ཆ༽ མཁན་ཆེན་ཞི་འཚོ་དུས་ནམ་ཞིག་བྱོན་མིན།
དེ་ཡང་བོད་ལ་བཀའ་དྲིན་ཆེ་བ་རྣམས་ལ་བསྟོད་པ་ལས[1]།
ཟ་ཧོར་རྒྱལ་པོའི་རིགས་སུ་སྐུ་འཁྲུངས་ཤིང་། །ཐམས་ཅད་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང་། །
ཉེས་ལྟུང་དྲི་མས་མ་གོས་བཙུན་པའི་མཆོག །བོ་དྷི་ས་ཏྭའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་བསྔགས་པ་མཛད་ཡུལ་བྱང་ཆུབ་སེམས་དཔའ་མཁན་ཆེན་ཞི་འཚོ་དུས་ནམ་ཞིག་བྱོན་མིན་ནི། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[2]། སློབ་དཔོན་ཞི་བ་འཚོ་ནི་དཔལ་ཆོས་ཀྱི་གྲགས་པའི་གོང་དེར་བྱོན་ཡང་སྐུ་ཚེ་རིང་བས་རྒྱལ་པོ་འདིའི་བར་དུ་བཞུགས་ཞེས་གྲགས། དབུ་མའི་སྲོལ་བཟུང་ཞིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཁན་པོ་མཛད། དབུ་མ་རྒྱན་མཛད་པ་སོགས་ཀྱི་སྒོ་ནས་བསྟན་པ་དང་ཁྱད་པར་དུ་བོད་ལ་བཀའ་དྲིན་ཆེ། འདི་དུས་ཁ་ཆེར་མཆེ་བའི་སྡེ་སོགས་བྱོན། སློབ་དཔོན་སེང་བཟང་ཡང་བྱོན་ཏེ་ཤེར་ཕྱིན་དར་བར་བྱས་པ་ནི་གྲགས་ཆེ། ཞེས་གསུངས་པ་ལྟར་མཁན་ཆེན་ཞི་འཚོ་དཔལ་ལྡན་ཆོས་གྲགས་ཀྱི་གོང་རོལ་དང་། ཁ་ཆེ་མཆེ་བའི་སྡེ་དང་། སློབ་དཔོན་སེང་བཟང་རྣམ་གཉིས་དང་དུས་མཉམ་དུ་བྱོན་པར་གསུངས།
དེ་བཞིན་ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། བོད་ཀྱི་ཡུལ་དུ་བྱོན་པའི་ཨཱ་ཙཱརྱ་བོ་དྷི་ས་ཏྭ་ནི། རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་པོ་དྷརྨ་པཱ་ལའི་བར་དུ་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་ཀུན་ན་ནི་བོད་ཀྱི་རྒྱལ་རབས་དགུ་ (རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་རི་གཉན་བཙན་ནས་རྒྱལ་རབས་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་བར།) མཁན་པོའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟར་ནི། ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ། ཇི་བཞིན་ཡིན་པར་དཀའ་འོ། །ཞེས་གསུངས་པ་གཞིར་བཟུང་ན་ཐོགས་མེད་སྐུ་མཆེད་གཉིས་ནི་བཅོམ་ལྡན་མྱ་ངན་ལས་འདས་ནས་ལོ་ངོ་ ༩༠༠ རྗེས་སུ་བྱོན་པས་སྐབས་དེ་ཙམ་ནས་བྱོན་དགོས་པར་འགྱུར་རོ།།
འོན་ཀྱང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་གཽ་པཱ་ལས་ (པཱ་ལའི་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ།) སྲིད་དབང་བཟུང་བའི་དུས་ནི་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་དུ་གསུངས་པའི་པཱ་ལའི་རྒྱལ་རབས་ཀྱི་ལོ་གྲངས་གཞིར་བཟུང་ན་ཕྱི་ལོའི་དུས་རབས་བདུན་པའི་ ༦༨༥-༧༢༠ བར་ཡིན་ཅིང་། དེ་ནས་བརྩིས་པའི་རྒྱལ་རབས་བཞི་པ་རྒྱལ་པོ་དྷརྨ་པཱ་ལས་སྲིད་དབང་བཟུང་བའི་དུས་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་ ༧༩༠ ནས་ཕྱི་ལོའི་དུས་རབས་དགུ་པའི་ ༨༥༣ བར་ཡིན་ལ། དེ་ལ་ལོ་གྲངས་ ༡༠༥ ཡོད་པས་སྐུ་ཚེ་རིང་པོ་དེ་ཙམ་ཞིག་བཞུགས་ངེས་ཅན་རེད། ཅེས་གསུངས་ལ། མཁན་ཆེན་ཞི་བ་འཚོའི་གསུང་འབུམ་གྱི་མཛད་པ་པོའི་རྣམ་ཐར་མདོར་བསྡུས་ལས[5]། ཕྱི་ལོ་ ༦༨༥-༧༨༩ བར་བྱོན་པ་དང་། ལ་ལས་ཕྱི་ལོ་ (c.725-788) བར་དང་། འགའ་ཞིག་གིས་ཕྱི་ལོ་ (687-763) བར་བྱོན་པར་གསུངས་སོ།།
ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[6]། སློབ་དཔོན་ཞི་བ་འཚོ་ནི་བརྒྱ་ཕྲག་བརྒྱད་པའི་ནང་བྱུང་ཞིང་། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་དུས་མཉམ་པ་ལགས་ཤིང་། དེ་སྐབས་རྒྱ་གར་བྱང་དུ་རཱཇ་པཱུ་ཏའི་རྒྱལ་ཕྲན་ཚོའི་སྐབས་ཡིན་ཅིང་། ལྷོ་ཕྱོགས་སུ་རཱཥྚྲ་ཀུཊ་ཡི་སྲིད་དབང་སྐབས་ཡིན་པར་ངེས། ཞེས་ཀྱང་བྱུང་ངོ་།།

དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[7]། སློབ་དཔོན་ཞི་བ་འཚོ་བོད་རྒྱལ་ཁྲི་སྲོང་དུས་སུ་དགུང་ལོ་དགུ་བརྒྱ་དང་གོ་དགུའི་ཐོག་མྱ་ངན་ལས་འདས་པའི་དགུང་ལོ་དེ་ལོ་རིལ་པོར་རྩི་བའི་དབང་དུ་བཏང་ན་ལོ་སྔ་ཕྱི་འདིར་འཁྲུངས་པར་འདོད་དགོས། ཞེས་བྱུང་ཡང་ལོ་ཁམས་གང་གི་སྐབས་སུ་ཡིན་མིན་རྟགས་དམིགས་བསལ་མི་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྒྲུབ་ཐབས་ཀུན་བཏུས། ༼ཐ༽ ཤིང་པར་དཔེ་རིང་། ཤོག་གྲངས་ ༡༠༩བ༣
[2] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༣
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༧
[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༣
[5] མཁན་ཆེན་ཞི་བ་འཚོའི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡
[6] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥
[7] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༧༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༥ ནས་ ༡༩༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།