ཏ༽ མདོ་རྒྱན་སྦྱར་བའི་གཞུང་ཐོག་མ་མཛད་ཚུལ།
དེ་ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་ (1143-1217) མཛད་པའི་བཀའ་བརྒྱུད་འབྲི་གུང་པ་ལུགས་ཀྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་གསོལ་འདེབས་ལས[1]།
རབ་དགའི་ས་ཐོབ་འཕགས་པ་གྲོལ་སྡེའི་ཞབས། །
བྱམས་པས་བྱིན་རླབས་བཙུན་པ་རྣམ་གྲོལ་སྡེ། །
ལུང་རྟོགས་ཡོན་ཏན་ཕུན་ཚོགས་མཆོག་གི་སྡེ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཞེས་གསུངས་པ་ལྟར་འཕགས་པ་རྣམ་གྲོལ་སྡེས་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་མཛད། འཛམ་བུའི་གླིང་དུ་མདོ་རྒྱན་སྦྱར་བའི་ཐོག་མ་འདི་ཡིན་ནོ། །སློབ་དཔོན་བདག་ཉིད་ཆེན་པོ་འདིས་བསྟན་པའི་དོན་དུ་མདོ་རྒྱན་སྦྱར་ནས་སྐལ་བ་དང་ལྡན་པ་དག་ལ་རྒྱ་ཆེར་སྤེལ་ཞིང་། དེའི་ཚེ་ཤེར་ཕྱིན་གྱི་གདམས་ངག་ཉན་པའི་སློབ་མ་སྟོང་ཕྲག་མང་པོ་བྱུང་ཞིང་། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་སློབ་པར་འདོད་པ་མཐའ་དག་བདག་ཉིད་ཆེན་པོ་འདིའི་ཞབས་རྡུལ་ལ་བརྟེན་པ་ཞིག་བྱུང་ངོ་། །སློབ་དཔོན་འདིས་ལོ་སུམ་ཅུ་ཙམ་གྱི་རིང་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་དགའ་ལྡན་དུ་རྒྱལ་བ་མི་ཕམ་པའི་ཞབས་དྲུང་དུ་ཕེབས་སོ།།
དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་འཕགས་པ་གྲོལ་སྡེ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིས་མདོ་རྒྱན་སྦྱར་བའི་ཤིང་རྟའི་སྲོལ་ཕྱེ་བ་ལྟར། བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་རྒྱལ་བའི་གསུང་རབ་ཉིད་ལས་གསུངས་པའི་ཚུལ་ལ་ངེས་པ་རྙེད་པར་བྱས་ནས་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་མ་ཚང་བ་མེད་པ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པ་ཆིག་བསྒྲིལ་དུ་བྱའོ། །ཞེས་གསལ་ལོ།།
སི་ཏུ་ཆོས་ཀྱི་འབྱུང་གནས་ (1699/1700-1774) ཀྱིས་མཛད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[2]། སློབ་དཔོན་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་གཞུང་བཤད་ཅིང་། དགེ་འདུན་སྲུང་གིས་མན་ངག་ཕོག་པའི་སློབ་མ་རྣམ་གྲོལ་སྡེས་ཀྱང་བྱམས་པས་ལུང་བསྟན་པ་ལྟར། དགེ་བསྙེན་ཞི་བའི་གོ་ཆས་ཉི་ཁྲི་ལེ་བརྒྱད་མའི་དཔེ་པོ་ཊ་ལ་ནས་སྤྱན་དྲངས་པ་དང་། ཝཱ་རཱ་ཎ་སཱིར་འཛོམས་པས་དེར་ཐེ་ཚོམ་ཐམས་ཅད་ཆོད་ནས་ཉི་ཁྲི་རྒྱན་དང་སྦྱར་བའི་འགྲེལ་པ་བརྩམས་སོ། །ཅེས་གསལ་ལོ།།

རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[3]། གསུམ་པ་འཕགས་པས་ཕྱེ་ཚུལ་ནི། རྣམ་པར་ཕྱེའོ། །གང་ན་མདོ་དང་རྒྱན་གཉིས་ཏེ་འོག་མ་ལ་ཡང་ཤེས་པར་བྱའོ། །གང་གིས་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པས་འཕགས་པའི་ཁོངས་སུ་གཏོགས་པ་ཡི་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བ་དེས་སོ། །ཀྱང་ནི་སྔ་མ་གཉིས་སུ་མ་ཟད་པའོ། །གང་དུ་ན། རྣལ་འབྱོར་གོམས་པས་དོན་གྱི་དེ་ཉིད་བསྲུབས་པས་འཇིག་རྟེན་འདས་པའི་ཤེས་ལྡན་པར། །སྐྱེས་གྱུར་བློ་བཟང་འཕགས་པ་རྣམ་གྲོལ་སྡེ་ཡིས་འགྲེལ་པ་ལ་ནི་ཆེར་འབད་ལ། །ཞེས་པ་ལྟར་ཉི་ཁྲིའི་འགྲེལ་པར་རོ། །བློ་གང་གིས་ན། ཡུམ་དང་བསྟན་བཅོས་ཀྱི་དོན་ཡོད་མེད་རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུ་མར་གནས་པ་ལ་དེ་ལྟར་རྟོགས་པས་བློས་སོ། །འདིར་སྔ་མ་རྣམས་འགྱུར་འདི་ལྟར་ན་ཤེས་བྱ་ནང་གི་ཡིན་པ་ལ་ཟུར་ཟ་ལ། གཟུ་བོར་གནས་པའི་བློས་ཞེས་པ་ལྟར་ན་རང་མོས་གཙོར་བྱེད་ལ་ཟུར་ཟ་ཞེས་འཆད་དོ། །ཅི་སྟེ་སྔ་མ་གཉིས་ཀྱིས་ཕྱེ་ཟིན་པས་འདིས་འབྱེད་མི་དགོས་ཤེ་ན། སྔ་མ་གཉིས་པོ་དེས་འགྲེལ་པ་བྱས་པ་རྣམ་རིག་ཙམ་གྱི་གཞུང་དང་མཐུན་པའི་ཕྱིར་རམ། སྐབས་ཀྱི་དོན་མ་བརྗོད་ཅིང་རྣམ་རིག་ལ་ཞེན་པ་མ་སྤངས་པའི་ཕྱིར། ཡུམ་དོན་ཇི་ལྟ་བ་བཞིན་བྱས་པ་མིན་པར་མཐོང་ནས་ཕྱེ་བས་ཉེས་པ་མེད་དོ། །ཞེས་གསུངས་པ་ལྟར་རོ།།
སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་གདུལ་བྱའི་ཚོགས་ལ་ཟབ་རྒྱས་ཀྱི་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་ནང་ནས་གཙོ་བོ་དང་རབ་དང་མཆོག་ཏུ་གྱུར་པ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་པ་ནི་གླེང་གཞི་དང་ཡོངས་གཏད་སོགས་ལས་རྟོགས་པར་ནུས་ལ། དེའི་དགོངས་པ་འགྲེལ་ཚུལ་ལ་རྗེ་བཙུན་བྱམས་མགོན་གྱིས་མངོན་རྟོགས་རྒྱན་དུ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དངོས་པོ་བརྒྱད་དང་དོན་བདུན་ཅུར་དྲིལ་ཏེ་གསལ་བར་མཛད་ཅིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་སུ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རིགས་པའི་རྣམ་གྲངས་མཐའ་ཡས་པས་ཆེས་ཆེར་གསལ་བར་མཛད། དེ་ལས་མངོན་པར་རྟོགས་པའི་རྒྱན་མདོ་དང་སྦྱར་བའི་འགྲེལ་པ་བཅུ་གཉིས་དང་། མ་སྦྱར་བའི་འགྲེལ་པ་དགུ་སྟེ་རྒྱ་གར་མར་གྲགས་པའི་འགྲེལ་པ་ཉེར་གཅིག་བྱུང་ཞིང་། དེ་དག་གི་ནང་ནས་ཉི་ཁྲི་དང་སྦྱར་བ་བཞིའི་གྲས་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པའི་ཉི་ཁྲི་སྣང་བ་ནི་མདོ་རྒྱན་སྦྱར་བའི་ཐོག་མ་ཡིན་ཚུལ་གོང་དུ་བཤད་ཟིན། ཉི་ཁྲི་ལ་རབ་འབྱོར་གྱི་ལེའུ་ནས་བསླབ་པའི་འབྲས་བུའི་ལེའུའི་བར་ལེའུ་བརྒྱད་དུ་བྱས་ནས་མངོན་རྟོགས་རྒྱན་གྱི་སེམས་བསྐྱེད་ནས་འཕྲིན་ལས་ཀྱི་བར་སྐབས་བརྒྱད་དང་བསྒྲིགས་ནས་སྦྱར་ཞིང་། དེ་ཡང་སློབ་དཔོན་སེང་བཟང་ཞབས་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་ལས[4]།
འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡིས་དོན་མཐོང་སྒོ་ནས་ནི། །
གོ་བར་སླ་ཕྱིར་ཚིག་དང་ནི། །ངག་སོགས་སྦྱོར་བ་མ་བྱས་པར། །
མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ནས། །
ཚིག་ལེའུར་བྱས་པའི་འགྲེལ་གསལ་བ། །འདི་ནི་སེངྒེ་བཟང་པོས་བྱས། །
ཞེས་གསུངས་པ་ལྟར་མདོ་དང་རྒྱན་སྦྱར་ཚུལ་ལ་བསྟན་བཅོས་ཆེན་པོ་འདི་ཉིད་ཀྱིས་མཁས་པ་རྣམས་ཀྱི་བློ་གྲོས་ཀྱི་མིག་ཡངས་པོར་ཕྱེ་སྣང་ངོ་།།
དེ་བཞིན་ཀུན་མཁྱེན་རོང་སྟོན་ཆོས་རྗེས་ (1367-1449) མཛད་པའི་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་གསལ་ལས[5]། ཐུབ་པའི་དབང་པོས་འགྲོ་བ་མཐའ་དག་སྡུག་བསྔལ་ལས་བསྒྲལ་ནས་རྣམ་པར་གྲོལ་བ་མཆོག་ལ་འགོད་པའི་ཆེད་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། ཐབས་ལ་མཁས་པ་དང་བརྩོན་འགྲུས་དཔག་ཏུ་མེད་པའི་སྒོ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཤིན་ཏུ་གོམས་པར་མཛད་པའི་སྟོབས་ཀྱིས། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བརྙེས་ཏེ། གདུལ་བྱ་རྣམས་ཀྱི་བློའི་རིམ་པ་དང་འཚམ་པར་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་རོ། །དེ་རྣམས་ཀྱི་ཤིན་ཏུ་ཟབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེའི་དོན་ནི་རྣམ་པ་གཉིས་ཏེ། དངོས་བསྟན་སྟོང་པ་ཉིད་ཀྱི་དོན་དང༌། སྦས་དོན་མངོན་པར་རྟོགས་པའི་རིམ་པའོ།།
དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་པའི་ཚོགས་ཀྱིས་གསལ་བར་བསྟན་པར་དག་ཡིན་ལ། གཉིས་པ་ནི། འཕགས་པ་བྱམས་པས་ཡུལ་སྟོང་པ་ཉིད་དང་སྦྱར་ནས་བསྟན་པའི་ཡུལ་ཅན་མངོན་པར་རྟོགས་པའི་རིམ་པའོ། །དགོངས་འགྲེལ་གྱི་བསྟན་བཅོས་འདི་གཉིས་ལ་ནི་ཤིང་རྟའི་སྲོལ་འབྱེད་རྣམ་པ་གཉིས་ཞེས་གྲགས་ཏེ། དགོངས་འགྲེལ་རྩོམ་པ་པོ་གཞན་དག་ནི་འདི་གཉིས་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །གང་དག་དཔའ་བོའི་སྟོང་ཕྲག་བརྒྱ་པའི་བཤད་པ་དང༌། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུ་དང་བཞི་ཡིན་ཞེས་སྨྲ་བ་ནི་མི་འཐད་དེ། སྔ་མ་གཉིས་ལས་སྲོལ་འབྱེད་གཞན་མ་ཡིན་པའི་ཕྱིར་རོ།།
ཡང་འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་མ་ཕམ་པ་ལ་མདོ་དང་བསྟན་བཅོས་དངོས་སུ་གསན་ནས་མདོའི་འགྲེལ་པ་མཛད་ཅིང༌། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མདོའི་འགྲེལ་པ་མཛད་ལ། གཉིས་ཀས་ཀྱང་མདོ་དང་རྒྱན་མ་སྦྱར་རོ་ཞེས་གྲག་གོ །འོན་ཀྱང་སྦྱོར་བར་འདོད་པ་ཉིད་ལེགས་སོ། །ཡང་འཕགས་པ་རྣམ་གྲོལ་སྡེ་རྒྱན་དང་སྟོང་ཕྲག་ཉི་ཤུ་ལྔ་པ་སྦྱར་བའི་འགྲེལ་པ་བྱས་ཤིང༌། སླར་ཡང་སློབ་དཔོན་སེང་གེ་བཟང་པོས་འཕགས་པ་རྣམ་གྲོལ་སྡེའི་རྗེས་སུ་འབྲངས་ནས་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་དང་སྦྱར་བ་ལེ་བརྒྱད་མའི་བསྡུས་དོན་མཛད་ལ། བརྒྱད་སྟོང་པས་ཀྱང་མངོན་པར་རྟོགས་པའི་དོན་ཚང་བར་སྟོན་པར་དགོངས་ནས་རྒྱན་དང་སྦྱར་བའི་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ་མཛད་ཅིང༌། ཡུམ་ཀུན་གྱི་རྒྱན་དུ་རྟོགས་པའི་ཆེད་དུ་རྒྱན་དང་ཡུམ་གསུམ་ཀ་སྦྱར་བའི་འགྲེལ་པ་དོན་གསལ་མཛད་དོ། །ཞེས་གསུངས་པ་ལྟར་རོ།།
གཞན་ཡང་གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་པ་དོན་གསལ་བ་དང་བཅས་པ་ལེགས་པར་བཤད་པ་རིན་ཆེན་བསམ་འཕེལ་དབང་གི་རྒྱལ་པོ་ལས[6]། གྲོལ་སྡེས་ཕྱེ་ཚུལ་ནི། འཕགས་པ་གྲོལ་སྡེ་ཆོས་ཅན། དབྱིག་གཉེན་གྱིས་བཀྲོལ་བ་དེའི་འོག་ཏུ་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་ཕྱེ་བ་ཡིན་ཏེ། ཉིད་ཀྱིས་ཡུམ་དོན་དབུ་མར་གནས་པ་རྟོགས་པའི་བློ་ལ་བརྟེན་ནས་ཉི་ཁྲི་སྣང་བ་བརྩམས་པའི་ཕྱིར། སྔོན་ཆད་རྣམ་པར་ཕྱེ་ཟིན་པས་འདི་ནི་རིགས་པ་མ་ཡིན་ནོ་ཞེ་ན། ཆོས་ཅན། ཡུམ་དོན་སྔར་ཕྱེ་ཟིན་པས་ཁྱོད་ཀྱིས་ཡུམ་དོན་ཕྱེ་བ་མི་རིགས་མི་དགོས་ཏེ། ཐོགས་མེད་དང་དབྱིག་གཉེན་དེས་བྱས་པའི་འགྲེལ་པས་ཡུམ་དོན་ཇི་ལྟ་བ་བཞིན་བྱས་པ་མིན་པར་མཐོང་ནས་ཁྱོད་ཀྱིས་ཡུམ་དོན་དབུ་མར་ཕྱེ་བའི་ཕྱིར། བཙུན་པས་རྣམ་བཤད་བྱས་ཚུལ་ནི། དད་པའི་ས་ཚོགས་ལམ་ལ་གནས་པའི་བཙུན་པ་རྣམ་གྲོལ་སྡེ་ཆོས་ཅན། འཕགས་པ་གྲོལ་སྡེས་ཕྱེ་བ་དེའི་འོག་ཏུ་མངོན་རྟོགས་རྒྱན་ལ་རྣམ་བཤད་བྱས་པ་ཡིན་ཏེ། བློས་ཡུམ་གྱི་ཚིག་དོན་མཐའ་དག་མ་རྙེད་པར་རང་གི་རྟོགས་པ་དང་མཐུན་པར་ཉི་ཁྲི་རྣམ་འགྲེལ་བརྩམས་པའི་ཕྱིར། ཞེས་གསུངས་སོ།།
དེ་ལྟར་རྒྱལ་བ་མ་ཕམ་པའི་ཞལ་གཟིགས་ཤིང་རྗེ་བཙུམ་བྱམས་མགོན་གྱི་དྲུང་ནས་ཀྱང་ཆོས་མཉན་པའི་སྐལ་བ་སྨིན་ཅིང་། ཆོས་ཀྱི་ཚུལ་ཐམས་ཅད་ལ་སོམ་ཉི་ཡོངས་སུ་བྲལ་ནས་རྗེ་བཙུན་བྱམས་པ་མགོན་པོས་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་ལ་རྒྱལ་བའི་མདོ་ཉི་ཁྲི་དང་སྦྱར་བའི་འགྲེལ་པ་ཉི་ཁྲི་སྣང་བ་མཛད་དེ་འཛམ་བུ་གླིང་འདིར་མདོ་དང་སྦྱར་བའི་དགོངས་འགྲེལ་ཐོག་མ་དེ་ཡིན་ནོ། །དེ་ནས་བཟུང་སྐལ་ལྡན་བུ་སློབ་བུ་རྣམས་ལའང་གདམས་ངག་གི་བསྟན་བཅོས་ཀྱང་བཤད་ཁྲིད་དེ་ཉིད་སྤེལ་ཞིང་རྒྱུན་བསྐྱངས་ཏེ་ཟབ་མོའི་གཞུང་མཆོག་ཤེར་ཕྱིན་ལ་ཉམས་བཞེས་གནང་བའི་རྗེས་འཇུག་གི་སློབ་ཚོགས་ཀྱང་བརྒྱ་ཕྲག་དུ་མ་བྱུང་། སྐབས་དེར་ཐེག་ཆེན་གྱི་གྲུབ་མཐའ་ལ་མཆིས་སོ་ཅོག་གིས་ཀྱང་སློབ་དཔོན་འཕགས་པ་འདི་ཉིད་ཀྱི་ཞབས་པད་མ་བརྟེན་པ་གཅིག་ཀྱང་བྱུང་མེད་ཅེས་འཕགས་ཡུལ་དུ་ཡོངས་སུ་གྲགས། དེས་འཕགས་པ་གྲོལ་སྡེའི་སྐལ་ལྡན་གྱི་སློབ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་བྱོན་པའི་ཁྲོད་ནས་ཉི་མ་ལྟ་བུ་བཙུན་པ་གྲོལ་སྡེ་དང་། དེའི་སློབ་མ་མཆོག་སྡེ། དེའི་སློབ་མ་དུལ་བའི་སྡེ། དེའི་སློབ་མ་ཡང་དག་རྣམ་པར་སྣང་མཛད་དམ་ཡོངས་གྲགས་མཁན་ཆེན་ཞི་བ་འཚོ་རྣམས་ཡིན་ནོ། །དེས་ན་འདིར་ལོ་ངོ་བཅུ་ཕྲག་གསུམ་ལྷག་ཙམ་བསྟན་པ་བསྐྱངས་ནས་མཐར་དགའ་ལྡན་དུ་རྒྱལ་ཚབ་བྱམས་པ་མགོན་པོའི་ཞབས་དྲུང་དུ་གཤེགས་པར་མཛད་དོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལམ་རིམ་བླ་བརྒྱུད་གསོལ་འདེབས། འབྲི་གུང་སྲོང་བཙན་དཔེ་མཛོད། ༢༠༠༨ ལོ། ཤོག་གྲངས་ ༡༥
[2] བཀའ་འགྱུར་གྱི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༣༣
[3] ལེགས་བཤད་གསེར་ཕྲེང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༧
[4] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ ༥༢ པ། ༡༩༩༤ ལོ། ཤོག་གྲངས་ ༣༥༣
[5] རོང་སྟོན་བཀའ་འབུམ། པོད། ༼ག༽ དཔེ་གཟུགས། ཤོག་གྲངས་ ༣ན༡
[6] མངོན་རྟོགས་རྒྱན་དང་འགྲེལ་པ་དོན་གསལ་རྩ་འགྲེལ་གྱི་དགོངས་དོན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧ ནས་ ༤༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།