༤༽ ཐོགས་མེད་ཀྱིས་བསྟན་བཅོས་མཛད་ཡུལ།
དེ་ཡང་འབྲི་གུང་ཆེ་ཚང་དཀོན་མཆོག་རིན་ཆེན་ (1590-1654) གྱིས་མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རྨད་བྱུང་བློ་གྲོས་ཀྱི་གཏེར་མཛོད་ལས[1]།
མི་ཕམ་མགོན་པོའི་ཞལ་གྱི་བདུད་རྩིའི་བཅུད། །རོ་ཡིས་ཀུན་ནས་མྱོས་ནས་གྲོལ་ཚུལ་བསྟན། །
འགྲོ་ཀུན་རྒྱ་ཆེན་སྤྱོད་པའི་ལམ་བཟང་དེར། །ཐོགས་མེད་འགོད་མཛད་ཁྱོད་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་པ་མཛད་པ་ལྟར། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། དེ་ཡང་སློབ་དཔོན་དེས་དང་པོར་མ་ག་དྷཱའི་ཡུལ་གྱི་ཕྱོགས་གཅིག་བེ་ལུ་བ་ན་ཞེས་བྱ་བའི་ནགས་སུ་གཙུག་ལག་ཁང་མཛད་དེ་བཞུགས་ནས་སློབ་མ་ཚུལ་ཁྲིམས་དང་ལྡན་ཞིང་། མང་དུ་ཐོས་པ་བརྒྱད་ལ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་དག་བཀྲོལ་ཞིང་བསྟན་པས། དེ་ཐམས་ཅད་ཀྱང་བཟོད་པ་ཐོབ་ཅིང་སྐྱེ་བོ་དད་པའི་ཕྱིར་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མདོ་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཤ་སྟག་བྱུང་སྟེ། གནས་དེ་ལ་ཆོས་ཀྱི་མྱུ་གུའི་དགོན་པར་གྲགས་སོ། །དེར་བྱམས་པའི་ཆོས་ལྔ་ཡང་ཡི་གེར་བཀོད། མངོན་པ་ཀུན་ལས་བཏུས་དང༌། ཐེག་པ་ཆེན་པོ་བསྡུས་པ་དང༌། ས་སྡེ་ལྔ་དང༌། མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་བཤད་པ་ལ་སོགས་པ་བསྟན་བཅོས་ཕལ་ཆེར་མཛད།
དེ་ནས་ཡུལ་ནུབ་ཕྱོགས་དང་ཉེ་བ་གྲོང་ཁྱེར་ས་ག་རི་ཞེས་བྱ་བར་ཨུཥྨ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་རྒྱལ་པོ་ཟབ་མོས་སྦྱིན་བདག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་ཐམས་ཅད་འདུས། དེར་འཕགས་པ་ཐོགས་མེད་ཀྱིས་སོ་སོའི་བློ་དང་འཚམ་པར་ཆོས་མང་དུ་བསྟན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་བཤད་ཅིང༌། ཐམས་ཅད་ཀྱང་ཡང་དག་པའི་དོན་ལ་བཀོད་པས་ཐེག་པ་ཆེན་པོ་ལ་རིགས་སད་ཅིང་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་བརྒལ་བ་ཙམ་བྱུང་སྟེ་དེ་ཡང་སྔོན་ཐེག་པ་ཆེན་པོ་ཤིན་ཏུ་དར་བ་ལས། ཕྱིས་དུས་ཀྱི་དབང་གིས་བློ་གྲོས་ཆུང་ངུར་གྱུར་པ་དང༌། དགྲ་ལན་གསུམ་གྱིས་རིམ་པས་ཉམས་ཏེ། སློབ་དཔོན་འདི་བྱོན་པའི་དུས་ཀྱི་ཐོག་མ་ན། ཐེག་པ་ཆེན་པོའི་ཕྱོགས་འཛིན་པའི་དགེ་སློང་མང་པོ་ཡོད་ནའང་ཐེག་པ་ཆེན་པོའི་མངོན་པ་ཤེས་པ་ནི་ཡེ་མེད་ཅིང༌། མདོ་སྡེ་རེ་རེ་ནས་འདོན་པ་དར་པོ་ཡོད་ཀྱང༌། མདོ་དོན་ཇི་བཞིན་དུ་ཤེས་པ་མེད་པ་ལ་གནས་དེར་སློབ་དཔོན་ཉིད་སློབ་མའི་མཆོག་བརྒྱད་དང་བཅས་པས་ཆོས་བསྟན་པས། དེ་ལྟར་གྱུར་པའི་ཚེ་ཐེག་པ་ཆེན་པོའི་བསྟན་པ་བར་སྐབས་སུ་ནུབ་པ་ལས་སླར་ཡང་དར་བར་གྱུར་ཏོ་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །ཞེས་གསུངས་སོ།།
གཞན་ཡང་འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་མཛད་པའི་གནས་ནི། ཐང་སན་ (603-664) ལམ་ཡིག་ལས[3]། གྲོང་ཁྱེར་ཆེན་པོ་དེའི་བྱང་ཕྱོགས་སུ་གངྒཱའི་འགྲམ་ན་གཙུག་ལག་ཁང་ཆེན་པོ་ཞིག་ན་མཆོད་རྟེན་དཔངས་སུ་ཁྲུ་ཉིས་བརྒྱ་ལྷག་པ་རྒྱལ་པོ་ཨ་ཤོ་ཀས་བཞེངས་པ། སྔོན་སྟོན་པ་ཞལ་བཞུགས་དུས་སུ་འདིར་ཟླ་བ་གསུམ་བཞུགས་ཏེ་ཆོས་གསུངས་ཟེར། འདས་སངས་རྣམ་བཞིའི་བཞུགས་ཁྲི་རྡོ་ལས་གྲུབ་པ་རྗེས་བཞག་བཀོད་པ་ཡོད། དེ་ནས་ནུབ་ཏུ་རྒྱང་གྲགས་བཞི་ལྔ་ཙམ་གྱི་སར་སྟོན་པའི་དབུ་ལོ་དང་ཕྱག་སེན་གྱི་མཆོད་རྟེན་ཡང་ཡོད། དེ་ན་གཙུག་ལག་ཁང་ཞིག་ཡོད་པའི་རྨང་གཞི་སྔོན་མདོ་སྡེ་པའི་སློབ་དཔོན་ཤི་དཱ་ཏཱ་སྟེ་དཔལ་སྦྱིན་གྱིས་མདོ་སྡེ་པའི་ལུགས་ཀྱི་ལྷག་མཐོང་མཛད་པའི་གནས་རྙིང་ཡིན་ཟེར་རོ།།
གྲོང་ཁྱེར་དེའི་ལྷོ་ནུབ་ཏུ་རྒྱང་གྲགས་ལྔ་དྲུག་ཙམ་ན་ཤིང་ཏོག་ཨ་མྲའི་ནགས་ཚལ་ཆེན་པོའི་ནང་གཙུག་ལག་ཁང་རྙིང་པ་ཞིག་ཡོད་པ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་ཐོགས་མེད་ཀྱིས་སྟེང་དགའ་ལྡན་དུ་ཕེབས་ཏེ་རྒྱལ་བ་མ་ཕམ་པར་བྱམས་པའི་ཆོས་སྡེ་ལྔ་མནོས་ནས་ཕྱིར་ལོག་སྟེ། རྣལ་འབྱོར་སྤྱོད་པའི་ས་སྡེའི་རྩ་འགྲེལ་དང་། དབུས་མཐའ་རྣམ་འབྱེད། ཐེག་པ་ཆེན་པོའི་རྒྱན་རྩ་འགྲེལ་མཛད་པའི་གནས་ཡིན། ཨ་མྲའི་ནགས་ཀྱི་ནུབ་བྱང་མཚམས་གོམ་པ་བརྒྱ་ཙམ་ན་སྟོན་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གཅིག་ཡོད། ཐོགས་མེད་ཀྱི་ཆོས་བཤད་པའི་ལྡིང་ཁང་གི་ཤུལ་རྙིང་ནས་ནུབ་བྱང་མཚམས་སུ་ལེ་བར་བཞི་བཅུ་ལྷག་ཙམ་ན། གངྒཱའི་འགྲམ་དུ་སོ་ཕག་གི་གཙུག་ལག་ཁང་ཞིག་ཡོད་པ་ནི། སློབ་དཔོན་དབྱིག་གཉེན་གྱིས་ཐོག་མར་ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་གནས་ཡོད། ཅེས་གསལ་བ་ལྟར་འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་འགའ་ཞིག་གནས་གང་ཞིག་ཏུ་མཛད་མིན་རྒྱའི་ཡིག་ཆར་འཁོད་པ་ལྟར་ཕལ་ཆེར་ཤེས་རྟོགས་ཐུབ་མོད། འོན་ཀྱང་གསུང་རྩོམ་གཞན་འགའ་ཞིག་གནས་གང་དག་ཏུ་མཛད་མིན་ཡིག་ཆ་ཁག་ཏུ་མི་གསལ་ཁར། ད་ལྟའི་ཆར་ངོས་འཛིན་བྱེད་དཀའ་བ་སྨོས་མེད་ཡིན་ནའང་། ང་ཚོས་བསམ་གཞིག་བྱེད་དགོས་པ་ཞིག་ལ། བྱུང་རབས་ཀྱི་དེབ་ཐེར་ཁག་ཏུ་འཕགས་པ་ཐོགས་མེད་ཀྱི་སྐུ་ཚེའི་སྨད་དུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མཁན་པོའི་མཛད་ཁུར་བཞེས་ཏེ་དབྱར་དུས་སུ་གཞུང་ལུགས་མང་དུ་ལྗགས་རྩོམ་མཛད་པ་དང་། དགུན་དུས་ཕྱི་རོལ་པ་དང་བརྩད་ནས་ཕམ་པར་མཛད་དེ་མུ་སྟེགས་པ་དྲུག་སྟོང་ཙམ་ནང་པར་བཅུག་ཚུལ་གསལ་བ་ལྟར་ན། གཞུང་ལུགས་ཕལ་མོ་ཆེ་དཔལ་ནཱ་ལེནྡྲར་མཛད་དགོས་ཀྱང་ནཱ་ལེནྡྲར་མཛད་ཚུལ་མི་གསལ་བས་དཔྱད་དགོས་པ་ཞིག་གོ། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] འབྲི་གུང་བཀའ་བརྒྱུད་ཆོས་མཛོད། ༼ཇེ༽ དཔེ་རིང་། ཤོག་གྲངས་ ༣༠བ༢ ནས་ ༣༡བ༣ བར།
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༣
[3] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༠༩ ནས་ ༦༡༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།