༡༽ བྱང་ཆུབ་ལམ་སྒྲོན།
དེ་ཡང་རྗེ་བཙུན་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་ཉུང་ངུ་རྣམ་གསལ་ཇོ་བོ་ཆེན་པོ་དགྱེས་པའི་མཆོད་སྤྲིན་ལས[1]།
མགོན་དེ་བོད་ཡུལ་དབུས་བྱོན་ནས། །ཐུབ་བསྟན་སྤྱི་དང་བཀའ་གདམས་ཀྱི། །
བསྟན་པའི་སྲོལ་ཕྱེ་ལེགས་བཤད་གཙོ། །བྱང་ཆུབ་ལམ་སྒྲོན་ཞེས་སུ་གྲགས། །
འབྲོམ་སྟོན་པོ་ཏོ་གླང་ཤར་དང༌། །རྒྱལ་བ་གཉིས་པ་ཡབ་སྲས་སོགས། །
ཀུན་གྱིས་ལམ་སྒྲོན་འདི་ཉིད་གཞིར། །བཟུང་ནས་བཀའ་གདམས་བསྟན་པ་སྤེལ། །
ཞེས་གསུངས་པ་ལྟར། ཇོ་བོ་རྗེས་ལྟ་བརྒྱུད་ཟབ་མོ་ལ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྒྲོན་མེ་བཏེགས་ཏེ་བོད་ཡུལ་དུ་བྱོན་ནས། མདོ་སྔགས་རིས་སུ་མ་ཆད་པ་ཡོངས་སུ་རྫོགས་པའི་རྒྱལ་བའི་བཀའ་ཡིག་འབྲུ་གཅིག་ཀྱང་མ་ལུས་པ་གང་ཟག་གཅིག་གིས་འཚང་རྒྱ་བའི་གདམས་ངག་ཏུ་འགལ་མེད་གྲུ་བཞི་ལམ་ཏུ་འཁྱེར་བའི་རྨད་དུ་བྱུང་བའི་ལེགས་བཤད་བྱང་ཆུབ་ལམ་གྱི་སྒྲོན་མ་ནི་ཇོ་བོ་རྗེ་དགུང་ལོ་ ༥༩ སྟེང་མཐོ་ལྡིང་དགོན་ནས་ལྷ་བླ་མས། ཐེག་པ་ཐུན་མོང་བའི་དྲི་བ་གཉིས་དང་། ཕ་རོལ་ཏུ་ཕྱིན་པའི་དྲི་བ་གཉིས། སྔགས་ཀྱི་དྲི་བ་གསུམ་སྟེ་ཇོ་བོ་རྗེ་ལ་དྲི་བ་བདུན་ཞུས་པའི་ལན་དུ་བསྟན་བཅོས་འདི་བརྩམས་པར་གྲགས་ལ། ཇོ་བོས་མཛད་པའི་བསྟན་བཅོས་གལ་གནད་ཆེ་ཤོས་ཤིག་ཀྱང་ཡིན།
དེ་ཡང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[2]། དེ་ནས་དགེ་བཤེས་ལོ་ཙཱ་བས་བོད་དུ་ལོ་གཅིག་ལས་བཞུགས་སུ་མེད་པས་ཆོས་ཞུ་བ་ཀུན་ཞུས་ཤིག་ཅེས་ལྷ་བཙུན་པ་ལ་སོགས་པ་བསྐུལ་བས། ལྷ་བཙུན་པས་གསེར་གུག་སྲང་སུམ་བརྒྱ་ཕུལ་ནས་བོད་ཀྱི་ཡུལ་འདི་ན་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོའི་ལམ་འདི་ལ་ལོག་པར་རྟོགས་པའི་གང་ཟག་བླ་མ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དག་ཕན་ཚུན་རྩོད་ཅིང་རང་རང་གི་རྟོག་གེས་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་སྤྱོད་པས་སོ་སོ་ནས་མི་མཐུན་པ་མང་དུ་མཆིས་པས། དེ་དག་གི་ཐེ་ཚོམ་བསལ་དུ་གསོལ་ཞེས་ཞུས། གཞན་ཡང་ཐེག་པ་ཐུན་མོང་གི་དྲི་བ་གཉིས། ཕ་རོལ་ཏུ་ཕྱིན་པའི་དྲི་བ་གཉིས། གསང་སྔགས་ཀྱི་དྲི་བ་གསུམ་མཛད་ནས་མཐར་ཐེག་པ་ཆེན་པོའི་དོན་མ་ལུས་པ་ཚིག་ཉུང་ལ་དོན་བསྡུས་པ་བླ་མ་ཉིད་ཇི་ལྟར་སྐུ་ཉམས་སུ་བཞེས་པའི་བསྟན་བཅོས་ཤིག་མཛད་པར་ཞུ། རྒྱུད་གསང་བ་འདུས་པའི་མན་ངག་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བརྟེན་པ་དཀྱིལ་འཁོར་གྱི་གཙོ་བོ་འཇིག་རྟེན་དབང་ཕྱུག་གིས་མཛད་པའི་སྒྲུབ་ཐབས་ཤིག་མཛད་པར་ཞུ་ཞེས་ཞུ་བ་གཉིས་པོ་དེ་ནན་ཏན་གྱིས་ཕུལ་བས། ཇོ་བོའི་ཞལ་ནས་སློབ་དཔོན་འཕགས་པའི་རིན་པོ་ཆེ་ཕྲེང་བ་བོད་ན་འདུག་པ་དེས་ཆོག །དེ་བས་ལེགས་པ་མི་རྙེད་ཅེས་དང་། ཀུན་ཏུ་བཟང་པོ་ཡོད་པ་གསུང་སྐད། དེ་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས་ཁྱེད་བོད་ལ་མཚན་གྱི་འདོགས་ལུགས་ཇི་ལྟ་བུ་ཡོད་ཅེས་བཀའ་རྨེད་པ་ལ། བོད་སྟོན་རྣམས་ཀྱིས་དོན་དང་དཔེ་དང་ཡུལ་དང་ཞུ་བ་པོ་ལ་མཚན་དུ་གསོལ་བ་ལ་སོགས་པ་བདོག་ཞུས་པས། ཨ་ལེ་བོད་ན་རྒྱ་གར་ན་མེད་པའི་ཆོས་མང་པོ་འདུག་གསུངས་ཏེ། རོལ་རྙེད་མ་འཕྲོགས་པ་དང་། གནོད་སྦྱིན་ཨ་ཤ་པ་བསད་པའི་གཏམ་རྒྱུད་ཟང་གིས་བྱུང་ནས་ཆོས་ཐམས་ཅད་དོན་ལ་མཚན་དུ་གསོལ་བ་ཡིན་གསུངས། དེ་ནས་བླ་མ་ཉིད་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་མཐོ་ལྡིང་གསེར་ཁང་དུ་བསྒྱུར་རོ། །ཞེས་བྱུང་བ་ལྟར་རོ།།
གཞུང་ཚད་ཤླཽ་ཀ་དྲུག་ཅུ་རེ་བདུན་གྱི་བདག་ཉིད་ཅན་གྱི་བྱང་ཆུབ་ལམ་སྒྲོན་འདི་ལ་ཁྱད་ཆོས་གཙོ་བོ་གསུམ་དང་ལྡན་པ་ནི། བརྗོད་བྱ་ཡོངས་སུ་རྫོགས་པ། ལག་ཏུ་བླང་བདེ་བ། ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་དང་གསུམ་ཡོད་པ་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལམ་རིམ་ཆེན་མོ་ལས[3]། ཆོས་ཀྱི་ཆེ་བ་བསྟན་པ་ལ། ཆོས་ནི་གདམས་ངག་འདིའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའོ། །ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ལག་ཏུ་བླང་བདེ་བ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་[4]ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ། །གཞུང་དེའི་གདམས་ངག་གི་ཆེ་བ་ལ་བཞི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །ཞེས་གསུངས་པ་ལྟར་རོ།།
དེ་བཞིན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ (1570-1662) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད་ཕུལ་བྱུང་བཞད་པའི་དགའ་སྟོན་ལས[5]། བདེ་གཤེགས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །ཤིང་རྟ་ཆེན་པོ་གཉིས་ཀྱི་བཞེད་པའི་ཕུལ། །བརྒྱུད་པའི་ཆུ་བོ་གསུམ་འདྲེས་གདམས་པའི་མཆོག །གང་འདིའི་སྙན་གྲགས་དབྱར་སྐྱེས་བཞད་པའི་སྒྲས། །འགྲོ་ཀུན་གཏམ་གཞན་གླེང་བའི་གོ་སྐབས་ཕྲོགས། །རབ་དཀར་གངས་རིས་བསྐོར་ཀྱང་ཀུན་རྨོངས་ཀྱི། །སྨག་རུམ་མི་བཟད་འཐིབས་པའི་བྱང་ཕྱོགས་འདིར། །རྗོད་བྱེད་ཚིག་གི་ལང་ཚོ་ཆེས་ཕྲ་ཡང༌། །བརྗོད་བྱའི་འོད་དཀར་རྫོགས་པའི་ཟླ་ཚེས་འདི། །ཤར་བ་ཙམ་གྱིས་སྡུག་བསྔལ་ཚ་གདུང་དང༌། །རྨོངས་པའི་མུན་ནག་མ་ལུས་ཅིག་ཅར་བསལ། །བྱང་ཕྱོགས་ཡངས་པའི་ནོར་གྱི་བློ་གྲོས་མར། །ཐུབ་བསྟན་ཡོངས་སུ་མཛེས་པའི་གོས་དཀར་སྦྱིན། །དྲང་སྲོང་ཆེན་པོ་ཐུབ་པའི་རྣམ་ཐར་ལ། །ཀུན་ནས་བརྟེན་པའི་མཁས་གྲུབ་བྱེ་བ་བརྒྱས། །འཛམ་གླིང་མངོན་པར་བརྒྱན་པའི་བྱེད་པོའང་། །བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཉིད་དོ། །ཞེས་བསྔགས་པ་མཛད་པ་ནི་དོན་ལ་གནས་པ་ཞིག་གོ།
གཞན་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[6]།
ཀླུ་སྒྲུབ་ཐོགས་མེད་གཉིས་ལས་ལེགས་བརྒྱུད་པའི། །
ཟབ་དང་རྒྱ་ཆེའི་ལམ་གྱི་རིམ་པའི་གནད། །
སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བྱ་གང་། །
འཁྲུལ་བྲལ་ཉུང་ངུའི་ཚིག་གིས་གསལ་བར་མཛད། །
ཅེས་བསྟོད་ཕྱག་མཛད་པ་བཞིན་ཆེ་བ་བཞི་སོགས་ཁྱད་ཆོས་མངའ་བའི་བྱང་ཆུབ་ལམ་སྒྲོན་འདི་ཉིད་མདོ་རྐྱང་པའི་གཞུང་ཡིན་ནམ། འོན་ཏེ་མདོ་སྔགས་ཐུན་མོང་བ་ཡིན་ཞེ་ན། འདི་ནི་མདོ་སྔགས་ཐུན་མོང་བའི་གཞུང་ཡིན་ཏེ། གོང་དུ་དྲངས་པའི་ལམ་རིམ་ཆེན་མོ་ལས། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་། ཞེས་གསལ་བར་གསུངས་ཤིང་། ཇོ་བོའི་བྱང་ཆུབ་ལམ་སྒྲོན་གྱི་ཚིག་རིས་ལས་ཤིན་ཏུ་གསལ་བར་བྱུང་སྟེ། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང་། །བདེ་བ་ཡིས་ནི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང་། །བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི། །གལ་ཏེ་གསངས་སྔགས་སྤྱོད་འདོད་ན། །དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར། །བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང་། །བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་སྐལ་ལྡན་འགྱུར། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་འགྱུར་བའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །དེ་ནི་ངན་སོང་ངེས་ལྷུང་བས། །གྲུབ་པ་ཡང་ནི་ཡོད་མ་ཡིན། །རྒྱུད་ཀུན་ཉན་དང་འཆད་པ་དང་། །སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་འགྱུར་ཞིང་། །དེ་ཉིད་རིག་ལ་ཉེས་པ་མེད། །གནས་བརྟན་མར་མེ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བཤད་བྱས། །ཞེས་གསུངས་སོ། །དེས་ན་ཇོ་བོའི་ལམ་སྒྲོན་དང་། རྗེའི་ལམ་རིམ་ཆེན་མོ་གཉིས་ཀ་ཡང་མདོ་སྔགས་ཐུན་མོང་བའི་གཞུང་དུ་ཤེས་པར་བྱ། །བྱང་ཆུབ་ལམ་གྱི་སྒྲོན་མ་ལ་ངོས་ཤོག་ ༦ དང་། དེའི་རང་འགྲེལ་དཀའ་འགྲེལ་ལ་ངོས་ཤོག་ ༡༠༤ དང་། རྗེའི་ལམ་རིམ་ཆེན་མོར་ངོས་ཤོག་ ༡༠༤༦ ཡོད། ལམ་སྒྲོན་དང་དེའི་རང་འགྲེལ་གཉིས་ཀ་སྡེ་དགེ་བསྟན་འགྱུར་ ༼ཁི༽ པར་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བྱང་ཆུབ་ལམ་གྱི་སྒྲོན་མེའི་འགྲེལ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤༠༩
[2] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་དཔེ་ཐུང་། ཤོག་གྲངས་ ༡༡༢བ༤
[3] བྱང་ཆུབ་ལམ་རིམ་ཆེན་མོ། ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་། ༢༠༡༢ ལོ། ཤོག་གྲངས་ ༣༦
[4] ཀླུ་སྒྲུབ་ཀྱི་ལུགས་ལ་མཁས་པའི་བླ་མ་རིགས་པའི་ཁུ་བྱུག་ཆུང་བ་དང་། ཐོགས་མེད་ཀྱི་ལུགས་ལ་མཁས་པའི་བླ་མ་གསེར་གླིང་པ་གཉིས་སོ།།
[5] བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད། ༼ང༽ དཔེ་རིང་། ཤོག་གྲངས་ ༥༣ན༣
[6] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༡ ནས་ ༢༨༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།