༦༽ ཐོགས་མེད་ཀྱིས་མཛད་པའི་དེ་ཉིད་རྣམ་ངེས།

༦༽ ཐོགས་མེད་ཀྱིས་མཛད་པའི་དེ་ཉིད་རྣམ་ངེས།

 

དེ་ཡང་ཀུན་མཁྱེན་རོང་སྟོན་ཆོས་རྗེས་ (1367-1449) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་ལས[1]།

མཁྱེན་པའི་ཆུ་འཛིན་དཀར་པོ་ལྷུན་སྟུག་ཅིང་། །རྨད་བྱུང་སྤོབས་པའི་གློག་འོད་རབ་འཁྱུག་ལ། །

ལེགས་བཤད་སྤྲིན་གྱི་རྔ་སྒྲ་མངོན་མཐོ་བའི། །འཕགས་པ་ཐོགས་མེད་སྤྲིན་གྱི་དབང་པོར་འདུད། །

ཅེས་གསུངས་པ་ལྟར། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་མང་དུ་མཛད་པ་ལས། དེ་ཉིད་རྣམ་ངེས་ནི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཚུལ་ནི། སློབ་དཔོན་སེངྒེ་བཟང་པོས་ (740-796) མཛད་པའི་རྒྱན་སྣང་ལས[2]། འཕགས་པ་ཐོགས་མེད་ཅེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པས། །དེ་ཉིད་རྣམ་པར་ངེས་པར་བཤད་པ་རབ་ཏུ་སྦྱར་མཛད་དེས་མཛད་པ་ཡི་མཐུས། །ཞེས་གསུངས་པ་ལྟར་དེ་ཉིད་རྣམ་ངེས་ཀྱི་བརྗོད་བྱ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་གྲུབ་མཐའི་རྣམ་བཤད་ལས[3]། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། མངོན་རྟོགས་རྒྱན་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས། ཞེས་དང་། བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[4]། བྱམས་ཆོས་ལྔ་ཡང་ཡི་གེར་བཀོད་དེ་མངོན་རྟོགས་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས་བརྩམས། རྒྱུད་བླའི་འགྲེལ་པ་དང་། མདོ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་ལ་སོགས་མཛད་ཅིང་ས་གསུམ་པ་བརྙེས་པས་བསྟན་པ་ལ་བྱ་བ་བྱས་པ་ཡིན་ནོ། །ཞེས་དེ་ཉིད་རྣམ་ངེས་ནི་རྒྱུད་བླའི་འགྲེལ་པ་དང་། མདོ་དགོངས་པ་ངེས་འགྲེལ་པ་གཉིས་ལས་ཐ་དད་པའི་ཡུམ་གྱི་དོན་བསྟན་པའི་བསྟན་བཅོས་ཤིག་ཡིན་པར་གསུངས་སོ།།

འཕགས་པ་ཐོགས་མེད་ཀྱིས་དེ་ཉིད་རྣམ་ངེས་ཀྱི་རྣམ་བཤད་མཛད་ཚུལ་ནི། སློབ་དཔོན་སེངྒེ་བཟང་པོས་ (740-796) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་ལས[5]།

འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །

མི་ཕམ་མགོན་ལ་གསན་ནས་ནི། །བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །

ཅེས་གསུངས་པ་ལྟར། གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་པ་དོན་གསལ་བ་དང་བཅས་པ་ལེགས་པར་བཤད་པ་རིན་ཆེན་བསམ་འཕེལ་དབང་གི་རྒྱལ་པོ་ལས་[6]ཀྱང་། འཕགས་པ་ཐོགས་མེད་སྐྱོབ་པ་ཆོས་ཅན། འཆོས་སྐྱོབ་གཉིས་དང་ལྡན་པའི་བསྟན་བཅོས་ཆེན་པོ་ཡུམ་གྱི་རྣམ་བཤད་མཛད་དེ། ཉིད་ཀྱིས་འགྲོ་ལ་ཀུན་ཏུ་བརྩེ་བའི་སྙིང་རྗེ་དང་། མི་ཕམ་མགོན་ལས་མདོ་དང་ཆོས་ལྔ་དངོས་སུ་གསན་པ་ལ་བརྟེན་ནས་བྱུང་བའི་ཤེས་རབ་ལ་བརྟེན་ནས་དེ་ཉིད་རྣམ་ངེས་བརྩམས་པའི་ཕྱིར། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཆགས་པར་བཏགས་པ་ཡིན་ཏེ། འདོགས་པའི་རྒྱུ་མཚན་ཡུལ་སེམས་ཅན་མི་འདོར་བར་འདྲ། དགོས་པ་སེམས་ཅན་མི་འདོར་བ་ཤེས། དངོས་ལ་གནོད་བྱེད་ཐེག་ཆེན་འཕགས་པས་བསྟན་བཅོས་རྩོམ་པའི་རྒྱུ་ཡིན་པས་སོ། །ཞེས་གསུངས་པ་ལྟར་རོ།།

ཉི་ཁྲི་དང་དེ་ཉིད་རྣམ་ངེས་གཉིས་གཅིག་མིན་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་ཤེས་བྱ་ཀུན་ཁྱབ་འགྲེལ་པ་ལེགས་བཤད་ཡོངས་འདུ་ཤེས་བྱ་མཐའ་ཡས་པའི་རྒྱ་མཚོ ལས[7]།

ཤེར་ཕྱིན་སྦས་དོན་མངོན་རྟོགས་རྒྱལ་ཚབ་ཆེས། །

ལེགས་བཀྲལ་ཐོགས་མེད་མཆེད་ཀྱིས་སྣང་བར་མཛད། །

བཀའ་འཁོར་ལོ་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོངས་འགྲེལ་ཤིང་རྟའི་སྲོལ་གཉིས་སུ་བྱུང་བ་ལས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ནི་རྒྱལ་ཚབ་བྱམས་པས་ལེགས་པར་བཀྲལ་བའི་གཞུང་མངོན་རྟོགས་རྒྱན་དུ་གྲགས་པ་འདི་ཉིད་དེ། གཞུང་དེ་དང་ཉི་ཁྲི་གཉིས་དོན་གཅིག་པར་དགོངས་ནས་འཕགས་པ་ཐོགས་མེད་ཀྱིས་འགྲེལ་པ་དེ་ཉིད་རྣམ་ངེས། མཆེད་དབྱིག་གཉེན་གྱིས་རྣམ་རིག་ཏུ་བཀྲལ་བའི་ཡུམ་གསུམ་གནོད་འཇོམས་སོགས་ཀྱིས་ཐོག་མར་སྣང་བར་མཛད་དོ། །ཞེས་དེ་ཉིད་རྣམ་ངེས་དང་ཉི་ཁྲི་གཉིས་དོན་གཅིག་པར་གསུངས་ཀྱང་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[8]། འདི་ལ་ཉི་ཁྲི་དེ་ཉིད་རྣམ་ངེས་ཟེར་བ་ནི་བརྟག་དགོས་སོ། །ཞེས་དང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས[9]། རོང་ཊཱིཀ་པ་ན་རེ། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད་ཅེས་པའི་བསྟན་བཅོས་དེ། མངོན་རྟོགས་རྒྱན་ལ་བྱེད་ཟེར་ན། ཉི་ཁྲི་དེ་ཉིད་རྣམ་ངེས་མདོ་རྒྱན་སྦྱར་བའི་འགྲེལ་པ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། མདོ་རྒྱན་སྦྱར་བའི་འགྲེལ་པའི་ཐོག་མ་ཉི་ཁྲི་སྣང་བ་ནས་འཛིན་རིགས་པའི་ཕྱིར། ཡིན་ཡང་། དམ་བཅའ་དེ་མི་འཐད་པར་ཐལ། ཤེར་འབྱུང་བློ་གྲོས་ཀྱི་འགྲེལ་པར། ཐོགས་མེད་ཀྱིས་མདོ་རྒྱན་སྦྱར་བའི་འགྲེལ་པ་མ་མཛད་པར་བཤད་པའི་ཕྱིར། གཞན་ཡང་བསྟན་བཅོས་མཐའ་དག་མ་རྙེད་པར་ཞེས་པའི་བསྟན་བཅོས་དེ་ཡང་མངོན་རྟོགས་རྒྱན་ལ་བྱེད་རིགས་པར་ཐལ། རྩ་བའི་དམ་བཅའ་འཐད་པའི་ཕྱིར། འདོད་ན། མཐའ་དག་ཅེས་མང་ཚིག་སྨོས་པ་ལ་དགོས་པ་མེད་པར་ཐལ་ལོ། །ཞེས་གསུངས་སོ།།

དེ་ལྟར་འཕགས་པ་ཐོགས་མེད་ཞབས་ཀྱིས་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས་སོགས་བསྟན་བཅོས་མང་དུ་མཛད་པ་ལས། བསྟན་བཅོས་དེ་ཉིད་རྣམ་ངེས་སམ་དེ་ཉིད་རྣམ་པར་ངེས་པར་བཤད་པ་མཛད་ཡུལ་ནི། ལོ་ཆེན་ཞོན་ཙང་གིས་མཛད་པའི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ལས[10]། ཀཽ་ཤཱམྦིའི་རྒྱལ་ཁབ་ནི། ཁོར་ཡུག་ཏུ་ལེ་དབར་དྲུག་སྟོང་ཙམ་ཡོད་ཅིང་། རྒྱལ་ཁབ་དེའི་གྲོང་ཁྱེར་ཆེན་པོར་ཁོར་ཡུག་ཏུ་ལེ་དབར་སུམ་ཅུ་ཙམ་མོ། །ས་གཞི་སྣུམ་ཞིང་རྩི་ཤིང་རྒྱས་པ་དང་། འབྲས་བཟང་མང་ལ་བུ་རམ་ཤིང་དག་རྒྱས་པས། གནམ་གཤིས་དྲོ་ཞིང་ཡུལ་སྲོལ་རྩུབ་པ་དང་། ཤེས་རིག་དང་སྒྱུ་རྩལ་དོན་དུ་གཉེར་ཞིང་བསོད་ནམས་སྤེལ་བ་ལ་མངོན་པར་དགའ་བ་ཞིག་གོ །དེ་ན་གཙུག་ལག་ཁང་བཅུ་ཙམ་ཡོད་ཅིང་དེ་དག་ཀྱང་དགོན་སྟོང་ཞིག་རལ་ཤ་སྟག་སྟེ། དེ་ན་རབ་ཏུ་བྱུང་བ་ནི་སུམ་བརྒྱ་ལྷག་ཙམ་ལ་ཐེག་པ་དམན་པ་ལ་བསླབས་པ་དག་གོ །ལྷའི་མཆོད་གནས་ནི་ལྔ་བཅུ་ལྷག་ཙམ་ཡོད་ཅིང་ཕྱི་རོལ་པ་ནི་ཤིན་ཏུ་མང་ངོ་།།

གྲོང་ཁྱེར་དེའི་ཤར་ཕྱོགས་མི་རིང་བ་ན་གཙུག་ལག་ཁང་རྙིང་པ་ཞིག་མཆིས་ཏེ། ཀཽ་ཤཱམྦིའི་ཁྱིམ་བདག་དབྱངས་ལྡན་གྱི་ཀུན་དགའ་ར་བའི་ཤུལ་ཡིན་ནོ། །དེ་ན་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་མཐོ་ཚད་ཁྲུ་ཉིས་བརྒྱ་ཙམ་པ་ཞིག་མཆིས་ཏེ། དེ་བཞིན་གཤེགས་པས་ས་འདིར་ལོ་འགའ་ཤས་ལ་ཆོས་གསུངས་ཤིང་། དེའི་འགྲམ་ན་འདས་པའི་སངས་རྒྱས་བཞིའི་བཞུགས་ཁྲི་དང་སྤྱོད་ལམ་གྱི་རྗེས་ཤུལ་དག་དང་། གཞན་ཡང་དེ་བཞིན་གཤེགས་པའི་དབུ་སྐྲ་དང་ཕྱག་སེན་གྱི་མཆོད་རྟེན་ཞིག་ཀྱང་ཡོད་དོ། །གཙུག་ལག་ཁང་གི་ཤར་ལྷོར་ཐོག་བརྩེགས་ཤིག་གི་སྟེང་ན་སོ་ཕག་ལས་གྲུབ་པའི་ཁང་པ་ཞིག་མཆིས་ཏེ། དེ་ནི་སྔོན་བྱང་ཆུབ་སེམས་དཔའ་དབྱིག་གཉེན་གནས་འདིར་བཞུགས་ཏེ་སེམས་ཙམ་གྱི་བསྟན་བཅོས་བརྩམས་ནས་ཐེག་དམན་བཀག་ཅིང་ཕྱི་རོལ་པ་དག་སུན་ཕྱུང་བའི་གནས་ཡིན་ནོ། །གཙུག་ལག་ཁང་དེའི་ཤར་ཕྱོགས་སུ་ཤིང་ཨ་མྲའི་ནགས་ཚལ་གྱི་དབུས་སུ་གནའ་ཤུལ་ཞིག་མཆིས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཐོགས་མེད་ཀྱིས་འཕགས་པའི་གསུང་རབ་རྣམ་པར་འབྱེད་པའི་བསྟན་བཅོས་ ༼དེ་ཉིད་རྣམ་ངེས་ཡིན་ནམ་སྙམ།༽ བརྩམས་པའི་གནས་ཡིན་ནོ། །ཞེས་གསུངས། འོན་ཀྱང་དེ་ཉིད་རྣམ་ངེས་བསྟན་འགྱུར་དུ་མི་གསལ་ལ། བོད་འགྱུར་མེད་པར་གསུངས་སོ།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  རོང་སྟོན་བཀའ་འབུམ། པོད། ༼ག༽ དཔེ་གཟུགས། ཤོག་གྲངས་ ༢ན༤

[2]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ཨང་ ༥༡ པ། ༢༠༠༨ ལོ། ཤོག་གྲངས་ ༨༩༢

[3]  བོད་ཀྱི་གྲུབ་མཐའི་རྣམ་བཤད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༡ ལོ། ཤོག་གྲངས་ ༢༣༥

[4]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༤

[5]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༢༠༥

[6]  མངོན་རྟོགས་རྒྱན་དང་འགྲེལ་པ་དོན་གསལ་རྩ་འགྲེལ་གྱི་དགོངས་དོན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༥

[7]  ཤེས་བྱ་ཀུན་ཁྱབ་འགྲེལ་པ། གླེགས་བམ། ༼ཨེ༽ ཤིང་དཔར། ཤོག་གྲངས་ ༡༤༥བ༡

[8]  ལེགས་བཤད་གསེར་ཕྲེང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥

[9]  ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད། ༼༡༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༠

[10]  སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་ ༢༢༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༡༧ ནས་ ༦༢༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *