བཅུ་བདུན་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ ༼དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན།༽ རྣམ་ཐར།
ཀ༽ ཇོ་བོའི་མཚན་དོན་དང་མཚན་གྱི་རྣམ་གྲངས།
དེ་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[1]།
ཤར་ཕྱོགས་བྷཾ་ག་ལ་རུ་སྐུ་འཁྲུངས་ཤིང་། །
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་འཇིངས་ལས་བརྒལ། །
འཕགས་བོད་ཡུལ་གྲུར་བསྟན་པའི་ཕྱག་རྗེས་ཅན། །
དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཆོད། །
ཅེས་བསྔགས་པ་ལྟར་པཎྜི་ཏ་འདི་ཉིད་ཀྱི་ལེགས་སྦྱར་མཚན་ལ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའམ་ (Dipamkara srijnana) ཨ་ཏི་ཤ་ (आतिश,) (Atisha) དང་། རྒྱའི་སྐད་དུ་ (阿底峽) ཞེས་ཞུ་ཞིང་། དེ་ཡང་རྗེ་ཙོང་ཁ་པ་ (1357-1419) ཆེན་པོས་མཛད་པའི་ལམ་མཆོག་སྒོ་འབྱེད་ལས[2]། ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ཅེས་བསྔགས་པ་ལེགས་སྦྱར་གྱི་སྐད་དུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། བོད་ཀྱི་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས། མཚན་གཞན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ། ཞེས་བསྔགས་པའི་མཚན་དོན་ཐད་ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལས[3]། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ནི་ཇོ་བོའི་རབ་བྱུང་གི་མཚན་ཡིན་ལ། དེ་ཡང་དཱི་པཾ་མར་མེ་དང་། ཀ་ར་མཛད། ཤྲཱི་དཔལ། ཛྙཱ་ན་ཡེ་ཤེས་ཏེ་དཔལ་མར་མེ་མཛད་ཡེ་ཤེས་ཞེས་སུ་གྲུབ་ཅིང་། ཨ་ཏི་ཤ་ནི། ཁ་ཅིག །ཨ་དྷི་ལྷག་པ། ཨ་ཤ་ཡ་བསམ་པ་ཞེས་པ་མཚམས་སྦྱར་བས་ཨ་དྷྱ་ཤ་སྟེ། ལྷག་པའི་བསམ་པ་དང་ལྡན་པ་ཞེས་པ་ཡིན་ཟེར། མཁན་པོ་མཆིམས་ཐམས་ཅད་མཁྱེན་པས་མཛད་པའི་ཇོ་བོ་ཆེན་པོ་ལྷ་གཅིག་གི་རྣམ་པར་ཐར་པ་ལས[4]། ཇོ་བོ་ཨ་ཏི་ཤ་ (ཨ་ལས་རྣལ་འབྱོར་པ་ཆེན་པོ། ཏི་ལས་པཎྜི་ཏ་ཆེན་པོ། ཤ་ལས་དགེ་སློང་ཆེན་པོ་བྱ་བར་རོ།།) ཞེས་དང་། ཡང་འགའ་ཞིག་གིས་ཨ་ཏི་ཤ་ལ་ཡི་གེ་བསྣན་པའི་ངེས་ཚིག་གིས་བཤད་ན། ཀུན་སྤངས་དགེ་སྦྱོང་སྣང་བྱེད་ཟེར་བ་ཡིན་ཞེས་གསུངས། ཡང་ལ་ལས་ཨ་ཏི་ཤིན་ཏུ་དང་། ཤནྟི་ཞི་བ་སྟེ། ཡི་གེ་བསྡུས་པའི་ཨ་ཏི་ཤ་སྟེ། ཤིན་ཏུ་ཞི་བའི་དོན་ལ་འཇུག་ཀྱང་། རྗེ་བླ་མས། ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ། །ཞེས་གསུངས་ལ། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བཀའ་གདམས་གླེགས་བམ་གྱི་སྙིང་པོའི་མན་ངག་ལས་[5]ཀྱང་།
སེམས་བརྟན་བརྩོན་འགྲུས་ཅན་ལ་བར་ཆད་མེད། །
གནང་བཀག་བླང་དོར་མཁས་པ་ཐར་པར་འགྲོ། །
མཁས་བཙུན་བཟང་གསུམ་གཅིག་གྲོགས་གཅིག་འགྲོ་བ། །
དགོས་ཞེས་མགོན་པོ་ཕུལ་བྱུང་ཞབས་ཀྱིས་གསུངས། །
ཞེས་གསུངས་པ་ལྟར། ཨ་ཏི་ཤ་ནི་ཕུལ་བྱུང་ངམ་ཕུལ་དུ་ཕྱིན་པ་ཞེས་པའི་དོན་ཡིན་ཏེ། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[6]། ཨ་ཏི་ཤ་ཕུལ་དུ་བྱུང་བ། ཞེས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཅུང་ཟད་བསྔགས་པའི་ཚིག་གི་རྒྱུད་མང་དད་བརྒྱའི་མེ་ཏོག་ལས་[7]ཀྱང་།
ཕུལ་བྱུང་སྲིད་ན་མངོན་མཐོའི་ཟུར་ཕུད་ཀྱིས། །
ཡང་ཡང་བསྙེན་པའི་ཞབས་སྐྱེས་བཀྲ་ཤིས་རྡུལ། །
གང་དུ་བཀོད་པ་ཙམ་གྱིས་རྒྱལ་བའི་བསྟན། །
སླར་ཡང་དར་ལ་བབས་པའི་ངང་ཚུལ་བཟུང་། །
ཞེས་གསུངས་པ་ལྟར། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས་[8]ཀྱང་། ཇོ་བོ་ཆེན་པོ་འདི་ཉིད་མཁྱེན་པ་དང་ཐུགས་རྗེ་ཕུལ་དུ་བྱུང་བ་ཉིད་ཀྱིས་པཎྜི་ཏ་གཞན་ལས་ཁྱད་པར་དུ་འཕགས་ཤིང་། བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་ནུས་པ་ཉིད་དུ་མཐོང་ནས། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཨ་ཏི་ཤ་ཞེས་མཚན་གསོལ་བ་ཡིན་ཏེ། དོན་ནི་ཕུལ་དུ་བྱུང་བ་ཞེས་བྱ་བའོ། །ཞེས་བོད་དུ་ཕེབས་རྗེས་ལྷ་བླས་མཚན་གསོལ་བར་གསུངས་ཀྱང་། ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་ (1729-1783) གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[9]། རྡོ་རྗེ་གདན་ནས་ཇོ་བོ་རྗེ་བི་ཀྲ་མ་ཤཱི་ལར་རྒྱལ་པོ་དྷརྨ་པཱ་ལས་སྤྱན་འདྲེན་པའི་རྒྱུ་ཡང་པཎ་གྲུབ་རྣམས་ཀྱི་ནང་ནས་འདི་ཁོ་ན་ལྷག་པར་གཟིགས་ཏེ་སྤྱན་དྲངས་ཤིང་། མཚན་ཡང་ཨ་ཏི་ཤ་ཞེས་མཚན་གསོལ་ཞིང་། དེའི་བོད་ཀྱི་སྐད་དུ་ཕུལ་དུ་བྱུང་བ་ཞེས་བྱ་སྟེ། དེ་དུས་སྐྱེས་ཆེན་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་མངའ་གསོལ་བ་ཡིན། བོད་སྐད་དུ་མཚན་དོན་མཚུངས་ནའང་། ཨ་ཏི་ཤ་ཞེས་ཇོ་བོ་རྗེ་རྒྱལ་པོ་དྷརྨ་པཱ་ལས་གསོལ་བར་གསུངས་སོ།།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[10]ཀྱང་།
བྱང་ཆུབ་སེམས་ཀྱིས་འགྲོ་ཀུན་དབང་དུ་འདུས། །
གྲུབ་ཐོབ་རྣལ་འབྱོར་དབང་ཕྱུག་དུ་མའི་མགོན། །
འཛམ་གླིང་ཀུན་ན་ཕུལ་བྱུང་ཨ་ཏི་ཤ །
ཞེས་ཀྱང་གསུངས་པར་མ་ཟད། དཔའ་བོ་གཙུག་ལག་ཕྲེང་བའི་ (1504-1564/1566) སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[11]། གླིང་དོན་གཉེར་ལ་གླིང་དང་ནི། །ཞེས་པ་ལ་གཞན་དག་རྒྱ་དཔེར་དཱི་པཾ་ཞེས་མར་མེའི་སྐད་དོད་ཡོད་པ་རྒྱ་དཔེ་བཀླགས་ཉེས་པའམ་མ་དག་པས་དཱི་པཾ་ཞེས་བཀླགས་ནས་གླིང་དུ་བསྒྱུར་བར་ཟད་དོ་ཟེར་ཡང་། མར་མེ་འདོད་ལ་མར་མེ་དང་། །ཞེས་པར་འགྲེལ་ཆེན་དང་བི་བྷུ་ཏིའི་འབྲུ་སྣང་ཞིང་། འོན་ཀྱང་རྔོག་འགྱུར་ཕལ་ཆེར་ན། གླིང་དོན་གཉེར་ལ་ཞེས་ཁོ་ན་སྣང་བས་རྒྱ་དཔེ་ཐ་དད་པ་སྙམ་མོ། །ཞེས་ཀྱང་བྱུང་། དེ་ལྟར་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཞེས་པ་ནི། ཕལ་ཆེན་སྡེ་པའི་གནས་བརྟན་ཆེན་པོ་སྦྱོར་བའི་ལམ་གྱི་ཕྱོགས་གཅིག་ཏུ་གནས་པའི་སློབ་དཔོན་ཤཱི་ལ་རཀྵི་ཏ་ལས་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས་པས་མཚན་ལའང་དཱི་པཾ་ཀཱ་ར་ཤྲི་ཛྙཱ་ན་སྟེ་བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་ཞེས་གསོལ་བ་ཞིག་ཡིན་ནོ།།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་ནི། བཀའ་གདམས་བུ་ཆོས་ལས[12]།
རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །
ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །
དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །
ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །
དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། གཙང་མཁན་ཆེན་ (1610-1684) གྱིས་བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ལས[13]། རྒྱལ་བ་ཨ་ཏི་ཤ་འདིས་རྒྱལ་སྲས་བཟང་པོ་འདི་བསྐལ་པ་མང་པོར་བསྐྱངས། སྲས་བཟང་པོས་ཀྱང་སྲས་བཟང་པོ་མང་པོ་བསྐྱངས། དེ་ལྟར་རིམ་པ་བཞིན་དུ་སྐྱོང་བདོ་བ་ཡིན་ན་ཚེ་དང་ལྡན་པས་མི་ཤེས་སམ། ད་བྱང་པདྨ་དཀར་པོའི་དབུས་སུ་མུན་པའི་ཚོགས་རབ་འཇོམས་པར་བྱེད་པའི་རྒྱལ་བ་མར་མེ་མཛད་བཟང་པོ་རྒྱལ་བའི་འབྱུང་གནས་ཡུམ་ལ་བརྟེན་ནས་རྒྱལ་སྲས་བཟང་པོ་ཡུམ་དེ་དང་མཐུན་པར་མྱུར་དུ་སྐྱོང་། དེ་ནས་དགའ་བ་དང་ལྡན་པ་ཆོས་ཀྱི་ཕོ་བྲང་དུ་རྒྱལ་བ་བཟང་པོ་དྲི་མ་མེད་པ་ཞེས་བྱ་བ། རྒྱལ་བ་བཟང་པོ་བྱམས་པའི་མདུན་དུ་བཞུགས་ནས་རྒྱལ་སྲས་བཟང་པོ་རྒྱལ་བ་རྒྱ་མཚོ་སྐྱོང་། བྱམས་པའི་བསྟན་པའི་རྗེས་སུ་དྲི་མ་མེད་པ་ལ་རྒྱལ་ཚབ་ཏུ་དབང་བསྐུར་ནས། རྒྱལ་སྲས་བཟང་པོ་རྒྱལ་བ་རྒྱ་མཚོ་སྲས་ཀྱི་ཐུ་བོར་སྐྱོང་། སྔར་གྱི་དཔའ་བོ་བདུན་གྱི་མདུན་དུ་རྒྱལ་བ་འདིས་རྒྱལ་སྲས་བཟང་པོ་བསྐྱངས། ད་དུང་བསྐལ་པ་འདིའི་སངས་རྒྱས་སྟོང་དུ་ཉེ་བ་གཞན་དག་གི་ཡང་མདུན་དུ་བྱམས་པ་ཉིད་ཀྱིས་སྐྱོང་བས་མཚོན་ཏེ་ཐད་ཀྱི་མདུན་དུའང་། རྒྱལ་བའི་སྲས་བཟང་པོ་འདི་སྐྱོང་། མདོར་ན་གཉིས་ཀའང་རྒྱལ་བ་ཡིན་ཀྱང་། ད་དུང་ཚོགས་གསོག་པ་དང་། ཉོན་མོངས་ལྟར་འཁོར་བར་འཁྱམ་པ་ལ་སོགས་པ་མ་རྒྱལ་བའི་རྣམ་སྤྲུལ་དུ་མ་སྟོན་ཅིང་གདའ་བ་གསུངས་པ་ལ་དགེ་སློང་རྣམ་སྦྱར་རྡོ་ཚོས་མ་གསོལ་བ་གཅིག་ཀྱང་དེར་བྱུང་སྟེ་རྒྱལ་བ་བོད་དུ་བྱོན། ཞེས་གསུངས་པ་ལྟར་རོ།།
དེ་བཞིན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[14]།
དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །
འཕགས་པའི་ཡུལ་ན་དཱི་པཾ་ཀ་ར་ཤྲཱི། །
ཁ་བ་ཅན་འདིར་དཔལ་ལྡན་ཨ་ཏི་ཤ །
ས་སྟེང་གྲགས་པས་ཁྱབ་ལ་གསོལ་བ་འདེབས། །
ཞེས་དང་། དེ་བཞིན་བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[15]།
ཐུབ་པའི་སྤྱན་སྔར་རྒྱལ་སྲས་བཟང་པོ་སྐྱོང་། །
འཕགས་པའི་ཡུལ་ན་དཔལ་ལྡན་མར་མེ་མཛད། །
དགའ་ལྡན་གནས་ན་ནམ་མཁའ་དྲི་མེད་ཅེས། །
མཚན་གསོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །
ཞེས་དང་། ཐེ་བོ་ལུང་བཟང་ནང་པ་ངག་དབང་བློ་བཟང་བསམ་གཏན་ (1687-1749) གྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་དུ་འགུགས་པའི་གླུ་དབྱངས་ལས[16]།
ཞིང་བདེ་བ་ཅན་ན་འོད་དཔག་མེད། །
མགོན་ཐུབ་པའི་སྤྱན་སྔར་བཟང་པོ་སྐྱོང་། །
སྟེང་དགའ་ལྡན་མ་ཕམ་མདུན་སའི་རྒྱན། །
དཔལ་ནམ་མཁའ་དྲི་མ་མེད་པར་གྲགས། །
ཞེས་གསུངས་པ་ལྟར། བདེ་བ་ཅན་དུ་འོད་དཔག་མེད་དང་། སྟོན་པའི་སྤྱན་སྔར་རྒྱལ་སྲས་བཟང་པོ་སྐྱོང་། དགའ་ལྡན་དུ་ནམ་མཁའ་དྲི་མེད། རྒྱ་གར་དུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་གྲགས་པར་གསུངས་ལ། བོད་གངས་ཅན་གྱི་ལྗོངས་སུ་ཡོངས་གྲགས་ཇོ་བོ་རྗེའམ་དཔལ་ལྡན་ཨ་ཏི་ཤ་ཞེས་ཞུ་ལ། ཇོ་བོའི་ཡབ་ཡུམ་གྱིས་གསོལ་བའི་མཚན་ནི་ཟླ་བའི་སྙིང་པོ་དང་། གསང་མཚན་ནི་ཡེ་ཤེས་གསང་བའི་རྡོ་རྗེ། རབ་ཏུ་བྱུང་བའི་སྐབས་སློབ་དཔོན་ཤཱི་ལ་རཀྵི་ཏས་གསོལ་བའི་མཚན་ནི། དཔལ་མར་མེ་མཛད་ཡེ་ཤེས་ཞེས་པ་སྟེ། བསྟན་བཅོས་རྣམས་ཀྱི་མཛད་བྱང་དུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། དཔལ་མར་མེ་མཛད་ཡེ་ཤེས། ཨ་ཏི་ཤ །ཇོ་བོ་རྗེ་བཅས་གསལ་ལོ།།
དེ་ཡང་ཇོ་བོ་ཞེས་པ་ནི། ལེགས་སྦྱར་སྐད་དུ་སྭཱ་མི་སྟེ། གཙོ་བོའམ་མཆོག་གི་དོན་དང་། འདང་དང་གཙིགས་ཆེན་བྱེད་ཡུལ་ལ་འཇུག་པ་དང་། ཐམས་ཅད་ཀྱི་ནང་ནས་གལ་ཆེ་ཤོས་ཞེས་པའི་ཆེ་བསྟོད་ཀྱི་ཚིག་ཡིན། པུ་ཏོ་བ་རིན་ཆེན་གསལ་གྱིས་ (1027-1105) གྱིས་མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་ལས[17]། སྤྱིར་སྐྱབས་གནས་ཀྱི་ཇོ་བོ་ཐུབ་པ་ལ་རང་ལ་འཇིགས་པ་མེད་པ་དང་། གཞན་སྐྱོབ་པའི་ནུས་པ་ཡོད་པ། ཕན་སེམས་ཆེ་བ། རང་འདོད་མེད་པ་བཞི་ཚང་དགོས་ཏེ། དེ་ཡང་སངས་རྒྱས་མིན་པ་ལ་མེད། །ཅེས་གསུངས་པ་ལྟར་བསྟན་པ་ཕྱི་དར་ལ་བོད་དུ་རྒྱུད་སྡེའི་དོན་ལ་ལོག་པར་བཟུང་བའི་པཎྜི་ཏ་དང་རྣལ་འབྱོར་པར་རློམ་པ་འགའ་ཞིག་གིས་བསྟན་པའི་རྩ་བ་ཚངས་སྤྱོད་ལ་གནོད་པ་ཆེན་པོ་བྱས་པས་སྐྱེས་བུ་དམ་པ་འདིས་ལེགས་པར་བཀག་ཅིང་། དག་ཐེར་ལེགས་པར་མཛད་དེ་རྒྱལ་བའི་བསྟན་པ་ཕྱིན་ཅི་མ་ལོག་པར་འཕེལ་བར་མཛད་པས། ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་ཤིན་ཏུ་ཆེ་བས་གངས་ཅན་པས་ཇོ་བོ་རྗེ་ཞེས་ཞེ་སར་བརྗོད་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥
[2] རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། ༼ཁ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡
[3] ཨཱཀྱ་ཡོངས་འཛིན་གྱི་བཀའ་འབུམ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༦
[4] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༤༨༧
[5] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼ཚ༽ བཀའ་གདམས་སྙིང་པོ། ཤིང་དཔར། དཔེ་རིང་། ཤོག་ ༡༣ན༡
[6] སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༡༤
[7] མཁྱེན་བརྩེའི་དབང་པོའི་གསུང་འབུམ། ༼ཀ༽ བསྟོད་ཚོགས། དཔེ་རིང་། ཤོག་གྲངས་ ༥༣ན༤ ནས་ ༥༥ན༥ བར།
[8] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༣
[9] བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༤༨
[10] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༦༥༥
[11] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། བཀའ་བརྒྱུད། ༼༨༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༤༣༧
[12] ཇོ་བོ་རྗེའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་གྲངས་ ༤༧༦
[13] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༧༡
[14] རྩོམ་ཡིག་གསེར་གྱི་སྦྲམ་བུ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༡ ནས་ ༨༥ བར།
[15] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།
[16] རྗེ་ངག་དབང་བློ་བཟང་བསམ་གཏན་གྱི་གསུང་འབུམ། ༼༤༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༩
[17] དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ། པོད། ༼༡༽ དབུ་མེད་བྲིས་མ། ཤོག་གྲངས་ ༤༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།