ཤ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

ཤ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

 

དེ་ཡང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་བཟང་བཏོད་ཅིང་། བོད་གངས་ཅན་ཞིང་ཁམས་སུ་རྒྱལ་བསྟན་ཐོག་མར་སྤེལ་བར་མཛད་པའི་བཀའ་དྲིན་དྲན་པའི་སྒོ་ནས་མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

ཞེས་གསུངས་པའི་དོན་ནི། ཟབ་རྒྱས་ཀྱི་ཆོས་ཚུལ་རྣམས་ཆེད་དུ་བྱ་བའི་གདུལ་བྱའི་དབང་པོ་རྣོ་རྟུལ་གྱི་ཁམས་དང་མོས་པ་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་དོན་དུ་མ་གྲུབ་པའི་གཉིས་སྟོང་སྟེ། གཟུང་འཛིན་ངོ་བོ་ཐ་དད་ཀྱིས་སྟོང་པའི་སྟེང་དུ་ཐམས་ཅད་བདེན་པར་མེད་པའི་གནས་ལུགས་དེ་ཁོ་ན་ཉིད་དབུ་མའི་ལམ་གྱི་སྲོལ་ཆེན་པོ་ཐོག་མར་གསར་གཏོད་གནང་བའི་ཐོག་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའམ་ཚད་ཆེན་དང་། དབུ་མ་རྒྱན་སོགས་གཞུང་ལུགས་བཅུ་ཕྲག་གཉིས་ལ་ཉེ་བ་མཛད་ནས་དབུ་མ་དང་ཚད་མའི་ཟབ་གནད་ཆེ་བའི་རིགས་ཚུལ་གྱི་རྣམ་གྲངས་དུ་མ་ཕྲ་ཞིབ་རིགས་པའི་ལམ་ནས་ལེགས་པར་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་ཤིང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་མངའ་བདག་ཚངས་པ་ལྷའི་མེ་ཏོག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ལན་གྲངས་དུ་མར་དཀའ་སྤྱད་ཆེན་པོའི་སྒོ་ནས་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་སྤྱན་དྲངས་ཏེ་ཐོག་མར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་བཏབ་ཅིང་། སད་མི་མི་བདུན་རབ་ཏུ་བྱུང་ལ། བཀའ་བསྟན་གསུང་རབ་དུ་མ་སྒྲ་བསྒྱུར་མཛད་ནས་འཆད་ཉན་གྱིས་གཏན་ལ་ཕབ་སྟེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་སྤེལ་བར་མཛད་པས། བོད་མུན་པའི་གླིང་དུ་འོད་སྟོང་འགྱེད་པའི་ཉི་མ་ལྟ་བུར་གྱུར་ཏེ་རང་ཅག་ཁ་བ་གངས་ཅན་པ་རྣམས་ལ་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མཁན་ཆེན་ཞི་བ་འཚོ་ཞེས་མཚན་སྙན་གྱི་གྲགས་པ་འཕགས་བོད་ཀུན་ལ་ཁྱབ་པ་གང་དེའི་ཐུགས་རྗེ་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༠༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༡ ནས་ ༣༤༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *