༥༽ རྒྱན་གྱི་འགྲེལ་པ་རྒྱ་འགྲེལ་ཉེར་གཅིག
དེ་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས[1]། བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་ལ་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་འགྲེལ་བཤད་བསྡུས་དོན་སོགས་མཐའ་ལས་འདས་པ་ཞིག་ཡོད་པར་གདོན་མི་ཟ་མོད། བོད་དུ་འགྱུར་བ་ཉེར་གཅིག་ཡོད་པ་དང་། དེ་དག་ལ་རྒྱ་འགྲེལ་ཉེར་གཅིག་ཅེས་བོད་ཀྱི་འགྲེལ་མཛད་ཀུན་ལ་རླུང་ལྟར་གྲགས་མོད།
རྒྱ་གར་མཁས་པའི་གསུང་དུ་དོགས་པ་མ་མཆིས་པ་ནི་བཅོ་བརྒྱད་ཉིད་དུ་སྣང་ངོ་། །དེ་ཡང་ཡོངས་སུ་གྲགས་པ་ལྟར་གྱི་འགྲེལ་པ་ཉེར་གཅིག་པོ་དེ་དག་ནི་མདོ་དང་སྦྱར་བ་བཅུ་གཉིས། མ་སྦྱར་བ་དགུ་ཡོད་ལ། ཐོག་མར་མདོ་རྒྱན་སྦྱར་བ་བཅུ་གཉིས་ལའང་།
༼ཉི་ཁྲི་དང་སྦྱར་བ་བཞི་སྟེ།[2]༽ ༡) འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ། པཎྜི་ཏ་གོ་མི་འཆི་མེད་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། ༼སྡེ་ཀ་༽ ༢) བཙུན་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ། ཤོ་ལོ་ཀ་ལྔ་སྟོང་བཞི་བརྒྱ་པ། བལ་པོ་ཞི་བ་བཟང་པོ་དང་། ལོ་ཙཱ་བ་འབྲོ་མི་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། ༼སྡེ་ཁ་༽ ༣) སློབ་དཔོན་ཆེན་པོ་སེང་གེ་བཟང་པོས་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ། བམ་པོ་དོན་བཞི་ཅན། བལ་པོ་ཞི་བ་བཟང་པོ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༼སྡེ་ག་ང་ཅ་༽ ༤) རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་ཉི་ཁྲི་དག་ལྡན། (འདིས་རྒྱན་སེམས་ཙམ་དུ་བཀྲལ།) པཎྜི་ཏ་སུ་བྷ་ཏི་ཤན་ཏི་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་དང་དགེ་བའི་བློ་གྲོས་གཉིས་ཀྱི་འགྱུར་ལ་ཕྱིས་སུ་བལ་པོ་ཞི་བ་བཟང་པོ་དང་། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བཅོས་པ་ ༼སྡེ་ཏ་༽ བཅས་ཉི་ཁྲི་དང་སྦྱར་བ་བཞི།
༼བརྒྱད་སྟོང་པ་དང་སྦྱར་བ་གསུམ་སྟེ།༽ ༡) སློབ་དཔོན་སེང་བཟང་གིས་མཛད་པའི་རྒྱན་སྣང་། ཤོ་ལོ་ཀ་བརྒྱད་སྟོང་པ། པཎྜི་ཏ་སུ་བྷ་ཤི་ཏ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། སླར་ཡང་ཇོ་བོ་དང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་བསྟུན་ནས་བཅོས་ཤིང་། ཡང་བསྒྱུར་པཎྜི་ཏ་དཧཱིར་པལ་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་པ། ༼སྡེ་ཆ་༽ ༢) རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྙིང་པོ་མཆོག །ཤོ་ལོ་ཀ་བརྒྱད་སྟོང་པ་ (འདིས་ཀྱང་རྒྱན་སེམས་ཙམ་དུ་བཀྲལ།) པཎྜི་ཏ་ཤྲི་སུ་བྷུ་ཏི་ཤན་ཏི་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། ༼སྡེ་ཐ་༽ ༣) འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་གནད་ཀྱི་ཟླ་འོད། པཎ་ཆེན་དེ་ཉིད་དང་། ལོ་ཙཱ་བ་ཤེས་རབ་དཔལ་གྱིས་ནཱ་ལེནྡྲའི་གཙུག་ལག་ཁང་དུ་བསྒྱུར་བ། ༼སྡེ་ད་༽ བཅས་བརྒྱད་སྟོང་དང་སྦྱར་བ་གསུམ།
༼སྡུད་པ་དང་སྦྱར་བ་གསུམ་སྟེ།༽ ༡) སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་པའི་དཀའ་འགྲེལ་བམ་པོ་དྲུག །པཎྜི་ཏ་བི་དཧྱ་སེངཧ་ཀར་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། ༼སྡེ་ཉ་༽ ༢) སློབ་དཔོན་སེང་གེ་བཟང་པོས་མཛད་པའི་སྡུད་འགྲེལ་རྟོགས་སླ། ཤོ་ལོ་ཀ་ཉིས་སྟོང་བརྒྱ་པ། བལ་པོ་ཞི་བ་བཟང་པོ་དང་། འབྲོ་ཤཱཀྱ་འོད་ཀྱི་འགྱུར། ༼སྡེ་ཉ་༽ ༣) ཁ་ཆེ་དྷརྨ་ཤྲིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག །བ་རེག་ལོ་ཙཱ་བའི་འགྱུར། ༼སྡེ་ད་༽ བཅས་སྡུད་པ་དང་སྦྱར་བ་གསུམ།
༼འབུམ་རྐྱང་པ་དང་སྦྱར་བ་གཅིག་སྟེ།༽ ༡) ཁ་ཆེ་དྷརྨ་ཤྲིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་བཤད་པ། འགྱུར་བྱང་མི་གསལ་བ། ༼སྡེ་ཏ་༽ སྟེ་འབུམ་རྐྱང་དང་སྦྱར་བ་གཅིག
༼ཡུམ་གསུམ་དང་སྦྱར་བ་གཅིག་སྟེ།༽ ༡) པཎྜི་ཏ་དྲན་པའི་ཡེ་ཤེས་གྲགས་ཀྱིས་མཛད་པར་གྲགས་པའི་ཡུམ་གསུམ་དང་མཐུན་པར་སྦྱར་བའི་འགྲེལ་པ། འགྱུར་བྱང་མི་གསལ་བ། ༼སྡེ་ཁ་༽ སྟེ་འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་གསུམ་དང་སྦྱར་བའི་འགྲེལ་པ་གཅིག་བཅས་མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་དང་།
༼མདོ་རྒྱན་མ་སྦྱར་བའི་འགྲེལ་པ་དགུ་སྟེ།༽ ༡) སློབ་དཔོན་སེང་བཟང་གིས་མཛད་པའི་འགྲེལ་ཆུང་བམ་པོ་ལྔ་པ། (དོན་གསལ།) པཎྜི་ཏ་བི་ཧྱ་ཀར་པྲ་བཧཱ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་ལ་སླར་པཎྜི་ཏ་གོ་མི་འཆི་མེད་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་པ། ༼སྡེ་ཇ་༽ ༢) འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་ཚིག་གསལ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཨ་བཧི་ཡུཀཏ་ཀཏཏར་ཤྲཱི་མིཏྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༼སྡེ་ཉ་༽ ༣) ཡང་འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་རྟོགས་པར་དཀའ་བའི་སྣང་བ། གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ། པཎྜི་ཏ་མར་མེ་མཛད་ཡེ་ཤེས་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༼སྡེ་ཇ་༽ ༤) འགྲེལ་ཆུང་དོན་གསལ་གྱི་བསྡུས་དོན་ནུབ་སྒོ་བ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀིརྟི་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། ༼སྡེ་ཇ་༽ ༥) རྒྱན་གྱི་བསྡུས་དོན་ཇོ་བོ་རྗེས་མཛད་པར་གྲགས་པ། (དོན་བསྡུས་སྒྲོན་མ།) པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༼སྡེ་ཐ་༽ ༦) ཁ་ཆེ་གཞོན་ནུ་དཔལ་གྱིས་མཛད་པའི་རྒྱན་གྱི་བསྡུས་དོན། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་བཀྲ་ཤིས་རྒྱལ་མཚན་གྱི་འགྱུར། ༼སྡེ་ཉ་༽ ༧) རིན་ཆེན་གྲགས་ཀྱིས་མཛད་པའི་གྲགས་པའི་ཆ། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་མཆིམས་ཡོན་ཏན་དཔལ་འབར་གྱི་འགྱུར། ༼སྡེ་ཉ་༽ ༨) ཁ་ཆེ་དྷརྨཱ་ཤྲཱི་ཛྙཱ་ནས་མཛད་པའི་ཤེས་རབ་སྒྲོན་མེའི་ཕྲེང་བ། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར། ༼སྡེ་ཏ་༽ ༩) སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཐུབ་པ་དགོངས་རྒྱན། ཤོ་ལོ་ཀ་དྲུག་སྟོང་ལྔ་བརྒྱ་པ། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དཔང་ཞོ་གསལ་བ་གྲགས་ཀྱིས་ནཱ་ལེནྡྲར་བསྒྱུར་བ་ལ་ཕྱིས་དཔང་བློ་བརྟན་གྱིས་དག་པར་བཅོས་པ། ༼སྡེ་ཨ་༽ བཅས་མདོ་རྒྱན་མ་སྦྱར་བའི་འགྲེལ་པ་དགུ་སྟེ། རྒྱ་འགྲེལ་ཉི་ཤུ་རྩ་གཅིག་ཅེས་གྲགས་སོ།།
དེ་དག་ལས་སྡུད་པ་དང་སྦྱར་བའི་འགྲེལ་པ་ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་དང་། ཡང་དེ་ཉིད་ཀྱིས་མཛད་པར་གྲགས་པའི་འབུམ་རྐྱང་དང་སྦྱར་བའི་འགྲེལ་པ་སྟོང་ཕྲག་བརྒྱ་པའི་བཤད་པ་གཉིས་སུ་བོད་ཚིག་མང་བས་ཁ་ཆེ་དྷརྨ་ཤྲཱིར་ཁ་གཡར་བ་ཙམ་ལས་རྒྱ་འགྲེལ་ཚད་ལྡན་མ་ཡིན་པར་མངོན་པ་དང་། སྨྲི་ཏི་དྲན་པའི་ཡེ་ཤེས་དབང་པོས་མཛད་པར་གྲགས་པའི་ཡུམ་གསུམ་དོན་བརྒྱད་དང་སྦྱར་བའི་འགྲེལ་པ་ཡང་མདོ་རྒྱན་སྦྱར་ཚུལ་ལ་སྐྱོན་ཆགས་པ་མང་བས་ཀུན་མཁྱེན་བུས་མི་ཏྲི་པ་ལ་ (སྨྲི་ཏིར།) ནོར་བ་ཡིན་ནམ་ཞེས་གསུངས་པ་ལྟར། མཁས་དབང་དྲན་པའི་ཡེ་ཤེས་གྲགས་ཀྱི་མཛད་མིན་ལ་དོགས་པ་ཆེ་ཡང་རྒྱ་འགྲེལ་ཞིག་ནི་ཡིན་པར་མངོན་ནོ། །མདོ་རྒྱན་མ་སྦྱར་བའི་འགྲེལ་པའི་གྲས་ཇོ་བོས་མཛད་པར་གྲགས་པའི་བསྡུས་དོན་ (དོན་བསྡུས་སྒྲོན་མ།) ཡང་ནུས་པ་ཆུང་ཞིང་། བོད་ཚིག་མང་བས་ཇོ་བོས་མ་མཛད་པར་གསལ་ལ། དེ་ལྟར་ན་དོགས་མེད་ཀྱི་རྒྱ་འགྲེལ་བོད་དུ་འགྱུར་བ་ནི་བཅོ་བརྒྱད་དོ།།
འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཐུབ་པ་དགོངས་རྒྱན་ནི་གསུང་རབ་སྤྱིའི་དགོངས་འགྲེལ་ཡིན་མོད། ལེའུ་ཕྱི་མ་གསུམ་དུ་གཙོ་ཆེར་མངོན་རྒྱན་གྱི་དོན་སྟོན་པས་རྒྱན་འགྲེལ་དུ་བགྲང་ཡང་མི་རུང་བ་མེད་པས། འདིར་བགྲང་ལ་གང་ཟག་སོགས་འགའ་ཟུང་མདོ་དང་སྦྱར་ཡང་ཕལ་མོ་ཆེས་མདོ་རྒྱན་མ་སྦྱར་བའི་འགྲེལ་པར་བགྲངས་སོ། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་གླེང་བརྗོད། ཝཱཪ་ཎཱ་ཆེས་མཐོའི་སློབ་ཁང་། ཤོག་ ཀ ནས་ ལ་བར།
[2] རྣམ་བཤད་སྙིང་པོའི་རྒྱན། ཝཱཎ་གཙུག་ལག་སློབ་གཉེར་ཁང་། ༣༠༡༨ ལོ། ཤོག་ ༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༧ ནས་ ༢༢༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།