མ༽ དབྱིག་གཉེན་གྱིས་ནཱ་ལེནྡྲའི་མཁན་པོ་མཛད་དེ་བསྟན་འགྲོའི་དོན་མཛད་ཚུལ།

མ༽ ནཱ་ལེནྡྲའི་མཁན་པོ་མཛད་དེ་བསྟན་འགྲོའི་དོན་མཛད་ཚུལ།

 

དེ་ཡང་སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་ (1874-1952) ཀྱིས་མཛད་པའི་གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ་ལས[1]།

བློ་གྲོས་མཚུངས་པ་མེད་པའི་རྣམ་དཔྱོད་ཀྱིས། །

དགུ་བཅུ་གོ་དགུའི་འབུམ་སྡེའི་གཞུང་ལུགས་ཀུན། །

ཚིག་དོན་མ་འདྲེས་གསལ་ལེར་ཐུགས་སུ་ཆུད། །

ཀུན་མཁྱེན་གཉིས་པ་མཁས་མཆོག་དབྱིག་གཉེན་ཞབས། །

ཞེས་བསྔགས་པ་ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་མཆོག་སློབ་དཔོན་དབྱིག་གཉེན་ཞབས་གཅེན་འཕགས་པ་ཐོགས་མེད་མྱ་ངན་ལས་འདས་རྗེས་དཔལ་ནཱ་ལེནྡྲའི་མཁན་པོའི་མཛད་ཁུར་བཞེས་ཏེ་བསྟན་འགྲོའི་དོན་རྨད་དུ་བྱུང་བ་བསྐྱངས་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། འཕགས་པ་ཐོགས་མེད་སྐུ་འདས་པའི་འོག་ཏུ་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་དེ། ཆོས་ཀྱི་རྣམ་གྲངས་དུ་མ་བཏོན་པར་མཛད་པ་ལས། ཉིན་རེ་བཞིན་མོས་པ་ཐ་དད་པ་རྣམས་ཀྱི་ངོར་རབ་བྱུང་བསྙེན་རྫོགས་གཞན་ལ་གཏོད་པ་དང༌། རང་ཉིད་ཀྱིས་རབ་ཏུ་བྱུང་བ་དང༌། དགེ་སློང་གི་མཁན་པོ་དང་སློབ་དཔོན་མཛད་པ་དང༌། སོ་སོའི་ལྟུང་བ་ཕྱིར་འཆོས་སུ་འཇུག་པ་དང༌། བདག་ཉིད་ཆོས་སྤྱོད་བཅུ་མ་ཆག་པར་མཛད་པ་དང༌། གཞན་སྟོང་ཕྲག་རེ་ཉིན་རེར་ཆོས་སྤྱོད་བཅུ་ཚང་བ་ལ་སྦྱོར་བ་དང༌། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་ཆག་མེད་དུ་གསུངས་པ་དང༌། སྲོད་ཀྱི་དུས་སུ་ཆོས་རྣམས་ཀྱི་སྙིང་པོ་བསྡུས་ཏེ་གལ་བཟུང་བ་དང༌། གཞུང་གཟུགས་པར་མཛད་ཅིང༌། གུང་ཐུན་ལ་ཅུང་ཟད་ཙམ་མནལ་བའི་ངང་ལ་ལྷག་པའི་ལྷ་ལས་ཆོས་གསན་པར་མཛད། ཐོ་རངས་ཡང་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག །བར་བར་དུ་བསྟན་བཅོས་རྩོམ་པ་དང༌། མུ་སྟེགས་ཀྱི་རྒོལ་བ་ཟློག་པར་མཛད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་དང༌། བློ་གྲོས་མི་ཟད་པས་བསྟན་པ་དང༌། ས་བཅུ་པ་དང༌། དཀོན་མཆོག་རྗེས་དྲན་དང༌། ཕྱག་རྒྱ་ལྔའི་མདོ་དང༌། རྟེན་འབྲེལ་གྱི་མདོ་དང༌། མདོ་རྒྱན་དང༌། འབྱེད་གཉིས་སོགས་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཆེ་ཆུང༌། དགོངས་འགྲེལ་གྱི་བསྟན་བཅོས་སོགས་ལ་གཞན་འགྲེལ་དུ་བརྩམས་པ་ལྔ་བཅུ་ཙམ་དང༌། རང་རྐང་དུ་པྲ་ཀ་ར་ཎ་སྡེ་བརྒྱད་མཛད། ཅེས་གསུངས་སོ།།

དེ་བཞིན་མཁན་པོ་གཞན་དགའ་སྟེ་གཞན་ཕན་ཆོས་ཀྱི་སྣང་བས་ (1871-1927) མཛད་པའི་སློབ་དཔོན་སངས་རྒྱས་གཉིས་པའི་རྣམ་ཐར་ཐར་ལམ་སྣང་བྱེད་ལས[3]། འཕགས་པ་ཐོགས་མེད་སྐུ་གཤེགས་པའི་རྗེས་སུ། ཤྲཱི་ན་ལེནྡྲའི་མཁན་པོ་མཛད་དེ་ཉིན་རེ་ཞིང་ཆོས་སྤྱོད་བཅུའི་བྱ་བ་ཆགས་མེད་དང་། ཆོས་སྤྱོད་བཅུ་[4]ལ་བརྩོན་དགོས་པའི་ནང་ཁྲིམས་སུ་བཅད་དེ། བཀའ་དང་བསྟན་བཅོས་ཀྱི་གཞུང་ཆོས་ཐུན་ཉི་ཤུ་རེ་ཆག་མེད་དུ་གསུངས། ཕྱི་རོལ་གྱི་རྩོད་པ་ཐམས་ཅད་རིགས་ལམ་དྲི་མ་མེད་པས་སུན་ཕྱུང་ནས། མུ་སྟེགས་བྱེད་སྟོང་ཕྲག་ནང་པའི་གྲུབ་མཐའ་ལ་བཙུད། མ་ག་དྷར་ཆོས་གཞི་བརྒྱ་རྩ་བརྒྱད། ཨཽ་ཊི་བི་ཤར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས་སོ། །ཞེས་ཀྱང་གསུངས་སོ།།

དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། འཕགས་པ་ཐོགས་མེད་མྱ་ངན་ལས་འདས་པའི་འོག་ཏུ་ནཱ་ལནྡྲའི་མཁན་པོ་མཛད་དེ་ཉིན་རེ་བཞིན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མང་པོའི་མཁན་པོ་མཛད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་ཆག་མེད་གནང་བ་དང་། མུ་སྟེགས་ཀྱི་སྨྲ་བ་ངན་པ་བྱུང་ན་དེ་མ་ཐག་ཚར་གཅོད་པ་དང་། བསྟན་བཅོས་རྩོམ་པ་སོགས་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་དུས་འདའ་བར་མཛད། དེ་དུས་འཛམ་བུ་གླིང་གི་ཆེ་དགུ་མཐའ་དག་གིས་བདག་ཉིད་ཆེན་པོ་འདིའི་ཞབས་ལ་གཏུགས་ནས་མཆོད་ཅིང་བསྙེན་བཀུར་བ་དང་། རང་རང་གི་དབང་པོ་དང་འཚམ་པའི་ཆོས་ཀྱི་བགོ་སྐལ་ལེན་པར་བྱེད་པས་དད་པ་ཅན་དག་གིས་གསོལ་བ་བཏབ་པ་ལྟར་ཡུལ་གཞན་དང་གཞན་དུའང་བྱོན་ནས་གང་དང་གང་དུ་རྒྱལ་བའི་བསྟན་པ་ཉམས་པ་དེ་དག་གསོས། སྔར་ཡོད་པ་རྣམས་ཆེས་ཆེར་འཕེལ་བར་མཛད། སློབ་དཔོན་འདི་ཤར་ཕྱོགས་གཽ་རིའི་ཡུལ་དུ་བྱོན་ནས་སྐལ་བ་དང་ལྡན་པ་མང་པོ་ཞིག་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྒྱ་ཆེར་གསུངས་པས་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་གསེར་གྱི་མེ་ཏོག་གི་ཆར་ཕབ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་བས་ཐམས་ཅད་དད་པ་ལྷག་པར་འཕེལ་ཏེ་སློབ་དཔོན་འདིའི་བཀའ་བཞིན་བསྒྲུབས་པས་ཕྱོགས་དེར་རྒྱལ་བའི་བསྟན་པ་རྒྱ་ཆེར་འཕེལ། རྒྱལ་བའི་བསྟན་པ་རིང་དུ་གནས་པའི་ཕྱིར་དགེ་འདུན་གྱི་སྡེ་གང་དང་གང་ན་ཡོད་པ་དེ་དང་དེར་མཆོད་གཞི་རྒྱ་ཆེན་པོ་འཛུགས་པར་མཛད། ཨོ་ཌི་བི་ཤའི་ཡུལ་དུ་བྲམ་ཟེ་ཆེན་པོ་ཞིག་གིས་སྦྱིན་བདག་བྱས་ཏེ་ཐེག་པ་ཆེན་པོའི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་དུ་ཆོས་འཁོར་བཙུགས་ཏེ་དུས་སྟོན་རྒྱས་པར་བྱས། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་དུས་ལས་ཀྱང་ཐེག་པ་ཆེན་པོའི་འཆད་ཉན་རྒྱས་པར་བྱུང་སྟེ་བདག་ཉིད་ཆེན་པོ་འདིའི་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་དྲུག་ཁྲི་ལོངས་པ་བྱུང་ཞེས་གྲགས་སོ། །སློབ་དཔོན་རང་ཉིད་དང་ལྷན་ཅིག་ཏུ་གནས་པའི་དགེ་སློང་སྡེ་སྣོད་འཛིན་པའང་སྟོང་ཙམ་རེ་ཡོད་ཅིང་། དེ་ཐམས་ཅད་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ། སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་ལྡན་པ། རྒྱལ་བའི་བསྟན་པ་འཛིན་ཅིང་སྤེལ་ནུས་པ་ཤ་སྟག་བྱུང་ཞེས་གྲག་གོ །ཞེས་གསུངས་སོ།།

འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ (1561-1637) མཆོག་གིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་ལས[6]། ནཱ་ལེནྡྲའི་མཁན་པོ་རྒྱལ་བའི་ལྷའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་གིས་གྲུབ་པ་ཐོབ་པས་གཤེད་དམར་རྣམས་དར་བས། དེའི་ལོ་རྒྱུས་ནི། རྒྱལ་སྲིད་སྤངས་ནས་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་། ཤྲཱི་ཝན་དྷརྨཱ་པཱ་ལ་ཞེས་མཚན་གསོལ། མཁན་པོ་ཉིད་སློབ་དཔོན་དབྱིག་གཉེན་ལ་སོགས་པ་ཡུན་རིང་དུ་བསྟེན། ཕྱི་ནང་གི་རིག་གནས་ཐམས་ཅད་ཐུགས་སུ་ཆུད། སེམས་ཙམ་གྱི་གྲུབ་མཐའ་སྨྲ་བའི་ཁྱུ་མཆོག་ཏུ་གྲགས། མཁན་པོ་ལ་འཁོར་ལོ་བདེ་མཆོག་གི་དབང་དང་གདམས་པ་ཐོབ། དབྱིག་གཉེན་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དགེ་འདུན་དང་བཅས་པ་གཏད་ནས་དེར་བསྟན་པ་ཡུན་རིང་དུ་བསྐྱངས། ཞེས་བྱུང་བ་ལྟར་སློབ་དཔོན་དབྱིག་གཉེན་མཆོག་གིས་ཁོང་ཉིད་ཀྱི་སློབ་མ་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ལ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་དགེ་འདུན་དང་བཅས་པ་གཏད་ནས་མཁན་པོར་བསྐོ་གཞག་གནང་སྟེ་དཔལ་ལྡན་ཆོས་སྐྱོང་གིས་བསྟན་པ་ཡུན་རིང་དུ་བསྐྱངས་པར་གསུངས་སོ།།

དེ་ལྟར་སྔོན་གྱི་ཆོས་འབྱུང་དག་ཏུ་འཕགས་པ་ཐོགས་མེད་སྐུ་འདས་པའི་འོག་ཏུ་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས་ཀྱང་། ནཱལནྡཱ་ཞིབ་འཇུག་ལས[7]། ཐོགས་མེད་སྐུ་མཆེད་རྣམ་གཉིས་ཀྱི་སྐུ་དུས་སུ་ནཱལནྡཱ་མེད་པའི་སྒྲུབ་བྱེད་འདི་ལྟར་བཀོད་ཡོད། སྒྲུབ་བྱེད། ༡༽  གཞོན་ནུ་སྲོག་ཁོང་གིས་རྒྱ་གར་ནས་སློབ་གཉེར་བྱས་ཏེ་མཁས་གྲུབ་གཉིས་ལྡན་གྱི་དཔལ་འཛོམས་པའི་དུས། ཕྱི་ལོ་ ༣༨༢ ལོ་ནས་ཁོང་འཕགས་ཡུལ་དང་ཁ་བྲལ་ནས་ལི་ཡུལ་དུ་ཕེབས་པ་དང་། དེ་རྗེས་ཕྱི་ལོ་ ༣༨༥ ལོར་ཁོང་ལེང་ཀྲའུ་རུ་གདན་འདྲེན་ཞུས་ཤིང་། དེ་ནས་ཕྱི་ལོ་ ༤༠༡ ལོར་རྒྱ་ནག་རྒྱལ་ས་ཤིས་ཨན་ནམ་ཁྲང་ཨན་དུ་ཕེབས་ནས་ནང་ཆོས་དར་སྤེལ་གནང་། སྐབས་དེ་ཙམ་ཞིག་ལ་ཁོང་གིས་མཛད་པའི་འཕགས་པ་ཀླུ་སྒྲུབ་དང་། ཨརྱ་དེ་བ། རྟ་དབྱངས། ཐོགས་མེད་སྐུ་མཆེད་བཅས་ཀྱི་བྱུང་རབས་ཤིག་བྲིས་ཡོད་པ་དེའི་ནང་། ཁོང་ཚོ་སུ་གཅིག་ཀྱང་ནཱལཱནྡཱར་འབྲེལ་བ་ཡོད་མཁན་མེད་པ་དེ་ཉིད། ཁོང་རྣམ་པའི་དུས་སུ་ནཱལཱནྡཱའི་དགོན་སྡེ་མེད་པ་གསལ་བཤད་བྱས་པར་ངོས་འཛིན་བྱེད་ཆོག  །གང་ལགས་ཤེ་ན་རང་རེའི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་བྱུང་བ་ཇི་བཞིན་མགོན་པོ་ཀླུ་སྒྲུབ་སོགས་ནཱལཱནྡཱར་འབྲེལ་ཡོད་ན་ཁོང་རྣམ་པའི་མཛད་རྣམ་འདིར་ཅིས་ཀྱང་ཡོང་དགོས་པའི་ཕྱིར་རོ།།

༢༽ ཕྱི་ལོའི་དུས་རབས་བཞི་པའི་མཇུག་ ༣༩༩ ལོར་ཁྲང་ཨན་ནས་ཐོན་ཞིང་། ཕྱི་ལོ་ ༤༠༥ ཙམ་ལ་རྒྱ་གར་དུ་སླེབས་པའི་རྒྱ་ནག་ཅིན་ཤར་མའི་དགེ་སློང་ཧྥ་ཤཱན་ནཱལཱནྡཱར་སླེབས་ཀྱང་། དེར་དགོན་སྡེ་ཞིག་ཡོད་ཚུལ་གཏན་ནས་མི་གསལ་བར་མ་ཟད། ད་དུང་ནཱལཱནྡཱའི་གྲོང་རྡལ་ཞེས་གསུང་ཚུལ་ལ་བརྟགས་ན། གྲོང་མིང་རང་ལ་ནཱལཱནྡཱ་ཞེས་འབོད་པ་མིན་ནམ་སྙམ་ཞིང་། གང་ལྟར་དེ་སྐབས་ནཱལཱལྡཱ་ཞེས་པའི་ས་དེར་མཆོད་རྟེན་ཞིག་ཡོད་ཚུལ་ལས་གཞན་དགོན་སྡེ་ཞིག་ཡོད་ཚུལ་མ་གསུངས་པ་དེའང་དེ་སྐབས་ད་དུང་ནཱལཱནྡཱ་མེད་པའི་སྒྲུབ་བྱེད་ཚད་ལྡན་ཞིག་ཏུ་ངོས་འཛིན་བྱེད་ཆོག

༣༽ དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་ནཱལཱནྡཱ་ཕྱི་ལོའི་དུས་རབས་ལྔ་པའི་ནང་གི་གུཔྟའི་རྒྱལ་པོ་བུདྡྷ་གུཔྟའི་ཁུ་བོ་ཀུ་མཱར་གུཔྟས་གསར་བཞེངས་བྱས་ཟེར་བ་དེ་ཉིད། ཐང་སན་ཙང་གི་ལམ་ཡིག་ནང་སངས་རྒྱས་སྦས་པའི་ཡབ་ལོ་ཀཱ་ཏེ་ཇ་ཞེས་པས་གསར་བཞེངས་མཛད་ཟེར་བ་གཉིས་ཕན་ཚུན་བསྡུར་ན་དུས་ཚོད་ཀྱི་ཆ་ནས་མི་མཐུན་པ་གང་ཡང་མེད་པ་འདིའང་ནཱལཱནྡཱ་ཕྱི་ལོའི་དུས་རབས་ལྔ་པའི་ནང་བྱུང་བར་ངོས་འཛིན་བྱེད་ཆོག་པའི་རྒྱུ་མཚན་ལེགས་པོ་ཞིག་ཡིན།

༤༽ ནཱལཱནྡའི་དགོན་ཤུལ་སྔོག་སྐབས་གུཔྟའི་དུས་སྐབས་ལས་སྔ་བའི་དངོས་རིགས་གང་ཡང་རྙེད་རྒྱུ་མེད་ཁར། དངོས་རིགས་ཕལ་མོ་ཆེ་པཱ་ལའི་དུས་སྐབས་ཀྱི་ཡིན་པ་སོགས་ད་ཡོད་དཔྱད་གཞིའི་རྒྱུ་ཆ་དང་འབྲེལ་བའི་ཤེས་བྱེད་ཚད་ལྡན་གང་ལ་གཞིགས་ཀྱང་། ནཱལཱནྡཱའི་དགོན་སྡེ་དེ་ཉིད་ཕྱི་ལོའི་དུས་རབས་ལྔ་པའི་གོང་རོལ་ན་མེད་པ་གཏན་འབེབས་བྱས་ཆོག་ལྟ་བུར་སྣང་། ཞེས་གསལ་བས་ད་དུང་ཞིབ་ཏུ་དཔྱད་དགོས་པར་སྣང་ལ། འདིའི་སྐོར་ཞིབ་ཕྲ་དཔལ་ནཱ་ལེནྡྲའི་བྱུང་རབས་ལོ་རྒྱུས་ཀྱི་སྐབས་སུ་བཀོད་པ་དེར་གཟིགས་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ། ༼༢༽༼ན༽ དཔེ་རིང་། ཤོག་གྲངས་ ༡༩ན༢ ནས་ ༢༠ན༢ བར།

[2]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༤

[3]  གཞུང་ཆེན་བཅུ་གསུམ། དབྱིག་གཉེན་གྱི་རྣམ་ཐར། དཔེ་གཟུགས་ཤིང་པར། ཤོག་བུ་བཞི་ཅན་ཆ་ཚང་།

[4]  གསུང་རབ་ཀྱི་ཡི་གེ་འབྲི་བ་དང་། མཆོད་པ་འབུལ་བ། སྦྱིན་པ་གཏོང་བ། ཆོས་ཉན་པ། འཛིན་པ། ཀློག་པ། འཆད་པ། ཁ་ཏོན་དུ་བྱ་བ། ཆོས་ཀྱི་དོན་སེམས་པ། ཆོས་ཀྱི་དོན་སྒོམ་པ་བཅས་བཅུའོ།།

[5]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༢

[6]  འཇིགས་བྱེད་ཆོས་འབྱུང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ༢༠༡༦ ལོ། ཤོག་ ༢༠༣

[7]  སྐྱེས་སར་ཀླུ་སྒྲུབ། ནཱལནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༤།༦༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༣ ནས་ ༡༣༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *