ཕ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།
རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་རིང་དུ་སྤེལ་སླད་རྒྱ་ཆེན་དམ་ཆོས་འདུལ་བའི་གཞུང་གི་དགོངས་དོན་ལེགས་པར་བཀྲལ་བའི་སྒོ་ནས་སློབ་དཔོན་ཤཱཀྱ་འོད་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།
བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང༌། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པའི་དོན་ནི། སྡེ་སྣོད་གསུམ་གྱི་བརྗོད་བྱ་ལམ་བསླབ་པ་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་བཅས་ལམ་བསླབ་པ་གསུམ་གྱི་ཡོན་ཏན་ནོར་བུའི་བང་མཛོད་ལ་མངའ་དབང་བསྒྱུར་བར་མ་ཟད། ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་ལས[2]།
གང་གི་ལམ་སྲོལ་འདུལ་བ་རྒྱ་མཚོའི་གཞུང་། །
སྐལ་བཟང་མཚུངས་པར་སྤྱོད་པའི་འགྲོ་བ་ལ། །
རབ་ཏུ་སྤེལ་མཛད་ཤཱཀྱ་འོད་ཀྱི་ཞབས། །
རྗེས་འབྲངས་བཅས་ལ་བཀའ་དྲིན་དྲན་པས་དད། །
ཅེས་གསུངས་པ་ལྟར་སོ་ཐར་འདུལ་བའི་བསྟན་པ་ལ་ནི་དེ་བས་ཀྱང་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མ་སོགས་མེད་པར་འཇིག་རྟེན་གྱི་ཁམས་འདིར་མི་ནུབ་མི་ཉམས་པར་རིང་དུ་སྤེལ་བའི་སླད་དུ། རྒྱ་ཆེན་འདུལ་བ་འབུམ་སྡེ་དག་གི་གཞུང་ལུགས་ཀྱི་དགོངས་དོན་མཐའ་དག་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་རང་ཉིད་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་དགོངས་པ་བཞིན་དུ་ལེགས་པར་བཀྲལ་བའི་མཁས་པའི་དབང་པོ་སྟེ། སྡོམ་བརྩོན་ངུར་སྨྲིག་འཛིན་པའི་གསེར་རིའི་ཕྲེང་བའི་དབུས་སུ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་ཤིང་། འདུལ་བ་འཛིན་པའི་མཆོག་ཏུ་གྱུར་པའི་སློབ་དཔོན་རྣམ་གཉིས་ཀྱི་ཡ་གྱལ། སློབ་དཔོན་ཤཱཀྱ་འོད་ཅེས་ཡོངས་སུ་གྲགས་པའི་འདུལ་བ་བདུད་རྩིའི་རྒྱན་དུ་མཚན་གསོལ་བའི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱི་ཞབས་ལ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༥༦
[2] ཨ་མྱེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་ ༡༩ན༤
༥ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༧ ནས་ ༣༩༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།