ད༽ མེ་ཏོག་ཀུན་ཏུ་རྒྱས་པའི་སར་བྱོན་ཏེ་འགྲོ་དོན་མཛད་ཚུལ།
དེ་ཡང་ངག་དབང་ཀུན་དགའ་བློ་གྲོས་ (1729-1783) མཆོག་གིས་མཛད་པའི་ཆོས་གྲགས་ཀྱི་སྐུའི་འདོད་གསོལ་ལས[1]།
སྟོབས་ལྡན་མེ་ཏོག་རྒྱས་པའི་སྒོ་དྲུང་དུ། །
མཁས་པའི་དྲིལ་བསྒྲགས་ཕྱོགས་ལས་རྣམ་རྒྱལ་ནི། །
ང་མིན་སུ་ཞེས་ཞལ་གྱིས་བཞེས་པའི་ཚེ། །
དཔལ་ལྡན་ཆོས་གྲགས་སྙན་དབྱངས་བསྒྲགས་ལ་འདུད། །
ཅེས་གསུངས་པ་ལྟར་བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[2]། མཁྱེན་བརྩེའི་བཀའ་འབུམ་ལས་ཀ་ཡི་གྲོང་ནས་ནུབ་ཕྱོགས་ཟླ་བ་གསུམ་གྱིས་སླེབས་པར་བྱང་ཆུབ་ཆེན་པོའི་ལྷ་ཁང་གི་ཚབ་ཏུ་བཞེངས་པའི་ལྷ་ཁང་ཞིག་ཡོད་པར་བཤད་པ་ནི་འདི་ཉིད་ཡིན་ངེས་ལ། དཔལ་ལྡན་ཆོས་གྲགས་ཀྱི་དུས་སུ་རི་བོ་འབིགས་བྱེད་[3]ཀྱི་ཁོངས་སུ་གཏོགས་པའི་ཡུལ་ཞིག་ཏུ་རྒྱལ་པོ་ཞིག་གིས་ཆོས་གཞི་ཆེན་པོ་ཞིག་བཙུགས་པར་བཤད་པ་ཡིན་མིན་བརྟག་པར་བྱ། ཞེས་གསུངས་པ་ལྟར་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། དེ་ནས་འབིགས་བྱེད་ཀྱི་རི་བོའི་ཁོངས་ན་རྒྱལ་པོ་མེ་ཏོག་གི་བུ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཡོད་དེ། གྲོང་འབུམ་ཕྲག་སུམ་ཅུ་ལ་དབང་བསྒྱུར་བ་ལོངས་སྤྱོད་ཀྱི་ཁྱད་པར་ནི་ལྷ་དང་མཚུངས་སོ། །ཞེས་གྲགས་པ་ཞིག་ཡོད་པའི་སར་ལྗོངས་རྒྱུ་ཞིང་གཤེགས་པ་ལས་མཐར་གྱིས་རྒྱལ་པོའི་ཕོ་བྲང་དུ་བྱོན་པ་ན་རྒྱལ་པོས་སུ་ཡིན་དྲིས་པས།
ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །
ཙནྡྲ་གོ་མཱི་བརྗོད་པ་རྣམ་པར་དག །
སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །[5]
ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །
ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡིན་ནམ་ཞེས་དྲིས་པས། འཇིག་རྟེན་ན་དེ་ལྟར་འདོགས་གསུང༌། རྒྱལ་པོ་དེས་ཀྱང་གཙུག་ལག་ཁང་མང་དུ་བཞེངས་ཤིང་དེར་ཆོས་ཀྱི་གྲགས་པ་བཞུགས། ཚད་མ་སྡེ་བདུན་གྱི་བསྟན་བཅོས་ཀྱང་བརྩམས་ནས།
གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །
ཆོས་རྣམས་གཉིད་ལོག་ཡང་ན་ཤི །ཆོས་མ་ཡིན་རྣམས་ད་གདོད་ལོངས། །
ཞེས་ཆེད་དུ་བརྗོད་པ་རྒྱལ་པོའི་སྒོ་ཁང་དུ་ཡི་གེར་བྲིས་སོ། །དེར་ཡུན་རིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་ནས་ཡུན་དེར་དགེ་སློང་ཁྲི་ཕྲག་སྙེད་བྱུང་ཞིང༌། ཆོས་གཞི་ཡང་ལྔ་བཅུ་ཙམ་བཙུགས་སོ། །དེ་ནས་མཐའ་འཁོབ་ཀྱི་ཡུལ་གུ་ཛི་ར་ཐར་བྱོན་ནས།

དེར་ཡང་བྲམ་ཟེ་དང་མུ་སྟེགས་བྱེད་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག །གོ་ཏ་པཱུ་རི་ཞེས་བྱ་བའི་ལྷ་ཁང་བཞེངས། ཡུལ་དེར་མུ་སྟེགས་ཤིན་ཏུ་མང་བ་ལས། དེ་རྣམས་ཀྱིས་སློབ་དཔོན་གྱི་བྲང་ཁང་ལ་མེ་བཏང་སྟེ་ཕྱོགས་ཐམས་ཅད་མེས་ཚིག་པར་གྱུར་པ་ན། ལྷག་པའི་ལྷ་དང་གསང་སྔགས་རྗེས་སུ་དྲན་པས་ནམ་མཁའི་ལམ་ལ་བགྲོད་ནས་ཕྱོགས་དེ་ནས་དཔག་ཚད་གཅིག་ཙམ་གྱིས་ཡུལ་དེ་ཉིད་ཀྱི་རྒྱལ་པོའི་ཕོ་བྲང་དང་ཉེ་བར་བྱོན། ཐམས་ཅད་ངོ་མཚར་དུ་འཛིན་པར་གྱུར་ཏོ། །ད་ལྟའི་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པར་གྲགས་པ་འདི་གཅིག་ཏུ་ཁུངས་སུ་མི་རུང་ཡང༌།
རྒོལ་བ་ཚར་གཅོད་མཁའ་ལ་གཤེགས། །
ཞེས་པ་ཡང་གཏམ་རྒྱུད་འདི་ལ་བརྟེན་པར་མངོན་ནོ། །ཞེས་བྱུང་བ་ལྟར་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ་ལས་[6]ཀྱང་།
དམ་པའི་རྣ་བར་ལྷུང་འོས་སྡེ་བདུན་གྱི། །
རྒོལ་བ་ཚར་བཅད་ཆོས་ཀྱི་སྒྲ་གྲགས་པས། །
སྨྲ་བ་རྣམས་ཀྱི་གཙུག་ལ་སྟེགས་བཅས་ཏེ། །
མཁའ་སྤྱོད་ཆེན་པོར་བགྲོད་པ་དེ་ལ་འདུད། །
ཅེས་འགྲན་ཟླ་དང་བྲལ་བའི་བསྟན་པའི་ཉི་མ་གཅིག་པུར་གྱུར་པ་དཔལ་ལྡན་ཆོས་ཀྱི་གྲགས་པར་དོན་ལྡན་གྱི་བསྔགས་པ་རྒྱ་ཆེར་མཛད་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀུན་བློའི་གསུང་འབུམ། ༼ཤྲཱི༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༢༠༠༨ ལོ། དཔེ་རིང་ཤོག་ ༧ན༡
[2] འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༩༡
[3] འཛམ་བུའི་གླིང་གི་ཤར་ཕྱོགས་ན་བཤོས་བུའི་དབྱིབས་སུ་རི་བོ་ཤིན་ཏུ་མཐོ་ལ། རྩེ་མོ་རྣོ་བ་ནམ་མཁའ་འབིགས་པ་ལྟར་གནས་པ་ལས། སྔོན་ལྷ་ཆེན་པོ་རྣམས་ཀྱིས་འདི་བསྙིལ་བར་མ་བྱས་ན། འཛམ་བུའི་གླིང་གི་ཉི་མ་སྒྲིབ་པར་བྱེད་དོ་ཞེས་བཀའ་གྲོས་བྱས་ཏེ། ས་གཞི་ལ་བསྒྱེལ་ནས་བཞག་པའི་ཤུལ་དུ་ཧི་མ་ལའི་རི་རྒྱུད་འདི་ཆགས། ད་ལྟ་ཡང་རྩ་བ་རྒྱ་གར་ཤར་ཕྱོགས་དང་རྒྱ་ནག་གི་བར་ན་གནས་ཤིང་། རྒྱ་གར་དང་བོད་ཀྱི་བར་ནས་སོང་སྟེ་རྩེ་མོ་རྒྱ་གར་ནུབ་ཕྱོགས་ཀྱི་བར་དུ་གནས་པར་གྲགས་སོ། །(རིག་བྱེད་གཏམ་རྒྱུད་བདམས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་ ༡༠༥ ཐོག་གསལ་ལོ།།)
[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༢༡
[5] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༦༡ ཐོག་ཏུ། མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། །ཞེས་ཚིག་རྐང་འཕར་མ་ཞིག་བྱུང་ངོ་།།
[6] འདོན་ཆ་ཉེར་མཁོ་ཕན་བདེའི་བུམ་བཟང་། མཆོད་བརྗོད། དཔེ་གཟུགས། ཤོག་གྲངས་ ༡༤ན༢ ནས་ ༡༥ན༦ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༠༢ ནས་ ༤༠༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།