ཝ༽ མཐའ་མའི་ཞལ་ཆེམས་དང་མྱ་ངན་ལས་འདའ་ཚུལ།
དེ་ཡང་རྫོགས་ཆེན་མཁན་ཆེན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་མཁན་སློབ་ཆོས་གསུམ་ལ་བསྟོད་པ་དད་པའི་མེ་ཏོག་ལས[1]།
མཐའ་གཉིས་ལས་བསྐལ་ཞི་བའི་ཆུ་གཏེར་གྱི། །ལྦུ་ཕྲེང་ཚུལ་ཁྲིམས་གསུམ་པའི་འཛུམ་དཀར་ལས། །
རྒྱལ་བསྟན་རྙོག་མ་དྭངས་པའི་ཀེ་ཏ་ཀ །རིན་ཐང་ཆེན་པོར་བྱས་པ་ཁྱོད་ཀྱི་དྲིན། །
ཞེས་བསྔགས་པ་མཛད་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[2]ཀྱང་། དེ་ལྟར་མཁན་ཆེན་བོདྷི་སཏྭས་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་ནས་སྐུའི་བཀོད་པ་བསྡུད་པ་ལ་ཕྱོགས་པ་ན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་འདི་ལྟར་བཀའ་སྩལ་ཏེ། བོད་དུ་མུ་སྟེགས་ནི་མི་འབྱུང་གིས། སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་ཅིག །རྩོད་པ་བྱས་པས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ་ཞི་བར་གཤེགས་སོ། །ཞེས་གསུངས་སོ།།
དེ་བཞིན་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས། སྒོམ་རིམ་གྱི་དབུར་ཀ་མ་ལ་ཤཱི་ལ་རང་གི་སློབ་མ་དག་གིས་ཡི་གེར་བཀོད་པ་ལས་ནི་འདི་ལྟར་བྱུང་སྟེ། སྔོན་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས། ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་ཞེས་བྱ་བ། ལེགས་པར་སྦྱར་བའི་སྐད་དུ་ཤཱནྟ་རཀྵི་ཏ་ཞེས་བྱ་བ། བོ་དྷི་སཏྭ་ཞེས་ཀྱང་གྲགས་པ། འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བ། ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་དོན་མ་ལུས་པ་མཁྱེན་པ་ཞིག་སྤྱན་དྲངས་ཏེ་བོད་ཡུལ་དུ་ཆོས་རྒྱས་པར་བྱས་སོ། །དེས་དབུ་མ་རྒྱན་དང༌། དེ་ཉིད་བསྡུས་པ་དང༌། རྡོ་རྗེ་འཆང་གི་དབྱངས་ཀྱི་རྒྱ་ཆེར་བཤད་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད་དོ། །དེ་འགྲོངས་ཀར་རྒྱལ་པོ་ལ་སོགས་པ་ལ་བཀའ་སྩལ་པ། བོད་ཡུལ་དུ་བསྟན་པ་ལྔ་བརྒྱ་ཐ་མ་ལ་བྱུང་སྟེ་ཅུང་ཟད་རྒྱས་པར་གྱུར་པ་ལ། མུ་སྟེགས་ཀྱི་ཕྱིར་རྒོལ་བ་ནི་མི་འབྱུང་སྟེ། སངས་རྒྱས་པ་རང་ལ་ལྟ་བ་མི་མཐུན་ནས་རྩོད་པར་འགྱུར་གྱི། ངའི་སློབ་མ་ཀ་མ་ལ་ཤཱི་ལ་བྱ་བ་རྒྱ་གར་ན་ཡོད་ཀྱི་སྤྱན་དྲོངས་ལ་རྩོད་པ་གྱིས་ཤིག །རྒྱལ་པོས་བཟླུམས་གྱིས་ཤིག་ཅེས་པ་བཀའ་སྩལ་ཏོ། །ཞེས་གསུངས་པ་ལྟར་རོ།།
རྐྱེན་གང་གིས་ཚུལ་ཇི་ལྟར་གཤེགས་ཚུལ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་མཁན་སློབ་རྣམ་གཉིས་ཀྱི་མཛད་རྗེས་མདོར་བསྡུས་ལས[3]། སྐུ་ཚེའི་མཛད་པ་མཐའ་མ་སྟོན་པར་ཉེ་བ་ན། འཕྲལ་སྣང་ལ་བསམ་ཡས་ཀྱི་ཕོ་བྲང་འོག་ཁང་ཞིག་ལ་ཕེབས་སྐབས་ཆིབས་རྟས་དབུ་ལ་ཕྲ་བརྒྱབ་པའི་རྐྱེན་བྱས་ཏེ་སྐུ་གཤེགས་ཤིང་། སྐུ་གདུང་བཞུ་བའི་སྤུར་ཁང་ཧས་པོ་རིའི་རྒྱབ་ངོས་སུ་བརྩིགས་པ་དེར་མཆོད་རྟེན་ཀྱང་བཞེངས་ཡོད། ཅེས་གསུངས་ལ། དེ་བཞིན་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས་[4]ཀྱང་། དེའི་དུས་སུ་ཕོ་བྲང་རིམ་དགུའི་སྒོ་ཁང་དུ་མཁན་པོ་བོ་དྷི་ས་ཏྭའི་དབུ་ལ་གོར་བུས་ཕྲ་བརྒྱབ་པ་ལྟར་མཛད་ནས། ཞལ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་ནས་སྐུ་གཤེགས་སོ། །དེའི་སྤུར་བསམ་ཡས་ཧས་པོ་རིའི་རྒྱབ་ཏུ་བཞུགས་ནས་མཆོད་རྟེན་གཅིག་བཞེངས་སོ། །ཞེས་དང་། སྟག་ཚང་དཔལ་འབྱོར་བཟང་པོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[5]། དེ་རྟིང་མཁན་པོ་བོ་དྷི་ས་ཏྭའི་དབུ་ལ་ཆིབས་པའི་འཕྲ་བ་འཕོག་ནས་མྱ་ངན་ལས་འདས། སྤུར་བསམ་ཡས་ཧས་པོ་རིའི་རྩེ་ལ་མཆོད་རྟེན་བྱས་ནས་བཞུགས་སོ། །ཞེས་གསལ་ལོ།།

ཡང་རྣམ་ཐར་ལ་ལར་སྐུ་མྱ་ངན་ལས་འདའ་ཁར་ཡང་སྐུ་གདུང་ཞལ་ཕྱོགས་གཏད་ཚུལ་ཙམ་ལ་རྟེན་འབྲེལ་གཟིགས་ཏེ་བོད་གངས་ཅན་གྱི་ལྗོངས་སུ་རབ་བྱུང་གི་སྡེ་ལེགས་ཉེས་ཇི་ལྟར་བྱུང་ཚུལ་སྐོར་ཞལ་ཆེམས་ཀྱང་མཛད་ཅིང་། མཐར་ཕོ་བྲང་བྲག་དམར་དུ་རྟས་བརྡབས་རྐྱེན་གྱིས་སྐུ་མྱ་ངན་ལས་འདས་ཚུལ་བསྟན་པ་དང་། འགའ་ཞིག་ཏུ་བསམ་ཡས་ཧས་པོ་རིའི་རྒྱབ་ངོས་སུ་རྟས་བརྡབས་རྐྱེན་གྱིས་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ཚུལ་བཅས་མྱ་ངན་ལས་འདས་ཡུལ་གྱི་ས་གནས་ལ་བཞེད་པ་མི་མཐུན་ཞིང་། དེ་ལྟར་མཁན་ཆེན་ཞི་འཚོ་ཞི་བར་གཤེགས་རྗེས་སྐུ་གདུང་བསམ་ཡས་ཧས་པོ་རིའི་རྒྱབ་ངོས་ཐང་སྟེང་དུ་བཞེངས་ཤིང་། རིག་གསར་སོགས་ཀྱི་སྐབས་སུ་གཏོར་བཤིག་ཉམས་ཆག་ཕྱིན་པ་བསྐྱར་བཞེངས་གནང་བ་ད་ལྟའང་མཇལ་རྒྱུ་ཡོད་པ་འདིའོ།། །།

(ཧས་པོ་རིའི་རྒྱབ་ངོས་སུ་བཞུགས་པའི་མཁན་ཆེན་ཞི་བ་འཚོའི་སྐུ་གདུང་མཆོད་རྟེན།)
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༤༩
[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༩༧
[3] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཅ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༥༨
[4] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༩༥
[5] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༥ ནས་ ༢༨༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།