱབས་སུ་འགྲོ་བ་བསྟན་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་བའི་རིམ་པ་ལ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག །མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ། སྤྱོད་པ་བསྡུས་པའི་སྒྲོན་མ། མདོ་ཀུན་ལས་བཏུས་པ་ཆེན་པོ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པའམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་གའི་རིམ་པ། ལྟུང་བ་བཤགས་པའི་ཆོ་ག །ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག །བླ་མའི་བྱ་བའི་རིམ་པ་སྟེ་ཉེར་དྲུག་བཅས་བསྟན་འགྱུར་དུ་དབུ་མའི་བསྟན་བཅོས་ ༨༩ བཞུགས་སོ།།

དེ་ལྟར་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་གཞུང་ ༡༡ དང་། བསྟན་པའི་མཛེས་རྒྱན་མངོན་པའི་གཞུང་ལུགས་ ༧ བསྟན་པའི་གཞུང་ཤིང་ཕར་ཕྱིན་གྱི་གཞུང་ ༡༣ བསྟན་པའི་ལྕགས་རི་ཚད་མའི་གཞུང་ ༢༡ བསྟན་པའི་སྙིང་པོ་དབུ་མའི་གཞུང་ ༨༩ བཅས་བསྟན་འགྱུར་དུ་འཁོད་པའི་གཞུང་ཆེན་བཀའ་པོད་ལྔའི་བསྟན་བཅོས་ ༡༤༡ བཞུགས་ལ་བསྟན་འགྱུར་དུ་མ་འཁོད་པ་དང་། བོད་སྐད་དུ་བསྒྱུར་རྒྱུ། བསྒྱུར་ཟིན་ཀྱང་མ་ཡིག་མ་རྙེད་པ། ལེགས་སྦྱར་གྱི་མ་དཔེ་རྩ་བརླག་སོང་བ་སོགས་ཀྱང་མང་དུ་སྣང་ངོ་།།

དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་ལས[6]།

མདོར་ན་ཐུབ་པའི་གསུང་རབ་ཐམས་བཅད་དང་། །

ཤིང་རྟ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱི། །

རབ་འབྱམས་གཞུང་ལ་བློ་གྲོས་བྱང་གྱུར་ནས། །

བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །

ཅེས་གསུངས་པ་ལྟར། གཞུང་ལུགས་ཀྱི་བསྟན་བཅོས་དེ་དག་མཛད་པ་པོའི་རྒྱན་དྲུག་མཆོག་གཉིས་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་རིགས་གཅིག་རྐང་འཛིན་པ་ཤ་སྟག་ལྟ་བུ་ཞིག་ཆགས་ཡོད། དེ་ཡང་གཞུང་ཆེན་བཀའ་པོད་ལྔ་དང་སྔགས་ཀྱི་དབང་དུ་བཏང་ཚེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་རྣམས་གཙོ་བོར་དབུ་མའི་གཞུང་དང་། སྒོས་སུ་གསང་སྔགས་ཀྱི་གཞུང་ལ་རིགས་གཅིག་རྐང་འཛིན་མཛད་པར་བརྟེན། ནང་ཆོས་ཀྱི་ལྟ་གྲུབ་ཚད་མཐོ་ཤོས་དབུ་མའི་ལྟ་གྲུབ་དང་། སྔགས་ཕྱོགས་ནས་གཞི་ལམ་འབྲས་བུའི་ཟབ་གནད་རྣམས་ཀྱང་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་ལ་རྨང་གཞི་གནང་བ་དང་། རྒྱལ་སྲས་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་རྣམ་གཉིས་མངོན་པའི་རིགས་གཅིག་རྐང་འཛིན། ལྷག་པར་མཁས་མཆོག་དབྱིག་གཉེན་ཞབས་ཀྱི་རང་མཁས་ཀྱི་སློབ་མ་བཞིའི་ཁྲོད་ནས་སློབ་དཔོན་ཡོན་ཏན་འོད་དང་། གཞན་ཡང་སློབ་དཔོན་ཤཱཀྱ་འོད་རྣམ་གཉིས་དམ་ཆོས་འདུལ་བའི་གཞུང་ལ་རིགས་གཅིག་རྐང་འཛིན་དང་། རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། གཞན་ཡང་དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཚད་མའི་གཞུང་ལ་རིགས་གཅིག་རྐང་འཛིན་དང་། འཕགས་སེང་གཉིས་ཏེ་འཕགས་པ་རྣམ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ་རྣམ་གཉིས་ཕར་ཕྱིན་ལ་རིགས་གཅིག་རྐང་འཛིན་གནང་བ་སོགས་ཀྱིས་རྒྱལ་བསྟན་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་རྨད་དུ་བྱུང་བ་འཇོག་པ་གནང་ཡོད་པ་བཅས་སོ།།

འཕགས་མཆོག་ཕྱག་ན་པདྨོས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའི་དགའ་ལྡན་ལྷ་བརྒྱའི་རྣལ་འབྱོར་དང་འབྲེལ་བར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་ཚུལ་ལས[7]། རྣམ་དག་ཁྲིམས་ཀྱི་བསླབ་པས་གཞི་བཟུང་སྟེ། །འགྲོ་ཀུན་དོན་དུ་རྒྱལ་བའི་གསུང་རབ་དོན། །ཇི་བཞིན་རྟོགས་ཕྱིར་དཀའ་བ་དུ་མ་ཡིས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པར་ཤོག །རྒྱལ་ཡུམ་མདོ་དང་རྒྱན་འགྲེལ་བསྟན་དོན་ཀུན། །ཁོང་དུ་ཆུད་ནས་གཞན་ལ་འཆད་ནུས་པའི། །རྣམ་དཔྱོད་སྤོབས་པ་མཆོག་བརྙེས་འཕགས་སེང་བཞིན། །ཤིང་རྟ་ཆེན་པོའི་སྲོལ་འཛིན་ཉིད་གྱུར་ཅིག །ཀླུ་སྒྲུབ་བློ་མཚོ་གཏིང་ཟབ་ལས་ཐོན་པའི། །སྟོང་ཉིད་རྟེན་འབྱུང་གཏམ་གྱིས་འགྲོ་བ་ཀུན། །ཐར་པའི་ལམ་བཟང་དམ་པར་འཁྲིད་པ་ལ། །བློ་བཟང་རྒྱལ་བ་ཡབ་སྲས་ལྟར་གྱུར་ཅིག །སྡེ་བདུན་མདོ་དང་བཅས་པའི་དགོངས་པའི་དཔྱིད། །བསྟན་དང་སྟོན་པ་ཚད་མར་སྒྲུབ་པའི་ཚུལ། །འཁྲུལ་མེད་ངེས་རྙེད་ཕས་རྒོལ་གཞོམ་པ་ལ། །ཕྱོགས་གླང་ཆོས་གྲགས་རྗེས་སུ་འགྲོ་བར་ཤོག །བསྟན་པའི་ནང་མཛོད་འདུལ་བའི་གཞུང་ལུགས་ཀྱི། །བརྗོད་བྱ་སྤོང་བདུན་ཚུལ་ཁྲིམས་གནད་མཐའ་དག །ཇི་བཞིན་ངེས་ནས་བག་ཡོད་བརྟུལ་ཞུགས་ཀྱི། །རིང་ལུགས་འཛིན་ཅིང་སྤེལ་བའི་མཆོག་གྱུར་ཅིག །ཤེས་བྱའི་གཞི་ལྔའི་རང་སྤྱིའི་མཚན་ཉིད་ཀུན། །ཇི་བཞིན་རྟོགས་ནས་ཕྲ་ཞིབ་རྣམ་དཔྱོད་ཀྱིས། །ཆོས་མངོན་རྒྱ་མཚོའི་འཇིང་ལ་དབང་སྒྱུར་བའི། །ཟླ་བྲལ་མཁས་པའི་གོ་འཕང་འཐོབ་པར་ཤོག །མདོར་ན་རྒྱལ་གསུང་གནད་བསྡུས་གཞུང་ཆེན་ལྔར། །ཐོས་བསམ་སྒོམ་པའི་བྱ་བ་མཐར་སོན་ཏེ། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བའི་ལམ། །གེགས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དེ་མཐུས་ས་བཅུ་ལམ་ལྔ་མྱུར་བགྲོད་དེ། །རང་གཞན་དོན་གཉིས་ལེགས་རྫོགས་ཀུན་མཁྱེན་གྱི། །གོ་འཕང་མྱུར་བ་ཉིད་དུ་ཐོབ་ནས་ཀྱང་། །ནམ་མཁའ་ཇི་སྲིད་འགྲོ་དོན་སྐྱོང་བར་ཤོག །དེ་སྲིད་སྐྱེ་བ་ཀུན་ཏུ་རྒྱལ་བསྟན་དང་། །མི་འབྲལ་མཚན་ལྡན་བཤེས་ཀྱི་མགོན་བཅས་ཏེ། །མདོ་སྔགས་དམ་ཆོས་འཛིན་ཅིང་སྤེལ་བ་ལ། །རྗེ་བཙུན་ཁྱེད་བཞིན་འགྱུར་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པ་ལྟར་འགྲུབ་པར་གྱུར་ཅིག་གུ།། །།

[1] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་ ༢༤༡

[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༥༣༢

[3] འབྱིན་འབེབས་གསོལ་འདེབས། ༼༡༽ གཡང་འབོད། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢ན༢

[4] དྲི་མེད་འོད་ཟེར་གྱི་གསུང་འབུམ། ༼ཝཾ༽ ༼མེ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༤ན༣

[5] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༢༢

[6] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༢༢

[7] ཞེས་པ་འདི་ནི་མདོ་སྨད་རེབ་གོང་རོང་པོ་དགོན་ཆེན་ཤར་ཡོངས་འཛིན་དགེ་འདུན་བསྟན་འཛིན་ནས་སྔ་ཕྱིར་མི་འགྲོ་བརྒྱུད་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཚུལ་འདིར་མོས་པའི་བོད་ཕྱི་ནང་གི་དོན་གཉེར་ཅན་མང་པོའི་ངོར། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས། ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༡༠ ཚེས་ ༡ བོད་རབ་བྱུང་བཅུ་བདུན་ཆུ་ལུག་ཟླ་ ༥ ཚེས་ ༤ ལ་སྦྱར་བའོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༦ ནས་ ༡༥༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *