ཕ༽ མཁན་སློབ་ཆོས་གསུམ་གྱི་སྐུ་སྐྱེ་སྔོན་མ།

ཕ༽ མཁན་སློབ་ཆོས་གསུམ་གྱི་སྐུ་སྐྱེ་སྔོན་མ།

 

བྱང་སེམས་ཐུགས་མངའ་མཁན་ཆེན་ཞི་བ་འཚོ། །སྣང་སྲིད་དབང་སྡུད་སློབ་དཔོན་པདྨའི་ཞབས། །

འཇམ་དབྱངས་རྣམ་སྤྲུལ་ཆོས་རྒྱལ་ཁྲི་སྲོང་སྟེ། །མཁན་སློབ་ཆོས་གསུམ་རྣམས་ལ་གསོལ་བ་འདེབས། །

ཞེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། དེ་ཡང་བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་ལས[1]། ཁ་ཆེ་ཨ་ནན་ཏ་ཡིས་ལོ་ཙཱ་བ་བྱས་ཏེ་དགེ་བ་བཅུ་དང་། ཁམས་བཅོ་བརྒྱད་སོགས་ཆོས་མང་དུ་གསུངས།

བཙན་པོས་བསྟན་པའི་གཙུག་ལག་ཁང་བཞེངས་དགོས་པའི་རེ་བ་གསོལ་བས། མཁན་ཆེན་བོ་དྷི་ས་ཏྭ་ཡིས། བོད་ལྷ་འདྲེ་མི་མ་ཡིན་རྩུབ་མོར་འདུག་པས། ངས་བྱང་སེམས་ཀྱིས་འདུལ་བ་ཡིན་ཏེ། ཐུལ་ལམ་མི་ཐུལ་མི་ཤེས། རྒྱལ་པོས་གཙུག་ལག་ཁང་གི་རྨང་ཐིངས་ཤིག་གསུངས་ཏེ། མཁན་པོས་ས་གཞི་བྱིན་གྱིས་བརླབས། དེ་ནས་དགའ་བའི་རྟེན་གྱི་མཛད་སྒོ་དང་འབྲེལ་གཙུག་ལག་ཁང་གི་རྨང་གཞི་བརྩིགས་པས། བོན་གྱི་སྲུང་མ་མཐུ་ཆེན་དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། གཤེན་བོན་ལ་སོགས་པས་འགོག་རྐྱེན་མང་པོ་བཟོས་པ་སྟེ། ཉིན་མོ་མི་ཡིས་བརྩིགས་པ་དེ་མཚན་མོ་ལྷ་འདྲེས་བཤིག་ཟེར། བཙན་པོ་དང་མཁན་ཆེན་གཉིས་ཀ་བྱ་ཐབས་དབེན་པའི་གནས་སུ་ལྷུངས། དེ་ནས་མཁན་ཆེན་ཕྱིར་ཕེབས་ནས་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་པའི་གྲབས་མཛད། ཅེས་གསུངས་པ་ལྟར་མཁན་ཆེན་ཞི་འཚོས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ཞེ་ན། དེ་ཡང་ཤཱཀྱའི་བཙུན་པ་ནམ་མཁར་སྤྱོད་པའམ་སོག་བཟློག་པ་བློ་གྲོས་རྒྱ་མཚོས་ (1552-1624) མཛད་པའི་དཔལ་རྡོ་རྗེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ལས[2]། ད་ནི་བོད་ཡུལ་དུ་ (ཕུར་པའི་ཆོས་སྐོར་གྱི་བརྒྱུད་པ།) ཇི་ལྟར་བྱུང་བའི་ཚུལ་ནི། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་དགོངས་ནས་ཐུགས་དམ་གྱི་ལྷ་ཁང་བསམ་ཡས་བཞེངས་པའི་ས་འདུལ་བ་སློབ་དཔོན་བོ་དྷི་ས་ཏྭ་སྤྱན་དྲངས་ནས་ས་འདུལ་མཛད་པས། བོད་ཀྱི་ལྷ་འདྲེ་རྣམས་ཟིང་ལངས་ཏེ། ཉིན་མོ་མིས་བརྩིགས་པ་ནུབ་མོ་ལྷ་འདྲེས་བཤིགས་ཏེ་རི་རྡོ་རི་ལ་བསྐྱལ། ཀླུངས་རྡོ་ཀླུངས་སུ་བསྐྱལ་ནས་བརྩིགས་སུ་མ་སྟེར་བ་དང་། རྒྱལ་པོ་ཐུགས་མུག་སྟེ། ཨེ་ཤ་སློབ་དཔོན་བྱིན་རླབས་ཆུང་ངམ། བདག་སྒྲིབ་པ་ཆེ་འམ། བོད་འབངས་བསོད་ནམས་ཆུང་ངམ། འདི་རྒྱུ་རྐྱེན་ཅི་ལས་གྱུར་ཞུས་པས། སློབ་དཔོན་གྱི་ཞལ་ནས། བདག་ཏིང་ངེ་འཛིན་རྩལ་ཤུགས་ཆུང་བ་མ་ཡིན་ཏེ། བྱམས་པ་ཤས་ཆེ་བས་མི་མ་ཡིན་མ་ཐུལ་བ་ཡིན། ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་རྡོ་རྗེ་ཕུར་པའི་དངོས་གྲུབ་ཐོབ་པ་ཞིག་བཞུགས། དེ་སྤྱན་དྲངས་ན་བར་ཆད་ཞི་བར་འགྱུར་རོ་གསུངས། སྤྱན་མི་འདྲོངས་བསམས་ཞུས་པས། སློབ་དཔོན་གྱི་ཞལ་ནས། རང་རེ་རྣམས་ཚེ་སྔོན་མའི་སྤུན་ཡིན་པས་ལས་དང་སྨོན་ལམ་གྱི་དབང་གིས་བྱོན་ཡོང་གསུངས། དེ་ཇི་ལྟར་ཡིན་ཞུས་པས། སློབ་དཔོན་གྱི་ཞལ་ནས། སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་ཚུལ་བསམ་གྱིས་མི་ཁྱབ་པ་ཡིན། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཅན་ཐམས་ཅད་འཁོར་བ་ནས་དྲངས་ཏེ་ལན་གསུམ་དུ་སངས་རྒྱས་ཀྱི་ས་ལ་བཞག་སྟེ། ད་སེམས་ཅན་འཁོར་བ་ན་མེད་དམ་སྙམ་གཟིགས་པས། སྔར་བས་ཀྱང་སེམས་ཅན་མང་ཞིང་ཉོན་མོངས་པ་རགས་སུ་སོང་འདུག་པས། སླར་སྙིང་རྗེ་སྐྱེས་ཏེ་བཤུམས་པས། མཆི་མ་ཐིགས་པ་གཉིས་གཏོར་ནས་འདི་གཉིས་ཀྱི་སྒོ་ནས་ཀྱང་སེམས་ཅན་གྱི་དོན་ཆེན་པོ་མ་འོངས་པའི་དུས་ན་འབྱུང་བར་གྱུར་ཅིག་ཅེས་གསུངས་པས། མཆི་མ་ཐིགས་པ་གཉིས་སུམ་ཅུ་རྩ་གསུམ་དུ་སོང་བ་ལས། ལྷའི་བུ་མོ་གངྒཱ་མ་དང་། གངྒཱ་མ་ཆུང་ངུ་ཞེས་པ་གཉིས་སུ་སྐྱེས། དེ་གཉིས་ཆེར་སྐྱེས་ནས་སྐབས་སུ་ལྷའི་ཁྲིམས་བསྲུང་བ་ཞིག་གི་ཚེ། གངྒཱ་མ་ཆུང་ངུས་གངྒཱ་མའི་ལྡུམ་ར་ནས་མེ་ཏོག་བརྐུས་པས། ལྷའི་ཁྲིམས་ཉམས་པས་ཚེ་འཕོས་ཏེ། སྐྱེ་བ་ཕྱི་མ་ལ་མིའི་ཡུལ་དུ་བྱ་རྫི་མོ་བདེ་མཆོག་བྱ་བར་སྐྱེས། བྱ་འཚོས་པའི་སློ་དང་རྒྱག་ལྷག་བསགས་ཏེ། མཆོད་རྟེན་བྱ་རུང་ཁ་ཤོར་བྱ་བ་བཞེངས། བུམ་པའི་སྲོག་ཤིང་བཙུགས་ཙམ་ལ་མོ་ཤི་ནས། དམ་ཚིག་གི་ལྷ་མོ་པྲ་མོ་ཧ་ཞེས་བྱར་སངས་རྒྱས་སོ།།

དེ་ལ་བུ་བཞི་ཡོད་དེ་དགེ་སློང་ཨ་བ་ཁ་དུ། རྟ་རྫི། ཕག་རྫི། ཁྱི་རྫི་དང་བཞིའོ། །བུ་དེ་བཞིས་མཆོད་རྟེན་གྱི་འཕྲོ་རྫོགས་པར་འབྱོངས་ཏེ་གྲུབ། རབ་གནས་བྱས་ཚར་བ་དང་། བུ་སོ་སོས་སྨོན་ལམ་འདི་ལྟར་བཏབ་བོ། །བུ་ཆེ་བས། བདག་ཅག་ཚོས་དགེ་བ་འདི་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ལ་ས་བདག་གི་རྒྱལ་པོ་ཆེན་པོ་ཞིག་ཏུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེའི་འོག་མས་བསྟན་པ་བསྲུང་བའི་སྔགས་འཆང་མཐུ་སྟོབས་ཅན་ཞིག་ཏུ་སྐྱེ་བར་གྱུར་ཅིག །དེའི་འོག་མས་མཁན་པོ་བྱང་ཆུབ་སེམས་དཔའ་ཞིག་ཏུ་སྐྱེ་བར་གྱུར་ཅིག །དེའི་འོག་མས་ཕུ་བོ་གསུམ་པོའི་བྱ་བ་སྒྲུབ་པ་ཞིག་ཏུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེ་དུས་ཆེ་བ་རྒྱལ་པོ་ཉིད་ཡིན། དེའི་འོག་མ་སློབ་དཔོན་པདྨ་ཡིན། དེའི་འོག་མ་ང་ཡིན། དེའི་འོག་མ་ཡར་ཀླུངས་ཀྱི་སྦ་མི་ཁྲི་བཞེར་[3]ཡིན་གསུངས། དེ་ནས་རྒྱལ་པོས་སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་བྷ་དྲ། ཤུད་བུ་དཔལ་གྱི་སེངྒེ་གསུམ་ཆིབས་དང་བཅས་ནས་གསེར་ཕྱེ་མང་པོ་བསྐུར་ནས་སློབ་དཔོན་སྤྱན་འདྲེན་དུ་བརྫངས་སོ། །ཞེས་གསལ་ལོ།།

ཡང་གསུང་ཚུལ་ཅུང་ཟད་མི་འདྲ་བ་ཞིག་ནི། ཁོད་སྤོ་བློ་གྲོས་ཐོགས་མེད་ (དུས་རབས་13པ།) ཀྱིས་མཛད་པའི་བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས་ལས[4]། དེ་ཡང་ཁྲི་སྲོང་དེའི་སྐུ་རིང་ལ་དམ་པའི་ཆོས་བོད་དུ་བྱུང་ངོ་། །ཅི་ལྟར་ན། དེ་ཡང་སྤྲང་པོ་གསུམ་གྱི་ལས་དབང་གིས་ཞེས་པ། སྔོན་རྒྱ་གར་ཡུལ་དུ་སྤྲང་པོ་གསུམ་གྱིས་སྤྲངས་པས། ཟས་ནོར་མང་པོ་རྙེད། བྱ་ཞེས་ཤིར་ཤིང་མང་པོ་བཙོངས་པས་ཀྱང་ཟས་ནོར་མང་པོ་རྙེད། དེར་ཕྱི་མའི་དོན་དུ་མཆོད་རྟེན་རི་བོ་བྱ་རི་ཁ་ཤོར་བྱ་བ་གཅིག་བརྩིགས་ཏེ་ཆེ་གྲགས་པས་བྲེ་དང་ཆོས་འཁོར་མན་ཆད་ལས་མ་བརྩིགས་པར་ཁོང་གསུམ་པོ་རྒས། ཟས་ནོར་ཡང་ཟད། དེ་ཚར་ནས་སངས་རྒྱས་པའི་སྨོན་ལམ་བཏབ་པས་ཐེབས་ལ། སངས་རྒྱ་བ་ལ་མ་ཚར་བས་སྨོན་ལམ་གང་བཏབ་ཀྱང་མ་འོང་བས། དེ་དུས་སླུང་སོང་སླུང་བཙན་གྱི་དུས་ཡིན་པས། རྒྱ་གར་རྒྱལ་པོ་ན་རེ། བོད་ཀྱི་རྒྱལ་པོ་འདི་མངའ་ཐང་དགུང་ལ་རེག །མཐའི་རྒྱལ་པོ་འདི་ཐམས་ཅད་ཁོས་འདུལ། རྒྱ་སྐེའུ་ཁྲི་སྐོ་ཡང་བོད་ཀྱིས་དམག་བྱས་ཏེ་ཁོ་ལ་ཤོར་ལ་ཉེ་ཟེར་ནས་དེ་དུས་རྒྱལ་པོས། རྒྱ་ནག་རྒྱལ་པོ་ལ་བང་ཆེན་མི་གཉིས་བརྫངས་ནས་འུ་རྒྱ་དཀར་ནག་སྟག་གཟིག་དང་གསུམ་ལ། བོད་ཀྱི་རྒྱལ་པོ་འདི་གནོད་པར་འདུག་པས། ད་འདི་འདུལ་བའི་ཐབས་ལ་རེམས་ཤིག་ཟེར་རོ། །རྒྱ་ནག་རྒྱལ་པོ་ན་རེ། རྒྱ་གར་རྒྱལ་པོ་བདེན་ཏེ། འུ་གཞན་མའི་རྗེ་མིས་བྱེད་དོ། །ཁོའི་མི་རྗེ་ལྷས་བྱེད་པ་ཞིག་འདུག་པས། རྒྱལ་པོ་དབང་ཆེ་བློན་པོ་གྲོས་ཆེ། བོན་པོ་མཐུ་ཆེ་བས། འུ་ཞང་གིས་མི་ཐུབ། ད་བོད་རྒྱལ་ཕུང་བའི་ཐབས་ལ། ཆོས་བོད་དུ་བཏང་དགོས་པས་དེ་སུས་ནུས་གསུངས། དེ་ཙམ་ན་མཆོད་རྟེན་རྩིག་པའི་རྒད་པོ་རྣམས་ན་རེ། དེ་ངེད་ཀྱིས་ནུས་ཟེར་ཏེ། ཁོང་གསུམ་པོས་མཆོད་རྟེན་གྱི་དྲུང་དུ་མེ་ཏོག་གཏོར་ཏེ། གཅིག་ན་རེ། ང་བོད་དུ་ཆོས་བྱེད་པའི་པཎྜི་ཏ་ལོ་ཙཱ་གཅིག་ཏུ་སྐྱེ་བར་ཤོག་ཟེར། གཅིག་ན་རེ། ང་ཆོས་ཀྱི་ནུས་མཐུ་དང་བྱིན་རླབས་ཅན་གཅིག་ཏུ་སྐྱེ་བར་ཤོག་ཟེར། གཅིག་ན་རེ། ཁྱོད་གཉིས་དེ་ལྟར་སྐྱེས་ནས་ཡོན་བདག་རྒྱལ་པོ་དབང་ཆེན་གཅིག་ཏུ་སྐྱེ་བར་ཤོག་ཟེར། དེར་སྨོན་ལམ་གྱི་སྟོབས་ཀྱིས་གཅིག་ཁྲི་སྲོང་ལྡེ་བཙན། གཅིག་བོདྷི་སཏྭ། གཅིག་པདྨ་འབྱུང་གནས་དང་གསུམ་དུ་སྐྱེས། དེ་ལྟར་ཁོང་གསུམ་ཡང་གྲོས་གཅིག་ཏུ་འོང་ཞིང་། བོན་བསྣུབས་པ་དང་རྒྱལ་པོ་ཆོས་ལ་དགེས་པ་ནི་སྔོན་གྱི་ལས་དང་སྨོན་གྱི་སྟོབས་ཀྱིས་དེ་ལྟར་རོ། །ཞེས་བྱུང་ངོ་།།

གཞན་ཡང་འགོས་ལོའི་ (1392-1481) དེབ་ཐེར་སྔོན་པོ་ལས[5]། དོན་ལ་པཎྜི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལི་ཐེ་སེས་ཆོས་དེ་དག་ཁྱེར་འོངས་པ་ལ། རྒྱལ་པོས་ཡི་གེ་མི་ཤེས་ཤིང་། དོན་མི་གོ་བས་པཎྜི་ཏ་དང་ལོ་ཙཱ་བ་ཕྱིར་ལོག་ཟེར་བ་འདི་དག་པ་འདྲ་སྟེ། དུས་ཕྱིས་དབའ་གསལ་སྣང་གིས་བལ་པོར་ཕྱིན། མཁན་པོ་ཞི་བ་འཚོ་དང་མཇལ་བའི་ཚེ། མཁན་པོའི་གསུང་ལ་བོད་ཀྱི་བཙན་པོ་དང་། ཁྱོད་དང་། ང་དང་གསུམ་གྱིས། འོད་སྲུངས་ཀྱི་བསྟན་པ་ལ་བྱ་རྫི་མའི་བུ་གསུམ་དུ་གྱུར་ནས། བོད་དུ་བསྟན་པ་སྤེལ་བའི་སྨོན་ལམ་བཏབ་པ་ཡིན་ཏེ། བཙན་པོ་ཡང་མ་སྐྱེས། ཁྱོད་ཀྱང་ནར་མ་སོན་པས། ངས་འདི་ན་བོད་ཀྱི་རྒྱལ་རབས་དགུ་ཡི་བར་དུ་སྒུག་ཅིང་བསྡད་པ་ཡིན་གསུངས་པ། སྦ་བཞེད་གཙང་མ་ན་སྣང་བའི་ཕྱིར་ཏེ། བོ་དྷི་ས་ཏྭ་བློ་སེམས་སུ་ལི་ཐེ་སེས་བསྒྱུར། འཚོ་ཞེས་པ་ཞི་བ་འཚོ་དང་འབྱོར་པས་སོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[6]། སློབ་དཔོན་གཉིས་ཀྱིས་བཀའ་བགྲོས་པ། སློབ་དཔོན་པད་མའི་ཞལ་ནས་རང་ཅག་གསུམ་ཚེ་སྐྱེ་བ་སྔ་མ་ཡང་སྔ་འདི་གསུམ་འབྲེལ་བ་ལས་འབྲེལ་ཡོད་པ་ཡིན་པས་རྒྱལ་པོའི་ཞལ་ངོ་མི་བསྐྱུངས་གསུངས་སོ། །སློབ་དཔོན་བོ་དྷི་ས་ཏྭའི་ཞལ་ནས་དེ་ཤིན་ཏུ་ལེགས་པས་དེ་བཞིན་བགྱིའོ་གསུངས་ནས། དེར་སློབ་དཔོན་གཉིས་ཀྱིས་རྒྱལ་པོ་ལ་བཀས་གནང་བ་ལ།

སྐྱེ་བ་གསུམ་གྱི་སྨོན་ལམ་གྱིས། །ལས་ཀྱི་འཕྲོས་ཀྱིས་བོད་དུ་འཚོགས། །

སྔར་ཡང་བཙན་པོ་དགྱེས་པར་བགྱིད། །ད་ཡང་བཙད་པོའི་ཞལ་མི་བསྐྱུངས་བར་བགྱིད། །

ཅེས་གསུངས་ནས་བཞུགས་པར་བཀས་གནང་ངོ༌། །དེ་ནས་རྒྱལ་པོས་སློབ་དཔོན་གཉིས་ལ་ཆོས་གསུང་པར་ཞུ་བ་ཕུལ་བས་གསེར་གྱི་ཁྲི་ལ་ཟ་འོག་གི་འབོལ་གསུམ་བརྩེགས་དང་གབ་རྩེའི་གདན་ལ་སློབ་དཔོན་པད་མ་བཞུགས། དངུལ་གྱི་ཁྲི་ཟ་འོག་གི་འབོལ་གསུམ་བརྩེགས་དང་གབ་རྩེའི་གདན་དང་བཅས་པ་ལ་མཁན་པོ་བོ་དྷི་ས་ཏྭ་བཞུགས། གོང་གྲལ་ལ་རྒྱལ་པོ་ཉིད་བཞུགས། གཡོན་གྲལ་ལ་ཅོག་རོ་ཀླུའི་རྒྱལ་མཚན་དང་སྐ་བ་དཔལ་བརྩེགས་གཉིས་གབ་རྩེའི་ཁྲི་ལ་བཞུགས། དེ་ནས་སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་ཁྲུ་གང་པ་རེ་ལ་གཡུའི་མེ་ཏོག་གི་ཚོམ་བུ་གླིང་བཞི་རི་རབ་གླིང་ཕྲན་ཉི་ཟླས་བརྒྱན་པ་ཕུལ། ལོ་ཙཱ་བ་གཉིས་ལ་ཡང་རིན་པོ་ཆེའི་མཎྜལ་རེ་རེ་ཕུལ་ནས་ཆོས་གསུང་བར་ཞུ་བ་ནི། ཨེ་མ་ཧོ།

རྒྱ་གར་ཆོས་ཀྱི་ཡུལ་དུ་སྐུ་འཁྲུངས་པའི། །དམ་ཆོས་རིན་པོ་ཆེ་ལ་མངའ་བརྙེས་པ། །

མཁས་པ་ཆེན་པོ་པཎྜི་ཏར་གྱུར་པ། །སློབ་དཔོན་ཆེན་པོ་རྣམ་གཉིས་ཀྱིས། །

གསང་སྔགས་དང་ནི་མཚན་ཉིད་ཀྱི། །ཆོས་ནི་གསུང་བར་ཞུ་བ་འབུལ། །

ལོ་ཙཱ་གཉིས་ཀྱིས་བསྒྱུར་བར་ཞུ། །བོད་ཡུལ་མུན་པར་འཐིབས་པས་ན། །

ཆོས་ཀྱི་སྒྲོན་མེ་སྤོར་བར་ཞུ། །

ཞེས་སོགས་བྱུང་བ་ལྟར་རོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཕུན་ཚོགས་ཚེ་རིང་། བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༡༩

[2]  སོག་བཟློག་པ་བློ་གྲོས་རྒྱ་མཚོ། སྔགས་མང་ཞིབ་འཇུག་ཁང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༧

[3]  ལ་ལར་སྦ་གསལ་སྣང་དང་། འགའ་ཞིག་ཏུ་སྦ་ཁྲི་བཞེར་སྐུ་མཆེད་ཡིན་པར་གསལ་བས་དཔྱད་དགོས།

[4]  བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས། དཔེ་རིང་། ཤོག་གྲངས་ ༤༦ན༣

[5]  འགོས་ལོའི་དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༦༤

[6]  ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༠༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༩ ནས་ ༢༤༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *