ཕ༽ བསླབ་སྤྱོད་ཀྱི་བརྒྱུད་རིམ་དང་། སྤྱོད་འཇུག་མཛད་དུས།
དེ་ནས་ཟ་ཧོར་གྱི་སློབ་དཔོན་དཔའ་བོ་རྡོ་རྗེ་བྱ་བས་ཐོས་ནས་ཉི་མ་དྲུག་ཅུར་ཕྱིན་ཏེ་གངྒཱ་པ་ཏ་ལ་དྲིས་པས་བྲམ་ཟེ་རྒན་པོ་ཞིག་ན་རེ། འདི་ག་ན་ཡོད་ཟེར་ཏེ་གཙུག་ལག་ཁང་ཞིག་པོ་ཞིག་ན་བསོད་སྙོམས་པ་ཞིག་འདུག །དེ་ལ་དྲིས་པས་འདི་ན་ང་མིན་པ་མེད་ཟེར། དེ་རྐང་པ་ས་ལ་མི་རེག་པར་མཐོང་ནས་དད་པ་ན་ས་ལ་མི་རེག་པ་ལ་དད་ན་བྱ་ལ་ཡང་དད་པར་རིགས་གསུངས།
བྱ་ལ་རྟོགས་པ་མེད་ཁྱོད་ལ་ཡོད་པས་དད་དོ་བྱས་ཏེ་བརྐྱངས་ཕྱག་བཙལ་བས་རྡོག་པ་བརྒྱབ་ནས་བྲོས། ཕྱིན་ཕྱིན་པས་མ་སླེབས། ཡང་གཙུག་ལག་ཁང་དེར་ཕྱིན་ཙ་ན་རྟ་གཅིག་མགོ་མཇུག་གཉི་གས་རྩྭ་ཟ་བ་ཞིག་འདུག །འདི་འདྲེ་ཡིན་ནམ་སྙམ་པ་ལ་དེ་ན་རེ་སངས་རྒྱས་ལ་རེ་བ་དང་འཁོར་བ་ལ་དོགས་པ་ཡང་འདྲེ་ཡིན་ཟེར། ཕྱག་བྱས་པས་མགོ་ལ་རྨུགས་ནས་བྲོས། དེར་གྲོང་དུ་སྨན་པ་དྲིས་པས་བྲམ་ཟེ་རྒན་པོ་ཞིག་གིས་བཅོས་པས་སོས་ཏེ་དེ་ན་རེ།
ལུས་ཀྱི་རྨ་ནི་འཚོ་སླ་སྟེ། །སེམས་ཀྱི་རྨ་ནི་འཚོ་བར་དཀའ། །
ཟེར་རོ། །དེར་སྔར་གྱི་གཙུག་ལག་ཁང་དེར་ཕྱིན་པས་གཅན་གཟན་བཀྲེས་པ་མང་དུ་བྱུང་བས་སྔར་བདག་གིས་ལུས་དོན་མེད་ཁོ་ནར་བྱས། ད་རེས་ནི་དོན་དང་བཅས་ཏེ་བླ་མ་དང་ཆོས་ཚོལ་ཕྱིར་དཀའ་བ་ཡང་སྤྱད། ལུས་འདིས་ཀྱང་འདི་རྣམས་ལ་ཕན་གདགས་སུ་བྱུང་སྙམ་ནས་ཚེ་རབས་ཐམས་ཅད་དུ་དགེ་སློང་ཨེ་ལ་དྷ་རི་དང་ཕྲད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ་ཟར་བཅུག་པས་ཁྲག་གིས་བོག་སྟེ་བརྒྱལ་སངས་པ་ན་མདུན་ན་བླ་མ་བྱོན་འདུག་སྟེ་ཁྱོད་དུས་ཐམས་ཅད་དུ་ཅི་ལ་སྨོན་ཟེར་རོ།།
བདག་སངས་རྒྱས་འཐོབ་པའི་ཐབས་འདོད་དོ་བྱས་པས། དེ་ལ་སེམས་བཟང་པོ་དགོས་པ་ཡིན་གྱི་ཁྱོད་ལ་ཡོད་དམ་ཟེར། ཡོད་ཅེས་ལོ་རྒྱུས་བསྙད་པས་འགྱོད་པ་མེད་དམ་ཟེར། འགྱོད་པ་མེད་པའི་བདེན་ཚིག་བརྗོད་པས་ལུས་སྔ་ཁོ་ལྟར་གྱུར་ཏེ། དེ་དག་ནི་ཁྱོད་ཀྱི་བག་ཆགས་སྦྱང་བའི་ཆེད་དུ་བསྟན་ནོ་ཞེས་གསུངས་ཏེ་བྱིན་གྱིས་བརླབས་པས་མཆོག་གི་དངོས་གྲུབ་ཐོབ་སྟེ་གཙུག་ལག་ཁང་དེ་ཡང་ཕུན་སུམ་ཚོགས་པར་མཐོང་ངོ་། །དེའི་ཚེ་བྲམ་ཟེ་ཉི་མ་གྲགས་ཞེས་བྱ་བ་ཞིག་མི་རྣམས་ཟས་ནོར་ལ་འཐབ་རྩོད་བྱས་ཏེ་འཆི། ང་ཚེ་ཉི་ཟླ་དང་མཉམ་ན་དེའི་འོག་ཏུ་ཟས་ནོར་ཐམས་ཅད་ངས་བྱར་འོང་ཟེར་ནས་ཚེ་རིང་བར་བྱེད་པའི་རིགས་སྔགས་ཁོ་ན་འདོན་ནོ། །ནམ་ཞིག་ན་དྲང་སྲོང་རིག་གནས་རྒྱལ་བ་ན་རེ།
ནང་དུ་འདོད་པ་མ་སྤངས་ན། །ཀརྵ་པ་ཎའི་ཆར་བབ་ཀྱང་། །
འདོད་པ་དག་གིས་ངོམས་མི་འགྱུར། །གངས་ཀྱི་རི་དང་མཉམ་པ་ཡི། །
གསེར་གྱི་རི་བོ་ཡོད་གྱུར་ཅིང་། །ལྷ་ཡི་ལོངས་སྤྱོད་ཡོད་གྱུར་ཀྱང་། །
འདོད་པ་དག་གིས་ངོམས་མི་འགྱུར། །འདོད་པ་ཆེ་བའི་གང་ཟག་ནི། །
རྒྱལ་པོ་གྲགས་པ་མཐའ་ཡས་བཞིན། །སྟེང་ནས་འོག་ཏུ་ལྟུང་བར་འགྱུར། །
འཇིག་རྟེན་དག་ན་ཚེ་རིང་བ། །དམྱལ་བ་དང་ནི་ཡི་དྭགས་ཏེ། །
གཞན་ཤིའི་ལོངས་སྤྱོད་མྱོང་བ་མེད། །རིགས་ཀྱི་བུ་ཁྱོད་ཤེས་པར་གྱིས། །
ཞེས་སྨྲས་པས་སྐྱོ་བར་གྱུར་ཏེ་དེ་ཙམ་ན་ཚེ་ཉི་ཟླ་དང་མཉམ་པ་གྲུབ་བོ། །དེར་སངས་རྒྱས་པའི་ཆོས་སྒྲུབ་པའི་ཕྱིར་ལོ་བཅུར་ཐེག་ཆེན་གྱི་ཆོས་དང་བླ་མ་བཙལ་བས་མ་རྙེད་དེ། བཅུ་གཅིག་པ་ལ་འཕགས་པའི་བླ་མ་འཚོལ་བའི་ཕྱིར་འཇམ་དཔལ་བཞུགས་ཟེར་ནས་རི་བོ་རྩེ་ལྔ་ལ་ཕྱིན། ཁརྶ་པཱ་ཎ་དང་། དཔལ་གྱི་རི་དང་། རྟ་མཆོག་གི་ཕོ་བྲང་དུ་ཡང་ཕྱིན་ནས་ལོག་པ་ན་ལམ་དུ་ལོང་བ་ཞིག་དང་ཕྲད་དེ་གཏམ་བྱས་པས། དེ་ན་རེ་ངས་ཀྱང་ཐམས་ཅད་དུ་ཕྱིན་ངོ་མཚར་ཅན་མང་པོ་ཡོད་ཟེར་ཏེ་ཅི་ཡང་མ་མཐོང་། དྲག་ཤོས་སུ་ལོང་ཁྲིད་འདི་བྱུང་ཟེར་བས་འོ་ན་ང་ཡང་ལོང་ཁྲིད་ལྟ་བུའི་བླ་མ་ཞིག་བསྟེན་དགོས་པར་འདུག་སྙམ་ནས་མི་རྣམས་ལ་དྲིས་པས། སློབ་དཔོན་དཔའ་བོ་རྡོ་རྗེ་བྱ་བའི་གྲུབ་ཐོབ་ཡོད་ཟེར་ནས་གཙུག་ལག་ཁང་དེར་ཕྱིན་པས་ཕྲད་པ་ཙམ་གྱིས་བྱིན་རླབས་ཞུས། བླ་མས་ཕྱག་སྤྱི་བོར་བཞག་སྟེ་མཧཱ་ཤྲཱི་རཏྣ་བོ་དྷི་ས་ཏྭ་གསུངས་ཏེ་མིང་བཏགས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པ་ན་ཚེ་གྲུབ་པ་མཧཱ་ཤྲཱི་རཏྣའོ།།
དེ་ལ་གསེར་གླིང་པས་གསན་ཏེ། ཛམྦུའི་གླིང་གི་གླིང་ཕྲན་རིན་པོ་ཆེ་སྣ་ཚོགས་ཡོད་པ་ཞིག་ཏུ་རྒྱལ་པོའི་སྲས་སུ་འཁྲུངས་མ་ཐག་ཏུ་སིན་སི་ཞེས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་ཞིག་བྱུང་། དེ་དུས་མུ་སྟེགས་ཀྱི་བསྟན་པ་ཡོད་ཀྱང་རྒྱལ་པོའི་སྲས་སུ་སོང་བས་གནོད་པ་མ་ནུས། རིང་པོ་མ་ལོན་པར་ནགས་ནས་ཐུབ་པའི་ལུགས་སྐུ་ཞིག་བརྙེད་པ་མཆོད་པ་བྱས་པས། གླིང་དེ་བདུན་འགྱུར་གྱིས་བཟང་བར་གྱུར་པས་མི་རྣམས་ཀྱང་དཀོན་མཆོག་ལ་མོས་ཏེ་རྒྱལ་བུ་འཛམ་གླིང་དུ་ཆོས་འཚོལ་དུ་བཏང་། རྡོ་རྗེ་གདན་དུ་སྲིན་པོ་མཆོད་པ་བྱེད་པ་དང་འཛོམས་ཏེ་གང་ཟག་དམ་པ་ཐམས་ཅད་དེར་འདུ་བ་ཡིན་པས་སྐྱེས་ཆེན་མང་དུ་བྱོན་པ་ལས་སློབ་དཔོན་ཚེ་ཐུབ་པ་ལ་རྒྱལ་བུ་དད་པར་གྱུར་ཏེ་ཞག་བདུན་དུ་འགྲོགས། དེ་ནས་སློབ་དཔོན་བཙལ་བས་མ་རྙེད་རྨི་ལམ་ན་བྱིས་པ་གཉིས་གླུ་ལེན་པ།
རང་ཡུལ་འཁོར་དང་ལོངས་སྤྱོད་བོར། །སྨྱོན་པ་ཞིག་གི་རྩད་མ་ཆོད། །
རིང་ནས་ཕུང་ངམ་མྱུར་དུ་ཕུང་། །རིགས་དང་བཟང་སྟེ་ཤེས་རབ་ཆུང་། །
ཟེར་བས་སང་ནས་མ་དགའ་སྟེ་རང་ཡུལ་དུ་འགྲོ་སྙམ་མོ། །དེར་བུ་གཉིས་གླུ་ལེན་པ་ན་རེ།
གཉེན་དང་མཛའ་བཤེས་མང་པོ་དང་། །ཡུལ་དང་ཁང་ཁྱིམ་ནོར་ཆེན་དང་། །
ཟས་སྐོམ་ནོར་གྱི་ལོངས་སྤྱོད་དང་། །མྱ་ངན་སྐྱེ་བར་འགྱུར་བ་ཡིན། །
ཚེས་དང་རིང་བར་འགྱུར་བ་ཡིན། །ནོར་མ་རྙེད་ཀྱི་ཚོང་པ་དག །
ཡུལ་དུ་སྟོང་པར་ལྡོག་པ་འདྲ། །
ཟེར་བས་ངེད་ལ་ཟེར་སྙམ་ཙ་ན་མི་སྣང་བར་སོང་། དེ་ཆོས་སྐྱོང་མར་འདུག་པ་ལ་དྲི་ས་མེད་སྙམ་ནས་རྡོ་རྗེ་གདན་དུ་ལོ་བདུན་མཆོད་པ་བྱེད་ཅིང་བསྡད་པས་རྒན་མོ་ཞིག་ན་རེ།
སྐམ་སར་ཆུ་ཆུང་དྲངས་པ་བཞིན། །ཉིན་དང་མཚན་མོ་འདས་པ་ཡིས། །
མི་རྣམས་ཚེ་ནི་ཟད་པར་བྱེད། །རྨོངས་པ་ལོང་ཡོད་མ་ཟེར་ཞིག །
ཟེར་ནས་མི་སྣང་ངོ་། །དེར་རྒྱལ་བུས་རྟག་ཏུ་ངུ་བཞིན་དུ་བླ་མ་ཁོ་ན་ཡིད་ལ་བྱས་པས་རྨི་ལམ་ན་སློབ་དཔོན་ན་རེ་རྒྱལ་སྲིད་ནི་དམན་པའོ་འཆིང་བའོ་ཁྱོད་ཀྱིས་ཆོས་ཀྱི་རྒྱལ་སྲིད་འཛིན་ནུས་སམ་ལན་གསུམ་གསུང་སྟེ་ཁས་བླངས་པ་ན་གཉིད་སད་དེ་སློབ་དཔོན་མདུན་དུ་བཞུགས་སོ།།
དེར་སློབ་དཔོན་གྱིས་བྱིན་གྱིས་བརླབས་ཏེ་གདམས་ངག་ཐམས་ཅད་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་གྱུར། མཚན་ཆོས་ཀྱི་གྲགས་པར་བཏགས་ཏེ་གསེར་གླིང་དུ་བྱོན་ནས་མུ་སྟེགས་པ་ཐམས་ཅད་ནང་པ་ལ་བཀོད། སྙན་པས་ཕྱོགས་ཐམས་ཅད་ཁྱབ་བོ། །དེར་ཇོ་བོ་རྗེ་ལྷ་གཅིག་གིས་དཀའ་བ་སྤྱད་ནས་བྱོན་ཏེ་ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ནས་བསྟེན་ཏེ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དོ། །དེ་ལྷ་བཙུན་བྱང་ཆུབ་སེམས་དཔས་དཀའ་བ་མཐའ་ཡས་པས་བོད་དུ་སྤྱན་དྲངས། བོད་རྣམས་ཀྱི་བླང་དོར་གྱི་མིག་ཕྱེ། ཡང་དག་པའི་ལམ་ལ་བཀོད། བསྟན་པ་ཉིན་མོ་ལྟར་མཛད་དོ།།
དེ་ལྟར་མཛད་པའི་ཚུལ་མི་མཚུངས་པ་དུ་མར་བསྟན་ཀྱང་། འདི་ལྟ་བུ་ནི་དད་པའི་གནས་ཡིན་གྱི་མཚན་མར་གཟུང་བྱའི་གནས་མ་ཡིན་ནོ། །འོན་ཀྱང་མདོ་བཏུས་བསླབ་བཏུས་གཉིས་སྔོན་ནས་བརྩམས་པའི་བསྟན་བཅོས་ཡིན་ལ། སྤྱོད་པ་ལ་འཇུག་པ་ནི་སེངྒེའི་ཁྲི་ལ་སྤྱན་དྲངས་ནས་སྔར་མ་གྲགས་པ་འདོན་པར་ཞུས་པའི་མོད་ལ་དོ་ཧའི་ཚུལ་དུ་ཐོགས་པ་མེད་པར་ཤར་གྱིས་གསུངས་པར་གདོན་མི་ཟ་སྟེ།
བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། །
ཞེས་གསུངས་པས་ཀྱང་ངེས་སོ། །འོན་ཀྱང་ལོ་རྒྱུས་སྔ་མ་དེ་དག་ན་དེའི་སྔུན་དུ་བརྩམས་ཟིན་པ་ལྟ་བུ་ཤ་སྟག་བྲིས་སྣང་བ་དང་། ས་བཟང་མ་ཏིས། བརྩམས་ཞེས་བཤད་ཀྱང་རང་གི་ཐུགས་ཡུལ་དུ་བརྩམས་ཟིན་པའོ་ཞེས་ཟེར་བ་སོགས་ནི་སྐྱེས་བུ་དམ་པ་ཆོས་ཀྱི་རྒྱ་མཚོ་ལུང་ལྟ་བུ་ལ་ཡིད་མི་ཆེས་པའི་སྐྱེ་བོ་བློ་ཆུང་གི་ངག་སྒྲོས་བར་བར་དུ་ཆུད་པར་ཟད་དེ། དེ་ལྟ་ན། བསྟན་བཅོས་བཤར་ཞིང་མཁའ་ལ་གཤེགས། །ཞེས་འདོན་རིགས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ།།
གཞན་ཡང་སློབ་དཔོན་དགེ་བའི་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས[1]། ཤོ་ལོ་ཀ་སྟོང་ཕྲག་གཅིག་དང་ནི། །དགུ་བརྒྱ་བདུན་ཅུ་རྩ་ལྔ་ཞེས། །གྲངས་ཉིད་ཀྱིས་ནི་ལེགས་བགྲངས་ནས། །དགེ་བའི་ལྷ་ཡིས་བྱས་པ་ཡིན། །ཞེས་གསུངས་ལ། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[2]། ད་ཡོད་འགྱུར་ལ་ལེའུ་བཅུ་བཞུགས་ཀྱང་ལེའུ་དགུ་པ་ཞིག་ཀྱང་བཞུགས་པ་ནི་བུ་སྟོན་ཆོས་འབྱུང་ལས། སྤྱོད་འཇུག་ལེའུ་དགུ་པ་བློ་གྲོས་མི་ཟད་པས་མཛད་ཟེར་བ་དེ་དང་འདི་མི་གཅིག་ཅེས་སྨྲ་བ་མང་ཡང་སྡིག་བཤགས་ཀྱི་ལེའུ་ལོགས་སུ་བྱས་མ་བྱས་ཀྱི་ཁྱད་པར་དང་། འགྱུར་སྔ་ཕྱིའི་ཁྱད་མ་གཏོགས་པ་གཅིག་པར་ཁོ་བོ་སྨྲའོ། །ཞེས་གསུང་ཡུལ་ལེའུ་དགུ་པའི་ཕྱི་མོ་ཏུང་ཧང་ཡིག་རྙིང་དུ་བཞུགས་པའང་འདི་ལྟར་བསྔོ་བ་ཞེས་བྱ་བ་སྟེ་ལེའུ་དགུ་པའོ། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་བློ་གྲོས་མི་ཟད་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཞེས་པ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འབྱུང་ངོ༌།།
སྤྱོད་འཇུག་ཏུ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཚུལ་གྱི་མན་ངག་མཐར་ཐུག་པ་དང་། ལེའུ་དགུ་པར་དབུ་མ་ཐལ་འགྱུར་བའི་ལྟ་བའི་གནད་རྣམས་རིགས་ལམ་ནས་གཏན་ལ་ཕབ་པར་བརྟེན། རྒྱ་གར་མཁས་པས་ཀྱང་གཅེས་ནོར་དམ་པར་བཟུང་ནས་རྒྱ་འགྲེལ་ཡང་ (Toh. 3872-3880) མང་དུ་བཞུགས་པའི་ནང་ནས་མཆོག་ཏུ་གྱུར་པ་ནི་སློབ་དཔོན་ཤེར་འབྱུང་བློ་གྲོས་ (Prajn dkaramati 950-1030) ཀྱི་སྤྱོད་འཇུག་དཀའ་འགྲེལ་འདི་ཡིན། རྟོགས་སླ་བ་བསྔོ་བའི་ལེའུ་མ་གཏོགས་པའི་ལེའུ་དགུའི་འགྲེལ་པ་ཡིན་ཅིང་། རྒྱ་དཔེ་ཡང་བཞུགས་པས་ཤིན་ཏུ་གལ་ཆེ། སྤྱོད་འཇུག་ལ་བོད་འགྲེལ་མང་རུང་རྒྱལ་ཚབ་ཀྱི་སྤྱོད་འཇུག་དར་ཊཱིཀ་ནི་རྨད་དུ་བྱུང་བའི་འགྲེལ་པ་ཞིག་གོ །ཞེས་ཀྱང་གསལ་ལོ།།
དེ་ཡང་ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས[3]། ཁྱད་པར་རླབས་ཆེན་སྤྱོད༵་ལ་འཇུག༵་པའི་དབྱངས། །པཎ་གྲུབ་གྲལ་རིང་རྣ་བར་འཇེབས་བཞིན་དུ། །ངང་པའི་རྒྱལ་པོ་ལྡིང་བཞིན་གཤེགས་པ་ནི། །མཁའ་དང་མཁྱེན་པ་ཕ་མཐའ་འགྲན་པ་བཞིན། །ཚུར་མཐོང་མོས་ངོར་ཚུར་མཐོང་ཚུལ་མཛད་ཀྱང་། །གཟུངས་སྤོབས་མངོན་ཤེས་རྫུ་འཕྲུལ་མཐའ་ཡས་པས། །མཆོག་གི་ས་ལ་བཞུགས་པའི་རང་རྟགས་ནི། །འགོག་པ་མེད་པའི་ངང་ཚུལ་ཇི་ལྟར་སྦ། །རྒྱལ་བའི་དགོངས་ཟབ་ཟབ་དོན་ཇི་བཞིན་གཟིགས། །ཐེག་མཆོག་ཟབ་གསང་གསང་ཆེན་བང་མཛོད་འཛིན། །དཔལ་ལྡན་ཐལ་འགྱུར་འགྱུར་མེད་གྲུབ་པའི་མཐའ། །འཛིན་པའི་མཁས་མཆོག་མཆོག་བརྙེས་དེ་རྣམས་བསྔགས། །ཞེས་གསུངས་པ་ལྟར། རྒྱལ་སྲས་ཞི་བ་ལྷའི་ལྟ་གྲུབ་ཀྱི་ཆ་ནས་བརྗོད་ཀྱང་། རྗེ་བླ་མའི་ (1357-1419) དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་མཇུག་བྱང་ལས[4]། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་མཆོག །ཟབ་མོ་དབུ་མ་མཐའ་བྲལ་རྟེན་འབྱུང་ལམ། །མཐའ་གཉིས་སྤངས་ཏེ་སྟོན་པར་ལུང་བསྟན་བཞིན། །ཇི་བཞིན་འགྲེལ་མཛད་འཕགས་མཆོག་ཀླུ་སྒྲུབ་ཞབས། །དེ་ཡི་རིང་ལུགས་དམ་པ་འཕགས་པ་ལྷའི། །དགོངས་པ་འགྲེལ་པའི་མཁས་པའི་ལུགས་མང་ཡང་། །ཡོངས་རྫོགས་འགྲེལ་མཛད་དཔལ་ལྡན་སངས་རྒྱས་བསྐྱངས། །ཟླ་བའི་ཞབས་དང་ཞི་བ་ལྷ་ཡི་ལུགས། །གྲུབ་པའི་དབང་ཕྱུག་གསུམ་གྱི་བཞེད་པའི་སྒོ། །གཅིག་ཏུ་དྲིལ་ནས། ཞེས་སོགས་གསུངས་པ་ལྟར། རྒྱལ་སྲས་ཞི་བ་ལྷ་དང་། སློབ་དཔོན་སངས་རྒྱས་བསྐྱངས། དཔལ་ལྡན་ཟླ་བ་གྲགས་པ་གསུམ་འཕགས་པའི་དགོངས་པ་འགྲེལ་སྟངས་ཐད་རྩ་བའི་ཆ་ནས་གཅིག་ཏུ་མཐུན་ཞིང་། ཟླ་བའི་ཞབས་དང་ཞི་བ་ལྷ་གཉིས་འཕགས་པའི་དགོངས་པ་འགྲེལ་སྟངས་ཐད་མི་མཐུན་སའི་གནད་ཕྲ་མོ་ཙམ་ཡང་མེད་སྟབས། འདི་གཉིས་འཕགས་པའི་ལུགས་ཀྱི་ཤིང་རྟའི་སྲོལ་འཛིན་ཆེན་མོ་གཉིས་ཡིན་པ་རྒྱ་གར་ན་ཡོངས་གྲགས་ལྟ་བུར་གྱུར།
མདོར་ན། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསུངས་པ་ལྟར་སློབ་དཔོན་འདི་ཉིད་རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་རྫོགས་པར་རྟོགས་ཤིང་། བདག་པས་གཞན་གཅེས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རང་ཉིད་འབའ་ཞིག་གི་བདེ་བ་ལ་ལྟོས་པ་མེད་པར་མགོན་དང་དཔུང་གཉེན་བྲལ་བའི་ཉམ་ཐག་པའི་སེམས་ཅན་ཧྲིལ་པོའི་ཕན་བདེ་ལ་མཐའ་གཅིག་ཏུ་གཞོལ་བ། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པའི་སྒོ་ནས། ཐེག་པ་ཆེན་པོའི་ལམ་རྫོགས་པར་མཛད་མཁན་ཞིག་ལགས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཤ༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༡༥
[2] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༨༥
[3] བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༧ པ། ༢༠༠༩ ལོ། ཤོག་གྲངས་ ༤༣༠
[4] རྗེ་ཙོང་ཁ་པའི་གསུང་འབུམ། ༼མ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༩༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༩ ནས་ ༡༣༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།