༥༽ དགོངས་འགྲེལ་གྱི་འགྲེལ་པ་ཐོགས་མེད་ཀྱི་གསུང་མིན་ཚུལ།

༥༽ དགོངས་འགྲེལ་གྱི་འགྲེལ་པ་ཐོགས་མེད་ཀྱི་གསུང་མིན་ཚུལ།

 

དེ་ཡང་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[1]། དགོངས་འགྲེལ་གྱི་འགྲེལ་པ་ཆེན་པོ་བམ་པོ་བཞི་བཅུ་ཙམ་ཡོད་པ་འདི་ཐོགས་མེད་ཀྱིས་མཛད་ཟེར་ཏེ་མི་བདེན་ཏེ། དེའི་འཐད་པ་སྒྲུབ་པའི་རིགས་པའི་སྐབས་ནས། དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་ནི། དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་བྱུང་བ་བཞིན་དུ་བལྟ་བར་བྱའོ། །[2]

ཞེས་བོད་ཀྱི་བསྟན་བཅོས་ལ་ཁ་འཕངས་བྱས་ཤིང་། ཀུན་ལས་བཏུས་དང་། ཚད་མ་རྣམ་ངེས་ལ་སོགས་པའི་ལུང་དྲངས་པའི་ཕྱིར་རོ། །དེས་ན་བོད་ཀྱི་མཁས་པ་ཆེན་པོ་ཞིག་གིས་བྱས་པ་ཤེས་པར་བྱའོ། །ཀླུའི་རྒྱལ་མཚན་གྱིས་མཛད་པར་ཡང་སེམས་སོ། །ཞེས་གསུངས་པ་ལྟར་དགོངས་འགྲེལ་གྱི་འགྲེལ་ཆེན་འདི་ཉིད་ཀྱི་ནང་དུ་བོད་ཀྱི་བསྟན་བཅོས་ལ་ཁ་འཕངས་བྱས་པ་དང་གཅིག །ཐོགས་མེད་ཀྱི་ཕྱིས་སུ་བྱུང་བའི་ཀུན་ལས་བཏུས་དང་། ཚད་མ་རྣམ་སོགས་ཀྱི་ལུང་དྲངས་པ་གཉིས་ལ་བརྟེན་ནས་ཐོགས་མེད་ཀྱི་གསུང་མིན་པར་བོད་ཀྱི་མཁས་པ་ཆེན་པོ་ཞིག་གི་གསུང་ཡིན་པར་གསུངས་ལ། དེ་ཡང་ཀླུའི་རྒྱལ་མཚན་གྱིས་མཛད་པ་ཞིག་ཡིན་སྲིད་པར་གསུངས། འོན་ཀྱང་ཀུན་ལས་བཏུས་དང་། ཚད་མ་རྣམ་ངེས་ཀྱི་དྲངས་པ་ཁོ་བོས་མ་མཇལ་ལོ།།

དེ་བཞིན་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[3]། འདི་འཕགས་པ་ཐོགས་མེད་ཀྱིས་མཛད་ཟེར་བ་མི་བདེན་ཏེ། འདིའི་འཐད་པ་སྒྲུབ་པའི་གཏན་ཚིགས་ཀྱི་སྐབས་ནས། ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལ་བལྟ་བར་བྱའོ། །ཞེས་བོད་ཀྱིས་བྱས་པའི་བསྟན་བཅོས་ལ་ཁ་འཕངས་ཡོད་པའི་ཕྱིར་རོ། །སྔོན་གྱི་དཀར་ཆག་ལས། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་བམ་པོ་བཞི་བཅུ་ཞེས་བྱུང་བ་དེ་ཡིན་པར་སེམས་སོ། །ཞེས་བྱུང་བ་ལྟར་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་དེ་ཡིན་པ་ལྟ་བུར་གསུངས་པས་དཔྱད་དགོས་ལ། བསྟན་བཅོས་འདིར་མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[4]། མདོ་སྡེ་དགོངས་པ་ངེས་པར་འགྲེལ་པའི་འགྲེལ་ཆེན་ཞེས་བྱུང་ངོ་།།

གཞན་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་ལས[5]། སྨྲས་པ། ཐ་སྙད་ལས་ནི་དེའི་ངོ་བོ་ཉིད་ཡིན་པར་བརྗོད་པར་བྱའོ། །དོན་དམ་པར་ནི་དེའི་ངོ་བོ་ཉིད་མ་ཡིན་པར་བརྗོད་པར་བྱའོ། །ཞེས་དང༌། དེ་ལ་མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པའི་མིང་ལ་བརྟེན་པའི་རྣམ་པར་ཤེས་པའི་དམིགས་པ་ཀུན་བཏགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཞེས་གསུངས་ནས། འདི་ལྟར་དེ་ནི་བཏགས་པའི་ཡོད་པ་ཡིན་གྱི་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེས་ན་བདག་གཉིས་ཀྱི་ཀུན་བཏགས་ལྟ་བུ་ཤེས་བྱ་ལ་མི་སྲིད་ཀྱང་དེ་ཙམ་གྱིས་ཀུན་བཏགས་ཐམས་ཅད་མི་སྲིད་པ་མིན་པས་རྫས་སུ་ཡོད་པ་དང་དོན་དམ་པར་ཡོད་པ་དགག་ལ། བཏགས་ཡོད་དང་ཐ་སྙད་དུ་ཡོད་པར་གཞག་གོ།

དེའི་ཕྱིར་དགོངས་འགྲེལ་གྱི་འགྲེལ་ཆེན་ཁ་ཅིག་ལས། ཀུན་བརྟགས་བདེན་པ་གཉིས་ཀར་མེད་ལ་གཟུང་འཛིན་གཉིས་ཀྱི་གཞན་དབང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་བྱས་པ་དང་འདྲ་བར་ཀུན་རྫོབ་ཏུ་ཡོད་པ་དང༌། ཡོངས་གྲུབ་དོན་དམ་པ་ཡང་ཡིན་ལ་ངོ་བོ་ཉིད་མེད་པའི་ཚུལ་དུ་ཡོད་པ་དོན་དམ་པར་ཡོད་པ་ཡིན་ནོ། །ཞེས་བཤད་པ་ནི་མདོ་དེའི་དགོངས་པ་མིན་ནོ། །ཐེག་བསྡུས་སུ་དགོངས་འགྲེལ་དྲངས་ཏེ་ཕྱི་རོལ་མེད་པ་བསྒྲུབས་ནས་ཕྱི་ནང་གི་གཟུང་འཛིན་ཀུན་བཏགས་སུ་བཤད་པ་དང་འགལ་ཞིང༌། བྱང་ས་དང་བསྡུ་བ་དང་ཡང་འགལ་ལ། དེར་རྣམ་ངེས་ཀྱི་ལུང་ཡང་དྲངས་པས། ཁ་ཅིག་དེ་ཐོགས་མེད་ཀྱིས་མཛད་ཟེར་བ་ནི་མ་བརྟག་པ་ཆེན་པོ་འོ།།

བསྡུ་བར་དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་མ་གཏོགས་པ་ལེའུ་ལྷག་མ་རྣམས་ཕལ་མོ་ཆེ་དྲངས་ཤིང་དཀའ་གནས་རྣམས་ལེགས་པར་གཏན་ལ་ཕབ་འདུག་པས་སློབ་དཔོན་འདིས་འགྲེལ་པ་ཟུར་དུ་མཛད་དགོས་པར་ཡང་མི་སྣང་ངོ༌། །ཕྱིས་ཀྱི་ཁ་ཅིག་ཀྱང་། ངོ་བོ་ཉིད་དང་པོ་ཐ་སྙད་དུ་ཡང་མེད། བར་དུ་ཐ་སྙད་དུ་ཡོད་ཀྱང་དོན་དམ་པར་མེད། ཐ་མ་དོན་དམ་པར་ཡོད་པ་ཐོགས་མེད་སྐུ་མཆེད་ཀྱི་དགོངས་པར་འཆད་པ་ཡང་ལུགས་འདི་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ལ། ཁྱད་པར་དུ་གཞན་དབང་ཐ་སྙད་དུ་ཡོད་པའི་དོན་འཁྲུལ་བའི་བློས་དེ་ལ་སྐྱེ་འགག་སོགས་ཡོད་པར་ཞེན་པ་ཙམ་ཡིན་གྱི། དངོས་པོ་ལ་སྐྱེ་འགག་སོགས་མེད་དོ་ཞེས་འདོད་པ་ནི། གཞན་དབང་ལ་སྐུར་འདེབས་ཀྱི་མཐར་ཐུག་དེའི་རྒྱུ་མཚན་གྱིས་ངོ་བོ་ཉིད་གཞན་གཉིས་ལ་ཡང་སྐུར་བ་བཏབ་པས། མཚན་ཉིད་གསུམ་ག་ལ་སྐུར་འདེབས་ཆད་ལྟའི་གཙོ་བོར་སྔར་བྱང་ས་ལས་བཤད་པ་དེ་ཡིན་ཅིང༌། མདོ་སྡེ་དགོངས་འགྲེལ་ངེས་དོན་ཡིན་པར་འདོད་པའི་ཕྱོགས་ལ་སྤང་དུ་མེད་པའི་འགལ་བར་ཤེས་པར་གྱིས་ཤིག །ཅེས་དགོངས་འགྲེལ་གྱི་འགྲེལ་པ་འཕགས་པ་ཐོགས་མེད་ཀྱིས་མཛད་ཟེར་བ་མ་བརྟག་པ་ཆེན་པོ་སྟེ་གསུང་མིན་པར་བཞེད་དོ།།   །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༦

[2]  བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཇོ༽ དེབ་ཨང་ ༡༡༦ པ། ༢༠༠༨ ལོ། ཤོག་གྲངས་ ༣༣༠

[3]  སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༤༡༡

[4]  གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༨༨

[5]  དྲང་ངེས་ལེགས་བཤད་སྙིང་པོ། སེར་སྨད་ཐོས་བསམ་ནོར་གླིང་། ༢༠༠༢ ལོ། ཤོག་གྲངས་ ༥༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༡༣ ནས་ ༦༡༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *