པ༽ སློབ་དཔོན་ཕྱོགས་གླང་གི་བསྟན་བཅོས་ངོ་སྤྲོད།
༡༽ ཕྱོགས་གླང་གིས་མཛད་པའི་བསྟན་བཅོས་ཀྱི་མཚན་བྱང་།
དེ་ཡང་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ལས[1]།
ཀུན་རྨོངས་གཉིད་ཀྱིས་འགྲོ་འདི་མནར་བའི་ཚུལ། །
གཟིགས་པའི་ཤུགས་དྲག་སྙིང་རྗེས་ཡིད་བསྐྱོད་དེ། །
དེ་ཉིད་བསལ་སླད་དམིགས་བརྟག་མཛོད་འགྲེལ་སོགས། །
ལེགས་བཤད་དགའ་སྟོན་སྤྲོས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་ཚད་མའི་རྒྱན་གྱུར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་གཙོར་གྱུར་དམིགས་བརྟག་དང་། མཛོད་འགྲེལ་སོགས་བསྟན་བཅོས་མང་དུ་མཛད་པ་ནི། མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[2]། དེ་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས་དམིགས་པ་བརྟག་པ་ལ་སོགས་པ་རབ་ཏུ་བྱེད་པ་བརྒྱ་ཐམ་པ་སྔར་བརྩམས་པས། བག་ཙམ་ཐོར་ཏེ་མ་འདུས་པར་མཁྱེན་ནས། ཆོས་སྐྱོབ་ཀྱི་ལུང་ལ་བརྟེན་ནས་ལུགས་བརྒྱ་དང་ལྡན་པའི་ཚད་མ་ཀུན་ལས་བཏུས་པ་བརྩམས། དེས་དབང་ཕྱུག་སྡེ་ལ་གོང་མ་བཤད་དེ། དབང་ཕྱུག་སྡེས་དོན་དེ་ཆོས་ཀྱི་གྲགས་པ་ལ་བཤད། ཅེས་དང་། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[3]། སློབ་དཔོན་ཕྱོགས་གླང་གིས་མཛད་པ་ལ། ཚད་མའི་མདོ་ཀུན་ལས་བཏུས་སེང་གེ་རྒྱལ་མཚན་གྱི་འགྱུར། དེའི་རང་འགྲེལ་མར་ཐུང་དད་པ་ཤེས་རབ་ཀྱི་འགྱུར། དམིགས་པ་བརྟག་པ་ཤོ་ལོ་ཀ་བརྒྱད། དེའི་རང་འགྲེལ་ཤོ་ལོ་ཀ་སུམ་ཅུ་རྩ་གཉིས་པ་དཔལ་བརྩེགས་ཀྱི་འགྱུར། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ལྷ་ཆོས་ཀྱི་རིན་ཆེན་གྱི་འགྱུར། དུས་གསུམ་བརྟག་པ་ནག་ཚོའི་འགྱུར། ཕྱོགས་ཆོས་དགུའི་འཁོར་ལོ་ཆོས་ཀྱི་སྣང་བའི་འགྱུར་འདི་ཐེ་ཚོམ་ཟ། ཞེས་གསུངས་པ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་དགོངས་འགྲེལ་གྱི་ལེགས་བཤད་བསྟན་བཅོས་ལ་མཚོན་ནའང་། ཚད་མ་ཀུན་བཏུས་རྩ་འགྲེལ་དང་། དམིགས་བརྟག་རྩ་འགྲེལ། དུས་གསུམ་བརྟག་པ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ། ཕྱོགས་ཆོས་འཁོར་ལོ། མངོན་མཛོད་གནད་ཀྱི་སྒྲོན་མེ། བཟང་སྤྱོད་འགྲེལ་པ། བརྒྱད་སྟོང་དོན་བསྡུས་སོགས་བསྟན་འགྱུར་དུ་བཞུགས་པའི་ཆོས་ཚན་ ༡༧ ཙམ་ཡོད།
དེ་ཡང་། ༡ སྤེལ་མར་བསྟོད་པ་དང་། ༢ ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། ༣ ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ། ༤ ཨེ་ཀ་ནཱ་ཐའི་དོན་འགྲེལ། ༥ གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ། ༦ དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ། ༧ འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ། ༨ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ། ༩ འཕགས་པ་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་པ། ༡༠ རྣལ་འབྱོར་ལ་འཇུག་པ། ༡༡ ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ། ༡༢ ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༡༣ ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། ༡༤ དམིགས་པ་བརྟག་པ། ༡༥ དམིགས་པ་བརྟག་པའི་འགྲེལ་པ། ༡༦ དུས་གསུམ་བརྟག་པ། ༡༧ ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༡༨ ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ། ༡༩ གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་བཅས་[4]ཆོས་ཚན་ ༡༩ བཞུགས་ཤིང་། དེ་དག་ཀྱང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། འདི་དག་ལས་རེ་གཉིས་མ་གཏོགས་མང་ཆེ་བ་དུས་རབས་བཅུ་གཅིག་པའི་དཀྱིལ་དུ་ལོ་ཙཱ་བ་དགེ་བའི་བློ་གྲོས་སོགས་ཀྱིས་བོད་སྐད་དུ་བསྒྱུར་བ་ཡིན། ཞེས་གསལ་བ་ལྟར་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་ (1882-1954) མཛད་པའི་སློབ་གཉེར་བསླབ་བྱ་བློ་གསལ་འཇུག་ངོགས་ལས[6]།
ཕྱོགས་གླང་གྲགས་པའི་གཞུང་ལུགས་གནམ་རུའི་རྒྱུད། །
ཤེས་བརྩོན་སོར་མོས་ཉེར་བཀུག་དགག་སྒྲུབ་མདས། །
ཕས་རྒོལ་སྙིང་ལ་འཇིགས་པ་སྟེར་བྱེད་པ། །
ལུགས་བཟང་བསྟེན་ལ་དགའ་བར་གྱིས་ཤིག་ཨང་། །
ཞེས་གསུངས་པ་ལྟར་རོ།།
གཞན་ཡང་རྒྱའི་སྐད་ནས་བོད་འགྱུར་ཞུ་བསྡད་གསུང་རྩོམ་ཆོས་ཚན་གསུམ་ཡོད་པ་ནི། ༡༽ ཕྱོགས་གླང་གིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྫོགས་པར་བསྡུས་པ་སྦྱིན་སྲུང་གི་འགྱུར་ (བོད་མ་མེད་གསུངས།) དང་། གཞན་ཡང་རྒྱ་ནག་གི་བསྟན་འགྱུར་ལྟར་ན། ༢༽ ཚོད་དཔགས་རྟགས་ལེན་གྱི་བསྟན་བཅོས་སམ། རྟགས་ལེན་བཏགས་པའི་བསྟན་བཅོས། ༣༽ སྤྱི་མཚན་བརྟག་པའི་བསྟན་བཅོས་ཚིགས་སུ་བཅད་པ་བཅས་གསུང་བཟང་ཆོས་ཚན་གསུམ་པོ་ལེགས་སྦྱར་ནས་རྒྱའི་སྐད་དུ་བསྒྱུར་ནས་བཞུགས་ཡོད་ཀྱང་བོད་བསྒྱུར་ཞུ་རྒྱུར་ལུས་པ་རྣམས་མཛད་དེ་ནང་པའི་ཚད་མ་རིག་པའི་སྲོལ་འབྱེད་པའི་སློབ་དཔོན་དུ་གྱུར་ཏོ།།
གོང་སྨོས་ལྟར་སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ཐོར་བུ་བ་བརྒྱ་རྩ་བརྒྱད་དུ་གྲགས་པ་རྣམས་ནི། རྟོག་གེའི་གཞུང་དང་འབྲེལ་བ་རྣམས་ཡིན་ལ། དེ་རྣམས་ལས་ད་ལྟ་དངོས་ཡོད་ནི། རིགས་པ་ལ་འཇུག་པ་དང་། དམིགས་བརྟག་རྩ་འགྲེལ། ཚད་མ་མདོ་སོགས་བསྟན་བཅོས་དྲུག་ཙམ་ལས་གཞན་མེད། གཞུང་གཞན་དང་གཞན་དུ་ལུང་དྲངས་པ་དང་། དཀར་ཆག་སོགས་ལས་སློབ་དཔོན་གྱི་རྟོག་གེའི་བསྟན་བཅོས་སྡོམ་བཅོ་ལྔ་ཙམ་གྱི་མཚན་གསལ་བ་ལས་དེ་མིན་མངོན་པ་དང་། ཕར་ཕྱིན། བསྟོད་པ་སོགས་སྡོམ་པས་གཞུང་བརྒྱད་དེ་བསྟན་བཅོས་ ༢༣ ཙམ་ཡོད། གཞུང་དེ་དང་དེ་དག་གི་མིང་དང་བརྗོད་བྱ་སོགས་གང་ཡང་མི་གསལ་ཞིང་མ་ཐོབ་ལ། གོང་གསལ་ཚད་མའི་བསྟན་བཅོས་ཐོར་བུ་བ་རྣམས་སྙིང་པོའི་ཚུལ་དུ་བསྡུས་པ་ནི་ཚད་མ་ཀུན་ལས་བཏུས་པ་ཡིན་ནོ།། །།
༢༽ སྤེལ་མར་བསྟོད་པ་དང་བརྒྱ་ལྔ་བཅུ་པ།
དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[7]། སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་སློབ་དཔོན་དཔའ་བོའི་མཚན་དུ་འདོད་ཅིང༌། གང་དག་བསྟོད་པ་བརྒྱ་ལྔ་བཅུ་པ་ལ་ཕྱོགས་གླང་གིས་སྤེལ་མར་བསྟོད་པའི་ཁ་སྐོང་མཛད་པས་དཔའ་བོ་དང༌། ཕྱོགས་གླང་ཕར་སློབ་ཚུར་སློབ་ཡིན་ནོ་ཞེས་ཆོས་འབྱུང་རྩོམ་པར་བྱེད་པ་ནི་ལོ་རྒྱུས་མ་དག་པ་ཐོས་པའམ། དག་པོར་ཐོས་ཀྱང་མ་ངེས་པའི་རང་བཟོ་འོ། །དེ་ཡང་སྤེལ་མར་བསྟོད་པའི་ནང་གི་ཕྱོགས་གླང་གི་གསུང་རྣམས་བསྟོད་པ་བརྒྱ་ལྔ་བཅུ་པའི་ཚིག་དེ་དང་དེའི་མཚམས་སྦྱོར་རམ། དོན་གསལ་བྱེད་ཁོ་ན་ཡིན་པས་འགྲེལ་པར་སྦྱར་བ་ཡིན་གྱི། སློབ་དཔོན་དེ་གཉིས་ཀྱིས་རྩོམ་རེས་བྱས་པ་ག་ལ་ཡིན་ཞེས་གོ་དགོས་སོ། །ཞེས་གསུངས་པ་ལྟར་བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ་ནི། སློབ་དཔོན་དཔའ་བོའམ་བྲམ་ཟེ་རྟ་དབྱངས་ཀྱིས་མཛད་ཅིང་། དེའི་ཁ་སྐོང་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྤེལ་མར་བསྟོད་པ་མཛད་པ་དང་། དེ་གཉིས་ཀྱི་རྗེས་སུ་སློབ་དཔོན་དགའ་བྱེད་སྙན་པས་མཛད་པའི་བརྒྱ་ལྔ་བཅུ་ཞེས་བྱ་བའི་བསྟོད་པའི་འགྲེལ་པ་མཛད་པ་ནི་གཞུང་དེའི་མཆོད་བརྗོད་ལས[8]།
སྤེལ་མར་བསྟོད་པ་ཕྱོགས་གླང་པོས། །ཟབ་མོ་ཉེ་བར་བཤད་པ་ནི། །
བརྒྱ་ནི་ལྔ་བཅུ་པ་ཡི་དོན། །རྨད་བྱུང་དེ་ལས་རྣམ་ཤེས་ནས། །
རྒྱལ་བ་ལ་ནི་གུས་པ་ཡི། །དགའ་བྱེད་སྙན་པའི་དགེ་སློང་གིས། །
དེ་ཡི་ཕྱོགས་ལ་དད་པ་ཡིས། །རྣམ་པར་དབྱེ་བ་རབ་ཏུ་བྱ། །
ཞེས་གསུངས་པས། བསྟོད་པ་བརྒྱ་ལྔ་བཅུ་པར་ཡང་སློབ་དཔོན་ཕྱོགས་གླང་གི་སྤེལ་ཚིག་ཡོད་ཀྱང་། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་དུ་འདི་ཕྱོགས་གླང་དང་དཔའ་བོ་དྲི་བ་དྲི་ལན་གྱི་ཚུལ་དུ་བརྩམས་པར་བཤད་ཀྱང་འཐད་པར་མི་སེམས་ལ། དེ་བཞིན་སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-?) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[9]། སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ནི། དབྱིག་གཉེན་ལས་མངོན་པའི་སྡེ་སྣོད་ཐོས་པ་ཕྱོགས་གླང་དང་མཛའ་བཤེས་སུ་གྱུར་པ་དེ་ལ་ཤེར་ཕྱིན་ཉན་པའི་སློབ་མ་ཞིག་སྟེ། བློ་གྲོས་ཕྱོགས་གླང་དང་མཉམ་པར་གྲགས་ཤིང༌། འདིས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། ཕྱོགས་གླང་གིས་བསྡུས་དོན་མཛད་དོ། །སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་སློབ་དཔོན་དཔའ་བོའི་མཚན་དུ་འདོད་ཅིང༌། གང་དག་བསྟོད་པ་བརྒྱ་ལྔ་བཅུ་པ་ལ། ཕྱོགས་གླང་གིས་སྤེལ་མར་བསྟོད་པའི་ཁ་སྐོང་མཛད་ཅེས་སྨྲ་བ་ནི་རང་བཟོའམ་ལོ་རྒྱུས་མ་དག་པའི་རྗེས་སུ་ཕྱོགས་པར་ཟད་དེ། སྤེལ་མར་བསྟོད་པའི་ནང་གི་ཕྱོགས་གླང་གི་གསུང་རྣམས་བསྟོད་པ་བརྒྱ་ལྔ་བཅུ་པའི་ཚིགས་བཅད་དེ་དང་དེའི་མཚམས་སྦྱོར་རམ། དོན་གསལ་བྱེད་ཁོ་ན་ཡིན་པས། འགྲེལ་པར་སྦྱར་བ་ཡིན་གྱི་སློབ་དཔོན་དེ་གཉིས་ཀྱིས་རྩོམ་རེས་བྱས་པ་ག་ལ་ཡིན་ཞེས་གོ་དགོས་སོ། །ཞེས་ཀྱང་གསུངས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། གསུང་འབུམ། ༼ཉ༽ ཤིང་དཔར། ཤོག་གྲངས་ ༡༩བ༡
[2] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༢
[3] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༤༩
[4] དཀར་ཆག་ཞིབ་གསལ་ཟུར་དུ་ཕྱོགས་བསྒྲིགས་ཞུས་ཡོད་པ་དེར་གཟིགས་པར་འཚལ།
[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༣༥༥
[6] ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༢༦༧
[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༡༧༦
[8] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་། ༡ པོ། ཤོག་ ༣༦༤
[9] ཆོས་འབྱུང་བསྟན་པའི་ཉི་མ། བྲིས་མ་དཔེ་གཟུགས། ཤོག་གྲངས་ ༢༠༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༥ ནས་ ༣༡༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།