ཐ༽ ཤཱཀྱ་འོད་ཀྱི་བསྟན་བཅོས་སུམ་བརྒྱ་པ་རྩ་འགྲེལ་གྱི་བརྗོད་བྱ།

ཐ༽ བསྟན་བཅོས་སུམ་བརྒྱ་པ་རྩ་འགྲེལ་གྱི་བརྗོད་བྱ།

 

དེ་ཡང་མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཛད་བྱང་ལས[1]།

གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །

དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་གཟུང༌། །

འདུལ་བ་མདོར་བསྡུས་ཞེས་བྱའི་སྒྲོན་མ་དང༌། །

འདྲ་བར་གཞན་འདི་བདེ་བར་གཤེགས་པས་གསུངས། །

དགེ་ཚུལ་རྣམས་ཀྱི་ཆོས་ལུགས་བསྡུས་འབྱུང་བའི། །

བསོད་ནམས་བདག་ལ་སྐྱེས་དེས་འཇིག་རྟེན་འདིའི། །

ཤཱཀྱའི་འོད་བསྟན་ལམ་ནས་རྫོགས་པ་ཡི། །

བྱང་ཆུབ་དཔལ་ལྡན་གནས་སུ་འགྲོ་བར་ཤོག །

ཤཱཀྱའི་བཤེས་གཉེན་ངོར་ནི་བདེ་བར་གཤེགས་པས་གསུངས་པའི་བསླབ་པ་ཡི། །རིན་ཆེན་འབར་བ་དག་ནི་འདུལ་བ་རྒྱ་མཚོའི་ནང་ནས་རབ་བཏུས་ཏེ། །དབང་པོའི་རྡོ་རྗེས་ཕུག་ནས་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཡི། །སོ་སོར་ངེས་པའི་དབྱེ་བ་དག་གིས་ཕྲེང་བར་མཐུན་པར་བསྡེབས་པ་ཡིན། །འདུལ་བ་མདོར་བསྡུས་ཏེ་བཅོ་ལྔ་པའོ། །ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པ་རྫོགས་སོ། །ཞེས་གསུངས་པ་ལྟར། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་བརྗོད་བྱ་ནི། དགེ་ཚུལ་གྱི་བསླབ་གཞི་བཅུ་དང༌། ཕྱོགས་མཐུན་ཉམས་པ་རྣམ་བཞི་སྤོང་བ་དང༌། འདུལ་བ་མདོར་བསྡུས་བཅས་དོན་རྣམ་པ་བཅོ་ལྔར་བསྡུས་ཏེ་རྒྱས་པར་བསྟན་པ་ལས། བསླབ་གཞི་བཅུ་ནི། སུམ་བརྒྱ་པ་ལས[2]།

གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །

མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །

གར་སོགས་ཕྲེང་སོགས་མལ་ཆེ་མཐོ་བ་དང༌། །

ཕྱི་དྲོའི་ཁ་ཟས་དངུལ་ཉིད་སྤོང་བ་སྟེ། །

ཞེས་གསུངས་ཤིང་། བསླབ་གཞི་བཅུ་པོ་འདི་དག་ནི་དགེ་ཚུལ་ཕ་མ་གཉིས་ཀས་བསླབ་པར་བྱ་བ་ཡིན་ཏེ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས[3]། བཅུ་ཡི་གནས་ལ་དགེ་ཚུལ་ཉིད། །དགེ་ཚུལ་མ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ།།

ཕྱོགས་མཐུན་ཉམས་པ་རྣམ་བཞི་ནི། ཁྱིམ་པའི་རྟགས་སྤོང་བའི་ཕྱོགས་མཐུན་དང༌། རབ་ཏུ་བྱུང་བ་ཉམས་པའི་ཕྱོགས་མཐུན་དང༌། བླ་མར་གསོལ་བ་བཏབ་པ་ལས་ཉམས་པའི་ཕྱོགས་མཐུན་དང༌། སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་དང་མཐུན་པ་དང་བཞིའོ། །གཞུང་འདིར་དགེ་ཚུལ་གྱི་བསླབ་བྱ་ཕྱོགས་མཐུན་དང་བཅས་པ་ཞིབ་ཕྲ་གསལ་ཞིང༌། ཁྱད་པར་འདུལ་བ་ལུང་སྡེ་བཞིའི་ཁུངས་གསལ་བར་དྲངས་ཏེ་སྟོན་པའོ།།

མདོར་ན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་བརྗོད་ཡལ་འདབ་དགུ་པ་ལས[4]། དང་པོ་ལེན་ཚུལ་བར་དུ་བསྲུང་བའི་ཚུལ། །ཐ་མར་ཉམས་ན་ཕྱིར་བཅོས་བྱེད་ཚུལ་སོགས། །མ་བསླབ་མི་ཤེས་ངུར་སྨྲིག་འཆང་བ་ཡིས། །ས་སྟེང་གང་ལ་བསྟན་པ་རྒྱས་པར་རློམ། །བརྗོད་བྱ་ཚུལ་ཁྲིམས་བདུད་རྩིས་ཐུགས་རྒྱུད་གཏམས། །རྗོད་བྱེད་སྡེ་བཞིའི་ལུང་གིས་མགྲིན་པ་མཛེས། །སྐྱོ་མེད་བརྩེ་བས་དུས་སུ་འདོམས་མཁས་པའི། །མཁན་སློབ་གནས་ཀྱི་སློབ་དཔོན་མགོན་ལྡན་ཞིང་། །མང་ཐོས་བག་ཡོད་དགེ་ལ་སྦྱོར་མཁས་པས། །ཚངས་སྤྱོད་དགེ་འདུན་གྲོགས་བཅས་གསུང་རབ་ལ། །ཐོས་བསམ་བསྒོམ་པ་བསྟེན་པའི་བཤེས་གཉེན་རྣམས། །ལྷར་བཅས་འགྲོ་བའི་ཡོན་གནས་མཆོག་ཏུ་བསྔགས། །ཞེས་གསུངས་པ་ལྟར། ཁྲི་ཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) སྦྱར་བའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་ལས[5]། སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་གཉིས་ཀྱིས་ནི་སྟོན་པའི་བསྟན་པའི་རྩ་བ་འདུལ་བའི་བསྟན་པ་བསྐྱངས་ནས། སོ་སོ་ཐར་པ་རིགས་བདུན་ནམ་བརྒྱད་པོ། དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བྱ་བ། ཉམས་ན་ཕྱིར་བཅོས་པར་བྱེད་པའི་དོན་རྣམས་བསྟན་པའོ། །འདུལ་བ་འཛིན་པ་མཆོག་གཉིས་ཀྱི་སྐབས་ཏེ་བཞི་པའོ། །ཞེས་གསུངས་པ་ལྟར་གཙོ་བོར་དགེ་ཚུལ་གྱི་བསླབ་བྱ་སྟོན་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་ ༩༣ པ། ཤོག་གྲངས་ ༡༩༥

[2] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་ ༩༣ པ། ཤོག་གྲངས་ ༡༦༧

[3] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་ ༩༣ པ། ཤོག་གྲངས་ ༡༡༠

[4] རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།

[5] རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། དཔེ་རིང་། ཤོག་གྲངས་ ༥༥ན༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༩ ནས་ ༣༨༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *