ང༽ འཕགས་པ་གྲོལ་སྡེ་དུས་ནམ་ཞིག་ལ་བྱོན་མིན།

ང༽ འཕགས་པ་གྲོལ་སྡེ་དུས་ནམ་ཞིག་ལ་བྱོན་མིན།

 

དེ་ཡང་གུང་རུ་རྒྱལ་མཚན་དཔལ་བཟང་པོས་ (1383-1450) མཛད་པའི་བྱམས་པའི་དགོངས་རྒྱན་ལས[1]།

སྐལ་བཟང་འགྲོ་ལ་ཟབ་ལམ་མཚོན་པའི་མིག །

རྣམ་གྲོལ་རྣམ་གཉིས་མཁའ་ལ་ཉི་ཟླ་བཞིན། །

ཞེས་བསྟོད་ཕྱག་མཛད་ཡུལ་གྱི་ཉི་ཟླ་དང་མཚུངས་པའི་རྣམ་གྲོལ་རྣམ་གཉིས་ཀྱི་ཡ་གྱལ་འཕགས་པ་རྣམ་གྲོལ་སྡེ་དུས་ནམ་ཞིག་བྱོན་ནམ་ཞེ་ན།

དེ་ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[2]། དབྱིག་གཉེན་གྱི་སྐུ་ཚེའི་སྟོད་དུ་རྒྱལ་པོ་དཱ་རི་ཀ་པ་དང་སྨད་ལ་སློབ་དཔོན་བློ་བརྟན་དང༌། ཡོན་ཏན་འོད་དང༌། ཕྱོགས་གླང་དང༌། དེའི་ཅུང་ཟད་རྗེས་སུ་སློབ་དཔོན་འཕགས་པ་གྲོལ་སྡེ་བྱོན། དེ་ལས་ཅུང་ཟད་ཕྱི་ཙམ་ནས་སངས་རྒྱས་བསྐྱངས་དང་། དེའི་འོག་ཏུ་ལེགས་ལྡན་དང༌། དེ་ནས་བཙུན་པ་གྲོལ་སྡེ་བྱུང༌། འདི་དུས་ཟླ་བ་གྲགས་པ་ཡང་བྱོན། ཞེས་གསུངས་པ་ལྟར་འཕགས་པ་རྣམ་གྲོལ་སྡེ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་མཇུག་ཙམ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་སྔོན་ཙམ་དུ་བྱོན་པར་གསལ་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། འཕགས་པ་ཐོགས་མེད་ཀྱི་འགྲོ་བའི་དོན་མཛད་པའི་དུས་ཡིན་ཅིང༌། སློབ་དཔོན་དབྱིག་གཉེན་དང༌། སངས་རྒྱས་འབངས་དང༌། དགེ་འདུན་འབངས་རྣམས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་སོ། །ཞེས་དེ་དག་དུས་མཉམ་དུ་བྱོན་པར་གསུངས་སོ།།

ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཙམ་གྱི་དུས་ན། རྒྱལ་པོ་ཟབ་མོའི་ཕྱོགས་འདས་པའི་འོག་ཏུ་ནུབ་ཕྱོགས་མ་རུའི་ཡུལ་དུ་སྐྱེས་པ་རྒྱལ་པོ་ཤྲཱི་ཧརྴ་ཞེས་བྱ་བ་ལས་ཀྱི་སྟོབས་ཤིན་ཏུ་ཆེ་བ་བྱུང་སྟེ་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་ལ་དབང་བསྒྱུར། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་སྟེ་སློབ་དཔོན་ཡོན་ཏན་འོད་བླ་མར་བཀུར་བ་ཞིག་བྱུང༌། དུས་དེ་ཙམ་ན་ཤར་ཕྱོགས་སུ་རྒྱལ་པོ་བྲིཀྵ་ཙནྡྲའི་བུ་བརྒྱུད་ལ་རྒྱལ་པོ་བི་ག་མ་ཙནྡྲ་དང༌། དེའི་བུ་ཀཱ་མ་ཙནྡྲ་གཉིས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཏེ། རྒྱལ་པོ་དེ་གཉིས་དབང་ཐང་དང་ལོངས་སྤྱོད་ཀྱང་ཆེ། སྦྱིན་པ་ལ་དགའ། རྒྱལ་སྲིད་ཆོས་ལུགས་བཞིན་དུ་སྐྱོང་བ་ཡིན་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་སྟེ། ཕྱི་ནང་གཉིས་ཀར་མཆོད་ཅིང་ཁྱད་པར་གཅེར་བུ་པ་རྣམས་ལ་མོས་སོ། །ཁ་ཆེར་དེ་ཙམ་ན་ཡང་རྒྱལ་པོ་མང་པོས་བཀུར་བ་ཉིད་ཡོད་དོ་ཞེས་གྲགས་སོ། །དེའི་ཚེ་ཤར་ཕྱོགས་སུ་སློབ་དཔོན་བློ་གྲོས་བརྟན་པ་དང༌། ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་འཕགས་པ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་ཀྱི་སྐུ་ཚེའི་སྨད་ཀྱི་འགྲོ་དོན་དང༌། ཡོན་ཏན་འོད་ཀྱི་འགྲོ་དོན་དར་བའི་དུས་སོ། །ཁ་ཆེའི་ཡུལ་དུ་བཙུན་པ་དགེ་འདུན་འབངས་ཀྱིས་འགྲོ་བའི་དོན་ཆེར་མཛད། སློབ་དཔོན་ཆོས་འབངས་ཡུལ་ཐམས་ཅད་དུ་གཤེགས་ཤིང་ཆོས་སྟོན་པ་ཞིག་བྱུང་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་སངས་རྒྱས་བསྐྱངས་བྱོན། ལེགས་ལྡན་དང༌། རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་ཡིན། ཞེས་བྱུང་ངོ་།།

ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[5]། འཕགས་པ་ཀླུ་སྒྲུབ་ཀྱི་སྔོན་དུ་དབུ་མའི་ལྟ་བ་འཛིན་པའི་རྒྱལ་པོ་ཨིནྡྲ་བོདྷི་དང་། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་སོགས་པ་བྱོན་ཞིང་། དེ་དག་གིས་ལྟ་བ་མཐར་ཐུག་སྟོན་པའི་གཞུང་མཛད་ནའང་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་དུ་མི་འཇོག་པ་དང་། ལེགས་ལྡན་འབྱེད་ཀྱི་སྔོན་དུ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་འཛིན་པའི་སློབ་དཔོན་དཱེ་བ་ཤྲ་མ་དང་། སློབ་དཔོན་ཞི་བ་འཚོའི་སྔོན་དུ་འཕགས་པ་གྲོལ་སྡེ་ལ་སོགས་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་འཛིན་པའི་སློབ་དཔོན་བྱོན་ཞིང་། དེ་དག་གིས་གཞུང་མཛད་ནའང་དེ་དག་ལུགས་དེ་དང་དེའི་ཤིང་རྟའི་སྲོལ་འབྱེད་དུ་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ལེགས་པར་སོམས་ཤིག །ཅེས་གསུངས་པ་ལྟར་འཕགས་པ་གྲོལ་སྡེ་ནི་དུས་རབས་བརྒྱད་པར་བྱོན་པའི་མཁན་ཆེན་ཞི་འཚོའི་སྔོན་དུ་བྱོན་ཟིན་པར་གསུངས།

དེ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[6]། གུཔྟའི་རྒྱལ་བརྒྱུད་ཀྱི་སྐབས་འདི་རྒྱ་གར་གྱི་རྒྱལ་ཁམས་ཆ་གང་ཐད་ནས་ཉི་མ་ཉིན་གུང་ལ་སླེབས་པ་བཞིན་དུ་དར་བའི་སྐབས་ཡིན་པར་གྲགས་ཤིང་། རྟ་དབྱངས་དང་ཕྱོགས་གླང་ལ་སོགས་པའི་སངས་རྒྱས་པའི་སློབ་དཔོན་ཆེན་པོ་དག་ཀྱང་ཕལ་ཆེར་འདིའི་རྒྱལ་བརྒྱུད་ཚུགས་ཙམ་ན་ཡིན། ཞེས་གསུངས་པ་འདིར་བརྟགས་ན་ཕྱི་ལོའི་དུས་རབས་བཞི་པའི་ནང་བྱོན་པར་ངེས་མོད། འོན་ཀྱང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[7]། ཆོས་ཀྱི་བཤེས་གཉེན་གྱི་ལོ་རྒྱུས་ཅུང་ཟད་ཙམ་ནི་གཞན་དུ་ཤེས་ལ། ཆོས་བཤེས་འདི་དང༌། འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་མཛད་མཁན་གྱི་ཆོས་བཤེས་གཅིག་པར་སྨྲ་ཞིང༌། དེ་ཉིད་ཡོན་ཏན་འོད་ཀྱི་དངོས་སློབ་ཏུ་འདོད་པ་ནི་འཁྱམས་པ་ལས་ཀྱང་ཆེས་འཁྱམས་པ་སྟེ། དེ་འདྲའི་ལུགས་ལྟར་ན། འཕགས་པ་རྣམ་གྲོལ་སྡེ་དང་སེང་གེ་བཟང་པོ་དུས་མཉམ་པར་བྱེད་དགོས་སོ། །ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོ་དང་དུས་མཉམ་དུ་བྱོན་པར་འདོད་དགོས་ན་དུས་རབས་དགུ་པ༌ཡིན་དགོས། དེས་ན་སངས་རྒྱས་བསྐྱངས་ཀྱི་སྔོན་ཙམ་དང་། སློབ་དཔོན་ཕྱོགས་གླང་གི་རྗེས་ཙམ་དུ་བྱོན་པ་འགྲིག་ཐབས་མ་མཆིས་པས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

སྡེ་དགེའི་བཀའ་འགྱུར་དཀར་ཆག་ལས[8]། སློབ་དཔོན་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ལ་མ་རུའི་ཡུལ་དུ་སྟོབས་དང་ལྡན་པའི་རྒྱལ་པོ་ཤྲཱི་ཏཪྵ་ཞེས་བྱ་བ་ཞིག་གིས་བསྟན་པ་ལ་མཆོད་ཅིང་སློབ་དཔོན་ཡོན་ཏན་འོད་བླ་མར་བཀུར་རོ། །དེའི་ཚེ་ཤར་ཕྱོགས་ན་སློབ་དཔོན་བློ་གྲོས་བརྟན་པ་དང་ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་དང་ཡོན་ཏན་འོད་ཀྱིས་འགྲོ་དོན་མཛད། སློབ་དཔོན་ཆོས་འབངས་ནི་ཡུལ་ཐམས་ཅད་དུ་གཤེགས་ནས་ཆོས་སྟོན། ལྷོ་ཕྱོགས་ཀྱི་རྒྱུད་དུ་སངས་རྒྱས་བསྐྱངས་བྱོན་ཞིང་། ལེགས་ལྡན་དང་རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་ཙམ་ཡིན་ནོ། །ཞེས་བྱུང་ལ། ཡོངས་གྲགས་འཕགས་པ་གྲོལ་སྡེ་ཕྱི་ལོའི་དུས་རབས་ལྔ་པའི་ནང་ཙམ་དུ་བྱོན་པར་འདོད་དོ།།

གཞན་ཡང་ཡུམ་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་[9]གྱི་དོན་ལས། ཡུམ་འབྲིང་པོའི་དོན་ཇི་ལྟར་གནས་པ་བཞིན་དུ་འགྲེལ་བ་མ་གྲུབ་སྟེ། ཡུམ་བར་མ་དེ་འཕགས་པ་གྲོལ་སྡེའི་དུས་སུ་དགེ་བསྙེན་ཞི་བའི་གོ་ཆས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་པོ་ཏ་ལ་ནས་དཀའ་བ་བརྒྱ་ཕྲག་དུ་མ་དང་དུ་བླངས་ནས་འཛམ་གླིང་དུ་གདན་དྲངས་ཤིང་། ཡུམ་བར་མའམ་སྟོང་ཕྲག་ཉི་ཤུ་ལྔ་པ་གནས་མཆོག་ཝཱ་ར་ཎཱ་སཱིར་སླེབས་པ་དང་འཕགས་པ་གྲོལ་སྡེས་མཇལ་ནས་ཉི་ཁྲིའི་སྣང་བ་མཛད་དོ་ཞེས་ཀུན་ལ་གྲགས་ཤིང་གྲུབ་པ་ལགས་པས། གལ་ཏེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྐུ་དུས་ནས་ཡུམ་ཤེར་ཕྱིན་འཛམ་གླིང་དུ་ཡོད་ན་ཀླུ་ཡུལ་ནས་གདན་དྲངས་པ་ཇི་ལྟར་འགྲིག་སྙམ་ན། དེ་ལ་ནི་སྐྱོན་མེད་དེ། འཕགས་པ་གྲོལ་སྡེ་སྐུ་མ་འཁྲུངས་གོང་གི་ལོ་ངོ་ ༢༠༠ སྔོན་ནས་ཡུམ་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་རྒྱའི་སྐད་ཡིག་ཏུ་བསྒྱུར་ཡོད་ལ། ལྷག་པར་ལོ་ཆེན་གཞོན་ནུ་སྲོག་གིས་ཕྱི་ལོ་ ༤༠༤ ལ་འགོ་བརྩམས་ནས་ལོ་ ༧ དང་ཟླ་བ་ ༡༡ ཉིན་ ༢༧ རིང་ལ་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་དང༌། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་དེའི་འགྲེལ་པ་ཤིན་ཏུ་རྒྱས་པ་ཤེར་ཕྱིན་མན་ངག་ཏུ་གྲགས་པ་དང་བཅས་པ་རྒྱའི་སྐད་ཡིག་ཏུ་རྫོགས་པར་བསྒྱུར་བ་ད་ལྟ་དངོས་སུ་མཇལ་དུ་ཡོད་པས། འཕགས་པ་གྲོལ་སྡེ་ཇི་ཙམ་བྱོན་སྔ་ཡང་དུས་རབས་ལྔ་པའི་སྨད་ཙམ་ལ་འཁྲུངས་པར་གྲུབ་ཅིང༌། ཕྱི་ལོ་ ༥༠༠ ནས་ ༦༠༠ བར་གྱི་སློབ་དཔོན་ཞིག་ཡིན་པས། གལ་ཏེ་དེའི་གོང་དུ་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་འཛམ་བུའི་གླིང་དུ་མེད་ཚེ་རྒྱའི་སྐད་ཡིག་ཏུ་བསྒྱུར་ཐབས་མ་མཆིས་པ་ནི་དགོངས་པ་བཞེས་དགོས་པའི་གནད་ཅིག་ལགས་སོ།།

ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་ལས[10]། འཕགས་པ་གྲོལ་སྡེ། དུས་རབས་ལྔ་པ་ཙམ་ལ་རྒྱ་གར་དབུས་སུ་འཁྲུངས་ཤིང་། རབ་ཏུ་བྱུང་ནས་དབྱིག་གཉེན་དང་། དགེ་འདུན་སྐྱབས་བཤེས་གཉེན་དུ་བསྟེན་ནས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་མཛད་པ་པོ་ཡིན། ཞེས་གསལ་ལ། བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ་ལས[11]། པི་ག་མ་ཙནྡྲ་དང་ཀཱ་མ་ཙནྡྲའི་དུས་སུ་ཕྱོགས་གླང་དང་། ཡོན་ཏན་འོད། ལེགས་ལྡན་འབྱེད། རྣམ་གྲོལ་སྡེ་སོགས་བྱོན། བིངྒ་ཙནྡྲའི་དུས་སུ་ལེགས་ལྡན་དང་། རྣམ་གྲོལ་སྡེའི་སྐུ་ཚེའི་སྨད་ཡིན་ཅིང་ཟླ་བ་གྲགས་པའི་སྐུ་ཚེའི་སྟོད་ཡིན། ཞེས་གསལ་ལ། ཡོངས་གྲགས་འཕགས་པ་གྲོལ་སྡེ་དུས་རབས་ལྔ་པ་དང་དྲུག་པའི་ནང་དུ་བྱོན་པར་འདོད་ཀྱང་།        མཁས་པ་མང་པོས་དུས་རབས་བདུན་པ་ཙམ་ལ་འཁྲུངས་པར་ཆ་འཇོག་གནང་ཡོད་ལ། ཡང་ལ་ལས་དབྱིག་གཉེན་དང་དུས་ཐོག་མཉམ་མིན་ལས་དབྱིག་གཉེན་གྱི་སློབ་མ་མིན་པར་གསུང་མཁན་ཡང་ཡོད་འདུག་གོ།

དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[12]། སློབ་དཔོན་འཕགས་པ་གྲོལ་སྡེ། རྒྱ་བོད་ཡོངས་གྲགས་སུ་སློབ་དཔོན་གྱི་དངོས་སློབ་ཡིན་པར་འདོད་ཀྱང་། རྒྱ་གར་བ་འགའ་ཞིག་གིས་སློབ་དཔོན་ཕྱོགས་གླང་གི་དངོས་སློབ་ཡིན་ཞེས་ཟེར་ཚུལ་གསལ། ཞེས་བྱུང་བ་ལྟར་རོ།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡

[2]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༥༨

[3]  ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༣

[4]  ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༢༥

[5]  ལྕང་སྐྱའི་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༢༣༦

[6]  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་ ༣༢༨

[7]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤༢

[8]  བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། པོད། ༼༡༠༥༽ ༢༠༠༩ ལོ། ཤོག་གྲངས་ ༡༤༧

[9]  ཡུམ་རྒྱས་འབྲིང་བསྡུས་གསུམ་ནི། རྒྱས་པ་འབུམ་ཕྲག་བརྒྱ་པ་ལྷའི་དབང་པོའི་གནས་ན་ཡོད། འབྲིང་བ་སྟོང་ཕྲག་བརྒྱ་པ་ཀླུའི་ཡུལ་ན་ཚང་བར་ཡོད་དེ། དེ་ལ་ཡུམ་བར་མ་ཟེར། བསྡུས་པ་ཤེས་རབ་ཁྲི་པ་ལྷ་མ་ཡིན་གྱི་ཡུལ་ན་ཡོད་དེ། ལྟ་བ་ཀློང་ཡངས་ལས། རྒྱས་པ་སྟོང་ཕྲག་རེ་རེ་ལ། །འབྲིང་ནི་འབུམ་ཕྲག་བརྒྱད་པ་དང་། །ཐ་མ་ཤེས་རབ་ཁྲི་པ་དང་། །ཅེས་གསུངས་སོ། །བོད་ཡུལ་ན་ས་སྐྱའི་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་ལ་སོགས་པས། ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་པ། འབྲིང་པོ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་ལ་བཞེད་དོ། །པཎ་གྲུབ་རྣམས་ཀྱིས་ལུང་དྲངས་པ་ལ་དཔགས་ན། ཡུམ་བར་མ་ཞེས་པ་སྟོང་ཕྲག་བརྒྱ་པ་ལ་བཞེད་པ་འདྲའོ། །ཁ་ཅིག་གིས་རྒྱལ་བའི་ཡུམ་རྒྱས་པ་བྱེ་བ་ཕྲག་ལྔ་པ་དྲི་ཟའི་རྒྱལ་པོ་རྣམ་པར་རྒྱལ་བའི་གནས་ན་ཡོད། འབྲིང་པོ་འབུམ་ཕྲག་བརྒྱ་པ་ལྷའི་གནས་ན་ཡོད། བསྡུས་པ་འབུམ་ཀླུའི་ཡུལ་ནས་ཚང་བར་བཞུགས་ཞེས་གསུངས་སོ། །(དུང་དཀར་ཚིག་མཛོད་ཆེན་མོ། ཤོག་ ༡༨༥༨ ཐོག་གསལ།།)

[10]  བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༧༧༦

[11]  བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ་ཤོག་ངོས་ 2233 པར་ཕྱི་ལོ་ 320 ལོར་རྒྱ་གར་དུ་གུཔྟའི་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་ཅནྜ་གུཔྟས་སྲིད་བཟུང་ཞེས་གསལ།།

[12]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༨༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣ ནས་ ༡༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *