༄༅། །པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན་བཞུགས་སོ།།
རྩོམ་པ་པོའི་སྔོན་གླེང་།
དཔྱད་རྩོམ་ལུང་རིགས་མཛེས་རྒྱན་འདིར། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སྤྱིའི་རྣམ་ཐར་དང་འབྲེལ་བ་ཆེ་ཡང་པཎ་གྲུབ་སོ་སོའི་རྣམ་ཐར་གྱི་སྐབས་མཚམས་སུ་བཀོད་ན་སྐབས་དོན་ལས་འཕྲོས་ཤས་ཆེ་བས་འོས་འཚམ་དུ་མ་གྱུར་ཅིང་། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་ནས་མ་ཤེས་ཐབས་མེད་དུ་གྱུར་པའི་རིགས་རྣམས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་སྟེ།
དེ་ཡང་དང་པོར། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་ནས་པཎ་གྲུབ་ཅེས་པའི་ཐ་སྙད་ལས་འཕྲོས་ཏེ། པཎྜི་ཏའི་ཐ་སྙད་དང་གོ་དོན། པཎྜི་ཏའི་ཐ་སྙད་ཐོག་མར་བྱུང་ཚུལ། པཎྜི་ཏ་ཆེ་ཆུང་གི་རྣམ་དབྱེ། བོད་ཀྱི་པཎྜི་ཏའི་ཐོག་མ་སུ་ཡིན་བཅས་ཀྱི་སྐོར་ཞིབ་ཕྲ་དཔྱད་ཞིབ་ཀྱིས་བཀོད་ཡོད།
གཉིས་པ། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་ལས་པཎ་གྲུབ་བཅུ་བདུན་གྱི་སྐུ་ཡི་ཆ་ལུགས་དང་འབྲེལ་ནས། པཎ་ཞྭའི་གོ་དོན་དང་དབྱེ་བ། དེ་དག་གི་མཚོན་དོན། རྒྱ་གར་པཎ་ཆེན་དག་གི་པཎ་ཞྭའི་བྱུང་འཕེལ་དང་། པཎ་ཞྭའི་བཟོ་དབྱིབས་ཀྱི་ཁྱད་པར། དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ཁྲོད་དུ་པཎ་ཞྭ་ཡོད་མེད་སོགས་པཎ་ཞྭའི་བྱུང་འཕེལ་དང་མཚོན་དོན་སྐོར་ཞིབ་ཕྲ་དཔྱད་ཞིབ་ཞུས་ཏེ་ཞིབ་གསལ་དུ་བཀོད་ཡོད།
གསུམ་པ། པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔར་ཡོད་རྒྱན་དྲུག་མཆོག་གཉིས་ཐོག་པཎ་གྲུབ་ཞལ་གྲངས་དགུ་བསྣན་ནས་སྲོལ་བཟང་བཏོད་པས་ན། སྔར་ཡོད་རྒྱན་དྲུག་མཆོག་གཉིས་ཀྱི་གྲངས་འདྲེན་མཛད་ཚུལ་ལ་དཔྱད་པ་སྟེ། དེ་ཡང་འཛམ་གླིང་མཛེས་རྒྱན་གྱི་སྒྲ་བཤད་དང་། རྒྱན་དྲུག་མཆོག་གཉིས་ཀྱི་འདོད་ཚུལ་ལའང་། ཀླུ་སྒྲུབ་དང་ཐོགས་མེད་གཉིས་མཆོག་གཉིས་ལ་བཞེད་ཚུལ་དང་། རྒྱན་དྲུག་གི་ནང་ནས་མཆོག་གཉིས་བཞེད་ཚུལ། ཡོན་ཤཱཀ་རྣམ་གཉིས་མཆོག་གཉིས་ལ་བཞེད་ཚུལ། དཔལ་ལྡན་ཆོས་སྐྱོང་མཆོག་གཉིས་ཀྱི་ཡ་གྱལ་ལ་བཞེད་ཚུལ་དང་། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་བཞེད་ཚུལ། དེ་བཞིན་རྒྱན་དྲུག་མཆོག་གསུམ་དུ་བཞེད་ཚུལ་དང་། རྒྱན་དྲུག་མཆོག་བརྒྱད་དུ་བཞེད་ཚུལ། ཟླ་གྲགས་མཆོག་བརྒྱད་ཀྱི་གྲས་སུ་བཞེད་ཚུལ། རྒྱན་དྲུག་ལས་མཆོག་གཉིས་མི་བཞེད་པའི་ཚུལ་བཅས་ཀྱི་སྐོར་ཞིབ་ཕྲ་དཔྱད་ཞིབ་ཀྱི་ལམ་ནས་བཀོད་ཡོད།
བཞི་པ། གཞུང་ཆེན་བཀའ་པོད་ལྔ་དང་པཎ་གྲུབ་བཅུ་བདུན་སྐོར་གྱི་དཔྱད་ཞིབ་ལ། ཐོག་མར་རིག་པའི་གནས་ལྔ་དང་གཞུང་ཆེན་བཀའ་པོད་ལྔའི་ངོས་འཛིན་དང་། གཞུང་ཆེན་བཀའ་པོད་ལྔ་བྱུང་ཚུལ། དེ་ཡང་བསྟན་པའི་གཞི་མ་འདུལ་བ་དང་། བསྟན་པའི་མཛེས་རྒྱན་མངོན་པ། བསྟན་པའི་གཞུང་ཤིང་ཕར་ཕྱིན། བསྟན་པའི་ལྕགས་རི་ཚད་མ། བསྟན་པའི་སྙིང་པོ་དབུ་མ་བཅས་གཞུང་ཆེན་བཀའ་པོད་ལྔ་དང་པཎ་གྲུབ་བཅུ་བདུན་གྱི་འབྲེལ་བའི་སྐོར་ཞིབ་ཕྲ་བཀོད་ཡོད།
ལྔ་པ། པཎ་གྲུབ་ཅེས་པའི་ཐ་སྙད་ལས་འཕྲོས་ཏེ། པཎ་གྲུབ་བཅུ་བདུན་དང་གྲུབ་ཆེན་བརྒྱད་ཅུའི་འབྲེལ་བའི་སྐོར་དཔྱད་པ་ལ། གྲུབ་ཐོབ་ཀྱི་གོ་དོན་དང་གྲུབ་ཐོབ་ཆེ་འབྲིང་གསུམ་གྱི་དབྱེ་བ་དང་། རིག་འཛིན་གྱི་དབྱེ་བ་དང་གྲུབ་རྟགས། གྲུབ་ཐོབ་བྱོན་པའི་དུས་དང་གྲུབ་ཐོབ་ཀྱི་གྲངས་ངེས། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བརྩི་ལུགས། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཁྲོད་ཀྱི་པཎ་ཆེན་བཅུ་བདུན། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གྱི་མཚན་བྱང་། གྲུབ་ཆེན་བརྒྱད་ཅུའི་བྲིས་སྐུའི་ཁུངས་བཅས་ཞིབ་དཔྱད་ཀྱིས་ཁ་གསལ་དུ་བཀོད་ཡོད།
དྲུག་པ། པཎ་གྲུབ་བཅུ་བདུན་གྱི་མཚན་གྱི་རྣམ་གྲངས་ཏེ། འཕགས་བོད་ཀྱི་རྒྱལ་རབས་ཆོས་འབྱུང་དང་། བསྟན་འགྱུར་ནང་དུ་བཞུགས་པའི་པཎ་གྲུབ་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱི་མཛད་བྱང་། བསྟན་འགྱུར་གྱི་དཀར་ཆག །བོད་ཀྱི་མཁས་པས་མཛད་པའི་གསུང་འབུམ་སོགས་སུ་གསལ་བའི་པཎ་གྲུབ་བཅུ་བདུན་རྣམས་ཀྱི་མཚན་གྱི་རྣམ་གྲངས་ཇི་ཡོད་ཀྱང་ཤེས་གལ་དུ་མཐོང་སྟེ་ཕྱོགས་གཅིག་ཏུ་བཀོད་ཡོད།
བདུན་པ། ལོ་ཙཱ་བའི་བྱུང་འཕེལ་དང་སྒྲ་སྒྱུར་གྱི་རྣམ་གཞག་ལ་སྡེ་ཚན་ཆེན་པོ་གཉིས་སུ་ཕྱེ་སྟེ། དང་པོར་ལོ་ཙཱ་བའི་བྱུང་འཕེལ་ལོ་རྒྱུས་སྐོར་ཏེ། དེ་ལའང་ལོ་ཙཱ་བའི་ཐ་སྙད་དང་། འཇིག་རྟེན་མིག་གི་གོ་དོན། སྒྲ་སྒྱུར་གྱི་རྨང་གཞི་ཐོག་མར་ཇི་ལྟར་ཚུགས་ཚུལ་དང་། རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོའི་སྐུ་དུས་ནས་ལོ་པཎ་བསྐོ་གཞག་ཇི་ལྟར་མཛད་ཚུལ། ནང་བསྟན་གྱི་ལོ་ཙཱ་བའི་ཐོག་མ་སུ་ཡིན་དང་། དེས་བསྒྱུར་བའི་སྒྱུར་གཞུང་གི་དང་པོ་གང་དག་ཡིན་པ། བཀའ་བསྟན་གྱི་དབུར་རྒྱ་གར་སྐད་དང་འགྱུར་ཕྱག་གི་ལམ་སྲོལ་ཇི་ལྟར་བཏོད་མིན། དགོན་སྡེའི་ཐོག་མ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་སྒྲ་སྒྱུར་ལོ་ཙཱའི་གླིང་ཇི་ལྟར་གསར་བཙུགས་མཛད་ཚུལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་འབུམ་གྱི་བརྗོད་བྱ་བརྗོད་བྱེད་དང་བཅས་པའི་མཚམས་སྦྱོར། ལོ་ཙཱ་སློབ་གཉེར་བ་གསར་འཇུག་སྐབས་ཀྱི་ཐོག་མའི་རྨང་གཞིའི་ཆ་རྐྱེན་ལྔ་དང་། མཐའ་མའི་བརྟག་ཐབས་རྣམ་པ་ལྔའི་ངོ་སྤྲོད། ལོ་ཙཱ་སློབ་གཉེར་བའི་ཕ་མ་དང་བཅས་པར་བཙན་པོས་གཟིགས་སྐྱོང་ཇི་ལྟར་མཛད་པ་དང་། བཀའ་བསྟན་སྒྲ་སྒྱུར་བྱེད་པ་པོའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ལ་མཐུན་རྐྱེན་གྱི་གསོལ་ཕོགས་ཇི་ཙམ་སྦྱར་བ། ལོ་ཙཱ་བ་ལ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་ཚུལ་དང་། དེ་དག་སོ་སོའི་མཛད་འགན་བསྐོ་གཞག་ཇི་ལྟར་གནང་ཚུལ། དེ་ལྟའི་སྐད་གཉིས་སྨྲ་བའི་ལོ་ཙཱའི་རྣམ་དཔྱོད་ཇི་ལྟ་བུ་ཡོད་པ་དང་། དེ་དག་གིས་བསྒྱུར་བའི་བཀའ་བསྟན་སྒྲ་སྒྱུར་གྱི་ཁྱད་ཆོས། སྔོན་བྱོན་ལོ་ཙཱ་བའི་མཛད་རྗེས་ལ་དོན་ལྡན་གྱི་བསྔགས་བརྗོད་ཇི་ལྟར་མཛད་པ། ལྷག་པར་ལོ་ཙཱ་བ་རྣམས་ཀྱིས་ལུས་སྲོག་འབེན་དུ་བཙུགས་པ་སོགས་ཀྱི་དཀའ་སྤྱད་ཇི་ལྟར་མཛད་པ་དང་། དེ་དག་ལ་རྗེས་རབས་པ་རྣམས་ཀྱིས་མིག་དཔེར་ལྟ་དགོས་པ། བཀའ་བསྟན་སྒྲ་སྒྱུར་གནང་མཁན་གྱི་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཇི་ཙམ་བྱོན་པ་སྟེ། དེ་ལའང་། དང་པོ་བཀའ་ཐང་སྡེ་ལྔར་གསལ་བའི་ལོ་པཎ་གྱི་གྲངས་དང་། གཉིས་པ་ཉང་ཆོས་འབྱུང་དུ་གསལ་བའི་ལོ་ཙཱ་བ། གསུམ་པ་བུ་སྟོན་ཆོས་འབྱུང་དུ་གསལ་བའི་ལོ་པཎ། དེ་ལ་ཡང་བསྟན་པ་སྔ་དར་སྐབས་ལོ་ཙཱ་བ་ཇི་བྱུང་དང་། བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བ་ཇི་བྱུང་སྐོར། བཞི་པ་ཀློང་ཆེན་ཆོས་འབྱུང་དུ་གསལ་བའི་ལོ་པཎ། ལྔ་པ་མཁྱེན་བརྩེའི་ཆོས་འབྱུང་དུ་གསལ་བའི་ལོ་པཎ། དྲུག་པ་མཁས་པའི་དགའ་སྟོན་དུ་གསལ་བའི་ལོ་པཎ། བདུན་པ་སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་གསལ་བའི་ལོ་པཎ། བརྒྱད་པ་ཚིགས་སུ་བཅད་པའི་ལམ་ནས་བྲིས་པའི་བོད་ཡུལ་གྱི་ལོ་ཙཱ་བ་རིམ་བྱོན་གྱི་མཚན་བརྗོད། དགུ་པ་དུས་རབས་བདུན་པ་ནས་དུས་རབས་ཉི་ཤུ་པའི་བར་དུས་རབས་སོ་སོར་བྱོན་པའི་སྒྲ་སྒྱུར་ལོ་ཙཱ་བའི་མཚན་གཞུང་བཅས། དེ་ལྟར་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཇི་ཙམ་བྱོན་པའི་ཞལ་གྲངས་དང་། དེ་ལ་སྔོན་བྱོན་མཁས་པའི་བཞེད་ཚུལ་ཇི་ཡོད། ལོ་པཎ་གྲངས་འདྲེན་ལ་འཁྲུལ་གཞི་བྱུང་རིགས་ཇི་ཡོད། པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་སྒྲ་སྒྱུར་བྱེད་པ་པོ་ལོ་ཙཱ་བ་ཞལ་གྲངས་ ༩༠ བྱོན་པ་རྣམས་ཀྱི་མཚན་གཞུང་། དེ་ལྟའི་བྱས་ཅན་ལོ་པཎ་གྱི་བཀའ་དྲིན་ལ་བསྟོད་པ་བཅས་ཞིབ་ཕྲ་བཀོད་ཡོད།
གཉིས་པ། བཀའ་བསྟན་སྒྲ་སྒྱུར་གྱི་རྣམ་གཞག་སྐོར་ཏེ། དེ་ལའང་སྒྲ་སྒྱུར་དང་ཡིག་སྒྱུར་གྱི་གོ་དོན་དང་ཁྱད་པར། བསྒྱུར་བྱའི་སྐད་ཡིག་དང་བརྗོད་བྱའི་ནང་དོན་གྱི་སྐོར། སྒྲ་སྒྱུར་གྱི་གཞུང་ལུགས་དང་བཀས་བཅད་ཀྱི་རིམ་པ་ཇི་ལྟར་མཛད་ཚུལ། ཡིག་སྒྱུར་རིག་པའི་རྩ་དོན་ཆེན་པོ་གསུམ་གང་དག་ཡིན་མིན། ཡིག་སྒྱུར་གྱི་ཐབས་དམ་པ་བཞི་དང་དེ་དག་གི་གོ་དོན། སྔོན་བྱོན་ལོ་ཙཱ་བས་བསྒྲིགས་པའི་སྒྲ་སྦྱོར་བམ་གཉིས་ཀྱི་དོ་སྣང་བྱེད་དགོས་པ་བཞི་དང་། སྒྲ་སྦྱོར་བམ་གཉིས་ལས་བམ་པོ་དང་པོའི་བརྗོད་དོན་སྙིང་བསྡུས་དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་དག་ཡིག་མཁས་པའི་འབྱུང་གནས་ལས་དོ་སྣང་བྱེད་དགོས་པའི་དོན་ཚན་གང་དག་ཡིན་མིན། བསྒྱུར་སོགས་ཀྱི་སྐྱོན་སྤོང་ཚུལ་ལ་ས་པཎ་གྱིས་གསུངས་པ་ལྟར། སྐྱོན་ཅན་ངོས་བཟུང་བ་དང་། སྐྱོན་མེད་ཕྱེ་སྟེ་བསྟན་ཚུལ་ཇི་ལྟར་ཡིན་པ། ལོ་ཙཱ་བའི་ཆ་རྐྱེན་གང་དག་ཡིན་མིན་དང་། སྒྲ་སྒྱུར་སྐབས་གཟབ་དགོས་པའི་གནད་དོན་གང་དག་ཡོད་མེད། སྒྲ་སྒྱུར་བྱ་བའི་གདེང་འཇོག་གི་ཚད་གཞི་དང་། གནའ་དུས་མིང་བརྡ་གསར་བཟོ་དང་སྒྲ་སྦྱོར་བམ་གཉིས་ལས་ཐ་སྙད་རྣམས་གཅིག་གྱུར་ཇི་ལྟར་བྱས་ཚུལ། ཡིག་སྒྱུར་གྱི་གལ་གནད་དང་མ་འོངས་པའི་དགོས་མཁོ་ཇི་འགྱུར། ཁུངས་བཙན་པའི་ནང་ཆོས་གཞུང་གི་ཁྱད་ཆོས་གང་དག་ཡོད་པ་དང་། ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་བོད་སྐད་དུ་སྒྱུར་ཚུལ། བསྟན་འགྱུར་སྒྲ་སྒྱུར་གནང་སའི་རྒྱལ་ཁབ་དང་ཡུལ་གྲུ་གང་དག་ཡིན་མིན་བཅས། མདོར་ན། སྡེ་ཚན་དང་པོར་ལོ་ཙཱ་བའི་བྱུང་རིམ་དང་། སྡེ་ཚན་གཉིས་པར་སྒྲ་སྒྱུར་གྱི་རྣམ་གཞག་སྐོར་ཞིབ་ཕྲ་དཔྱད་ཞིབ་ཀྱི་ལམ་ནས་བཀོད་ཡོད།
བརྒྱད་པ། སྒྲ་སྒྱུར་ལོ་ཙཱ་བའི་བྱུང་རིམ་དང་པཎ་གྲུབ་ཀྱི་འཁྲུངས་ཡུལ་སོགས་ལས་འཕྲོས་ཏེ། ཁ་ཆེའི་ཡུལ་ངོས་འཛིན་ཚུལ་ལ་དཔྱད་པ་སྟེ། ཁ་ཆེ་ཞེས་པའི་ཡུལ་ངོས་འཛིན་ངོ་སྤྲོད་དང་། བསྟན་འགྱུར་མཛད་པ་པོ་དང་སྒྱུར་མཁན་གྱི་ཁ་ཆེའི་ལོ་པཎ་ཇི་ཙམ་བྱོན་པ། པཎྜི་ཏ་དེ་དག་གིས་མཛད་པ་དང་། བསྒྱུར་བའི་གཞུང་སྟེ། དེ་ལའང་རྒྱལ་བའི་བཀའ་འགྱུར་དང་། དགོངས་འགྲེལ་གྱི་བསྟན་འགྱུར་གྱི་ཆོས་ཚན་ཇི་ཙམ་ཡོད་པ་བཅས་སོ་སོར་ཕྱེ་ནས་བཀོད་ཡོད།
དགུ་པ། པཎ་གྲུབ་བཅུ་བདུན་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ། ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷཱ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས་འཕྲོས་ཏེ། ལི་ཡུལ་ངོས་འཛིན་ཚུལ་ལ་དཔྱད་པ་སྟེ། དེ་ལ་ལི་ཡུལ་ལུང་གིས་བསྟན་ཚུལ་དང་ལི་ཡུལ་གྱི་མིང་གི་རྣམ་གྲངས། ལི་ཡུལ་གྱི་ཆགས་དབྱིབས་དང་ལི་ཡུལ་ངོས་འཛིན་གནང་ཚུལ། དེ་ལའང་ལི་ཡུལ་བལ་ཡུལ་ལ་ངོས་འཛིན་ཚུལ་དང་། ལི་ཡུལ་འཇང་ཡུལ་ལ་ངོས་འཛིན་ཚུལ། དེ་དང་འབྲེལ་ནས་འཇང་ཡུལ་གྱི་ལོ་རྒྱུས་སྙིང་བསྡུས། ལི་ཡུལ་ཤིན་ཅང་ལ་ངོས་འཛིན་ཚུལ། ལི་ཡུལ་མངའ་རིས་སྐོར་གསུམ་ལ་ངོས་འཛིན་ཚུལ། ལི་ཡུལ་སྦལ་ཏི་ལ་ངོས་འཛིན་ཚུལ་བཅས་དང་། ལི་ཡུལ་དབང་བསྒྱུར་དང་བོད་ལི་ཆོས་རིག་གི་འབྲེལ་བའི་སྐོར། དེ་ལའང་སྲོང་བཙན་ཡར་སྔོན་གྱི་འབྲེལ་བའི་སྐོར་དང་། སྲོང་བཙན་སྒམ་པོའི་སྐུ་དུས་ཀྱི་འབྲེལ་བའི་སྐོར། སྲོང་བཙན་སྒམ་པོའི་རྗེས་ཀྱི་འབྲེལ་བའི་སྐོར། གཞན་ཡང་ལི་ཡུལ་དུ་བསྟན་པ་དར་བའི་ཚུལ་དང་། ལིའི་དགེ་ཚུལ་གཉིས་ཀྱིས་སྤྱན་རས་གཟིགས་བསྒྲུབས་ཚུལ། ལིའི་སྐད་ནས་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན། དེ་དང་འབྲེལ་ནས་ལིའི་སྐད་ནས་བཀའ་བསྟན་བསྒྱུར་ཞུས་ཀྱི་བྱུང་རབས་དང་། ལི་ཡུལ་གྱི་སྐད་ནས་བོད་འགྱུར་གྱི་བཀའ་བསྟན་གྱི་ཆོས་ཚན་ཇི་ཙམ་ཡོད་པ་བཅས། མདོར་ན། ལི་ཡུལ་སྐོར་རང་རེ་རྣམས་ལ་ཆ་རྒྱུས་ཞན་ཞིང་། དེབ་ཐེར་ཁག་ཏུ་ངོས་འཛིན་གནང་སྟངས་ལ་བཞེད་ལུགས་མང་བས་ཞིབ་ཏུ་དཔྱད་ནས་བཀོད་ཡོད།
བཅུ་པ། ཞར་བྱུང་པཱ་ལིའི་སྐད་ནས་བོད་འགྱུར་ཇི་བྱུང་སྐོར་ལ། པཱ་ལིའི་གོ་དོན་དང་ངོས་འཛིན། པཱ་ལི་ནས་བཀའ་བསྟན་བོད་འགྱུར་ཇི་བཞུགས། པཱ་ལིའི་སྐད་ནས་བཀའ་བསྟན་གྱི་གཞུང་ལུགས་བསྒྱུར་རྒྱུ་ཇི་ཡོད་བཅས་ཀྱང་ཞར་བྱུང་དུ་བཀོད་ཡོད།
བཅུ་གཅིག །པཎ་གྲུབ་བཅུ་བདུན་ལས་སློབ་དཔོན་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་དང་། དངོས་སློབ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་སོགས་རྒྱའི་སྐད་ལས་བོད་སྐད་དུ་བསྒྱུར་བའི་བསྟན་བཅོས་ལས་འཕྲོས་ཏེ། རྒྱ་ནག་གི་ལོ་ཙཱ་བ་ཇི་བྱུང་དང་། དེ་དག་གིས་བསྒྱུར་བའི་བཀའ་བསྟན་གྱི་ཆོས་ཚན་གང་དག་ཡོད་པ། རྒྱའི་སྐད་ནས་བོད་སྐད་དུ་གཞུང་ལུགས་བསྒྱུར་རྒྱུ་ཇི་ཡོད་དང་། བོད་སྐད་ནས་རྒྱ་ཡིག་ཏུ་བསྒྱུར་བའི་གཞུང་ལུགས་ཇི་ཙམ་ཡོད་པ་བཅས་ཀྱང་བཀོད་ཡོད།
དེ་ལྟར་པཎ་ཞྭའི་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོགས་སློང་དང་ལམ་སྟོན་སྔ་ཕྱི་རིམ་ཕེབས་སྐོར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ཕྱག་དེབ་ལས་མཁྱེན་པར་འགྱུར་ལ། སྒྲ་སྒྱུར་ལོ་ཙཱ་བའི་སྐོར་ཕྱོགས་བསྒྲིགས་བྱེད་གལ་ཆེ་ཚུལ་བཀའ་སློབ་སྤྱི་ཕེབས་བཞིན་ལོ་ཙཱ་བའི་རྣམ་ཐར་སྐོར་པཎ་གྲུབ་སོ་སོའི་གསུང་འབུམ་དཀར་ཆག་གི་མཇུག་མཐར་བཀོད་ཡོད་པས་དེར་གཟིགས་པར་འཚལ་ལ། ལོ་ཙཱ་བའི་བྱུང་རིམ་དང་། སྒྲ་སྒྱུར་གྱི་རྣམ་གཞག །བཀའ་བསྟན་བོད་བསྒྱུར་མཛད་ཚུལ་སོགས་ཀྱི་སྐོར་འདིར་ཞིབ་པར་བཀོད་ཡོད་པ་བཅས། མདོར་ན། ད་ལན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་དང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཞིབ་རྒྱས་ཞིབ་འཇུག་འབྲི་རྩོམ་ཐོག་འབྲེལ་ཡོད་གལ་ཆེའི་ཆ་ཤས་རྣམས་ཀྱང་ཆད་ལུས་མེད་པ་ཡོང་ཐབས་དང་། སྔོན་བྱོན་མེས་པོ་གོང་མ་རྣམས་ཀྱིས་དཀའ་བ་བརྒྱ་དང་བརྩོན་པ་སྟོང་གིས་བསྐྲུན་པའི་རིག་གཞུང་གི་ཉིང་བཅུད་དུ་གྱུར་ཅིང་། ཕ་མེས་ཀྱི་ཤུལ་བཞག་གི་ཆོས་རིག་རིན་ཐང་བྲལ་བ་རྣམས་དུས་རབས་ཉེར་གཅིག་པ་འདིར་ཉམས་དམས་ཆག་འཇིག་ཏུ་གྱུར་ཚེ་དངོས་གནས་མེས་པོའི་ཞབས་འདྲེན་དང་། རང་རིགས་རྣམས་ལོ་རྒྱུས་ཀྱི་ཉེས་ཅན་པར་འགྱུར་ཉེན་ཆེ་བས་བརྩོན་པ་གཅིག་ཏུ་བསྟེན་ཁུལ་བཅས། གུས་ཉམས་ཞིབ་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༥ དགེ་བར།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ I ནས་ VIII བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།