༡) ཚ་བ་གསུམ་གྱི་གཙུག་ལག་ཁང་ངོ་སྤྲོད།
དེ་ཡང་གཉན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལས[1]།
ཐུབ་པའི་ལུགས་བཟང་ཐེག་མཆོག་ཤེར་ཕྱིན་མཛོད། །
ལེགས་བཤད་ལྡེའུ་མིག་དུ་མས་རབ་ཕྱེས་ཏེ། །
མངོན་རྟོགས་ནོར་བུའི་བགོ་བཤས་ཚིམ་མཛད་པའི། །
སློབ་དཔོན་སེང་བཟང་ཞབས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུགས་བཟང་ལས་ཐེག་མཆོག་ཤེར་ཕྱིན་མཛོད་ཀྱི་ལེགས་བཤད་བསྟན་བཅོས་ལས། བརྒྱད་སྟོང་འགྲེལ་ཆེན་སོགས་མཛད་ཡུལ་གྱི་ཚ་བ་གསུམ་གྱི་གཙུག་ལག་ཁང་ཞེས་པ་དེ་ཐོག་མར་སུས་ཕྱག་བཏབ་མིན་དང་། མཚན་ཇི་ལྟར་ཐོགས་ཚུལ། ཚ་བ་གསུམ་གྱི་གཙུག་ལག་ཁང་ལ་མཁས་པའི་བཞེད་ཚུལ་སོགས་མི་མཐུན་པ་མང་སྟེ། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། རྒྱལ་པོ་ཆེན་པོ་གོ་པཱ་ལ་དེ་ནི། །ཤར་ཕྱོགས་བྷཾ་ག་ལ་ཙམ་མངའ་རིས་འདུས། །བཙུན་མོ་ལྔ་བརྒྱ་རེ་རེ་ལ་ཡང་ནི། །དགེ་སློང་མ་ཚོགས་ལྔ་བརྒྱའི་མཆོད་གནས་ཡོད། །བཙུན་མོ་ཐ་ཆུང་རྒྱལ་པོར་མ་ཕྲད་ནས། །དགེ་སློང་མ་ཞིག་གིས་ནི་དབང་བྱེད་ཀྱི། །སྨན་སྦྱར་རྒྱལ་པོའི་ཞལ་དུ་མ་ཐོངས་ནས། །རིགས་ལད་དོགས་པས་མཚོ་ཡི་ནང་དུ་ཕོ། །མཚོ་དེའི་ཀླུ་རྒྱལ་དབང་དུ་གྱུར་ནས་ནི། །རྒྱལ་པོར་སྤྲུལ་ཏེ་བཙུན་མོའི་གམ་དུ་འོངས། །རྒྱལ་པོས་ཐོས་ནས་ཀླུ་དེ་འཛིན་བཅུག་པས། །བདག་ལ་དབང་མེད་སྨན་དེའི་ནུས་པ་ཡིན། །བཙུན་མོའི་བུ་འདི་རྒྱལ་པོ་ཉིད་ལ་འབུལ། །སྨན་དེ་བཏོན་ན་ཕྱིན་ཆད་མི་འོང་ཟེར། །བུ་དེ་བསོད་ནམས་ལྡན་པར་རྟོགས་ནས་ནི། །རྒྱལ་པོས་མངའ་མཛད་དྷརྨ་པཱ་ལར་བཏགས། །རྒྱལ་པོ་འདས་ནས་རྒྱལ་སྲིད་མངའ་དབང་བསྐུར། །ས་བདག་ཆེན་པོ་དཔལ་ལྡན་ཆོས་སྐྱོང་དེས། །གཙུག་ཁང་བཞེངས་ཕྱིར་ལྟས་མཁན་ལ་དྲིས་པས། །དཀའ་ཐུབ་ལྷ་གནས་ནས་བླངས་ཀོང་བུ་རུ། །བྲམ་ཟེའི་རས་ལ་སྡོང་བུ་བྱས་ནས་ནི། །ཚོང་དཔོན་ལས་བླངས་མར་ལ་མེ་སྤར་ནས། །མཆོད་རྟེན་གང་དུ་ཕུལ་ན་ཆོས་སྐྱོང་གི །སྤྲུལ་པས་ཀོང་བུ་གང་དུ་བསྐྱུར་པ་དེར། །བརྩིགས་ཞེས་རྨི་ལམ་ནང་དུ་བསྟན་མཐོང་ནས། །དཀོན་མཆོག་མཆོད་དང་སྦྱིན་པ་རྒྱ་ཆེར་བྱས། །མར་མེ་ཕུལ་ཚེ་ཀོང་བུ་བྱ་རོག་གིས། །ཁྱེར་ཏེ་མཚོ་ཆེན་ཞིག་ཏུ་དོར་བར་གྱུར། །རྒྱལ་པོ་ཡི་ཆད་སྡུག་བསྔལ་ལྡན་པ་ན། །ཀླུ་རྒྱལ་སྦྲུལ་མགོ་ལྔ་པ་ཅིག་འོངས་ཏེ། །ང་ནི་ཁྱོད་ཀྱི་ཕ་ཡིན་མཚོ་བསྐམས་ལ། །རྩིག་ཏུ་གཞུག་གིས་ཞག་ནི་བདུན་རེ་བཞིན། །དཀོན་མཆོག་མཆོད་སྦྱིན་རྒྱ་ཆེར་གྱིས་ཤིག་ཟེར། །བདུན་གསུམ་འདས་ཚེ་མཚོ་དེ་བསྐམས་གྱུར་ནས། །གཙུག་ལག་ཁང་བྱས་མཚོ་ཡི་ཤུལ་ཡིན་ཕྱིར། །རྒྱ་མཚོ་སྦས་པའི་གཙུག་ལག་ཁང་ཞེས་བྱ། །གཉུག་མར་གནས་པའི་དགེ་སློང་རྣམས་ལ་ནི། །གྲང་བའི་ནད་ཀྱིས་བཏབ་པ་ཞི་བྱའི་ཕྱིར། །ཤིང་རྟས་ཚ་བ་གསུམ་གྱི་སྨན་བསྐྱས་ནས། ཁྲོན་པར་བླུགས་པས་ཏྲཱི་ཀསྟུ་ཀ་འམ། །ཚ་བ་གསུམ་པའི་གཙུག་ལག་ཁང་དུ་གྲགས། །སེང་གེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་ཡང་། །སྦྱིན་བདག་དཔལ་ལྡན་ཆོས་སྐྱོང་གིས་བྱས་ནས། །ཏྲཱི་ཀསྟུ་ཀའི་གནས་སུ་སྦྱར་བར་གསུངས། །ཞེས་ཚ་བ་གསུམ་གྱི་གཙུག་ལག་ཁང་བཞེངས་པར་གསུངས་ལ། བུ་སྟོན་ཆོས་འབྱུང་དང་། བཀའ་གདམས་ཆོས་འབྱུང་གཉིས་ལས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་བཞེངས་པར་གསུངས་ཤིང་། རྗེ་བཙུན་བྱམས་མགོན་གྱི་ཞལ་མཇལ་ཡུལ་ཡང་ཨོ་ཏནྟ་པུ་རི་བི་ཧ་རིའི་གནྡྷོ་ལའི་སྟེང་གི་ནམ་མཁར་ཡིན་ཚུལ་གསལ་ནའང་། བརྒྱད་སྟོང་འགྲེལ་ཆེན་ལས་ཚ་བ་གསུམ་གྱི་གཙུག་ལག་ཁང་བཞེངས་པར་གསུངས་པ་དང་། ཀུན་མཁྱེན་ཆོས་འབྱུང་ལས་བི་ཀྲ་མ་ཤཱི་ལ་རྣམ་པར་གནོན་པའི་ཚུལ་ཁྲིམས་ཀྱི་གཙུག་ལག་ཁང་བཞེངས་པར་གསུངས་པ་སོགས་བཞེད་ལུགས་མི་མཐུན་པས་དཔྱད་དགོས་པར་སྣང་ངོ་།།
ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། མཚན་གཽ་པཱ་ལར་གསོལ། སྐུ་ཚེའི་སྟོད་ལ་བྷཾ་ག་ལ་དབང་བསྒྱུར། སྨད་ལ་མ་ག་དྷ་ཡང་དབང་དུ་བསྡུས་ཏེ། ཨོ་ཏནྟ་པུ་རི་དང་ཉེ་བ་ན་ནཱ་ལནྡཱ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས། ཡུལ་ཆེན་པོ་དེ་གཉིས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཏེ་བསྟན་པ་ལ་མཆོད་པ་རྒྱ་ཆེན་པོ་མཛད་དོ། །སློབ་དཔོན་སྤྱོད་པ་བ་སྐུ་འདས་པའི་ཕྱི་ལོ་རྒྱལ་པོ་འདི་རྒྱལ་སྲིད་ལ་དབང་བསྐུར་བ་ཡིན་ཟེར་བ་དབང་པོ་བྱིན་གྱིས་བཤད། ལོ་བདུན་ནས་ཡིན་ཟེར་བ་ས་དབང་བཟང་པོས་བཤད་དོ། །ཞེས་གསལ་ལོ།།
དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) བརྩམས་པའི་དེབ་ཐེར་དམར་པོ་གསར་མ་ལས[4]། སྐབས་ཤིག་ཏུ་བྲན་མོ་ཞིག་ལ་ཤིང་གི་ལྷ་ཞིག་གི་བུ་བྱུང་བ་ཕས་ནོར་བུ་བྱིན་པས་ས་ལ་དབང་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་གོ་པཱ་ལ་ཞེས་གྲགས་སོ། །འདིས་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས། དེའི་བཙུན་མོ་ལ་ཀླུའི་རྒྱལ་པོ་ཞིག་གི་བུ་བྱུང་བ་ལ། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་དུ་གྲགས་ཏེ། འདིས་ཨོ་ཏན་ཏ་པུ་རིའི་གཙུག་ལག་ཁང་དང་། བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་བཞེངས། དེ་ལ་སྲས་རྒྱལ་པོ་དང་པཎྜི་ཏ་དང་གྲུབ་ཐོབ་དང་སྡིག་སྤྱོད་ཀྱི་རྒྱལ་པོ་སྟེ་བཞི་བྱུང་བའི་ཕྱི་མ་ལ་བུ་དཱི་ཝ་པཱ་ལ། དེའི་སྲས་རྒྱལ་པོ་ས་སྐྱོང་། འདིས་སློབ་དཔོན་སེང་གེ་བཟང་པོས་ཤེར་ཕྱོགས་ཀྱི་འགྲེལ་པ་རྣམས་བརྩམས་པའི་སྦྱིན་བདག་མཛད་པར་གྲགས་ནའང་བརྒྱད་སྟོང་འགྲེལ་ཆེན་རང་དུ་ནི་དཔལ་ལྡན་ཆོས་སྐྱོང་གིས་མཛད་པར་བཤད་དོ། །ཞེས་བྱུང་ངོ་།།
དེ་ལྟར་སློབ་དཔོན་སེངྒེ་བཟང་པོས་བརྒྱད་སྟོང་འགྲེལ་ཆེན་གྱི་བསྟན་བཅོས་མཛད་ཡུལ་གྱི་ཚ་བ་གསུམ་གྱི་གཙུག་ལག་ཁང་གང་དུ་ཆགས་པ་ནི། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[5]། མག་པུ་ཏཱ་བ་ད་ནས་པ་ཀ་ར་ཐི་བརྒལ་བའི་ཤར་འགྲམ་ན་ཡུལ་ཝ་རིནྟ་སྟེ་ཤར་ཕྱོགས་གངྒཱ་ལ་ཡོད། དེར་རང་རེའི་བོད་ཀྱི་གཙང་པོ་རྒྱ་མཚོར་འབབ་ས་དང་ཧ་ཅང་མི་རིང་སའི་གཙང་པོ་དང་། ཆུ་བོ་གངྒཱ་གཉིས་ཀྱི་བར་དུ་ཊཱ་ཀ་ཟེར་བའི་གྲོང་ཁྱེར་རྒྱང་གྲགས་བཅུ་གཉིས་ཀྱི་ཚད་ཅན་དང་། འདི་དང་ཉེ་སར་མཚོ་ཞིག་གི་དབུས་སུ་དཔལ་ཚ་བ་གསུམ་གྱི་ལྷ་ཁང་ཡོད་པ་དེར་དེང་སང་ཡང་ད་དུང་ཐེག་ཆེན་པའི་དགེ་འདུན་ཉི་ཤུ་ལྷག་ཙམ་བཞུགས་ཡོད་ཅེས་ཡུལ་དེའི་བེ་ར་ཀི་ཞིག་ལས་ཁོ་བོས་དངོས་སུ་ཐོས། ཞེས་གསུངས་པ་ལྟར་རོ།།
དེ་ལྟར་ཨོ་ཏནྟ་པཱུ་རི་ནི་རི་སྟེང་དང་། ནཱ་ལེནྡྲ་ནི་ཐང་སྟེང་། བི་ཀྲ་མ་ཤིའི་གཙུག་ལག་ཁང་ནི་རི་འབུར་གྱི་སྟེང་དུ་ཆགས་པ་ལས་མཚོ་སྟེང་དུ་ཆགས་པའི་སྐོར་གཏན་ནས་མི་གསལ་བས། ཚ་བ་གསུམ་གྱི་གཙུག་ལག་ཁང་ནི་མཚོ་སྟེང་དུ་བཞེངས་པར་བྱུང་རབས་ལས་གསལ་བར་བྱུང་བས། སྦྱིན་བདག་རྒྱལ་པོ་གཅིག་ཡིན་ནའང་གཙུག་ལག་ཁང་དེ་དག་སོ་སོར་ཡོད་པ་ཞིག་ལས། མཚན་གྱི་རྣམ་གྲངས་ལྟ་བུ་མིན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཉན་དགོན་སྤྲུལ་སྐུའི་གསུང་འབུམ། ༼༢༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༨༠
[2] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༩༧
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤༧
[4] དེབ་ཐེར་དམར་པོ་གསར་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༥
[5] འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༦༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༠ ནས་ ༢༡༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།